Wylie | e-texts based on the ACIP/ALL ![]() ![]() |
། །། `་།ཆོས་དང་ཆོས་ཉིད་ནང་འབྱེད་ཚིག་བཅད་པ་བཞུགས། །རྒྱ་གར་སྐད་དུ། དྷརྨ་དྷརྨ་ཏཱ་བི་བྷི་ག་སཱ་རི་ཀཱ། བོད་སྐད་དུ། ཆོས་དང་ཆོས་ཉིད་རྣམ་པར་འབྱེད་པའི་ཚིག་ལེའུར་བྱས་པ། མགོན་པོ་བྱམས
པ་ལ་ཕྱག་འཚལ་ལོ། །ཤེས་ནས་འགའ་ཞིག་ཡོངས་སུ་སྤང་བྱ་ཞིང། །གཞན་འགའ་ཞིག་ནི་མངོན་སུམ་ཉིད་དུ་བྱ། །དེས་ན་དེ་དག་མཚན་ཉིད་རྣམ་དབྱེ་བ། །བྱེད་པར་འདོད་པས་བསྟན་བཅོས་འདི་བརྩོ་བོ། །འདི་དག་ཐམས་ཅད་མདོར་བསྡུ་ན། །རྣམ་པ་གཉིས་སུ་ཤེས་བྱ་སྟེ། །ཆོས
དང་དེ་བཞིན་ཆོས་ཉིད་ཀྱིས། །ཐམས་ཅད་བསྡུད་པ་ཉིད་ཕྱིར་རོ། །དེ་ལ་ཆོས་ཀྱིས་ཕྱེ་བ་ནི། །འཁོར་བ་ཡིན་ཏེ་ཆོས་ཉི་ཀྱིས། །རབ་ཏུ་ཕྱེ་བ་ཐེག་གསུམ་གྱི། །མྱ་ངན་ལས་ནི་འདས་པའོ། །དེ་ལས་ཆོས་ཀྱི་མཚན་ཉིད་ནི། །གཉིས་དང་ཇི་ལྟ་མངོན་བརྗོད་པར། །སྣང
བ་ཡང་དག་མ་ཡིན་པའི། །ཀུན་རྟོག་པ་སྟེ་མེད་སྣང་ཕྱིར། །དེས་ན་ཡང་དག་མ་ཡིན་པའོ། །དེ་ཡང་ཐམས་ཅད་དོན་མེད་ཅིང། །རྟོག་ཙམ་ཡིན་པས་ཀུན་རྟོག་པའོ། །གཞན་ཡང་ཆོས་ཉིད་མཚན་ཉིད་ནི། །གཟུང་པ་དང་ནི་འཛིན་པ་དང། །བརྗོད་པར་བྱང་བརྗོད་པར
བྱེད། །ཁྱད་མེད་དེ་བཞིན་ཉིད་ཡིན་ནོ། །མེད་པ་སྣང་ཕྱིར་ཕྱིར་འཁྲུལ་པ་ནི། །ཀུན་ནས་ཉོན་མོངས་རླུ་ཡིན་ཏེ། །སྒྱུ་མའི་གླང་ཆེན་སྲོ་སྣང་བཞིན། །ཡོད་པ་ཡང་ནི་མི་སྣང་ཕྱིར། །མེད་སྣང་དར?་ཕྲག་རུང་ཞིང། །མེད་ན་འཁྲུལ་དང་མ་འཁྲུལ་དང། །དེ་བཞིན་ཀུན་ནས་ཉོན
མོངས་དང། །རྣམ་པར་བྱེད་པ་མི་འཐད་དོ། །གཉིས་པོ་དག་ནི་གཅིག་ཉིད་དང། །སོ་སོ་བ་ཡང་མ་ཡིན་ཏེ། །ཡོད་པ་དང་ནི་མེད་པ་དག་།ཁྱད་པར་ཡོད་དང་མེད་ཕྱིར་རོ། །རྣམ་པ་དྲུག་གིས་ཆོས་རྣམས་ལ། །འཇུག་པ་བླ་ན་མེད་པ་སྟེ། །བཞིན་ཉིད་དང་ནི
གྲུབ་པ་སྟེ། །གཅིག་དང་ཐ་དད་མ་ཡིན་ཞིང། །གནས་ནི་ཐུན་མོང་ཐུན་མོང་མིན། །གཟུང་དང་འཛིན་པར་སྣང་བ་ནི། །མེད་ལ་རབ་ཏུ་འཇུག་པས་སོ། །དེ་ལ་མཚན་ཉིད་གྲུབ་པ་དང། །གཅིག་དང་ཐ་དད་མ་ཡིན་ལ། །ཇི་ལྟར་མ་འོང་བསྟན་བཞིན་དུའོ། །གང་ཞིག་གང་དུ་འཁོར
བ་ན། །དེ་ནི་ཀུན་ཏུ་གནས་པ་སྟེ། །སེམས་ཅན་ཁམས་དང་སྡོད་ཀྱི་ཁམས། །སྣོད་ཀྱི་ཁམས་ནི་ཐུན་མོངས་ལྟར། །རྣམ་པར་རིག་པ་ཐུན་མོང་ཡིན། །སེམས་ཅན་ཁམས་ནི་ཐུན་མོང་དང། །ཡང་ན་ཐུན་མོང་མ་ཡིན་པའོ། །དེ་ལ་སྐྱེ་དང་ཐ་སྙད་དང། །རྗེས་སུ་གཟུང་དང་ཚར་བཅད
དང། ཕན་པ་དང་ནི་གནོད་པ་དང། །ཡོན་ཏན་སྐྱོན་ནི་ཕན་ཚུན་དུ། །བདག་པོ་ཉིད་ཀྱིས་ཕན་ཚུན་དུ། །ཡིན་པའི་ཕྱིར་ན་ཐུན་མེད་པའོ། །གནས་དང་རྣམ་པར་རིག་པ་དང། །བདེ་སྡུག་ལས་དང་འཆིའི་འཕོ་དང། །སྐྱེ་བ་དང་ནི་བཅངས་པ་དང། །གྲོལ་འཐུན་མོང་མ་ཡིན་ཕྱིར། །དེ་ནས་ཐུན་མོང་མ་ཡིན
པའོ། །ཕྱི་རོལ་བཟུང་བ་ཐུན་མོང་བར། །སྣང་བ་འཛིན་པའི་རྣམ་རིག་པའོ། །རྣམ་པར་ཤེས་ལས་ཕྱི་རོལ་ཏུ། །གྱུར་བའི་དོན་ཡོད་མ་ཡིན་ཏེ། །ཐུན་མོང་བ་ཉིད་ཡིན་ཕྱིར་རོ། །ཆིག་ཤོས་ཐུན་མོང་མ་ཡིན་པའི། །བཟུང་བ་རྣམ་པར་རིག་པའི་དོན། །གཞན
གྱི་སེམས་ལ་སོགས་པ་ནི། །མཉམ་པར་མ་བཞག་མཉམ་བཞག་པའི། །འཛིན་པའི་རྣམ་པར་རིག་པ་ལ། །ཕན་ཚུན་ཡུལ་གྱུར་མ་ཡིན་ཏེ། །མཉམ་པ་མ་བཞག་པ་ལ་ནི། །རང་གི་རྣམ་རྟོག་སྣང་ཕྱིར་དང། །མཉམ་པར་བཞག་པ་དག་ལ་ནི། །ཏིང་ངེ་འཛིན་གྱི
སྤྱོད་ཡུལ་དེའི། །གཟུགས་བརྙན་རབ་ཏུ་སྣང་ཕྱིར་རོ། །བཟུང་བར་སྣང་བ་མེད་གྲུབ་ན། །འཛིན་པར་སྣང་བ་མེད་གྲུབ་བོ། །དེ་ལ་ཀྱང་ནི་བཟུང་བ་དང། །འཛིན་པར་སྣང་བ་མེད་པ་ལ། །འཇུག་པ་གྲུབ་སྟེ་ཐོག་མེད་པའི། །ཀུན་ནས་ལྡང་བ་གྲུབ་པས་སོ། །
གཉིས་སུ་ཡོངས་སུ་འགྲུབ་པར། །རབ་ཏུ་གྲུབ་པར་ཡིན་ཕྱིར་རོ། །རྣམ་པ་དྲུག་གིས་ཆོས་ཉིད་ལ། །འཇུག་པ་བླ་ན་མེད་པ་སྟེ། །མཚན་ཉིད་ཀུན་ཏུ་གནས་པ་དང། །ངེས་པར་འབྱེད་དང་རེག་པ་དང། །རྗེས་སུ་དྲན་དང་དེ་དག་ཉིད། །ཉེ་བར་སོན་ལ་འཇུག་པས་སོ། །མཚན་ཉིད
མདོ་ནི་ཇི་ལྟ་བཞིན། །གནས་ནི་ཆོས་རྣམས་ཐམས་ཅད་དེ། །འོན་ཀྱང་མདོ་སྡེ་ཐམས་ཅད་ཀྱང། །དེ་ལ་ངེས་པར་འབྱེད་པ་ནི། །ཐེག་པ་ཆེན་པོའི་མདོ་སྡེ་ལ། །བརྟེན་པའི་ཚུལ་བཞིན་ཡིད་བྱེད་པས། །བསྡུས་པའི་སྦྱོར་ལམ་ཐམས་ཅད་དོ། །རེག་པ་ཡང་དག་ལྟ་ཐོབ་ཕྱིར།།
མཐོང་པའི་ལམ་གྱིས་མངོན་སུམ་གྱི། །ཚུལ་དུ་དེ་བཞིན་ཉིད་ཐོབ་ཅིང། །ཉམས་སུ་མྱོང་བ་གང་ཡིན་པའོ། །རྗེས་སུ་དྲན་པ་རེག་པས་ནི། །མཐོང་བའི་དོན་ལ་སྒོམ་ལམ་གྱི། །བྱང་ཆུབ་ཕྱོགས་ཀྱིས་བསྡུས་པ་ཏེ། །དེ་ཡི་དྲི་མ་སེལ་བའི་ཕྱིར། །དེ་ལ་དེ་ཡི་བདག་ཉིད
དུ། །ཉེ་བར་སོན་པ་དེ་བཞིན་ཉིད། །དྲི་མ་མེད་པར་གྱུར་པ་ན། །ཐམས་ཅད་དེ་བཞིན་ཉིད་ཙམ་དུ། །སྣང་བ་དེ་ཡང་གནས་གྱུར་པ། །གྲུབ་པ་ཡིན་ནོ་རྣམ་པ་བཅུས། །གནས་ཡོད་གྱུར་ལ་འཇུག་པ་ནི། །བླ་ན་མེད་པ་ཉིད་ཡིན་ཏེ། །ངོ་བོ་རྫས་དང་གང
ཟག་དང། །ཁྱད་པར་དགོས་པ་གནས་དང་ནི། །ཡིད་ལ་བྱེད་དང་སྦྱོར་བ་དང། །ཉེས་དམིགས་ཕན་ཡོན་འཇུག་པས་སོ། །དེ་ལ་ངོ་བོ་འཇུག་པ་ནི། །བློ་བུར་བ་ཡི་དྲི་མ་དང། །དེ་བཞིན་ཉིད་ནི་སྣང་བ་དང། །སྣང་བའི་དོན་ཏེ་དེ་བཞིན་ཉིད། །དྲི་མ་མེད་པ་གང
ཡིན་པའོ། །དངོས་པོ་རྫས་སུ་འཇུག་པ་ནི། །ཐུན་མོང་སྣོད་ཀྱི་རྣམ་རིག་པ། །དེ་བཞིན་ཉིད་དུ་གྱུར་པ་དང། །མདོ་སྡེ་ཆོས་ཀྱི་དབྱིངས་ཉིད་ཀྱི། །དེ་བཞིན་ཉིད་དུ་གྱུར་བ་དང། །ཐུན་མོང་མིན་པ་སེམས་ཅན་གྱི། །ཁམས་ཀྱི་རྣམ་པར་རིག་པ་ཡི། །དེ
བཞིན་ཉིད་དུ་གྱུར་པའོ། །གང་ཟག་དག་ལ་འཇུག་པ་ནི། །དང་པོ་གཉིས་ནི་སངས་རྒྱས་དང། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་ན། །དེ་བཞིན་ཉིད་ཡོངས་གྱུར་པ་སྟེ། །ཕྱི་མ་ཉན་ཐོས་རྣམས་དང་ནི། །རང་སངས་རྒྱས་ཀྱི་ཡང་ཡིན་ནོ། །ཁྱད་བར
ཅན་ལ་འཇུག་པ་ནི། །སངས་རྒྱས་བྱང་ཆུབ་སེམས་དཔའ་རྣམས། །ཞིང་ཡོངས་སུ་དག་པའི་ཁྱད་པར་དང། །ཆོས་སྐུ་ལོངས་སྤྱོད་རྫོགས་པ་དང། །སྤྲུལ་སྐུ་ཐོབ་པས་གཟིགས་པ་དང། །འདོམས་པ་དང་མི་ཙང?་འབྱོར་ཉིད། །ཐོབ་པའི
ཁྱད་པར་ལས་ཡིན་ནོ། །དགོས་པ་རྟོགས་ལ་འཇུག་པ་ནི། །སྔོན་གྱི་སྨོན་ལམ་ཁྱད་པར་དང། །ཐེག་པ་ཆེན་པོས་སྟོན་པ་ཡིས། །དམིགས་པའི་ཁྱད་པར་མ་བཅུ་ལ། །རབ་ཏུ་སྦྱོར་བའི་ཁྱད་པར་རོ། །གནས་སམ་རྟེན་ལ་འཇུག་པ་ནི། །རྣམ་པར་མི་རྟོགས་ཡེ་ཤེས
ལ། །འཇུག་པ་རྣམ་པ་དྲུག་གིས་ཏེ། །དམིགས་དང་མཚན་མ་སྤངས་པ་དང། །ཡང་དག་པ་ཡིས་སྦྱོར་བ་དང། །མཚན་ཉིད་དང་ནི་ཕན་ཡོན་དང། །ཡོངས་སུ་ཤེས་ལ་འཇུག་པས་སོ། །དེ་ལ་དང་པོ་དམིགས་པ་ལ། །འཇུག་པ་རྣམ་བཞིར་ཤེས་པ་བྱ་སྟེ།
ཐེག་པ་ཆེན་པོ་སྟོན་པ་དང། །དེ་ལ་མོས་དང་ངེས་པ་དང། །ཚོགས་ནི་ཡོངས་སུ་རྫོགས་པས་སོ། །གཉིས་པ་མཚན་མ་སྤངས་པ་ལ། །འཇུག་པ་ཡང་ནི་རྣམ་བཞི་སྟེ། །མིག་མཐུན་པ་དང་གཉིས་པོ་དང། །དེ་བཞིན་ཉིད་དང་རྟོགས་པ་དང། །མཚམས་དག་ནི
སྤངས་པས་སོ་། འདི་ནི་རིམ་པ་ཇི་ལྟ་བ་བཞིན། །རགས་དང་འབྲིང་དང་ཕྲ་མོ་དང། །རིང་དུ་རྗེས་སུ་འབྲེལ་པ་ཡིས། །མཚན་མ་ཡོངས་སུ་སྤངས་པ་ཡིན། །ཡང་དག་པ་ཡི་སྦྱོར་པ་ལ། །འཇུག་པ་ཡང་ནི་རྣམ་བཞི་སྟེ། །དམིགས་པ་ཡིན་ནི་སྦྱོར་བ་དང།
མི་དམིགས་པ་ཡི་སྦྱོར་བ་དང། །དམིགས་པ་མི་དམིགས་སྦྱོར་བ་དང། །མི་དམིགས་དམིགས་པའི་སྦྱོར་བའོ། །དེ་ལ་མཚན་ཉིད་འཇུག་པ་ནི། །རྣམ་པ་གསུམ་གྱིས་ཤེས་བྱ་སྟེ། །ཆོས་ཉིད་གནས་པ་ཉིད་ལས་ནི། །གཉིས་སུ་མེད་ཅིང་བརྗོད་མེད་པའི།།
ཆོས་ཉིད་རབ་ཏུ་གནས་ཕྱིར་རོ། །སྣང་བ་མེད་ལས་གཉིས་དང་ནི། །ཇི་ལྟར་མངོན་པར་བརྗོད་པ་དང། །དབང་པོ་ཡུལ་རྣམ་རིག་པ་དང། །སྣོད་ཀྱི་འཇིག་རྟེན་སྣང་མེད་ཕྱིར། །དེས་ན་འདིས་ནི་བརྟག་མེད་པ། །བསྟན་དུ་མེད་པ་གནས་མེད་པ།། །།
སྣང་བ་མེད་ཅིང་རྣམ་རིགས་མེད། །གནས་པ་མེད་པ་ཞེས་བྱ་སྟེ། །རྣམ་པར་མི་རྟོག་ཡེ་ཤེས་ཀྱི། །མཚན་ཉིད་མདོ་བཞིན་བརྗོད་པ་ཡིན། །སྣང་པ་ལས་ནི་ཆོས་ཐམས་ཅད། །ནམ་མཁའ་ཨི་དཀྱིལ་ན་ཉམ་སྣང་ཕྱིར་རོ། །འདུ་ཁྱོད་ཐམས་ཅད་སྒྱུ་མ་སོགས། །ལྟ
བུར་སྣང་བ་ཡིན་ཕྱིར་རོ། །ཕན་ཡོན་འཇུག་པ་རྣམ་བཞི་སྟེ། །ཆོས་སྐུ་རྫོགས་པར་ཐོབ་པ་དང། །གོང་ན་མེད་པའི་བདེ་ཐོབ་དང། །གཟིགས་བ་དབང་འབྱོར་ཐོབ་པ་དང། །སྟོན་ལ་དབང་འབྱོར་ཐོབ་པ་དང། །ཡོངས་སུ་ཤེས་ལ་འཇུག་པ་ནི། །རྣམ་པ་བཞི
དུ་ཤེས་བྱ་སྟེ། །གཉེན་པོ་ཡོངས་སུ་ཤེས་པ་དང། །མཚན་ཉིད་ཡོངས་སུ་ཤེས་པ་དང། །ཁྱད་པར་ཡོངས་སུ་ཤེས་པ་དང། །ལས་ལྔ་ཡོངས་སུ་ཤེས་པའོ། །དེ་ལ་གཉེན་པོ་ཤེས་པ་ནི། །རྣམ་པར་མི་རྟོགས་ཡེ་ཤེས་དེ། །ཆོས་དང་གང་ཟག་འཛིན་པ་དང།།
ཡོངས་སུ་འགྱུར་བ་ཐ་དད་དང། །སྐུར་པ་འདེབ་པ་ཉིད་ཡིན་ཏེ། །མེད་པ་འཛིན་པ་རྣམ་པ་ལྔའི། །གཉེན་པོ་བསྟན་པ་ཡིན་ཕྱིར་རོ། །མཚན་ཉིད་ཡོངས་སུ་ཤེས་པ་ནི། །ཡིད་ལ་མི་བྱེད་ཡང་དག་འདས། །ཉེ་བར་ཞི་དང་ངོ་བོའི་དོན། །མངོན་པ་རྟགས་འཛིན
པ་རྣམ་པ་ལྔ། །སྤངས་པའི་རང་གིས་མཚན་ཉིད་དོ། །ཁྱད་པར་ཡོངས་སུ་ཤེས་པ་ནི། །རྣམ་པར་མི་རྟོག་པ་ཉིད་དང། །ཉི་ཚེ་བ་ནི་མ་ཡིན་དང། །གནས་མེད་པ་དང་གཏན་དུ་དང། །གོང་ན་མེད་པའི་རྣམ་པ་སྟེ། །ཁྱད་པར་རྣམ་པ་ལྔ་ཡིན་ནོ། །ཐ་མ་ལས
ཡོངས་ཤེས་པ་ནི། །རྣམ་རྟོགས་རིང་དུ་བྱེད་པ་དང། །བླ་ན་མེད་པའི་བདེ་སྟོང་དང། །ཉོན་མོངས་པ་དང་ཤེས་བྱ་ཡི། །སྒྲིབ་པ་བྲལ་བར་བྱེད་པ་དང། །དེ་ཡི་རྗེས་ལས་ཐོབ་པ་ཡིས། །ཡེ་ཤེས་ཤེས་བྱའི་རྣམ་པ་ནི། །ཐམས་ཅད་ལ་ནི་འཇུག་པ་དང། །
སངས་རྒྱས་ཞིང་ནི་སྦྱོར་བ་དང། །སེམས་ཅན་ཡོངས་སུ་སྨིན་བྱེད་དང། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད། །གཏོད་ཅིང་སྟེ་བར་བྱེད་པ་སྟེ། །རྣམ་པ་ལྔ་ལས་ཀྱི་ཁྱད་པར་རོ། །ཡིད་ལ་བྱེད་ལ་འཇུག་པ་ནི། །རྣམ་པར་མི་རྟོག་ཡེ་ཤེས་ལ། །འཇུག་པར
འདོད་པའི་གང་ཟག་ནི། །བྱང་ཆུབ་སེམས་དཔའ་གང་ཡིན་པ། །འདི་ལྟར་ཡིད་ལ་བྱེད་པ་སྟེ། །དེ་བཞིན་ཉིད་ནི་མི་ཤེས་པས། །མི་བདེན་པར་ནི་ཡོངས་བརྟགས་པའི། །ས་བོན་ཐམས་ཅད་པ་ཞེས་པ། །མེད་པ་གཉིས་སུ་སྐྱང
པའི་རྒྱུ། །དེ་ལ་རྟེན་པའི་ཐ་དད་རྒྱུ། །དེས་ན་རྒྱུ་དང་འབྲས་བུར་བཅས། །སྣང་དུ་ཟིན་ཀྱང་མེད་པའོ། །དེ་སྣང་ཆོས་ཉིད་མི་སྣང་ཞིང། །དེ་མི་སྣང་བས་ཆོས་ཉིད་སྣང། །དེ་ལྟར་ཚུལ་བཞིན་ཡིད་བདེ་ན། །བྱང་ཆུབ་སེམས་དཔའ་ཨི་མི་རྟག་པའི། །ཡེ་ཤེས་ལ་ནི
འཇུགས་པའོ། །དེ་ལྟར་དམིགས་པ་རྣམ་རིག་ཙམ། །དམིགས་དང་རྣམ་པར་རིག་ཙམ་དུ། །དམིགས་ལས་དོན་རྣམས་མི་དམིགས་དང། །དོན་རྣམས་མི་དམིགས་པ་ལས་ནི། །རྣམ་པར་རིག་ཙམ་མི་དམིགས་དང། །དེ་མི་དམིགས་ལས་གཉིས
པོ་ནི། །ཁྱད་མེད་པ་ཡི་དམིགས་ལ་འཇུག་།དེ་ཉིད་ཁྱད་པར་མི་དམིགས་རྣམས། །དེ་ནི་རྣམ་པར་མི་རྟོག་པའི། །ཡེ་ཤེས་ཡུལ་མེད་དམིགས་མེད་པ། །མཚན་མ་ཐམས་ཅད་མི་དམིགས་པས། །རབ་ཕྱེ་བ་ནི་ཡིན་ཕྱིར་རོ། །སྦྱོར་བས་ས་ལ་འཇུག་པ་ནི།
རྣམ་པ་བཞི་རུ་ཤེས་བྱ་སྟེ། །མོས་པའི་རབ་ཏུ་སྦྱོར་བS་ནི། །མོས་པས་སྤྱོད་པའི་ས་ལ་སྟེ། །ངེས་པས་འབྱེད་པའི་གནས་སྐབས་སོ། །སོ་སོར་རབ་ཏུ་རྟོག་པ་ཡི། །སྦྱོར་བས་ས་ནི་དང་པོ་སྟེ། །དེ་ཉིད་རེག་པའི་གནས་སྐབས་སོ། །བསྒོམ་པས་རབ་ཏུ་སྦྱོར་བས་ནི། །མ་དག
པར་མིས་ས་དྲུག་དང། །དག་པའི་ས་ནི་གསུམ་པོ་སྟེ། །དེ་ནི་རྗེས་དྲན་གནས་སྐབས་སོ་སོ། །མཐར་ཕྱིན་པ་ལ་སྦྱོར་བས་ནི། །ལྷུན་གྱིས་གྲུབ་པར་སངས་རྒྱས་ཀྱིས། །མཛད་པ་རྒྱུན་མི་འཆད་ཕྱིར་རོ། །དེ་ནི་དེ་ཡི་བདག་ཉིད་དུ། །ཉེ་བར་འགྲོ་བའི་གནས
སྐབས་སོ། །ཉེས་དམིགས་དག་ལ་འཇུག་པ་ནི། །གནས་ཡོངས་སུ་གྱུར་པ་མེད་པ་ཡི། །ཉེས་དམིགས་བཞི་སྟེ་ཉོན་མོངས་པ། །མི་འཇུག་རྟེན་མེད་ཉེས་པ་དང། །ལམ་འཇུག་ཏེ་ནེ་མེད་ཉེས་པ་དང། །མྱང་ན་འདས་པའི་གང་ཟག་རྣམས། །གདགས་བཱི་གཞི་མེད་ཉེས་པ་དང། །བྱང་ཆུབ
གསུམ་གྱི་ཁྱད་པར་དག་། གདགས་པའི་གཞི་མེད་ཉེས་པའོ། །བཟློག་ནས་ཕན་ཡོན་འཇུག་པ་ནི། །རྣམ་པ་བཞི་རུ་ཤེས་པར་བྱ། །མེད་པའི་ཆོས་རྣམས་སྣང་བའི་དཔེ། །སྒྱུ་མ་རྨི་ལཾ་ལ་སོ་བཞིན། །གནས་ཡོངས་གྱུར་པ་དཔེར་བྱ་ན། །ནམ་མཁའ་གསེར་དང
ཆུ་སོགས་བཞིན། ། །།ཆོས་དང་ཆོས་ཉིད་རྣམ་པར་འབྱེད་པའི་ཚིག་ལེའུར་བྱས་པ། མགོན་པོ་བྱམས་པས་མཛད་པ་རྫོགས་སོ།། །།པཎྜི་ཏ་ཆེན་པོ་མཧཱ་ཛ་ན་དང། །ལོ་ཙཱ་བ་དགེ་བསྙེན་སེངྒེ་རྒྱལ་མཚན་གྱིས་བསྒྱུར་བའོ།། །།
ཐེག་པ་ཆེན་པོ་གྱུར་བླ་མའི་བསྟན་བཅོས་བཞུགས།
CLOSE WINDOW