CLOSE WINDOW

N4257: རྟེན་ཅིང་འབྲེལ་པར་འབྱུང་བའི་སྙིང་པོའི་རྣམ་པར་བཤད་པ
Wyliee-texts based on the ACIP/ALL Input

། །།རྒྱ་གར་སྐད་དུ། པྲ་ཏཱི་ཏྱ་ས་མུཏྟཱ་ད་ཧྲི་ད་ཡ་བྱཱ་ཁྱཱ་ན། བོད་སྐད་དུ། རྟེན་ཅིང་འབྲེལ་བར་འབྱུང་བའི་སྙིང་པོའི་རྣམ་པར་བཤད་པ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །འདི་ལ དགེ་སྦྱོང་ཉན་འདོད་པས་མཉན་པ་དང། གཟུང་བ་དང། ཁོང་དུ་ཆུད་པར་བྱ་བ་དང། རྟོག་པ་སེལ་ནུས་པ་དང་ལྡན་པའི་སློབ་མ་ཞིག་སློབ་དཔོན་གྱི་གམ་དུ་འོངས་ནས་དེ་བཞིན་གཤེགས་པའི་བསྟན་པ་ལས་བརྩམས་ཏེ་འདི་སྐད་འབྲིལ་ལོ། །བཅོམ ལྡན་འདས་འདི་ལ། ཡན་ལག་བྱེ་བྲག་བཅུ་གཉིས་གང། །ཐུབ་པས་རྟེན་འབྱུང་གསུངས་དེ་དག་།གང་དུ་བསྡུ་བར་ལྟ་བ་ཐོས་པར་འཚལ་ལོ། །དེ་ལ་ཆོས་དེ་དག་གི་དེ་ཁོ་ན་ཉིད་འདྲི་བར་རིག་ནས་སློབ་དཔོན་གྱིས་འདི་སྐད་དུ། ཉོན་མོངས ལས་དང་སྡུག་བསྔལ་དང། །གསུམ་པོ་དག་ཏུ་ཟད་པར་འདུས། །གསལ་ཞིང་ཟུར་ཕྱིན་པའི་ཚིག་འདི་སྨྲས་སོ། །དེ་ལ་བཅུ་དང་གཉིས་ནི་བཅུ་གཉིས་སོ། །ཡན་ལག་རྣམས་ཉིད་བྱེ་བྲག་ཡིན་པས་ཡན་ལག་བྱེ་བྲག་སྟེ། ཤིང་རྟའི་ཡན་ལག བཞིན་དུ་འགྱུར་བར་བསྟན་ཏོ། །སྐུ་དང་གསུང་དང་ཐུགས་ཐུབ་པས་ཐུབ་པའོ། །ཐུབ་པ་དེས་གསུངས་ཞེས་བྱ་བ་ནི་བསྟན་པ་དང་བཤད་ཅེས་བྱ་བའི་རྣམ་གྲངས་སུ་གཏོགས་པའོ། །དེ་ཡང་རང་བཞིན་དང། དེས་བ་དང། སྐྱེས བུ་གཞན་ལ་རག་ལས་པ་དང། དབང་ཕྱུག་དང། དུས་དང། ངོ་བོ་ཉིད་དང། འདོད་རྒྱལ་དང། གནས་ཀྱིས་བསྐལ་བ་དང། གྱི་ན་ལོག་པའི་རྒྱུ་ལས་བྱུང་བ་ནི་མ་ཡིན་གྱི། འདི་ནི་རྟེན་ཅིང་འབྲེལ་པར་འབྱུང་བའོ། །ཡན་ལག་བཅུ་གཉིས་བ་དེ དག་ནི་ཉོན་མོངས་པ་དང། ལས་དང། སྡུག་བསྔལ་རྣམས་གཅིག་ལ་གཅིག་བརྟེན་པ་མདུང་ཁྱིམ་གྱི་ཚུལ་དུ་གསུམ་པོ་དག་ཏུ་ཟད་པར་འགྱུར་རོ། །ཟད་པར་ཞེས་བྱ་བ་ནི་མ་ལུས་བར་ཞེས་པ་བའི་ཐ་ཚིག་གོ་།དྲིས་པ་ཉོན་མོངས་པ་རྣམས ནི་གང། ལས་ནི་གང། སྡུག་བསྔལ་ནི་གང། རྟེན་བའི་བྱེ་བྲག་འདི་དག་གང་དུ་བསྡུ་བར་འགྱུར། །སྨྲས་པ། དང་པོ་བརྒྱད་དང་དགུ་ཉོན་མོངས། །བྱེ་བྲག་བཅུ་གཉིས་ཀྱི་དང་པོ་ནི་མ་རིག་པ། །བརྒྱད་པ་ནི་སྤེད་པ། དགུ་པ་ནི་ལེན་པ་སྟེ། གསུམ་པ་ནི་ཉོན་མོངས་པ་རྣམས་སུ་ཤེས་པར་བྱའོ། །ལས་དེ་གང་ཞེ་ན། གཉིས་དང་བཅུ་བ་ལས་ཡིན་ཏེ། གཉིས་པ་ནི་འདུ་བྱེད། བཅུ་པ་ནི་སྲིད་པ་སྟེ། ཆོས་གཉིས་ནི་ལས་སུ་འདུས་པར་ཤེས་པར་བྱའོ། །ལྷག་མ་བདུན་ཡང སྡུག་བསྔལ་ཡིན། ཉོན་མོངས་པ་དང། ལས་སུ་བསྡུས་པའི་བྱེ་བྲག་དེ་དག་གི་ལྷག་མ་བྱེ་བྲག་བདུན་པོ་གང་ཡིན་པ་དེ་དག་ནི་སྡུག་བསྔལ་དུ་ཤེས་པར་བྱའོ། །འདི་ལྟ་སྟེ། རྣམ་པར་ཤེས་པ་དང། མིང་དང་གཟུགས་དང། སྐྱེ་མཆེད དྲུག་དང། རེག་པ་དང། ཚོར་བ་དང། སྐྱེ་བ་དང། རྒ་ཤི་རྣམས་སོ། །ཡང་ཞེས་བྱ་བའི་སྒྲ་ནི་བསྡུ་བ་སྟེ། སྡུག་བ་དང་བྲལ་བ་དང། མི་སྡུག་པ་དང་ཕྲད་པ་དང། འདོད་པས་ཕོངས་པའི་སྡུག་བསྔལ་རྣམས་བསྡུ་སྟེ། བཅུ་གཉིས་ཆོས ནི་གསུམ་དུ་འདུས། །དེའི་ཕྱིར་ཆོས་བཅུ་གཉིས་པོ་འདི་དག་ནི་ལས་དང་ཉོན་མོངས་པ་ནས། སྡུག་བསྔལ་རྣམས་སུ་ཤེས་པར་བྱའོ། །ནི་ཞེས་བྱ་བའི་སྒྲས་ནི་ལྷག་པའི་ཚིགས་བཅད་པའི་དོན་ཏོ། །མདོ་ལས་བསྟན་པའི་ཆོས་ནི་འདི་དག་ཏུ་ཟད་ཀྱི། འདི ལས་གཞན་ཅི་ཡང་མེད་དོ་ཞེས་བཅད་པའོ། །དྲིས་པ་དེ་དག་འཚལ་ན་ཉོན་མོངས་པ་དང་ལས་དང་སྡུག་བསྔལ་དག་གང་ལས་གང་འབྱུང་བ་དེ་དག་བསྟན་དུ་གསོལ། །སྨྲས་བ། གསུམ་པོ་དག་ལས་གཉིས་འབྱུང་སྟེ། །ཉོན་མོངས་པ་ཞེས་བྱ་ བ་གསུམ་པོ་དག་ལས། ལས་ཞེས་བྱ་བ་གཉིས་འབྱུང་ངོ། །གཉིས་ལས་བདུན་འབྱུང། སྡུག་བསྔལ་ཞེས་བྱ་བ་གོང་དུ་བསྟན་པ་རྣམས་སོ། །བདུན་ལས་ཀྱང་གསུམ་འབྱུང། ཉོན་མོངས་པ་ཞེས་བྱ་བ་རྣམས་སོ། །ཡང་ཉོན་མོངས་བ་གསུམ་པོ དེ་དག་ལས་གཉིས་འབྱུང་སྟེ། སྲིད་པའི་འཁོར་ལོ་དེ་ཉིད་ནི་ཡང་དང་ཡང་དུ་འཁོར། སྲིད་བ་ནི་གསུམ་སྟེ། འདོད་པ་དང། གཟུགས་དང། གཟུགས་མེད་པ་དག་ཏུ་མི་སྡོད་བར་འཁོར་བའི་འཁོར་ལོར་གྱུར་པ་སོ་སོའི་སྐྱེ་བོའི་འཇིག་རྟེན་འདི དག་ཉིད་ཀུན་ཏུ་འཕྱན་ཏེ། །ནི་ཞེས་བྱ་བའི་སྒྲས་ནི་ངེས་པ་མེད་པར་བསྟན་བའི་དོན་ཏོ། །ཇི་ལྟར་འཁོར་ལོ་རིན་པོ་ཆེ་འཁོར་བ་དེ་ལྟར་སྲིད་པ་གསུམ་དུ་འབྱུང་བ་མ་ཡིན་གྱི། ངེས་པ་མེད་པར་བསྟན་ཏོ། །དྲིས་པ། འོ་ན་ལུས་ཐམས་ཅད ཀྱི་དབང་ཕྱུག་སེམས་ཅན་ཞེས་བགྱི་བ་དེ་དག་ལས་དེ་བྱེད་པ་ཇི་ལྟ་བུ། སྨྲས་པ། འགྲོ་ཀུན་རྒྱུ་དང་བརྩོན་འགྲུས་ཏེ། །བརྟག་པ་མ་གཏོགས་པར་འདི་ལ་སེམས་ཅན་གཞན་ཅིའང་མེད། འདི་ནི་ཡང་དག་པར་བརྟགས་པ་སྟེ། བརྟགས་བ་ཙམ ནི་མ་ཡིན་ནོ། །བརྟགས་པ་ཙམ་གྱི་ཡུལ་དུ་འདོད་པ་ནི་རྫས་སུ་ཡོད་པར་མི་རུང་ངོ། །དྲིས་པ། གལ་ཏེ་དེ་ལྟ་ན་འོ་ན་འཇིག་རྟེན་འདི་ནས་ཕ་རོལ་ཏུ་སུ་འཆི། སྨྲས་པ། འཇིག་རྟེན་འདི་ནས་ཕ་རོལ་ཏུ་རྡུལ་ཕྲ་མོ་ཙམ་ཡང་མི་འཕོ་སྟེ། འོན ཀྱང། སྟོང་པ་ཁོ་ནའི་ཆོས་རྣམས་ལས། །སྟོང་བའི་ཆོས་རྣམས་འབྱུང་བར་ཟད། །བདག་དང་བདག་གི་མེད་པའི་ཆོས་ཉོན་མོངས་པ་དང། ལས་ཞེས་བྱ་བ་རྒྱུར་གྱུར་པ་ལྔ་པོ་སྟོང་པ་རྣམས་ལས་བདག་དང་བདག་གི་མེད་པའི སྡུག་བསྔལ་དུ་བརྗོད་པ་འབྲས་བུར་བརྟག་པའི་ཆོས་སྟོང་པ་བདུན་པོ་འབྱུང་བར་འགྱུར་ཞེས་བྱ་བའི་ཐ་ཚིག་གོ་། དེ་ནི་འདི་སྐད་དུ། བདག་དང་བདག་མེད་པ་དེ་དག་ཕན་ཚུན་དུ་ཡང་དང་ཡང་བདག་གི་བ་མ་ཡིན་ཏེ། འོན་ཀྱང་རང་བཞིན་གྱིས བདག་མེད་པའི་ཆོས་རྣམས་ལས་རང་བཞིན་གྱི་བདག་མེད་པའི་ཆོས་རྣམས་འབྱུང་བ་དེ་ལྟར་ཁོང་དུ་ཆུད་པར་བྱའོ་ཞེས་བསྟན་པ་ཡིན་ནོ། །འདིར་རང་བཞིན་གྱིས་བདག་མེད་པའི་ཆོས་དེ་ཁོ་ན་དག་ལས་རང་བཞིན་གྱིས་བདག་མེད པའི་ཆོས་འབྱུང་བ་དེ་ལ་དཔེ་ཅི་མཆིས། །འདིར་སྨྲས་པ། ཁ་ཏོན་མར་མེ་མེ་ལོང་རྒྱ། །མེ་ཤེལ་ས་བོན་སྒྱུར་དང་སྒྲ། །དཔེ་འདི་རྣམས་བརྟགས་པས་ཀྱང་རང་བཞིན་གྱིས་བདག་མེད་པ་དང། འཇིག་རྟེན་ཕ་རོལ་འགྲུབ་པར་ཤེས པར་བྱའོ། །དཔེར་ན་བླ་མའི་ཁ་ནས་བརྗོད་པ་རྣམས་སློབ་མར་འཕོ་ན་ནི་བླ་མས་བརྗོད་པ་དེ་མེད་པར་ཡང་འགྱུར་བས་མི་འཕོའོ། །སློབ་མས་སྨྲས་བ་ཡང་གཞན་ལས་མ་ཡིན་ཏེ། རྒྱུ་མེད་པར་འགྱུར་བའི་ཕྱིར་རོ། །ཇི་ལྟར་བླ་མའི ཁ་ནས་བརྗོད་པ་ལྟར་འཆི་ཀའི་སེམས་ཀྱང་དེ་བཞིན་ཏེ། རྟག་པའི་སྐྱོན་དུ་འགྱུར་བས། འཇིག་རྟེན་ཕ་རོལ་ཏུ་མི་འགྲོའོ། །འཇིག་རྟེན་ཕ་རོལ་ཡང་གཞན་ལས་མི་འབྱུང་སྟེ། རྒྱུ་མེད་པའི་སྐྱོན་དུ་འགྱུར་བའི་ཕྱིར་རོ། །ཇི་ལྟར་བླ་མེད བརྗོད་པའི་རྒྱུ་ལས་སློབ་མ་དེ་ཉིད་དང་གཞན་ནོ་ཞེས་བརྗོད་པར་མི་ནུས་པ་ལྟར་འཆི་ཀའི་སེམས་ལ་བརྟེན་ནས་སྐྱེ་བའི་ཆར་རྟོགས་པའི་སེམས་ཀྱང་དེ་བཞིན་ཏེ། བདག་ཉིད་དང་དེ་ལས་སོ་གཞན་ནོ་ཞེས་བརྗོད་པར་མི་ནུས་སོ། །དེ བཞིན་དུ། ཇི་ལྟར་མར་མེ་ལས་མར་མེ་དང། བཞིན་ལས་མེ་ལོང་གི་གཟུགས་བརྙན་འབྱུང་བ་དང། རྒྱ་ལས་རྒྱའི་འབུར་དང། མེ་ཤེལ་ལས་མེ་དང། ས་བོན་ལས་མྱུ་གུ་དང། ཤིང་ཏོག་སྐྱུར་མོའི་ཆུ་ལས་འགྲམ་ཆུ་ལྡང་བ་དང། སྒྲ་ལས ཕྲག་ཆ་འབྱུང་བར་འགྱུར་ཞིང། དེ་དག་ཀྱང་དེ་ཉིད་དང་དེ་ལས་གཞན་ནོ་ཞེས་ཤེས་པར་སླ་བ་མ་ཡིན་པ་དེ་བཞིན་དུ། ཕུང་པོ་ཉིང་མཚམས་སྦྱོར་བ་ཡང། །མི་འཕོ་བར་ཡང་མཁས་རྟོགས་བྱ། །དེ་ལ་ཕུང་པོ་ལྔ་ནི་གཟུགས་དང། ཚོར་བ དང། འདུ་ཤེས་དང། འདུ་བྱེད་དང། རྣམ་པར་ཤེས་པའི་ཕུང་པོའོ། །དེ་དག་གི་ཉིང་མཚམས་སྦྱོར་བ་ནི་འགགས་ནས། རྒྱུ་དེ་ལས་འབྲས་བུ་གཞན་དག་འབྱུང་བ་སྟེ། འཇིག་རྟེན་འདི་ནས་འཇིག་རྟེན་ཕ་རོལ་ཏུ་དངོས་པོ་རྡུལ་ཕྲ་མོ་ཙམ ཡང་མི་འགྲོའོ། །དེ་ལྟར་ན་འཁོར་བའི་འཁོར་ལོ་ནི་ནོར་བའི་རྣམ་པར་རྟོག་པའི་བག་ཆགས་ཀྱིས་བསྐྱེད་པ་ཡིན་ནོ། །ཐ་མའི་ཡང་ཞེས་བྱ་བ་ནི་ལྡོག་པ་སྟེ། དེ་ལས་ཟློག་པར་ཤེས་པར་བྱའོ། །དངོས་པོ་རྣམས་ལ་མི་རྟག་པ་དང། སྡུག་བསྔལ་བ་དང། སྟོང་པ་དང། བདག་མེད་པར་རྟག་ན་དངོས་པོ་རྣམས་ལ་རྨོངས་པར་མི་འགྱུར་རོ། །རྨོངས་པ་མེད་ན་མི་ཆགས་སོ། །མ་ཆགས་ན་ཞེ་སྡང་བར་མི་འགྱུར་རོ། །ཞེ་སྡང་བ་མེད་ན་ལས་མི་བྱེད་དོ། །ལས་མེད་ན དངོས་པོ་མི་ལེན་ནོ། །ལེན་པ་མེད་ན་སྲིད་པ་མངོན་པར་འདུ་མི་བྱེད་དོ། །སྲིད་པ་མེད་ན་མི་སྐྱེའོ། །མ་སྐྱེས་ན་ལུས་དང་སེམས་ལ་སྡུག་བསྔལ་མི་འབྱུང་ངོ། །དེ་ལྟར་འདིར་རྒྱུ་ལྔ་པོ་དེ་མ་བསགས་པས་འབྲས་བུ་གཞན་དུ་མི་ འབྱུང་སྟེ། འདི་ནི་ཐར་པ་ཞེས་བྱའོ། །དེ་ལྟར་ན་རྟག་ཆད་ལ་སོགས་པ་ལྟ་བ་ངན་པ་རྣམས་བསལ་བ་ཡིན་ནོ། །འདི་ལ་ཚིགས་སུ་བཅད་པ་གཉིས་ཡོད་དོ། །ཤིན་ཏུ་ཕྲ་བའི་དངོས་ལ་ཡང། །གང་གིས་ཆད་པར་རྣམ་བརྟག་པ། །རྣམ་པར་མི་མཁས་དེ ཡིས་ནི། །རྐྱེན་ལས་འབྱུང་བའི་དོན་མ་མཐོང། །འདི་ལ་བསལ་བྱ་གང་ཡང་མེད། །གཞག་པར་བྱ་བ་ཅི་ཡང་མེད། །ཡང་དག་ཉིད་ལ་ཡང་དག་ལྟ། ཡང་དག་མཐོང་ནས་རྣམ་པར་གྲོལ། །རྟེན་ཅིང་འབྲེལ་པར་འབྱུང་བའི་སྙིང་པོའི་རྣམ པར་བཤད་པ། སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ་རྫོགས་སོ།། །།རྒྱ་གར་སྐད་དུ། སྭབན་ཙིནྟ་མ་ཎི་པ་རི་ཀཱ་ཐཱ། བོད་སྐད་དུ། རྨི་ལམ་ཡིད་བཞིན་ནོར་བུའི་གཏམ། །དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །གང་ཞིག་རྟོགས་པའི་ཕྱིར ན་རྨི་ལམ་ལྟར།

CLOSE WINDOW