CLOSE WINDOW

N4653: མི་སྡུག་པའི་སྒོ་ནས་སེམས་གནས་པའི་ཐབས
Wyliee-texts based on the ACIP/ALL Input

།སྤྱིའི་ཡི་གེ་རྫོགས་སོ།། །།མེ་འབར་འོབས་འདྲའི་འཇིག་བཅས་འདོད་པ་དག་།གང་གིས་བག་ཆགས་བཅས་པར་གཏན་སྤངས་ལ། །རབ་ཏུ་དང བས་ཕྱག་འཚལ་དེ་གསུངས་པའི། །བདུད་རྩི་ཆུ་རྒྱུན་འདོད་མེ་ཟིལ་གནོན་བཤད། །སྡོམ་ནི། རྟགས་དང་ཕན་ཡོན་ཤེས་བྱ་དང། །ཚོགས་དང་བསྒོམ་དང་ཚོད་གཟུང་དང། །སྐྱེ་རིམས་གནས་ཆད་བསྟན་པའི་ཐབས། །འཁྲུལ་པར་ཤེས་དང་བཅུ་ཡིན་ནོ།། དེ་ལ་རྟགས་ནི་འདིར་འདོད་ཆགས་ཤས་ཆེ་བའི་རྟགས་བཟུང་སྟེ། དེ་ཡང་གང་ཞེ་ན། འདི་ན་གང་ཟག་འདོད་ཆགས་སྤྱད་པ་ནི། །ཆགས་པར་འགྱུར་བའི་དངོས་པོ་ཆུང་ངུ་དང། །ངན་པ་ཐམས་ཅད་ལ་ཡང་འདོད་ཆགས་ཀུན་ནས་དཀྲིས་པ་སྟུག་པོ་དང། ཆེན་པོ་སྐྱེད་པར་བྱེད་ན། འབྲིང་དང་བཟང་པོ་དག་སྨོས་ཀྱང་ཅི་དགོས། བསོད་ནམས་ཀྱི་ཀུན་ནས་བཀྲིས་པ་དེ་ཡང་ཡུན་རིང་དུ་སེམས་ཀྱི་རྒྱུད་ལ་གནས་པར་བྱེད་ཅིང། འདོད་ཆགས་ཀྱི་ཀུན་ནས་དཀྲིས་པ་དེ་ཡང་ཡུན་རིང་དུ་རྗེས་སུ་འབྲེལ པར་འགྱུར་བ་དང། དེ་ཆགས་པར་འགྱུར་བའི་ཆོས་རྣམས་ཀྱིས་ཟིལ་གྱིས་ནོན་པར་འགྱུར་ཞིང། ཆགས་པར་འགྱུར་བའི་ཆོས་རྣམས་ཟིལ་གྱིས་གནོན་པར་མི་ནུས་པ་དང། དབང་པོ་མཉེན་པ་དང། དབང་པོ་འཇམ་པ་དང། དབང་པོ་མི རྩུབ་པ་དང། དབང་པོ་མི་བརླང་བ་དང། གཞན་དག་ལ་འདི་ལྟ་སྟེ། ལུས་དང་ངག་གིས་ཤིན་ཏུ་རྣམ་པར་ཐོ་འཚམ་པའི་རང་བཞིན་ཅན་མ་ཡིན་པ་དང། དབྲལ་བར་དཀའ་བ་དང། ཡིད་འབྱུང་བར་དཀའ་བ་དང། དམན་པ་ལ་མོས་པ་དང་ལས ཀྱི་མཛའ་དམའ་བ་དང། ལས་ཀྱི་མཛའ་བརྟན་པ་དང་བརྟུལ་ཞུགས་དམའ་བ་དང། བརྟུལ་ཞུགས་བརྟན་པ་དང། སྤྲོ་རིང་བ་དང། འཚོགས་ཆས་དང་ཡོ་བྱད་དག་ལ་བརྒམ་པའི་རང་བཞིན་ཅན་ཡིན་ཞིང། དེ་ལ་གདུང་དང། ཡིད་བདེ བ་མང་བ་དང། ཀུན་དགའ་བ་མང་བ་དང། ཁྲོ་གཉེར་མེད་པ་དང། བཞིན་གྱི་མདོག་གསལ་བ་དང། འཛུམ་པ་སྔོན་དུ་གཏོང་བ་ཡིན་ཏེ། དེ་ལྟ་བུ་དང་མཐུན་པ་དག་ནི། གང་ཟག་འདོད་ཆགས་སྤྱད་པའི་རྟགས་རྣམས་ཡིན་པར་བྱའོ། །ཞེས་གསུངས་སོ།། དེ་ལ་ཕན་ཡོན་ནི། ནང་དང་ཕྱི་རོལ་ལ་བརྟེན་པའི་འདོད་པ་མེ་དང་འདྲ་བ་དེ་ནང་དང་ཕྱི་རོལ་གྱི་མི་སྡུག་པ་གོམས་པ་ཆུ་དང་འདྲ་བའི་གཉེན་པོས་ཞི་བར་འགྱུར་ཏེ། དེ་སྐད་དུ་འདོད་ཆགས་མེ་ནི་མི་སྡུག་ཆུས་ཞི་བྱེད་ཅེས་གསུངས་སོ། །གཞན་ཡང་འདོད པ་ནི་གནོད་པ་ཐམས་ཅད་ཀྱི་རྩ་བའོ་ཞེས་གསུངས་པས་དེ་བཞིན་དེ་ལ་བརྟེན་པའི་ཉོན་མོངས་པ་གཞན་ཡང་ཞི་བར་འགྱུར་རོ། །དེའི་ཕྱིར་ཏིང་ངེ་འཛིན་སྔོན་དུ་མྱུར་དུ་ཐོབ་ནས་དེ་ལ་བརྟེན་པའི་ཤེས་རབ་གོམས་པས་ཉོན་མོངས་པ་རྩ་ནས་སྤོང་བ་ཡོངས སུ་དག་པའི་ཡེ་ཤེས་ཤར་ནས་ལུས་ཕུན་སུམ་ཚོགས་པ་གསེར་གྱི་ཁ་དོག་ལྟ་བུ་ཐོབ་ཅིང། བདག་དང་གཞན་གྱིས་ཕུན་སུམ་ཚོགས་པའི་སྒྲུབ་པ་ལྷུན་གྱིས་གྲུབ་པ་ཐོབ་པར་འགྱུར་རོ། །དེ་སྐད་དུ་བུ་མོ་ཟླ་མཆོག་གིས་ཞུས་པ་ལས་ཀྱང། གསེར གྱི་ཁ་དོག་ལྟ་བུ་རབ་འབར་ཞིང། །ཡིད་དུ་འོང་བ་བདག་ལུས་འདི་ལ་ལྟོས། །ཀྱེ་མ་རབ་ཏུ་ལུས་མཛེས་འདི་ལྟ་བུ། །ཆགས་པའི་སེམས་དང་ལྡན་ལ་ཡོད་རེ་སྐན་ཞེས་གསུངས་སོ། །དེ་ལ་ཤེས་པར་བྱ་བ་ནི་འདིར་འདོད་ཆགས་ཀྱི་གཉེན་པོ་མི་སྡུག པའི་མཚན་ཉིད་ཤེས་པར་བྱའོ། །འདོད་ཆགས་ནི་གཉིས་ཏེ། ནང་གི་འདོད་པ་རྣམས་ཀྱི་འདོད་པ་ལ་འདུན་པའི་འདོད་ཆགས་དང། ཕྱི་རོལ་གྱི་འདོད་པ་རྣམས་ཀྱི་འཁྲིག་པ་ལ་འདུན་པ་འཁྲིག་པའི་འདོད་ཆགས་སོ། །དེ་ལ་ནང་ལ་བརྟེན་པའི་མི་གཙང བའི་མི་སྡུག་པ་ཉིད་ལ་དམིགས་པས་ནི། ནང་གི་འདོད་པ་རྣམས་ཀྱི་འདོད་པ་ལ་འདུན་པའི་འདོད་ཆགས་ལས་སེམས་ལྡོག་པར་བྱེད་དོ། །དེ་ཡང་གང་ཞེ་ན། འདི་ལྟ་སྟེ། སྐྲ་དང་སྤུ་དང་སེན་མོ་དང་སོ་དང་ཀློག་པ་དང། དྲི་མ་དང་པགས་པ་དང་ཤ་དང། རུས་པ་དང། ཆུ་རྒྱུས་དང། རྩ་དང་མཁལ་མ་དང། སྙིང་དང་མཆིན་པ་དང། གློ་བ་དང། རྒྱུ་མ་དང། གཉེ་མ་དང། ཕོ་བ་དང། ལོང་ཀ་དང། མཚེར་བ་དང། ཕྱི་ས་དང། མཆི་མ་དང་རྡུལ་དང་མཆིལ་མ་དང། སྣབས་དང་ཞག་དང ཆུ་སེར་དང། རྐང་དང་ཚིལ་དང་མཁྲིས་པ་དང། བད་ཀན་དང་རྣག་དང་ཁྲག་དང། གླད་སྤྲིན་དང་གླད་རྒྱས་དང་གཅིན་དང། དེ་ལྟ་བུ་དང་མཐུན་པ་དག་ནི་ནང་ལ་བརྟེན་པའི་མི་སྡུག་པ་དག་ཡིན་པར་རིག་པར་བྱའོ། །དེ་ཡང་ཁམས་གཉིས་པོ་སའི་ཁམས དང་ཆུའི་ཁམས་ཀྱིས་བསྡུས་ཏེ། དེ་ལ་སྐྲ་དང་སྤུ་དང་བཤད་པའི་བར་དག་ནི་སའི་ཁམས་སོ། །མཆི་མ་དང་རྡུལ་དག་ནས་ལྕིའི་བར་དག་ནི་ཆུའི་ཁམས་སོ། །དེ་ལ་ཕྱི་རོལ་ལ་བརྟེན་པའི་མི་སྡུག་པ་ཉིད་གང་ཞེ་ན། འདི་ལྟ་སྟེ། རྣམ་པར་བསྡོས པ་དང། རྣམ་པར་རྣགས་པ་དང། རྣམ་པར་འབུས་གཤིགས་པ་དང། རྣམ་པར་བམ་པ་དང། རྣམ་པར་ཟོས་པ་དང། རྣམ་པར་དམར་བ་དང། རྣམ་པར་འཐོར་བ་དང། རུས་གོང་དང། ཀེང་རུས་དང། རུས་པའི་ཀེང་རུས་དང། བཤང བས་གོས་པ་དང། གཅི་བས་གོས་པ་དང། མཆིལ་མས་གོས་པ་དང། སྣབས་ཀྱིས་གོས་པ་དང། ཁྲག་གིས་གོས་པ་དང། རྣག་གིས་གོས་པ་དང། ཆབ་ཁུངས་དང། ལྗན་ལྗིན་དང་དེ་ལྟ་བུ་དང་མཐུན་པ་དག་ནི་ཕྱི་རོལ་ལ་བརྟེན་པའི་མི་སྡུག པ་དག་ཡིན་པར་རིག་པར་བྱའོ། །དེ་ཡང་འདོད་ཆགས་རྣམ་པ་བཞིའི་གཉེན་པོ་སྟེ་ཁ་དོག་དང། དབྱིབས་དང། རེག་པ་དང། ཉེ་བར་སྤྱོད་པ་ལ་ཆགས་པ་དང་ལྡན་པ་ལས་སེམས་རྣམ་པར་སྦྱོར་བར་བྱེད་དོ། །དེ་ལ་གང་གི་ཚེ་རྣམ་པར་བསྡོས པ་ནས་རྣམ་པར་ཟོས་པའི་བར་ཡིད་ལ་བྱེད་པ་དེའི་ཚེ། ཁ་དོག་ལ་འདོད་ཆགས་པ་ལས་སེམས་རྣམ་པར་སྤྱོད་པར་བྱེད་དོ། །གང་གི་ཚེ་རྣམ་པར་དམར་བ་ཡིད་ལ་བྱེད་པ་དེའི་ཚེ། དབྱིབས་ཀྱི་འདོད་ཆགས་ལས་སེམས་རྣམ་པར་སྦྱོར པར་བྱེད་དོ། །གང་གི་ཚེ་རུས་གོང་དང་ཀེང་རུས་དང་རུས་པའི་ཀེང་རུས་ཡིད་ལ་བྱེད་པ་དེའི་ཚེ་རེག་པའི་འདོད་ཆགས་ལས་སེམས་རྣམ་པར་སྦྱོང་བར་བྱེད་དོ། །གང་གི་ཚེ་རྣམ་པར་དམར་བ་ཡིད་ལ་བྱེད་པ་དེའི་ཚེ། ཉེ་བར་སྤྱོད་པ་ལ་འདོད་ཆགས་པ་ལས་སེམས་རྣམ པར་སྦྱོང་བར་བྱེད་དོ། །དེ་ལྟ་བས་ན་བཅོམ་ལྡན་འདས་ཀྱིས་ཀྱང་ཕྱི་རོལ་ལ་བརྟེན་པའི་མི་སྡུག་པ་དུར་ཁྲོད་རྣམ་པ་བཞི་གསུངས་སོ། །དེ་ནི་རེ་ཞིག་ཤེས་པར་བྱའོ། །དེ་ལ་ཚོགས་ནི་ཚུལ་ཁྲིམས་རྣམ་པར་དག་པ་ལ་སོགས་པ་གཞན་དུ་བལྟའོ། །འདིར་ཅུང་ཟད་ཙམ་ཞིག་བསམ་པར་བྱ་སྟེ། འདི་སྙམ་དུ་སྒྲུབ་པ་སྙིང་པོར་བྱ་བ་ལ་སེམས་གནས་པ་ཞིག་མེད་ན་སྒྲུབ་པར་དཀའ་བས། བདག་གིས་ཐོག་མར་སེམས་གནས་པ་ཞིག་བསྒྲུབ་པར་བྱའོ་སྙམ་དུ་བསམ་པར་བྱའོ། །དེ་ཡང་ནང་གི་ལུས་དང་ཕྱི་རོལ་གྱི་བུད་མེད་ལ་ཆགས་ན་གནོད་པ་སྣ་ཚོགས་བསྐྱེད་ཅིང་ངན་སོང གསུམ་དུ་འགྲོ་ན། སེམས་གནས་པ་དང། བདེ་འགྲོར་སྐྱེ་ཞིང་ཐར་པར་ལྟ་ག་ལ་ནུས་པར་འགྱུར། །བདེ་འགྲོ་མེད་པར་ཇི་ལྟར་སྒྲུབ། དེ་སྐད་དུ་ཟླ་བ་སྒྲོན་མའི་མདོ་ལས། དུལ་པར་གྱུར་པའི་ལུས་འདི་དང་སྲོག་ཀྱང་གཡོ་བ་དབང་མེད་དོ། །རྨི་ལམ་སྒྱུ་མ་འདྲ་བ་ལ། །བྱིས་པ་འདི་དག ཆགས་པས་ན། །དེ་དག་མི་བཟད་སེམས་དམྱལ་འགྲོ། ཞེས་གསུངས་སོ། །ཡང་གསུངས་པ་།གང་ཞིག་འདོད་ཆགས་སེམས་ཀྱིས་ནི། །བུད་མེད་རུལ་པ་བརྟེན་བྱེད་པ། །འགྲོ་བ་རུལ་བར་འགྲོ་འགྱུར་ཏེ། །དེས་ན་ངན་འགྲོར་འགྲོ་བར་འགྱུར། ཞེས་གསུངས་སོ། །དེ་ལྟ་བས་ན་ལུས དང་བུད་མེད་ལ་ཆགས་པའི་སེམས་སྤང་བར་བྱའོ། ། །།དེ་ལ་སྒོམ་པ་གང་ཞེ་ན། ཐོག་མར་བྱ་བ་ཐམས་ཅད་ཡོངས་སུ་རྫོགས་པར་བྱས་ཏེ། སྟན་བདེ་བའི་སྟེང་དུ་སྐྱིལ་མོ་ཀྲུང་བཅས ལུས་དྲང་པོར་བསྲངས་ལ་ཡུད་ཙམ་ཞིག་བསྡད་དོ།

CLOSE WINDOW