Wylie | e-texts based on the ACIP/ALL ![]() ![]() |
། །།རྒྱ་གར་གྱི་མཁན་པོ་པྲཛྙཱ་ཝརྨ་དང། ཞུས་ཆེན་གྱི་ལོ་ཙཱ་བ་བནདེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །།རྒྱ་གར་སྐད་དུ། ཡོ་ག་བྷ་བ་ནཱ་པ་ད། བོད་སྐད་དུ།
རྣལ་འབྱོར་བསྒོམ་པའི་ལམ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །འགྲོ་བ་སྡུག་བསྔལ་མང་པོས་གཟིར་ཏེ་གཏི་མུག་གིས་ལྡོངས་པ་ལ་སྙིང་རྗེ་བསྐྱེད་ནས། བདག་གིས་ཀྱང་ཐམས་ཅད་མཁྱེན་པའི་གོ་འཕང་འབྲས་བུ་དང་བཅས་པ
ཐོབ་པར་བྱས་ལ། འགྲོ་བ་རྣམས་ཀྱང་གོ་འཕང་དེ་ཉིད་ལ་དགོད་པར་བྱའོ་ཞེས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྨོན་ལམ་གདབ་པོ། །དེ་ནས་བྱང་ཆུབ་ཀྱི་མཚན་ཉིད་ཀྱི་སེམས་རྣམ་པར་མ་བྱང་བ་བསྐྱེད་པར་མི་བྱའོ། །འདི་ལྟར་བྱང
ཆུབ་ནི་རང་གི་སེམས་ལས་བཙལ་བར་བྱའོ་ཞེས་འབྱུང་བའི་ཕྱིར་ཐོག་མར་རང་གི་སེམས་ཁོ་ན་ལ་བརྟག་པར་བྱའོ། །དེ་ལ་རང་གི་སེམས་ནི་ལུང་ལས་གསུངས་པའི་ཚིག་ལྔ་པོ་དངོས་པོ་ཐམས་ཅད་དང་བྲལ་བ་དང། ཕུང་པོ་དང་ཁམས་དང་སྐྱེ་མཆེད་དུ་གཟུང
བ་དང་འཛིན་པ་རྣམ་པར་སྤངས་པ་དང། ཆོས་ལ་བདག་མེད་པ་མཉམ་པ་ཉིད་དང། རང་གི་སེམས་གཟོད་མ་ནས་མ་སྐྱེས་པ་དང། སྟོང་པ་ཉིད་ཀྱི་ངོ་བོ་ཉིད་དག་ཏུ་ཁོང་དུ་ཆུད་པར་བྱའོ། །དེ་ལ་དངོས་པོ་ཐམས་ཅད་དང་བྲལ་བ་ཞེས་བྱ་བ་ནི། མུ་སྟེགས་ཅན
འབྲུལ་པས་སྒྲོ་བཏགས་པ་བདག་ལ་སོགས་པ་རྟགས་པའི་དངོས་པོ་དང་བྲལ་བ་ཞེས་བྱ་བའི་དོན་གང་ཡིན་པའོ། །ཕུང་པོ་དང་ཁམས་དང་སྐྱེ་མཆེད་དུ་གཟུང་བ་དང་འཛིན་པ་རྣམ་པར་སྤངས་བ་ཞེས་བྱ་བ་ནི། ཉན་ཐོས་ལ་སོགས་པའི་ཚུལ་གྱིས་ཀུན་ཏུ
བརྟགས་པའི་ངོ་བོ་ཡོད་པ་དང་མེད་པའི་རང་བཞིན་ཡོངས་སུ་སྤངས་ཏེ། རྡུལ་ཕྲ་མོ་ཚོགས་པ་ཉིད་འཛིན་པ་མིག་ལ་སོགས་པ་སྐྱེ་མཆེད་དྲུག་དང། གཟུང་བ་གཟུགས་ལ་སོགས་པའི་ཡུལ་དྲུག་དང་བྲལ་བ་ཞེས་བྱ་བའི་དོན་གང་ཡིན་པ་སྟེ། རྡུལ་ཕྲ་རབ་སུན
བྱུང་བའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་ཚིགས་གསུམ་པ་ཆོས་ལ་བདག་མེད་པ་མཉམ་པ་ཉིད་ཅེས་བྱ་བ་གསུངས་པ་ཡིན་ཏེ། རྣམ་པར་ཤེས་པ་ཙམ་གྱི་ཚུལ་ལ་འཇུག་པར་བྱ་བའི་ཕྱིར་རོ། །དེའི་ཕྱིར་ཚིག་བཞི་པ་རང་གི་སེམས་གཟོད་མ་ནས་མ་སྐྱེས་པ་ཞེས་བྱ
བ་གསུངས་པ་ཡིན་ཏེ། དེ་བས་ན་དེ་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་ཡིན་པའི་ཕྱིར་སྒྱུ་མ་ལྟ་བུ་ཡིན་ནོ། །གང་ཞིག་རྟེན་ནས་མི་སྐྱེ་ཞིང་རང་གི་ངོ་བོ་ཉིད་ལས་ཉམས་པར་མི་འགྱུར་བ་དེ་ནི་དོན་དམ་པའི་རང་བཞིན་ཞེས་བྱའོ། །དེའི་ཕྱིར་རང་བཞིན་མེད་པས
རང་གི་སེམས་གཟོད་མ་ནས་སྐྱེས་པ་ཞེས་བྱའོ། །དེའི་རང་བཞིན་མེད་པས་རང་གི་སེམས་གཟོད་མ་ནས་མ་སྐྱེས་པ་ཞེས་བྱའོ། རྟེན་ཅིང་འབྲེལ་པར་འབྱུང་པའི་ངོ་བོ་ཉིད་དུ་ཀུན་རྫོབ་ཏུ་ཡོད་པའི་ཕྱིར་སྒྱུ་མ་དང་འདྲ་བ་ནི་མི་དག་གོ་།དེ་བས་ན་དོན་དམ
པར་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་ཀྱི་ཅེས་བྱ་བའི་ཚིག་ལྔ་པ་གསུངས་པ་ཡིན་ནོ། །ཇི་ལྟར་ཀུན་རྫོབ་ཏུ་བརྟགས་པའི་གཟུང་བ་དང་འཛིན་པའི་མཚན་ཉིད་ཀྱི་ཆོས་རྣམས་ནི་དོན་དམ་པར་བདག་མེད་པ་ཡིན་ཏེ། གཟོད་མ་ནས་མ་སྐྱེས་པའི
ཕྱིར་རོ། །མེད་པ་རྣམ་པ་བཞི་པོ་སྔ་ན་མེད་པ་དང། ཞིག་ནས་མེད་པ་དང། ཅིག་ལ་ཅིག་མེད་པ་དང། གཏན་མེད་པ་དག་ཀྱང་དངོས་པོ་ལ་བརྟེན་པར་རྣམ་པར་བཞག་པས་ཆད་པ་མ་ཡིན་ཏེ། སྟོང་པ་ཉིད་ཀྱང་དངོས་པོ་ལ་བརྟེན་པའི་ཕྱིར་རོ། །དངོས་པོ་མེད་ན
དར་རྟོག་པ་ཀུན་འབྱུང་བ་མེད་པས་རྣམ་པར་རྟོག་པ་ཐམས་ཅད་འགགས་པས་རྣམ་པར་མི་རྟོག་པ་ཡོངས་སུ་དག་པར་བྱའོ། །དེའི་ཕྱིར་རང་སེམས་སྟོང་པ་ཉིད་ཡིན་པ་དེ་བཞིན་དུ་ཆོས་ཐམས་ཅད་ཀྱང་དེ་ལྟ་བུ་ཡིན་ནོ། །དེ་ལྟར་དེ་སྔོན་དུ་བཏང་བའི་སྨོན་པ
བྱང་ཆུབ་ཀྱི་སེམས་དོན་དམ་པའི་ངོ་བོ་ཉིད་ལ་དཔྱོད་པའི་མཚན་ཉིད་ཤེས་རབ་དང་མཚུངས་པར་ལྡན་པ་ནི་འཇུག་པའི་སེམས་ཞེས་བྱ་སྟེ། དེ་ཁོ་ན་ཉིད་ངེས་པ་ལ་འཇུག་པའི་ཐབས་ཡིན་པའི་ཕྱིར་རོ། །གཞན་གང་ཞིག་དཔྱོད་པས་ཀུན་ནས་བསླང
བའི་སེམས་ཆོས་ཐམས་ཅད་ཀྱི་སྟོང་པ་ཉིད་ཀྱི་ངོ་བོ་ཁོང་དུ་ཆུད་བ་ཡང། ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པ་ཉིད་ཀྱི་སེམས་ཞེས་བྱའོ། །བྱང་ཆུབ་ཀྱི་མཚན་ཉིད་ཀྱི་སེམས་ནི་བྱང་ཆུབ་ཀྱི་སེམས་ཞེས་བྱ་བས་དེ་དང་མཚུངས་པར་ལྡན
པའི་ཤེས་རབ་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ། །ཡང་ཁ་ཅིག་དེ་ཉིད་ལས་དེ་ཉིད་ཞི་གནས་དང་ལྷག་མཐོང་ཞེས་བྱ་བར་རབ་ཏུ་གྲགས་ཏེ། དེ་ལ་ཞི་གནས་དང་མཚུངས་པར་ལྡན་པའི་ལྷག་མཐོང་ནི་ཞི་གནས་དང་ལྷག་མཐོང་ངོ། །ཞི
གནས་ནི་སེམས་རྩེ་གཅིག་པའོ། །བྱང་ཆུབ་ཀྱི་མཚན་ཉིད་ཀྱི་སེམས་ནི་སྟོང་པ་ཉིད་ཀྱི་དོན་ལ་བྱ་བ་ཡིན་ནོ། །གཞན་དག་ལས་ནི་གནས་ཀྱི་སེམས་ཞེས་བྱ་བར་གྲགས་ཏེ། གནས་ཀྱི་སྟོང་པ་ཉིད་ལ་སེམས་མི་གཡོ་བ་ཉིད་དོ། །དེ་དང་མཚུངས་པར
ལྡན་པའི་སེམས་ནི་གནས་ཀྱི་སེམས་ཞེས་བྱ་བའོ། །དེ་སྟོང་པ་ཉིད་ཀྱི་སེམས་ཀྱི་རབ་ཏུ་ཕྱེ་བའི་ཕྱིར་མོས་པ་འམ་དེ་ཁོ་ན་ཉིད་ཡིད་ལ་བྱེད་པ་ཞེས་བྱའོ། །དེ་ཡང་གཉིད་དང་རྒོད་པའི་སྐྱོན་གཉིས་ཡོངས་སུ་སྤངས་པས་བྱའོ། །གང་གི་ཚེ་གཉིད་ཀྱི་མུན་པས་ནོན་ཏེ
དམིགས་པ་ལས་ལྡོག་པར་བྱེད་པའི་སེམས་ལ་སྐྱེས་པའི་ཚེ་ཆོས་ལ་སྤྱོད་པའི་མཚན་ཉིད་ལྷག་མཐོང་གི་སེམས་གཟེངས་བསྟོད་ལ་སྟོང་པ་ཉིད་ལ་མཉམ་པར་བཞག་པར་བྱའོ། །འོན་ཏེ་ཡུལ་རྣམས་ཀྱི་རྣམ་པར་དཔྱོད་པའི་རྒོད་པར་གྱུར་ན། དེ་ཡང
དོན་དམ་པ་ལ་དཔྱོད་པས་དེ་ལ་དམིགས་པ་བོར་ཏེ། ཞི་གནས་དང་ལྡན་པར་གནས་པར་བྱའོ། །གང་གི་ཚེ་ཧ་ཅང་དཔྱད་ཅེས་པས་ཤེས་རབ་ཆ་ཤས་ཆེ་བར་གྱུར་པ་དེའི་ཚེ་ཡང་དཔྱད་པའི་དུས་དེ་མ་ཡིན་ཏེ། ཞི་གནས་ཀྱི་དུས་ཡིན་པས་དུས་དང་དུས་མ
ཡིན་པར་བཏང་སྙོམས་སུ་བྱ་བ་ཚད་མར་བྱས་ནས་ཡང་ཞི་གནས་ལ་གནས་པར་བྱའོ། །གང་གི་ཚེ་ཞི་བ་ཉིད་ཐོབ་ནས་དེ་ལ་མངོན་པར་ཞེན་པར་གྱུར་ན་དེའི་ཚེ། ཞི་བ་ཉིད་ཀྱང་ངོ་བོ་ཉིད་མེད་པའི་ཕྱིར་དེ་ལ་མངོན་པར་ཞེན་པ་བོར་ཏེ་མ་ཆགས་པ་ཁོ་ན་ལ་གནས
པར་བྱའོ། །དེ་ལྟར་ན་མཐུ་ཅི་ཡོད་པ་དང། ཇི་ལྟར་ཡོད་པ་དང། དུས་ཅུང་ཟད་ཅིག་ཏུ་ཡང་མཉམ་པར་བཞག་པའི་ཕྱིར་ཡང་དང་ཡང་དུ་རང་གི་སེམས་ལ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རྟགས་ནས་སེམས་དེ་ལས་ལྡང་པར་བྱའོ། །ལངས་ནས་ཡང་འདི་ལྟར
གལ་ཏེ་དངོས་པོ་འདི་དག་ཐམས་ཅད་སྟོང་པ་ནམ་མཁའ་དང་འདྲ་བའི་མཚན་ཉིད་ཡིན་ཡང། འོན་ཀྱང་དེ་ནི་སྒྱུ་མ་དང་རྨི་ལམ་ལ་སོགས་པ་དང་འདྲ་བར་ཐོག་མ་མེད་པའི་དུས་ནས་སོ་སོར་ངེས་པར་རྒྱུ་དང་འབྲས་བུ་འབྲེལ་པ་དག་ལ་རག་ལས་པའི་རྒྱུ
དེས་ཕྱིན་ཅི་ལོག་གི་རྣམ་པར་སྣང་བ་ཡིན་ཏེ། ལངཀར་གཤེགས་པ་ལས་ཆོས་འདི་དག་ནི་མ་སྐྱེས་པ་ཡིན་ཏེ། སྒྱུ་མ་སྨིག་རྒྱུ་དྲི་ཟའི་གྲོང་ཁྱེར་དང། །རྨི་ལམ་ལྟ་བུ་སྤྲུལ་དང་འདྲ་བ་ཡིན། །ཞེས་གསུངས་པ་ལྟ་བུ་ཡིན་ནོ། །སེམས་ཅན་རྣམས་ཀྱི་ཤེས
པ་མ་རིག་པའི་མུན་བ་ཤས་ཆེན་པོས་ཁེབས་པས་ཆོས་ཉིད་འདི་དག་ཁོང་དུ་མ་ཆུད་པས་འཁྲུལ་པས་རྣམ་པར་ཉམས་པ་ཡིན་ནོ་ཞེས་ཡིད་ལ་བྱ་ཞིང་སྙིང་རྗེ་བསྐྱེད་པར་བྱའོ། །དེས་ཀྱང་དེ་ཟིན་པ་ན་འདི་སྙམ་དུ་དེའི་ཕྱིར་བདག་གིས
ཆོས་ཉིད་འདི་དག་རང་གིས་ཀྱང་རྟོགས་པར་བྱས་ལ། སེམས་ཅན་ཐམས་ཅད་ཀྱིས་ཀྱང་ཁོང་དུ་ཆུད་པར་བྱའོ་སྙམ་དུ་སེམས་ཏེ། དེ་ལྟར་བསྒོམ་པ་འདི་ནི་བྱང་ཆུབ་ཏུ་སྨོན་པའི་སེམས་ཡོངས་སུ་དག་པ་ཡིན་ནོ། །འདི་ལྟར་ཆོས་ཐམས་ཅད་རྨི
ལམ་དང་འདྲ་བར་ཡིད་ལ་བྱེད་པ་མ་བརྗོད་པས་ལངས་ནས་ཡང་སེམས་ཅན་གྱི་དོན་དུ་བྱང་ཆུབ་ལ་གནས་པར་བྱེད་ཀྱང་ཆོས་གང་ལ་ཡང་མངོན་པར་ཞེན་པ་མི་འབྱུང་ངོ། །འདི་ནི་དུས་ལས་ལྡང་བའི་སེམས་ཞེས་བྱའོ། །དེ་ལས་གཞན་པའི་དོན
གྱི་དམིགས་པ་དག་མངོན་དུ་ཟིན་གྱིས་ཀྱང། རྣལ་འབྱོར་པས་ཆོས་ཐམས་ཅད་མཁའ་དང་འདྲ་བར་ཡིད་ལ་བྱ་བ་མི་བཏང་བ་ཁོ་ནར་བྱ་སྟེ། དེས་ན་དེའི་སེམས་མི་དགེ་བ་ལ་འཇུག་པར་མི་བྱེད་ལ། དེས་འགྲོ་བ་དྲང་བའི་བསམ་པ་ཉིད་ཀྱིས་གནས
པ་ན་དགེ་བ་ལ་ཡང་གཡོ་བ་ཐམས་ཅད་འཁོར་གསུམ་ཡོངས་སུ་དག་པས་སྒྲུབ་པར་བྱེད་དོ། །དེ་བཞིན་དུ་ཡང་བྱམས་པ་དང། སྙིང་རྗེ་དང། དགའ་བ་དང། བཏང་སྙོམས་ལ་གནས་པས་རྟག་ཏུ་གནས་པར་བྱའོ། །དེས་འདི་ལྟར་ཡང་འགྲོ་བ་མ་ལུས
པ་བྱང་ཆུབ་བར་བྱ་བའི་ཐབས་བླ་ན་མེད་པའི་བྱང་ཆུབ་ཀྱི་གོ་འཕང་ཡང་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྫོགས་པ་མེད་པར་ཐོབ་པར་མི་ནུས་ལ། ཚོགས་གཉིས་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་གིས་བསྡུས་པ་ཡིན་ཏེ། དེའི་ཕྱིར་སྦྱིན་པའི་ཕ་རོལ
ཏུ་ཕྱིན་པ་ནས་བཟུང་ནས་ཐམས་ཅད་རྟག་ཏུ་ཡོངས་སུ་རྫོགས་པར་བྱའོ་ཞེས་ཡིད་ལ་བྱ་སྟེ། དྲུག་པོ་རེ་རེ་ལ་ཡང་སྨོན་པར་བྱེད་དོ། །གཞན་ཡང་དེ་འདི་ལྟར་སེམས་སྐྱེད་པར་བྱེད་དེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་རྣམ་པ་གསུམ་སྟེ། ཟང་ཟིང
དང། མི་འཇིགས་པ་དང། ཆོས་ཀྱི་སྦྱིན་པའི་དབྱེ་བས་སོ། །དེ་ལ་ཆོས་སྦྱིན་པ་ཡང་སེམས་ཅན་མ་ལུས་པ་རྣམས་ལ་སྦྱིན་པར་མི་ནུས་ཀྱི། དེ་ནི་བསྡུ་བ་རྣམ་པ་བཞི་པོ་དག་གིས་བསྒྲུབ་པར་ནུས་སོ། །དེའི་ཕྱིར་སྦྱིན་པ་དང། སྙན་པར་སྨྲ་བ་དང། དོན
དཔྱོད་པ་དང། དོན་མཐུན་པས་སེམས་ཅན་བསྡུ་བར་བྱའོ་ཞེས་སེམས་ཅན་བསྡུ་བའི་དོན་དུ་སྨོན་ལམ་རྣམ་པ་བཞི་པོ་གཞན་བསྐྱེད་པར་བྱའོ་ཞེས་སེམས་སྐྱེད་པར་བྱེད་དེ། སྦྱིན་པ་རྣམ་པ་གསུམ་གྱི་ནང་ནས་ཟང་ཟིང་དང་མི་འཇིགས་པའི་སྦྱིན་པ་གཉིས
ནི་བསྡུ་བའི་ཐབས་སུ་གྱུར་པ་ཡིན་ལ། ཆོས་ཀྱི་སྦྱིན་པ་ནི་ཐབས་དེས་སྒྲུབ་པ་ཡིན་ནོ། །དེ་ལྟར་ན་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྨོན་པ་དྲུག་དང་བསྡུ་བའི་དངོས་པོ་བཞི་སྟེ། དེའི་ཕྱིར་སྨོན་ལམ་བཅུ་པོ་དག་ཁོ་ནས་བྱང་ཆུབ་ཆེན་པོ་ལ་སྨོན་པའི་སེམས་དེ
ལེགས་པར་བརྒྱན་ནས་མཐུ་ཅི་ཡོད་པ་དང། ཇི་ལྟར་བསམ་པའི་དོན་སྒྲུབ་པ་ན་སྤོ་བ་ཆེན་པོ་དང་ལྡན་པའི་སེམས་ཀྱིས་ལྡང་པར་བྱའོ། །ལངས་པའི་ཚུལ་ནི་འདི་ཡིན་ཏེ། མིག་གཉིས་ཕྱེ་ནས་སྔར་རྟོག་པའི་གནས་སྐབས་བོར་ཏེ་མདུན་དུ་ལྟ
བའི་མཚན་མ་བྱས་པའི་གནས་རྣམས་ལ་བལྟ་བར་བྱ་ཞིང། སྔ་མ་བཞིན་དུ་དེ་རྣམས་ཀྱི་མིང་ནས་གཟུང་ཞིང་ཕྱོགས་ཀྱི་མཚན་མ་གཟུང་བར་བྱའོ། །ལྕེ་རྐན་ནས་ཕབ་སྟེ་ཁ་ལ་བྱུགས་ནས། དེའི་འོག་ཏུ་སྔོན་བཞིན་དུ་དབུགས་རྡུབ་པ་དང་དབུགས
འབྱུང་བ་དག་བྱའོ། །དེ་ནས་དལ་གྱིས་ལུས་བསྐྱེད་དེ། སྐྱིལ་མོ་ཀྲུང་བཤིག་ནས་ངལ་བསོ་སྟེ། ལུས་དང་སེམས་ལས་སུ་རུང་བར་བྱས་ལ། ཅི་ནས་འཁྲུལ་པ་མེད་པར་ལྡང་པར་བྱའོ། །ལངས་ནས་སེམས་ལེགས་པར་མཉམ་པར་བཞག་བས་མི
དམིགས་པའི་ཚུལ་གྱིས་སྦྱིན་པ་ལ་སོགས་པའི་སྤྱོད་པ་སྤྱད་ཅིང། འདི་ལྟར་སངས་རྒྱས་བཅོམ་ལྡན་འདས་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་སྐྱིལ་མོ་དཀྲུང་བཅས་ཏེ་བཞུགས་པ། བསམ་གཏན་གྱིས་སྙོམས་པར་བཞུགས་ཤིང་འགྲོ་བ་ལ
གཟིགས་པ་མདུན་དུ་བསམ་པར་བྱའོ། །རྣལ་འབྱོར་བསྒོམ་པའི་ལམ། འཕགས་པ་འཇམ་དཔལ་གྱི་ཞབས་ཀྱི་པདྨའི་ཟེའུ་འབྲུ་སྤྱི་བོས་ལེན་བ་སྡེ་སྣོད་གསུམ་ལ་མཁས་པ་སློབ་དཔོན་ཡེ་ཤེས་སྙིང་པོས་མཛད་པ་རྫོགས་སོ།། །།
རྒྱ་གར་སྐད་དུ།
CLOSE WINDOW