Wylie | e-texts based on the ACIP/ALL ![]() ![]() |
། །།ཐེག་པ་ཆེན་པོའི་མན་ངག་ཚིགས་སུ་བཅད་པ་པནཌི་ཏ་ཤཱཀྱག་ཤྲིའས་མཛད་པ་བཞུགས་སོ།། །།རྒྱ་གར་སྐད་དུ། །མ་ཧཱ་ཡ་ནོ་བ་དེ་ཤ་གཱ་ཐཱ། བོད་སྐ་དུ། ཐེག་པ་ཆེན
པོའི་མན་ངག་ཚིགས་སུ་བཅད་པ། རྗེ་བཙུན་མི་ཕམ་མགོན་པོ་ལ་ཕྱག་འཚལ་ལོ། །རྙེད་དཀའ་ཨི་ངལ་འབྱོར་མྱུར་དུ་འཇིག། །འཇིག་རྟེན་ལས་འབྲས་སྡུག་བསྔལ་ཡིན། །དེ་སྤོང་སྟོང་ཉིད་སྙིང་རྗེ་བསྒོམ། །བདེ་གཤེགས་བསྟན་པའི་སྙིང
པོའོ། །བདེ་འདོད་སྐྱེས་བུས་བསོད་ནམས་བསགས། །དེ་ཡང་རང་བཞིན་མེད་པར་བསྒོམ། །རང་བཞིན་མེད་ཤེས་བསོད་ནམས་མཆོག་།དེ་ཕྱིར་བསོད་ནམས་བདེ་བའི་རྒྱུ། །བསོད་ནམས་བསགས་པས་བདེ་བ་འཐོབ། །
དེ་ཕྱིར་མིས་ནི་བསོད་ནམས་བསགས། །དེ་ཡང་ཡང་དང་ཡང་དུ་བསྒྲུབ། །དེ་རིང་ཉིད་ནས་འདུན་ཏེ་བསྒྲུབ། །ཆོས་ཀུན་རང་སེམས་རྣམ་པར་སྣང། །རང་བཞིན་འོད་གསལ་དྲི་མ་མེད། །
སྟོང་ཉིད་སྙིང་རྗེ་རོ་གཅིག་ཐབས། །དེ་བསྡོམ་འབྲས་བུ་བྱང་ཆུབ་མཆོག་།སེམས་ཅན་ཀུན་གྱི་དོན་བསྒྲུབ་ཕྱིར། །བྱང་ཆུབ་མཆོག་གཉིས་སེམས་བསྐྱེད་དེ། །སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན། །བསྒོམ་བྱ་དེ་འབྲས་སྐུ་གསུམ
འཐོབ། །བསམ་པ་རིན་ཆེན་སེམས་གཉིས་འབྲེལ། །སྦྱོར་བ་དཀའ་སྤྱང་དང་ལེན་དང། །རྣམ་པ་ཀུན་ཏུ་མི་དམིགས་ཤེས། །གནོད་པས་སྐྱོན་མེད་སངས་རྒྱས་སྲས། །སྐྱེ་འགག་གནས་མེད་བྱང་ཆུབ་སེམས། །རྒྱ་ཆེན་སེམས་ཅན
དོན་ལ་མཁས། །ཚོགས་གཉིས་རྒྱུན་ཆད་མེད་པའི་ལམ། །སྟོང་ཉིད་སྙིང་རྗེའི་སྙིང་པོའོ། །རྨི་ལམ་ལྟ་བུར་ཕྱི་རོལ་མིན། །སྒྱུ་མ་ལྟ་བུར་བདེན་དོན་མེད། །ནམ་མཁའ་ལྟ་བུར་མཚན་ཉིད་བྲལ། །ཆོས་ཀུན་རང་བཞིན་འོད་གསལ་ཡིན། །རང
བཞིན་འོད་གསལ་ཉིད་ལས་འདིར། །མ་སྐྱེས་སྐྱེ་བའི་རྟེན་ཅན་གྱི། །བྱང་ཆུབ་སེམས་གཉིས་རྗེས་འབྲེལ་བས། །སེམས་ཅན་ཀུན་དོན་སྤྱད་པར་བྱ། །དམ་པ་གསུམ་གྱིས་སྡིག་ལས་ཟློག་།དྲི་མེད་གཉིས་ཀྱིས་དགེ་ཚོགས་བསྒྲུབ། །མཉམ
པར་བཞག་པས་རང་སེམས་གདུལ། །བདག་ཉིད་ཆེན་པོའི་སྒྲུབ་པའོ། །སེམས་ནི་རྟག་པར་བྱང་ཆུབ་འདོད། །བྱ་བ་ལུས་ཅན་དོན་ལ་བརྩོན། །བདེ་སྡུག་རྨི་ལམ་འདྲར་ཤེས་པས། །མཁས་པས་གཞན་དོན་སྒྲུབ་པར་བྱེད། །ཁྲིམས་ཀྱིས
དལ་འབྱོར་སྙིང་པོ་བླང། །བསྒྲུབ་པས་བསྟན་པའི་སྙིང་པོ་བླང། །དེ་ཡི་སྙིང་པོ་གཞན་དོན་ནོ། །རྩེ་གཅིག་གནས་པས་དྲན་པ་བསྟེན། །བྱང་ཆུབ་སེམས་ཀྱིས་ཚོགས་གཉིས་བསག་།མ་བཅོས་མཐོང་བས་མཉམ་པར་བཞག་།བསྒྲུབ་པའི་སྙིང་པོ།
མདོར་བསྡུས་པའོ། །གང་གི་སྐྱེ་དང་གནས་མཐོང་བ། །རྨི་ལམ་མར་མེ་དག་དང་མཚུངས། །འགྲོ་བ་བརྫུན་པའི་འཁྲུལ་འཁོར་གྱིས། །རིགས་ལྡན་སྐྱེས་བུ་རྟག་ཏུ་བསླུས། །འདུ་བྱེད་གར་མཁན་ལྟ་བུ་སྟེ། །དེ་ཡི་རང་བཞིན་ནམ་མཁའ་འདྲོ?། །པ་བས?
པས་དོན་ཀུན་བསྒྲུབ་འདོད་པས། །བདེན་གཉིས་མཚན་ཉིད་རྟོགས་པར་བྱོས། །བྱ་བྱེད་ཕྲ་མེན་རྫུ་འཕྲུལ་འདྲ། །འཆི་བདག་རིག་ཟར་ཆུ་དྲག་བཞིན། །མཛའ་སྡང་རྨི་ལམ་དགྲ་གཉེན་མཚུངས། །འཇིགས་པ་འཁོར་བའི་རྒྱ་མཚོ་ཡིན། །ཡིད་འོང་མི་འོང
རྐྱེན་གྱིས་བསྒྲུབ། །དགེ་སྡིག་ཀུན་སློང་བསམ་པས་བསྒྲུབ། །ཐོས་པས་ཚེ་ཡི་སྙིང་པོ་བླང། །ཐམས་ཅད་ལས་ཀྱིས་འགྲུབ་འགྱུར་ཏེ། །ཀྱེ་མ་དལ་འབྱོར་དོན་ཡོད་བྱོས། །མཛའ་དང་མི་མཛའ་ཆགས་སྔར་གིས། །གཏན་སྡུག་སྡིག་པ་འཕེལ་འགྱུར་ན། །
ཐམས་ཅད་སླུ་བའི་ཆོས་ཅན་ལ། །ཀྱེ་མ་ཡིད་བརྟན་སུ་ཞིག་འཆའ། །ཡིད་མཐུན་ཚོད་གྲོགས་ལྟ་བུར་འབྲལ། །མི་མཐུན་ལམ་ཁའི་ཚེར་ཤིང་བཞིན། །རང་སྲོག་བུམ་སྣར་བུད་བ་འདྲ། །ཐམས་ཅད་ཤ་ལམ་གྲོག་ཚང་མཚུངས། །ལེགས་བཤད་མེ་ཏོག་རྩི་ལྟར
ཕན། ཉེས་སྤྱད་སྦྲུལ་གདུག་སོ་ལྟར་གདུག་།ཀུན་ཀྱང་བདག་སྡུག་མི་འདོད་ན། །ངལ་བ་དོན་མེད་ཅི་ཐ་ཚིག་།ཉིན་མཚན་གློག་རྒྱུན་ལྟ་བུར་འདས། །ཚེ་སྲོག་ཆུ་སྦུར་ཇི་བཞིན་འགག་།བདེ་སྦྱོར་ཆུ་འགྲམ་བྱེ་མ་བཞིན། །ཀྱེ་མ་ཇི་ལྟར་བདག་འཆི་གྲང། །འདུ
བྱེད་རྨི་ལམ་ཡུལ་འདྲ་སྟེ། །མཇའ་བཤེས་སྲང་སྡོད་ཚོད་གྲོགས་མཚུངས། །དགེ་སྡིག་རང་ལུས་གྲི་པ་མ་བཞིན། །ཅི་བྱས་མི་བཟད་ཚོར་བའི་རྒྱུ། །གཤིན་རྗེའི་ཕོ་ཉས་ཕྱི་བཞིན་གཏུགས། །གཉེན་ནོར་ན་བུན་ལྟ་བུར་དེངས། །འཇིགས་ཆེན་གཡང་སར་བདག
ལྟུང་ན། །ཀྱེ་ཧོ་བསོད་ནམས་སུ་ཞིག་གསོག་།སྲིད་གསུམ་སྡུག་བསྔལ་མེ་འོ་བས་འབར། །སྐྱེ་བོ་དོན་མེད་འཆིད་བས་བཅིངས། །དེ་བས་སྙིང་བརྩེ་བརྩོན་འགྲུས་ཀྱིས། །སངས་རྒྱས་བསྟན་པ་བསྒྲུབ་པར་བྱ། །ཕུང་པོ་བདག་མེད་སྒྱུ་མ་འདྲ། །ཡིད་ནི་མེ་ལོང་གཟུགས
བཞིན་ཏེ། །སེམས་ཅན་སྒྱུ་མའི་འབྲས་དང་མཚུངས། །ཆོས་ཀུན་སྟོང་པ་ཉིད་ཤེས་བྱ། །འཁྲུལ་ཕྱིར་སྣང་བ་ཕྱི་རོལ་མིན། །སྣ་ཚོགས་སྣང་ཕྱིར་སྣང་མིན་ཏེ། །ཤེས་བྱེད་མེད་ཕྱིར་ཤེས་ཡོད་མིན། །དེ་ཕྱིར
ཆོས་ཀུན་སྟོན་པ་ཉིད། །བརྩེ་བ་ཙམ་གྱིས་སྲིད་པར་འཕེན། །ཤེས་རབ་དམན་པའི་མྱ་ངན་འདའ་། །དེ་ཕྱིར་ཕན་ཚུན་མཉམ་ལྡན་པས། །རྒྱལ་བས་བླ་མེད་ལམ་དུ་གསུངས། །ཉིན་མཚན་སྡོད་མེད་རེས་འཇོག་འགྲོ། །ཚེ་འདི་སྨོན་མེད་རྟག་ཏུ
འབྲིད། །གཞན་དཱུང་ཅིར་འགྱུར་གདེངས་མེད་ན། །འཆི་ཚེ་བདག་ཡིད་ཇི་ལྟར་བདེ། །གང་བསགས་བུང་བའི་རྩི་ལྟར་འདོར། །གཉེན་སྡུག་སྦྲུལ་ཆད་བྱ་ཁྱུང་བཞིན། །བདག་ཅིག་ཡ་ངའི་ཐང་ལ་རྒྱུ་བ། །ཀྱི་ཧུད་བཟོད་དཀའ་ཨི་ཚོར་བས་འཇིགས། །མི་སྡུག
གཤིན་རྗེའི་ཕོ་ཉས་བཟུང། །ཡིད་འོང་གཉེན་དང་བཤེས་པས་སྤངས། །སྐྱབས་གཅིག་བསོད་ནམས་རྒྱང་བསྲིངས་ནས། །དེ་ཚེ་གནས་སྐབས་ཅི་འདྲ་ཞིག་།དེ་རིང་ཉིད་ཀྱང་འཆི་སྲིད་ན། །ལོ་བརྒྱར་བདེ་བར་གནས་སམ་ཅི། །ནམས་ཀྱང་མི་སྡོད་འགྲོ
འགྱུར་གྱིས། །བདག་དོན་བདག་གིས་བསྒྲུབ་པར་གྱིས། །འདི་ལ་མི་འཇིགས་སཱུང་མེད། །འཇིགས་ནས་གདེངས་ཐོབ་ཅིའང་མེད། །གདེངས་དྲོད་དགེ་ལས་གཞན་མེད་ན། །ཅི་ཕྱིར་བདག་ཡིད་བད་བར་འདུག་།སྔོན་ཆད་མ་མྱོང་བདེ་སྡུག་མེད། །གང་མྱོང
དེ་ལ་སྙིང་པོ་མེད། །ཀྱེ་མ་རྨི་ལམ་སྒྱུ་འབྲས་སླུས།?་ད་ནི་བླ་མའི་བཀའ་བསྒྲུབ་རིགས། །ཇི་ལྟ་ཇི་ལྟར་སྣ་ཚོགས་སྤྱོད་ཡུལ་གང་སྣང་བ། །རྒྱལ་སྲས་སྤྱོད་ཚེ་ཡུལ་དུས་ངོ་བོ་དེ་མེད་བསྒོམ། །དེ་ལྟ་དེ་ལྟར་མཉམ་ཉིད་འགྲོ་འོང་མེད་གནས་ནས། །སེམས་ཅན
དོན་བརྩོན་ཚོགས་གཉིས་འདུ་བྱེད་མཁས་པར་འགྱུར། །གསོན་ཚེ་རྩཝ་རྩེའི་ཟིལ་པ་འདྲ། །ཕ་རོལ་ལ་ཡང་ཤིན་ཏུ་ཉེ། །གཅིག་པུར་གར་འགྲོ་དེས་མེད་དེ། །ཐམས་ཅད་སླུ་བའི་ཆོས་ཅན་ཉིད། །བདག་གིས་བདག་དོན་མ་བསམས་ན། །ཉིན་མཚན་དོན་མེད།
འདའ་བར་ཟད། །མི་དགེ་སྤྱད་པས་སྡུག་བསྔལ་འབྱུང། །དེ་པས་བག་ཡོད་བརྩོན་པར་རིགས། །མ་ཐོབ་ཐོབ་ན་དགའ་སྙམ་སེམས། །ཐོབ་ནས་ཅུང་ཟད་ཅིང་ཀྱང་སྐྱོ། །མི་སྐྱོ་ནའང་ཆོག་ཤེས་མེད། །ཆོག་ཤེས་གང་མེད་དབུལ་པོ་ཡིན། །དབུལ་པོས་འབྱོར་པའི
ཆོག་མི་ཤེས། །ཕྱུག་པོ་རྒྱལ་པོས་ཆོག་མི་ཤེས། །རྒྱལ་པོ་ལྷ་ཡི་དབང་ཕྱུག་འདོད། །དེས་ཀྱང་མི་ཆོག་བརྒྱ་སྟོང་འདོད། །གོས་མེད་ཆེན་གོས་འདོད་དེ། །གོས་ཐོབ་གོས་ཟས་མང་པོ་འདོད། །དེས་ཀྱང་མི་ཆོག་དེ་བཞིན་དུ། །རྒྱལ་ཡུལ་སོགས་ཀྱི་གོས་གཞན་ཚོལ།
ནོར་མེད་ཚེ་ན་ནོར་འདོད་དེ། །གཅིག་གིས་མི་ཆོག་ཁྲི་ཕྲག་ཚོལ། །དེ་རྙེད་ན་ཡང་པ་དུ་ཤའི། །རྟ་གླང་གསེར་རི་ལ་སོགས་འདོད། །གཅིག་ཐོབ་བརྒྱ་འདོད་བརྒྱ་རྙེད་ན། །སྟོང་འདོད་དེ་ཡི་མི་ཆོག་སྟེ། །གཉིས་འགྱུར་དེ་བཞིན་སུམ་འགྱུར་དང། །བརྒྱ་འགྱུར་ལ་སོགས་འདོད
མེ་མཆེད། །དེ་ཕྱིར་གང་ལ་ཆོག་ཤེས་ཡོད། །དེ་ལ་ནོར་རྣམས་ཐམས་ཅད་ཡོད། །གང་ལ་དེ་མེད་ཐམས་ཅད་མེད། །ཕྱག་པོ་དབུལ་པོའི་ཁྱད་པར་ཅི། །དབུལ་པོ་ཅུང་ཟད་དངོས་པོས་ཕོངས། །ཅུང་ཟད་ཐོབ་ནའང་ཆེ་ཐོབ་སེམས། །ཕྱུག་པོ་ཚོགས་མེད་མང་པོས་ཕོངས།
ཆེན་པོ་རྙེད་ཀྱང་ཆུང་དུར་སེམས། །སྲིད་ལ་ཡིད་སྐྱོ་ངེས་འབྱུང་ཆོག་།བདག་འདུལ་སངས་རྒྱས་བསྟན་པའི་སྲོག་།འཆི་བདག་མི་བཟད་དགྲ་བོའི་སྡེ། །ཕ་རོལ་དོན་ཤེས་རྙེད་པའི་མཆོག་།བག་བྱེད་ཁྲལ་ཡོད་ཆོས་འདུལ་ཡིན། །རང་བློ་རང་སྦྱོང་ལྷག་པའི་སེམས
ཕྱི་ནང་སྟོང་ཤེས་ཤེས་རབ་སྟེ། །འཁོར་བའི་སྡུག་བསྔལ་སྒྲོལ་པའི་གྲུ། །བསྟན་རྩ་བསླབ་པ་བསྲུང་འདོད་པས། །འབང་བས་ཀུན་གྱིས་སེམས་བསྲུང་བྱ། །བསླབ་པ་མ་བསྲུངས་ལུས་དོན་ཅི། །སེམས་མ་བསྲུངས་ན་ཆོས་དོན་མེད།
རང་སེམས་རང་གིས་བསྲུང་འདོད་ན། །གསུང་བྲལ་མཚན་མ་མེད་བསྒོམ་བྱ། །སྦུལ?་པ་ལྟ་བུའི་དྲན་པ་ཡིས། །ཐམས་ཅད་འབད་དེ་བསྲུང་བར་གྱིས། །བདག་གི་མཉམ་ཉིད་རང་བཞིན་ཏེ། །ཡང་དག་དོན་ཤེས་བསྲུང་བའི་མཆོག་།
གང་གི་ལུས་སེམས་སྒྱུ་འདྲར་ནི། །གནས་ནས་ཡང་ཡང་མཉམ་བཞག་བྱ། །སྡིག་བྱས་འབྲས་བུ་རྣམ་གསུམ་སྟེ། །སྡུག་བསྔལ་ཆུ་བོའི་རྒྱུན
བཞིན་འབབ། །སྣ་ཚོགས་འཇིགས་པ་ཆར་བཞིན་ཏེ། །མི་འདོད་ཉི་སོ་གྲེབ་འདྲའོ། །ཡིད་འོང་ཐོབ་དང་དགེ་རྒྱུན་འཕེལ། །གང་དག་གགས་འགྲོ་མདུན་སྟོང་དང། །དེ་དང་དེར་སོང་འདོང་དགུ
གསུམ། །འདི་དག་བསོད་ནམས་མཆོད་འོས་འབྲས། །མ་བྱོན་པའི་སངས་རྒྱས་ཆོས་རྗེ་ཤཱཀྱ་ཤྲཱིས་ཡུལ་འཁོར་སོ་སོར་བྱོན་པའི་ཚེ་ཞུ་བ་པོ་རྣམས་ཀྱི་སྐལ་པ་དང་སྦྱར་ཏེ་ཞར་བྱུང་དུ་བརྩམས
ལོཙྪ་བ་བྱམས་པའི་དཔལ་གྱིས་བསྒྱུར་བའོ།
CLOSE WINDOW