CLOSE WINDOW

N4019: ཞིབ་མོ་རྣམ་པར་འཐག་པ་ཞེས་བྱ་བའི་རབ་ཏུ་བྱེད་པ
Wyliee-texts based on the ACIP/ALL Input

འདི་ལ་རབ་ཏུ?་བྱེད་པ་ནི་ཉི་ཤུ་རྩ་བདུན། ཤུ་ལོ་གཉིས་སྟོང་ཆིག་བརྒྱ་ཡོད། བམ་པོ་ནི་བདུན་དུ་བྱས་སོ།། །།ཞིབ་མོ་རྣམ་པར་འཐག་པའི་རབ་ཏུ་བྱེད་པ་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ་བཞུགས་སོ།། ། རྒྱ་གར་སྐད་དུ། བོད་ཀྱི་ཐཱ?་མ་པྲ་ཀ་ར་ཎ། བོད་སྐད་དུ། ཞིབ་མོ་རྣམ་པར་འཐག་པ་ཞེས་བྱ་བའི་རབ་ཏུ་བྱེད་པ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །རྟོག་གེ་ཤེས་པའི་ང་རྒྱལ་གྱིས། །གང་ཞིག་རྩོད་པར་མངོན་འདོད་པ། །དེ་ཡི ང་རྒྱལ་སྤོང་བའི་ཕྱིར། །ཞིག་མོ་རྣམ་འཐག་བཤད་པར་བྱ། །གཞན་དག་འདིར་རྒོལ་བ་ཐམས་ཅད་ཀྱིས་ཚད་མ་དང། གཞལ་བྱ་དང། ཐེ་ཚོམ་དང། དགོས་པ་དང། དཔེ་དང། གྲུབ་པའི་མཛའ་དང། ཡན་ལག་དང། རྟོག་གེ་དང། གཏན ལ་དབབ་པ་དང། རྩོད་པ་དང། བརྗོད་པ་དང། སུན་ཅི་ཕྱིན་ཏུ་བརྒལ་བ་དང། གཏན་ཚིགས་ལྟར་སྣང་བ་དང། ཚིག་དོར་བ་དང། ལྟག་ཆོད་དང། ཚར་བཅད་པའི་གནས་རྣམས་གདོན་མི་ཟ་བར་ཁས་བླངས་ནས་གཏམ་དུ་བྱེད་ཀྱི་སྟོང་པ་ཉིད་དུ་སྨྲ་བ་རྣམས ཀྱིས་ནི་ཞེན་པ་མེད་པའི་ཕྱིར་ཚད་མ་ལ་སོགས་པའི་དོན་ཁས་ལེན་པར་མི་བྱེད་དོ། །ཞེས་ཟེར་རོ། །འདི་ལ་བརྗོད་པར་བྱ་སྟེ། ཚད་མ་དང་གཞལ་བྱ་ངག་གཉི་ག་འདྲེས་སོ། །འདིར་ཚད་མ་དང་གཞལ་བྱ་གཉི་ག་འདྲེས་པར་མཐོང་སྟེ། གང་གི་ཕྱིར་གཞལ བྱ་ཡོད་ན་ཚད་མ་ནི་ཚད་མ་ཉིད་དུ་འགྱུར་ཞིང། ཚད་མ་ཡོད་ན་ཡང་གཞལ་བྱ་ནི་གཞལ་བྱ་ཉིད་དུ་འགྱུར་རོ། །ཞེས་གཞལ་བྱ་ལས་ཚད་མ་གྲུབ་པ་དང། ཚད་མ་ལས་ཀྱང་གཞལ་བྱ་གྲུབ་པར་བྱས་ནས། ཚད་མ་ནི་གཞལ་བྱའི་གཞལ་བྱར་འགྱུར་ལ། གཞལ་བྱ་ཡང་ཚད་མའི་ཚད་མར་འགྱུར་བས་ཕན་ཚུན་བལྟོས་ནས་བདག་ཉིད་ཐོབ་པར་འགྱུར་བ་དེའི་ཕྱིར་ཚད་མ་ཡང་གཉི་གར་འགྱུར་ལ། གཞལ་བྱ་ཡང་གཉི་གར་འགྱུར་བས་ན་གཉིས་ཀ་འདྲེས་པའོ། །དེའི་ཕྱིར་རང་ལས་གྲུབ་པ་མ་ཡིན་ནོ། །གལ ཏེ་ཚད་མ་དང་གཞལ་བྱ་དག་རང་གི་ངོ་བོས་གྲུབ་པར་འགྱུར་ན་ནི་ཚད་མ་དང་གཞལ་བྱ་དག་ཏུ་འགྱུར་ན་གང་གི་ཕྱིར་བལྟོས་ནས་གྲུབ་པ་ནི་ཕན་ཚུན་བསྐྱེད་པར་བྱེད་པ་ཞེས་བྱ་བའི་དོན་ཡིན་པར་དེའི་ཕྱིར་རང་ལས་གྲུབ་པ་མ་ཡིན་ནོ། །གཞན་ཡང། ཡོད་པ དང་མེད་པ་དང་གཉི་གའི་དངོས་པོ་དག་ནི་བལྟོས་པ་ཅན་མ་ཡིན་ནོ། །གལ་ཏེ་ཡང་བལྟོས་པ་ཅན་དུ་འགྲུབ་པར་འགྱུར་ན་ཡོད་པའམ་མེད་པའམ། གཉི་ག་གང་ཞིག་ཡིན་གྲང། དེ་ལ་རེ་ཞིག་ཡོད་པ་ཉིད་ཀྱི་ཕྱིར་ཡོད་པ་ནི་བལྟོས་པ་མ་ཡིན་ཏེ། ཡོད་པའི བུམ་པ་ནི་གཞན་འཇིམ་པ་ལ་སོགས་པ་ལ་བལྟོས་པ་མ་ཡིན་ནོ། །མེད་པ་ཉིད་ཀྱི་ཕྱིར་མེད་པ་ཡང་བལྟོས་པ་མ་ཡིན་ཏེ། རི་བོང་གི་རྭ་ལ་སོགས་པ་ཡང་བལྟོས་པར་ཐལ་བར་འགྱུར་བའི་ཕྱིར་རོ། །ཉེས་པ་གཉི་ག་ཡོད་པའི་ཕྱིར་གཉི་ག་ཡང་བལྟོས་པ་མ་ཡིན་ནོ། སྨྲས་པ། ཇི་ལྟར་སྲང་ལ་སོགས་པ་མེད་ན་གཞལ་བྱ་གཟུང་བ་མེད་པ་དེ་བཞིན་དུ་ཚད་མ་མེད་ན་ཡང་གཞལ་བྱ་གཟུང་བ་མེད་དོ་ཞེས་སྨྲས་ན། བརྗོད་པར་བྱ་སྟེ། མ་ཡིན་ཏེ། ཐུག་པ་མེད་པར་འགྱུར་བའི་ཕྱིར་རོ།། གལ་ཏེ་ཚད་མ་མེད་པས་གཞལ་བྱ་གྲུབ པ་མ་ཡིན་པར་འདོད་ན་གང་ཤིས?་ན་ཚད་མ་རྣམས་མེད་པར་ཚད་མ་རྣམས་གྲུབ་པར་འདོད་པ་ཡིན་ཏེ་ཁྱད་པར་གྱི་གཏན་ཚིགས་སམ་མི་འདྲ་བ་ཉིད་བརྗོད་དགོས་སོ། །གལ་ཏེ་ཡང་དོན་ཐམས་ཅད་ཚད་མས་གྲུབ་པ་ཡིན་ནོ་ཞེ་ན། ཚད་མ་རྣམས་དེ་ལས་གཞན པའི་ཚད་མས་གྲུབ་བོ་ཞེས་བྱ་བར་ཐལ་བར་འགྱུར་ཏེ། ཚད་མ་རྣམས་ནི་དོན་ཐམས་ཅད་ཀྱི་ནང་དུ་གཏོགས་པའི་ཕྱིར་རོ། །གལ་ཏེ་ཚད་མ་རྣམས་ནི་ཚད་མ་རྣམས་ཀྱིས་འགྲུབ་པ་མ་ཡིན་ན་ནི་དོན་ཐམས་ཅད་ཚད་མས་བསྒྲུབ་པར་བྱ་བ་ཡིན་ནོ། །ཞེས་བྱ་བའི དམ་བཅས་ཉམས་པ་ཡིན་ནོ། །སྨྲས་པ། ཚད་མ་རྣམས་ལ་ནི་ཚད་མ་མེད་དེ། འདིར་མར་མེ་བཞིན་ཚད་མ་ནི་རང་དང་གཞན་སྒྲུབ་པར་བྱེད་པ་ཡིན་ནོ། །ཇི་ལྟར་མར་མེ་ནི་རང་དང་གཞན་གསལ་བར་བྱེད་པ་མཐོང་བ་དེ་བཞིན་དུ་ཚད་མ་རྣམས་ཀྱང་རང་དང། གཞན་སྒྲུབ་པར་བྱེད་པ་ཡིན་ནོ། །དེ་ལྟ་བས་ན་ཐུག་པ་མེད་པ་མར་མེ་ལ་སོགས་པའི་སྐྱོན་སྲིད་པ་མ་ཡིན་ནོ། །བརྗོད་པར་བྱ་སྟེ། མར་མེ་ནི་མུན་པ་དང་ཕྲད་པ་འམ་མ་ཕྲད་ཀྱང་རུང་སྟེ་གསལ་བར་བྱེད་པ་མ་ཡིན་ནོ། །མར་མེ་ནི་མུན་པ་དང་ཕྲད་ནས་གསལ་བར་བྱེད དམ། མ་ཕྲད་པར་གསལ་བ་བྱེད་གྲང?། རེ་ཞིག་མར་མེ་ནི་མུན་པ་དང་ཕྲད་ནས་གསལ་བར་བྱེད་པར་མི་འགྱུར་ཏེ། ཕྲད་པ་མེད་པའི་ཕྱིར་རོ། །གང་གི་ཕྱིར་མར་མེ་དང་མུན་པ་ནི་ཕྲད་པ་མ་ཡིན་ཏེ་འགལ་བའི་ཕྱིར་རོ། །གང་ན་མར་མེ་ཡོད་པ་དེ་ན་མུན་པ་མེད་ན ཇི་ལྟར་མར་མེ་འདི་མུན་པ་སེལ་བར་བྱེད་པའམ་གསལ་བར་བྱེད་པར་འགྱུར། མ་ཕྲད་པ་ཡིན་ན་ཡང་མ་ཕྲད་པའི་རལ་གྲི་ནི་གཅོད་པར་མི་བྱེད་པ་བཞིན་ནོ། །གཟའི་གནོད་པ་བཞིན་དུ་འདི་ཡང་འགྱུར་རོ། །ཞེ་ན། མ་ཡིན་ཏེ། དཔེ་དང་འགལ བའི་ཕྱིར་རོ། །འདིར་ལྷས་བྱིན་ལ་སོགས་པ་ལ་གཟས་བྱས་པའི་སྐྱོན་ཕྲད་ནས་གནོད་པ་བྱེད་པ་འམ་རང་གི་ལུས་ལ་སོགས་པ་རྣམས་འཛིན་པར་བྱེད་པ་དེ་ལྟར་ནི་མར་མེས་བྱས་པའི་གནོད་པ་མུན་པ་ལ་ཡོད་པ་མ་ཡིན་ན་ཇི་ལྟར་གཟས་བྱས་པའི་སྐྱོན་དང་མཚུངས པ་ཡིན། གཟའ་ལ་སོགས་པ་ལུས་དང་ལྡན་པས་སྐྱེས་བུ་ལ་སོགས་པ་རྣམས་ལ་བྱེད་པར་འགྱུར་བ་མེ་དང་ཐག་པ་དང་ཆུ་དང་ནད་དང་སྤྲུལ་དང། རིམས་ལ་སོགས་པ་ལུས་ཅན་རྣམས་ཁོ་ནས་གནོད་པར་བྱེད་བ་དེ་ལྟ་བུ་ནི་མར་མེས་ཅུང་ཟད་ཀྱང་ཡོད་པ་མ ཡིན་ཏེ། དེས་ན་ཆོས་མཐུན་པ་ཉིད་མ་ཡིན་ནོ། །གཞན་ཡང་ཐག་རིང་པོ་ན་ཡོད་པའི་མར་མེ་ནི་མུན་པའི་ལུས་དང་དབང་པོ་ལ་སོགས་པ་ལ་གནོད་པར་བྱེད་པ་མ་ཡིན་ཏེ། དེ་དག་མེད་པའི་ཕྱིར་རོ། །དེ་ལྟ་བས་ན་གཟའི་དཔེ་ནི་མ་ཕྲད་པར་སྒྲུབ་པར་བྱེད པ་ལ་རིགས་པ་མ་ཡིན་ནོ། །གལ་ཏེ་ཡང་མར་མེ་ནི་མ་ཕྲད་པར་གསལ་བར་བྱེད་པར་འགྱུར་ན་ནི་འདི་ན་གནས་པ་ཁོ་ནས་རི་ཐམས་ཅད་ཀྱི་ཕུག་གི་ནང་དུ་གཏོགས་པའི་མུན་པ་སེལ་བར་བྱེད་པ་འམ་གསལ་བར་བྱེད་བར་འགྱུར་བ་ཞིག་ན་དེ་ལྟར་ནི འཇིག་རྟེན་ནམ་མཐོང་བའམ་འདོད་པ་ཡང་མ་ཡིན་ནོ། །བསྟན་བཅོས་ལས་འཇིག་རྟེན་པའི་སྤྱོད་པ་པོ་དེ་ཡང་སེང་གེ་ལ་སོགས་པ་དང་མཚུངས་པར་མངོན་པར་འདོད་པ་ཡིན་ནོ། །དེ་ལ་འཇིག་རྟེན་པ་ནི་བྱིས་པ་ལ་སོགས་པ་ནས་བ་ལང་རྫིའི་བར དུའོ། །དཔྱོད་པ་པོ་ནི་ཁྱབ་འཇུག་དང་དབང་ཕྱུག་དང་ཚངས་པ་དང་སེར་སྐྱ་དང་འུག་པ་དང་རྒྱས་པ་དང་གནས་འཇོག་དང་བྱ་གྷྲ་དང་འབྱོར་ལྡན་དང། ག་ག་ར་དང། མཐར་ལ་སོགས་པ་སྟེ། དེ་དག་དོན་གང་ལ་བློ་འཐུན་པ་དེ་ནི་དཔེར་རབ་ཏུ་གྲུབ པ་ཡིན་ནོ། །དེ་ལ་ཁྱབ་འཇུག་ལ་སོགས་པ་ནི་འོད་མེད་པ་ཙམ་ལ་མུན་པར་འདོད་དེ། ཇི་ལྟར་ཞེ་ན། འོད་མེད་ནི་མུན་པའོ་ཞེས་བརྗོད་པའི་ཕྱིར་རོ། །འདི་ནི་མུན་པ་ཡིན་ཏེ། སྣང་བ་མེད་པ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་གཞན་དག་དཔྱོད་པ་པོ་ལ་མུན་པ་ཞེས་བྱ བའི་དངོས་པོ་ཅི་འདྲ་བ་ཞིག་ཡོད་པ་ཡིན་ཏེ། སུ་ཞིག་ལ་ཡང་ཡོད་པ་མ་ཡིན་ནོ། །དེ་བས་ན་མར་མེས་མུན་པ་གསལ་བ་ཞེས་བྱ་བ་འདི་མི་གྲུབ་པ་ཡིན་ནོ། །དེའི་ཕྱིར་གང་མར་མེ་ནི་མུན་པ་སེལ་བར་བྱེད་པའོ། །ཞེས་བྱ་བའི་དཔེ་འདི་རིགས་པ་མ་ཡིན་ནོ། ། དེ་མི་རིགས་པས་དཔེ་ཅན་གྱི་དོན་ཚད་མ་ཞེས་བྱ་བ་མ་གྲུབ་པ་ཡིན་ནོ། །དེའི་ཕྱིར་རང་དང་གཞན་སྒྲུབ་པར་བྱེད་པའི་ཚད་མ་ཞེས་བྱ་བ་ཡོད་པ་མ་ཡིན་ནོ། །གཞན་ཡང་མར་མེ་ནི་བདག་ཉིད་གསལ་བར་བྱེད་པ་མ་ཡིན་ཏེ། མུན་བ་མེད་པའི་ཕྱིར་མར་མེ་ནི་རང་གི་བདག ཉིད་ཀྱང་གསལ་བར་བྱེད་པ་མ་ཡིན་ནོ། །མར་མེ་ལ་ནི་མུན་པ་ཡོད་པ་མ་ཡིན་ན་ཅི་ཞིག་གསལ་བར་བྱས་ཏེ། མར་མེ་དང་གསལ་བ་ཞེས་བྱ་བ་དོན་གཅིག་པ་ཡིན་ནོ་དེ་ལ་མུན་པ་ཡོད་པ་མ་ཡིན་ཏེ་འགལ་བའི་ཕྱིར་རོ་གཞན་ཡང་ཕྱིན་ཅི་འོག་ཏུ་ཐལ་བར འགྱུར་བའི་ཕྱིར་མུན་པ་ཡང་བདག་ཉིད་ལ་སྒྲིབ་པར་བྱེད་པར་འགྱུར་རོ། །གལ་ཏེ་མར་མེ་རང་དང་གཞན་གསལ་བར་བྱེད་པ་ཡིན་ན་དཔེ་ཅི་ཞིག་ལ་འཐོབ་པར་འགྱུར་ཞེ་ན། ཕྱིན་ཅི་ལོག་པའི་ཕྱིར་མུན་པ་ཡང་བདག་ཉིད་ལ་སྒྲིབ་པར?་བྱེད་པར་འགྱུར་རོ། ། གལ་ཏེ་ཡང་མུན་པ་རང་གི་བདག་ཉིད་ལ་སྒྲིབ་པར་བྱེད་པར་འགྱུར་རོ། །གལ་ཏེ་མར་མེ་རང་དང་གཞན་གསལ་བར་བྱེད་པ་ཡིན་ན་དཔེ་ཅི་ཞིག་ལ་འཐོབ་པར་འགྱུར་ཞེ་ན། མར་མེ་ས་བདག་ཉིད་དང་གཞན་གསལ་བར་བྱེད་པར་རང་གི་ཁས་བླངས་པ་དེའི་འདོད་པ་ལ་བལྟོས་ནས གལ་ཏེ་ཞེས་བྱ་བའི་སྒྲ་སྨོས་སོ། །མུན་པ་ཡང་བདག་ཉིད་སྒྲིབ་པ་ན་མར་མེ་དེ་གསལ་བར་བྱེད་པར་མི་འགྱུར་རོ། །གཞན་ཡང། ཚད་མ་དང་གཞལ་བྱ་དག་ནི་དུས་གསུམ་དུམ་གྲུབ་བོ། །ཚད་མ་ནི་གཞལ་བྱའི་དོན་ལས་སྔ་རོལ་དཱུམ་ཕྱིས སམ། ཚད་མ་དང་གཞལ་བྱ་དག་ཅིག་ཅར་དུ་ཡིན་གྲང། དེ་ལ་གལ་ཏེ་ཚད་མ་གཞལ་བྱའི་དོན་ལས་སྔ་རོལ་དུ་ཡིན་ན་ནི་གང་གི་ན་དེ་ཚད་མར་བརྗོད་པར་བྱ་བ་གཞལ་བྱའི་དོན་ཡོད་པ་མ་ཡིན་ན་གང་གིས་ཚད་མ་ཡིན་ཞིང་ཅི་ཞིག་ཚད མས་ངེས་པར་བྱེད། འོན་ཏེ་ཕྱིས་ནས་ཡིན་ན་གཞལ་བྱ་ཡོད་པ་ལ་ཅི་ཞིག་ཚད་མར་འགྱུར། མ་སྐྱེས་པ་ནི་སྐྱེས་པའི་ཚད་མར་འཐད་པ་མ་ཡིན་ཏེ། རི་བོ་ལ་སོགས་པ་ཡང་ཚད་མ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་དང། མ་སྐྱེས་པ་དང་སྐྱེས་པ་དག ལྷན་ཅིག་མི་གནས་པའི་ཡང་ཕྱིར་རོ། །འོན་ཏེ་ཅིག་ཅར་བ་ཡིན་ན་དེ་ཡང་སྲིད་པ་མ་ཡིན་ཏེ། དཔེར་ན་བ་ལང་གི་རྭ་ཅིག་ཆར་སྐྱེས་པ་དག་རྒྱུ་དག་འབྲས་བུར་མི་འཐད་པ་བཞིན་ནོ། །སྨྲས་པ། དུས་གསུམ་དུ་ཚད་མ་དང་གཞལ་བྱ་དག་མ་གྲུབ་པས་དགག པ་མི་འཐད་དོ། །དུས་གསུམ་དུ་ཚད་མ་དང་གཞལ་བྱ་དག་མ་གྲུབ་པར་འདོད་པ་དེའི་ཕྱིར་ཁྱོད་ཀྱིས་བརྗོད་པའི་ཚད་མ་དང་གཞལ་བྱའི་དགག་པ་གང་ཡིན་པ་དེ་ཡང་དགག་པར་བྱ་བའི་དོན་ལས་སྔ་རོལ་དུ་འམ་ཕྱིས་ནས་སམ་ཅིག་ཅར་ཡིན གྲང་ན་དགག་པ་དེ་ཡང་དུས་གསུམ་དུ་མི་འགྲུབ་ཏེ་དགག་པ་བྱ་བ་མེད་པའི་ཕྱིར་ཇི་ལྟར་ཁྱོད་ཀྱི་ཚིག་ཀྱང་འགོག་པར་བྱེད་པར་འགྱུར་ཞིང་ཇི་ལྟར་ན་དེའི་དགག་པ་གྲུབ་པར་འགྱུར། འོན་ཏེ་དགག་པ་གྲུབ་བོ་ཞེ་ན། དུས་གསུམ་གྱི་རྟག་པའི དོན་མཚུངས་པ་ཉིད་གྲུབ་པ་ན་ཚད་མ་དང་གཞལ་བྱ་གྲུབ་པའང་མི་འདྲ་བ་ཉིད་བརྗོད་དགོས་སོ། །དེ་ལྟར་དགག་པར་བྱ་བ་དང་འགོག་པར་བྱེད་པ་དེ་དུས་གསུམ་དུ་མ་གྲུབ་ན་ད་ལྟ་ཡིན་པ་དང། དགག་པ་ཡང་མི་འགྲུབ་བོ་ཞེ་ན། བརྗོད་པར་བྱ སྟེ། དགག་པ་གྲུབ་ན་ཚད་མ་དང་གཞལ་བྱ་ཡང་གྲུབ་བོ་ཞེས་ཟེར་བ་ནི་མ་ཡིན་ཏེ། སྔར་ཁས་བླངས་པའི་ཕྱིར་རོ། །དུས་གསུམ་གྱི་བརྟག་པས་དགག་པ་ན་ཚད་མ་དང་གཞལ་བྱ་དག་གོ་ཞེས་སྨྲས་པ་དེ་ནི་མ་ཡིན་ནོ། གང་ལས་ཞེ་ན། སྔར་ཁས་བླངས་པའི་ཕྱིར་ཏེ། སྔར་ཉིད་ཁྱོད་ཀྱིས་ཚད་མ་དང་གཞལ་བྱ་དག་དུས་གསུམ་དུ་མ་གྲུབ་བོ། །ཞེས་ཁས་བླངས་ལ་ཕྱི་ནས་ནི་འདི་སྐྱོན་བྱུང་བ་མཐོང་ནས་དེ་ཡིས་འཇིགས་པས་དགག་པ་ཡང་མི་འགྲུབ་བོ་ཞེས་ཡོངས་སུ་བརྟགས་ཏེ་སྨྲས་པ་མ་ཡིན་ནམ་གལ་ཏེ ཚད་མ་དང་གཞལ་བྱ་དག་མ་གྲུབ་པར་ཁས་བླངས་པ་ཡིན་ན་ནི་ཁས་བླངས་པ་དང་དུས་མཉམ་པ་ཁོ་ནར་རྩོད་པ་རྫོགས་པ་ཡིན་ནོ། །ཇི་ལྟ་ཞེ་ན། ཡོངས་སུ་ཚིམ་པ་ལྷ་རྣམས་དགའ་བ་ཁྱོད་ཀྱིས་གང་གི་ཚེ་ཁོ་ནར་ཚད་མ་དང་གཞལ་བྱ་དག་དུས་གསུམ་དུ་མ་གྲུབ་པ་ཡིན་ན་དགག? པ་དང་འགག་པར་བྱེད་པའི་ཚིག་ཀྱང་མ་གྲུབ་པོ་ཞེས་སྨྲ་བར་བྱེད་པ་དེའི་ཚེ་ཁོ་ནར་རང་གི་སྐྱོན་སྤང་བར་འདོད་པ་ཁྱོད་ཀྱིས་ཚད་མ་དང་གཞལ་བྱ་དག་མེད་པར་ཁས་བླངས་པ་མ་ཡིན་ནམ། ཚད་མ་དང་གཞལ་བྱ་དག་མེད་པའི་ཕྱིར་དགག་པ་འདི་གང་ཡིན་ཞེས སྨྲ་བར་བྱེད། གང་གི་ཕྱིར་ཚད་མ་དང་གཞལ་བྱ་དག་མེད་པ་དེ་ཁས་བླངས་ནས་ཕྱི་ནས་དགག་པ་འགོག་པར་བྱེད་པའི་ཕྱིར་དང་པོ་ཁས་བླངས་པ་ན་རྩོད་པ་རྫོགས་པ་ཡིན་ནོ། །དགག་པར་བྱེད་པ་མེད་ན་འགག་པ་ཞེས་བྱ་བ་དེ་མེད་དོ་ཞེ་ན་དེ་ནི་མ་ཡིན་ནོ། ། མ་གྲུབ་པའི་རྟོག་པ་སྤོང་བ་ཡིན་ནོ། །འདི་ལྟ་སྟེ་དཔེར་ན་ཆུ་ཤིན་ཏུ་གཏིང་རིང་བ་མ་ཡིན་པ་ལ། གཏིང་རིང་བའི་བློ་དང་མངོན་པར་ལྡན་ཞིང་འཇིགས་པར་འགྱུར་བ་ལ་དེའི་འཇིག་པའི་དོགས་པ་སྤང་བར་དོན་དུ་གཞན་དེ་ཤེས་པས་འདི་ལ་ཆུ་གཏིང་རིང་བ ཡོད་པ་མ་ཡིན་ཏེ། ཞེས་སྨྲ་བ་ནི་དེ་མེད་པ་ལ་དེའི་བློ་བསལ་བའི་དོན་དུ་འཐད་པ་ཡིན་པའི་ཕྱིར་དགག་བྱ་མེད་པ་ལ་ཡང་དགག་བྱ་བརྗོད་པ་ལས་དགག་པ་བྱེད་པ་ཡིན་ནོ། །གཞན་ཡང་གལ་ཏེ་མཚུངས་པའི་སྐྱོན་ཁས་ལེན་ན་མཚུངས་པའི་སྐྱོན་?་བླངས་པ་ཉིད ཀྱིས་རྩོད་པ་རྫོགས་པ་ཡིན་ནོ། །ཞེས་ཁས་བླངས་ནས་སྨྲ་བར་འདོད་པར་བྱའོ། །སྨྲས་པ། མངོན་སུམ་ལ་སོགས་པ་ནི་ཡོད་པ་ཡིན་ཏེ། གང་ལས་ཤེ་ན། ཡང་དག་པ་རྟོགས་པའི་ཕྱིར་རོ། །འདིར་མངོན་སུམ་གྱི་དོན་ལ་དམིགས་ནས་བྱ་བ་དང་བྱ་བ་མ་? ཡིན་པའི་ཡོན་ཏན་ཤེས་པ་ཡང་དག་པར་རྟོགས་པར་འགྱུར་རོ། །ལྷག་མ་རྣམས་ཀྱང་དེ་བཞིན་ནོ། །དེའི་ཕྱིར་ཚད་མ་དང་གཞལ་བྱ་ཡོད་དོ་ཞེ་ན། བརྗོད་པར་བྱ་སྟེ། མངོན་སུམ་ལ་སོགས་པ་གྲུབ་ཀྱང་གཞལ་བྱ་ནི་འཐད་པ་མ་ཡིན་ནོ། །ད་ནི་ཁས བླངས་ནས་བརྗོད་པར་བྱ་སྟེ། མངོན་སུམ་ལ་སོགས་པའི་ཚད་མ་རྣམས་ནི་གྲུབ་ན་གཞན་གཞལ་བྱའི་དོན་གང་ཞིག་ཡིན་པ་སྨྲོས་ཤིག་།གང་གི་ཕྱིར་བུམ་པ་ཉིད་མངོན་སུམ་ཡིན་གྱི་བུམ་པ་ནི་མ་ཡིན་ཏེ་དབང་པོ་དང་དབང་པོ་ལ་རབ་ཏུ་ཕྱོགས་པའི་དོན་གང ཡིན་པ་དེ་ནི་མངོན་སུམ་ཡིན་པར་བྱས་ནས། མིག་གི་དབང་པོ་ལ་མིག་གི་དབང་པོའི་བརྡ་བྱས་ལ་དེ་ལ་རབ་ཏུ་ཕྱོགས་པའི་དོན་གང་ཡིན་པ་དེ་ནི་མངོན་སུམ་ཡིན་ཞིང་དེ་ཡང་སྣང་བ་ལ་སོགས་པའི་རྐྱེན་ལ་བལྟོས་པ་སྟེ། དེའི་ཕྱིར་བུམ་པ་ལ་སོགས པ་ཉིད་མངོན་སུམ་དུ་ཡོངས་སུ་གྲུབ་པ་ཡིན་ན་ཚད་མ་དེ་གང་གི་ཡིན་པ་དོན་གཞལ་བྱར་གྱུར་པ་དེ་གང་ཞིག་ཡིན་པར་འགྱུར། དེ་བཞིན་དུ་མེ་དང་དུ་བ་ལ་འགྲེལ་པ་ལས་མངོན་སུམ་མངོན་དུ་འགྲོ་བ་ཅན་རྗེས་སུ་དཔག་པ་ཡིན་ནོ། །དེས་ན་རྗེས་སུ དཔག་པའི་ཤེས་པ་སྐྱེས་བ་ན་ཡང་གང་གི་དེ་རྗེས་སུ་དཔག་པར་འགྱུར་རྗེས་སུ་དཔག་པར་བྱ་བའི་དོན་གཞན་གང་ཞིག་ཡིན་པར་འགྱུར། ལྷག་མ་ལ་ཡང་དེ་བཞིན་ནོ། །སྨྲས་པ། བུམ་པ་ལ་བུམ་པའི་བློ་ནི་ཚད་མ་ཡིན་ལ་བུམ་པ་ནི་གཞལ་བྱ་ཡིན་ནོ།། ཞེ་ན། བརྗོད་པར་བྱ་སྟེ། རྐྱེན་དུ་གྱུར་བ་ཉིད་ཡིན་པའི་ཕྱིར་ཤེས་པ་ཡང་མ་ཡིན་ཞིང་ཤེས་བྱ་ཡང་མ་ཡིན་ནོ། །གང་གི་ཕྱིར་དབང་པོ་དང་དོན་ཕྲད་པ་ལས་བློ་སྐྱེ་བར་འདོད་པ་དེའི་ཕྱིར་བུམ་པ་ནི་རྐྱེན་དུ་གྱུར་པ་ཉིད་ཡིན་པ་དེའི་ཕྱིར་བློ་ནི་ཚད་མ་མ་ཡིན་ལ བུམ་པ་ཡང་གཞལ་བྱ་མ་ཡིན་ནོ། །གཞན་ཡང་བློ་ནི་ཚད་མ་མ་ཡིན་ཏེ། གཞལ་བྱ་ཡིན་པར་མངོན་པར་བརྗོད་པའི་ཕྱིར་རོ། །གང་གི་ཕྱིར་ཁྱོད་ཀྱི་བློ་གཞལ་བྱ་ཡིན་པར་བརྗོད་པར་བྱེད་དེ་ཇི་ལྟར་ཞེ་ན། བདག་དང་ལུས་དང་དབང་པོ་དང་དོན་དང བློ་དང་ཡིད་དང་འཇུག་པ་དང་སྐྱོན་དང་སྲིད་པ་ཕྱི་མ་དང། འབྲས་བུ་དང་སྡུག་བསྔལ་དང་བྱང་གྲོལ་རྣམས་ནི་གཞལ་བྱ་ཡིན་ནོ་ཞེས་བརྗོད་པའི་ཕྱིར་རོ། །དེའི་ཕྱིར་གཉི་ག་ཡང་མེད་པ་ཡིན་ནོ། །སྨྲས་པ་ཚད་མ་ཉིད་གང་ཡིན་པ་དེ་ཉིད་གཞལ་བྱ་ཡིན་ནོ། །ཞེས་བརྗོད་པ་ན་ཐེ་ཚོམ་ཟ བ་ཡིན་ནོ། །ཐེ་ཚོམ་ཡོད་པའི་ཕྱིར་ཚད་མ་དང་གཞལ་བྱ་གཉི་ག་གྲུབ་པ་ཡིན་ནོ། །ཐེ་ཚོམ་ཞེས་བྱ་བའི་ཚིག་གི་དོན་ནི་ཡོད་པ་ཉིད་དེ་མི་བདེན་པའི་དོན་ལ་འདི་ཡོད་པ་མ་ཡིན་ནོ། །ཞེ་ན། བརྗོད་པར་བྱ་སྟེ། དམིགས་པ་འམ་མ་དམིགས་པ་དག་ལ་ཐེ་ཚོམ་ཟ་བ་མེད དེ་ཡོད་པ་དང་མེད་པ་ཉིད་ཀྱི་ཕྱིར་རོ། །འདིར་དམིགས་པའི་དོན་ལ་འམ་མ་དམིགས་པའི་དོན་ལ་འམ་དམིགས་བཞིན་པའི་དོན་ལ་ཐེ་ཚོམ་ཟ་གྲང། དམིགས་པའི་དོན་ལ་ཐེ་ཚོམ་ཟ་བ་མི་རིགས་ཤིང། མ་དམིགས་པའི་དོན་ལ་ཡང་ཐེ་ཚོམ་ཟ་བར་མི་རིགས་ལ། དམིཌ བཞིན་ཞེས་བྱ་བའི་དོན་གསུམ་པ་ཡང་ཡོད་པ་མ་ཡིན་ནོ། །དེ་ལྟ་བས་ན་ཐེ་ཚོམ་ནི་ཡོད་པ་མ་ཡིན་ནོ། །སྨྲས་པ། ཐེ་ཚོམ་ནི་ཡོད་པ་ཡིན་ཏེ། ཁྱད་པར་ལ་བལྟོས་པ་མེད་པའི་ཕྱིར་རོ། །འདིར་སྡོང་དུམ་མ་མ་སྐྱེས་བུ་ཞེས་བྱ་བ་ཡུལ་ཐག་རིང་པོ་ནས་མཐོང་ནས ཕྱིར་འཛིན་པ་ནི་འདི་སྐྱེས་བཱུམ་འོན་ཏེ་སྡོང་དུམ་ཡིན་ཞེས་ཐེ་ཚོམ་ཟ་བར་འགྱུར་རོ། །གང་གི་ཚེ་བྱའི་ཚང་བཅས་པའམ་རི་དྭགས་འཕྲུག་པ་ལ་སོགས་པའི་ཁྱད་པར་མཐོང་བ་དེའི་སེ་འདི་ནི་སྡོང་དུ་མ་ཡིན་ཞེས་ངེས་པར་འགྱུར་ཞིང་དེ་ལས་བཟློག་པ་ཡིན་པའི ཕྱིར་དང། མགོ་བསྒྱུར་བ་དང་ལག་པ་གཡོ་པ་ལ་སོགས་པའི་བྱ་བ་མཐོང་བའི་ཕྱིར་སྐྱེས་བུའི་བློ་འབྱུང་བ་ཡིན་ནོ། །འདི་ཡང་ཡོད་པ་དང་མེད་པ་ཉིད་ཀྱི་ཕྱིར་ཁྱད་པར་ལ་བལྟོས་པ་ཡིན་ལ་དེ་ལས་གཞན་དུ་ན་ཐེ་ཚོམ་ཟ་བ་ཡིན་ནོ། །དེའི་ཕྱིར་ཐེ་ཚོམ ནི་ཡོད་པ་ཡིན་ནོ་ཞེ་ན། བརྗོད་པར་བྱ་སྟེ། སྔར་བཀག་ཟིན་པའི་ཕྱིར་ཐེ་ཚོམ་ནི་ཁྱད་པར་ལ་བལྟོས་པ་མ་ཡིན་ནོ། །ཡོད་པ་དང་མེད་པའི་ཕྱིར་ཐེ་ཚོམ་མེད་དོ་ཞེས་བྱ་བ་འདིས་སྔར་ཉིད་བཀག་པ་ཡིན་ནོ། །ཇི་ལྟར་ཞེ་ན། སྡོང་དུམ་ལ་བྱའི་ཚང་བཅས་པ ལ་སོགས་པའི་རྒྱུ་མཚན་དམིགས་པས་འདི་ནི་སྡོང་དུ་མ་ཡིན་ནོ། །ཞེས་ཤེས་པ་སྐྱེའི་ཐེ་ཚོམ་ནི་མ་ཡིན་ཏེ། ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པ་ཉིད་ཀྱི་ཕྱིར་རོ། །དེ་བཞིན་དུ་སྐྱེས་བུ་ཡིན་པ་ལ་ཡང་མགོ་བསྒྱུར བ་ལ་སོགས་པའི་རྒྱུ་མཚན་དམིགས་པས་འདི་ནི་སྐྱེས་བུ་ཉིད་དོ། །ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པ་སྐྱེ་བར་འགྱུར་བ་ཐེ་ཚོམ་ནི་མ་ཡིན་ཏེ། ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པ་ཉིད་ཀྱི་ཕྱིར་རོ། །གཉི་ག་ལ་ཡང ཡང་དག་པའི་ཤེས་པའི་རྒྱུ་མཚན་མེད་ན་མ་རྟོགས་པ་ཉིད་ཡིན་གྱི་ཐེ་ཚོམ་མ་ཡིན་ཏེ། མ་ངེས་པ་དང། མ་རྟོགས་པ་དང། མ་བཟུང་བ་དང། མི་ཤེས་པ་དང། མ་མཐོང་བའི་དོན་རྣམས་གཞན་མ་ཡིན་ཞིང་དེ་དག་ནི་མི་ཤེས་པའི་རྣམ་གྲངས ཡིན་ཏེ། ཤེས་པ་ལས་བཟློག་པ་ཡིན་པའི་ཕྱིར་རོ། །འདི་སྐད་དུ་སྟོན་པར་འགྱུར་ཏེ། ཁྱད་པར་ལ་བལྟོས་ནས་ཤེས་པར་འགྱུར་ལ། ཁྱད་པར་མ་མཐོང་བ་ལ་ནི་མི་ཤེས་པ་སྐྱེ་བར་འགྱུར་རོ། །མགོ་བསྒྱུར་བ་དང་ལག་པ་གཡོ་པ་ལ སོགས་པ་མཐོང་ན་ཐེ་ཚོམ་དུ་འགྱུར་བ་མ་ཡིན་ལ། ཁྱད་པར་མེད་ན་ནི་མི་ཤེས་པ་ཉིད་ཡིན་ནོ། །འདི་ལྟ་བུར་འགྱུར་ཏེ། ཁྱད་པར་ཡོད་ན་ཤེས་པར་འགྱུར་ཞིང་དེ་མེད་ན་མི་ཤེས་པ་ཉིད་དོ། །གང་ལ་ཁྱད་པར་དང་ཁྱད་པར་མེད་པ་དག་གཅིག ཅར་འགྱུར་བ་རྟོག་པ་གསུམ་པ་ནི་མེད་པའི་ཕྱིར་ཐེ་ཚོམ་ཡོད་པ་མ་ཡིན་ནོ། །སྨྲས་པ། དགོས་པའི་དོན་གང་ལ་ཁོ་ཅག་གི་ཤེས་པ་ངེས་པ་མ་སྐྱེས་པའི་དགོས་པ་དོན་དེ་ལ་ཐེ་ཚོམ་ཡོད་པ་ཡིན་ནོ། །ཞེ་ན། བརྗོད་པར་བྱ་སྟེ། ཡོད་པ་དང་མེད པ་ཉིད་ཀྱི་ཕྱིར་དགོས་པའི་དོན་ནི་མེད་པ་ཡིན་ནོ། །དོན་གང་གི་ཆེད་དུ་གཉེར་ནས་འཇུག་པ་དེ་ནི་དགོས་པ་ཡིན་ནོ། །ཞེས་ཁྱོད?་ཀྱིས་བརྗོད་པ་ཡིན་ཏེ། ཇི་ལྟར་བུམ་པའི་དོན་དུ་རྫ་མཁན་འཇུག་པ་བཞིན་ནོ། །གལ་ཏེ་འཇིམ་པ་ལ་བུམ་པ་ཡོད པ་དེའི་ཚེ་དེའི་འཇུག་པ་དོན་མེད་པར་འགྱུར་རོ། །འོན་ཏེ་མེད་ན་བྱེ་མ་བཞིན་དུ་མེད་པ་ཉིད་ཀྱིས་ན་དེ་ལ་འཇུག་པ་མ་ཡིན་ནོ། །སྨྲས་པ། བྱེ་མ་ལ་འཇུག་པ་ནི་མ་ཡིན་ཏེ། དཔེ་ཡོད་པའི་ཕྱིར་རོ། །ཇི་ལྟར་སྣམ་བུ་དགོས་པ་ན་སྣལ་མ་ལ་སོགས་པ་ལ་འཇུག་པ་ཡིན་གྱི འཇག་མ་ལ་མ་ཡིན་པ་བཞིན་ནོ། །ཞེ་ན། བརྗོད་པར་བྱ་སྟེ་དེ་ལྟ་བུ་དེ་ཡང་སྔ་མ་དང་མཚུངས་པ་ཉིད་དོ། །གཞན་ཡང། ཐོག་མ་དང་དབུས་མེད་པའི་ཕྱིར་མཛའ་ཡང་མཐོང་བ་མ་ཡིན་ནོ། །གང་གིས་དོན་གྱི་ཐོག་མ་དང་དབུས་མ་མཐོང་བ་དེས་ཇི་ལྟར་མཛའ་མཐོང་བ ཡིན་ཏེ། ཐོག་མ་དང་དབུས་མེད་ན་མཛའ་ཡོད་པ་མ་ཡིན་ནོ། །དེའི་ཕྱིར་དཔེ་མེད་པ་ཡིན་ནོ། །སྨྲས་པ། འཇིག་རྟེན་པ་དང་དཔྱོད་པ་པོ་དག་དོན་གང་བློ་མཐུན་པ་དེ་ནི་དཔེ་ཡིན་ལ་དེ་ཡང་ཆོས་མཐུན་པ་ཉིད་དང་ཆོས་མི་མཐུན་པ་ཡིན་ནོ། །ཞེ་ན། བརྗོད་པར་བྱ་སྟེ། ཆོས་མཐུན པ་ཉིད་ཀྱི་ཕྱིར་མེ་ནི་མེའི་དཔེ་ཉིད་མ་ཡིན་ནོ། །ཆོས་མཐུན་པ་ཉིད་ཀྱི་ཕྱིར་དཔེ་ཞེས་གང་བརྗོད་པ་དེ་ནི་མ་ཡིན་ཨོ། །གང་གི་ཕྱིར་མེ་ནི་མེའི་དཔེ་མ་ཡིན་ཏེ། བསྒྲུབ་པ་བྱ་བ་དང་སྒྲུབ་པར་བྱེད་པ་དག་ཁྱད་པར་མེད་པའི་ཕྱིར་རོ། །གལ་ཏེ་དེ་ཉིད་སྒྲུབ་པར་བྱ་བ་ཡིན་ཞིང དེ་ཉིད་སྒྲུབ་པར་བྱེད་པ་ཡིན་ན་ཡང་ཇི་ལྟར་ན་དཔེ་ཁྱད་པར་ཅན་དུ་འགྱུར། གཞན་ཡང་ཆུ་ནི་མེའི་དཔེ་མ་ཡིན་ཏེ། ཆོས་མི་མཐུན་པ་ཉིད་ཀྱི་ཕྱིར་རོ། །གྲང་བར་གཏོགས་པའི་ཆུ་ནི་མེའི་དཔེར་འཐད་པ་མ་ཡིན་ཏེ་ལ་ལ་དག་ཏུ་ཆུ་ནི་གྲང་པ་ཡིན་ཏེ། དཔེ་ན་མེ་བཞིན་ནོ།། ཞེས་སྨྲས་པ་དེ་དང་འདྲའོ། །གཞན་ཡང་ཅུང་ཟད་ཆོས་མཐུན་པ་ལས་ཡིན་ནོ་ཞེ་ན། མ་ཡིན་ཏེ་རི་རབ་དང་སྒྲ་བཞིན་ནོ། །དེ་ལ་ཅུང་ཟད་ཆོས་མཐུན་པ་ལས་དཔེ་ཡིན་ནོ། །ཞེས་བྱ་བ་དེ་ལྟར་འགྱུར་རོ། །ཞེ་ན། དེ་ནི་མ་ཡིན་ཏེ། ག་ལས་ཞེ་ན། འདིར་རི་རབ་དང་སྒྲ་དག་ཀྱང ཡོད་པ་ཉིད་དང་གཅིག་པ་ཉིད་དང་ལུས་ཅན་ཉིད་དུ་ཅུང་ཟད་ཆོས་མཐུན་པ་ཡིན་ནོ། །གཞན་ཡང་རི་རབ་དང་མཚུངས་པའི་སྒྲ་ཞེས་རབ་ཏུ་གྲགས་པ་ནི་མ་ཡིན་ནོ། །ཕལ་ཆེར་ཆོས་མཐུན་པ་ལས་འགྱུར་རོ། །ཞེ་ན། བརྗོད་པར་བྱ་སྟེ། སྔར་བཀག་པ་ཉིད་ཀྱིས་ཕལ་ཆེར་ཆོས མཐུན་པས་ནི་མ་ཡིན་ནོ། །འདིར་ཕལ་ཆེར་ཆོས་མི་མཐུན་པར་འགྱུར་བ་ལས་ཀྱང་ཡིན་ཏེ་དེ་ལས་ཕལ་ཆེར་ཆོས་མཐུན་པ་དང་ཆོས་མི་མཐུན་པ་ཉིད་ཀྱིས་མ་གྲུབ་པ་ཡིན་ནོ། སྨྲས་པ། ཁྱོད་ནི་གྲུབ་མཛའ་མེད་པ་ཉིད་དུ་བརྗོད་པ་ཡིན་ཏེ གྲུབ་མཛའ་མེད་པ་དང་ལྷན་ཅིག་སྨྲ་བར་བྱ་བ་མ་ཡིན་ནོ་ཞེ་ན། བརྗོད་པར་བྱ་སྟེ། ཐོག་མ་མ་གྲུབ་ན་ཐ་མ་འགྲུབ་པ་ཡང་མ་ཡིན་ནོ། །སྨྲས་པ། ཡན་ལག་དང་བྲལ་བ་ནི་སྒྲུབ་པར་བྱེད་པ་མ་ཡིན་ལ་ཁྱེད་ཅག་གི་ཡན་ལག་སྨྲ་བ་མ་ཡིན་ནོ།། དེས་ན་ཐམས་ཅད་འདྲེལ་པ་ཉིད་ཀྱིས་འགོག་པ་ཡིན་པ་དེའི་ཕྱིར་གདོན་མི་ཟ་བར་ཡན་ལག་བཟུང་བར་བྱས་ནས་བརྗོད་པར་བྱ་དགོས་ཏེ། རྣམ་པ་གཞན་དུ་ན་དགག་པ་མི་འགྲུབ་བོ་ཞེ་ན། བརྗོད་པར་བྱ་སྟེ། ཡན་ལག་ཅན་མེད་པའི་ཕྱིར་ཡན ལག་ཡོད་པ་མ་ཡིན་ནོ། །འདིར་དམ་བཅའ་བ་དང་གཏན་ཚིགས་དང་དཔེ་དང་ཉེ་བར་སྦྱོར་བ་དང་མཇུག་བསྡུ་བའི་ཡན་ལག་རྣམས་ལ་ཡན་ལག་ཅན་མེད་པའི་ཕྱིར་ཡན་ལག་རྣམས་ཀྱང་མེད་པ་ཡིན་ནོ། །སྨྲས་པ། ཚོགས་པ་ལ་ཡན ལག་ཅན་གྲུབ་བོ་ཞེ་ན། བརྗོད་པར་བྱ་སྟེ། རེ་རེ་ལ་མེད་པའི་ཕྱིར་ཚོགས་པ་ལ་ཡང་མི་འགྲུབ་བོ། །ཚོགས་པ་ལ་ཡན་ལག་ཅན་ཡོད་པ་ཞེས་བྱ་བར་བརྗོད་པ་གང་ཡིན་པ་དེ་ནི་མ་ཡིན་ཏེ། ཡན་ལག་རེ་རེ་ལ་ཡན་ལག་ཅན་མེད་པའི ཕྱིར་ཚོགས་པ་ལ་ཡང་ཡོད་པ་མ་ཡིན་ནོ། །གཞན་ཡང། ཡན་ལག་ཅན་གཅིག་ཡིན་པའི་ཕྱིར་ཡན་ལག་རྣམ་ཐམས་ཅད་གཅིག་ཉིད་དུ་ཐལ་བར་འགྱུར་ཏེ། སྐྱོན་འདི་ནི་གཞན་མ་ཡིན་པ་ལའོ། །འོན་ཏེ་ཡན་ལག་ལྔ་ལས་གཞན་པ་ཞིག ཡིན་ན་ནི་དྲུག་པར་ཐལ་པར་འགྱུར་རོ། །གཞན་ཡང། དུས་གསུམ་ལ་མ་གྲུབ་པས་ཡན་ལག་ཅན་མེད་པ་ཉིད་དོ། །དམ་བཅའ་བ་ལ་སོགས་པ་སྐྱེས་པ་དང་མ་སྐྱེས་པ་དང་ད་ལྟར་བ་རྣམས་ལ་འདས་པ་དང་མ་འོངས་པ་དང་ད་ལྟར་བ་རྣམས་ཡོངས སུ་བརྟག་བཟོད་པ་མ་ཡིན་ཏེ། རིགས་པ་མེད་པའི་ཕྱིར་རོ། །དེའི་ཕྱིར་ཡན་ལག་ཅན་མེད་པཡིན་ཞིང་ཡན་ལག་ཀྱང་མེད་པ་ཡིན་ནོ། །འོན་ཏེ་རྩཝ་བ་ལ་བ་ཛ་བཞིན་དུ་དེ་ཡང་གྲུབ་པོ། །ཇི་ལྟར་རྩཝ་བ་ལ་བ་ཛ་གཅིག་གིས་གླང་པོ་ཆེ་འཆིང་བར་མི་ནུས་ཀྱང་རྩཝ་བ་ལ ཛ་ཚོགས་པས་ནི་ནུས་པ་དེ་བཞིན་དུ་དམ་བཅའ་བ་ལ་སོགས་པ་ཚོགས་པ་ལ་ཡན་ལག་ཅན་ཡོད་པ་བཞིན་ནོ། །ཞེ་ན། བརྗོད་པར་བྱ་སྟེ་མ་ཡིན་ཏེ། བསྒྲུབ་པར་བྱ་བ་དང་མཚུངས་པའི་ཕྱིར་རོ། །འདི་ནི་མོ་གཤམ་དང་ལོང་བ་དང་བྱེ་མ་ལྟ་བུ་ཡིན་ཏེ་གང་གི་ཆོ མོ་གཤམ་ཅིག་གིས་བུ་བསྐྱེད་མི་ནུས་པ་དེ་བཞིན་དུ་མོ་གཤམ་སྟོང་ཕྲག་དུ་མ་ཚོགས་ལས་ཀྱང་སྐྱེད་པར་ནུས་པར་མི་འགྱུར་རོ། །ཇི་ལྟར་ལོང་བ་གཅིག་ལ་མཐོང་བའི་ནུས་པ་མེད་པ་དེ་བཞིན་དུ་ལོང་བ་སྟོང་ཕྲག་དུ་མར་ཡང་མཐོང་བའི་ནུས་པ ཡོད་པ་མ་ཡིན་ནོ། །ཇི་ལྟར་བྱེ་མ་རེ་རེ་ལ་ཏིལ་མར་འབྱིན་པ་མེད་པ་དེ་བཞིན་དུ་མང་པོ་ཚོགས་པས་འབྱིན་པ་མེད་དེ་མེད་པ་ཉིད་ཀྱི་ཕྱིར་རོ། །འོན་ཏེ་མོ་གཤམ་ལ་སོགས་པའི་དཔེ་ནི་མཚུངས་པ་ཉིད་དེ་གང་གིས་ན་དེ་ཕྱེ་མ་ལེབ་ལ་སོགས་པ འམ། དེ་ལྟ་བུའི་ངོ་བོ་འགའ་ཞིག་འཆིང་བར་འགྱུར་བ་བལ་བ་ཛ་ཅིག་ལ་ཡང་བལ་བ་ཛའི་ངོ་བོ་དང་རྗེས་སུ་མཐུན་པའི་ནུས་པ་ཡོད་ལ་ཡིན་ལ་མར་པོ་འདུས་པས་ནི་གླང་པོ་ཆེའང་འཆིང་བར་ནུས་པར་འགྱུར་རོ་སྙམ་དུ་སེམས་ན། དེ་ཡང་སྲིད་པ་མ ཡིན་ཏེ། གཡས་ཞེ་ན། རིགས་པ་མེད་པའི་ཕྱིར་རོ། །རབ་ཏུ་གྲགས་པའི་ཡན་ལག་ཅན་གྱི་དཔེར་ཡིན་ན། ཡན་ལག་ཅན་དག་ལ་ནི་མ་ཡིན་ཏེ་ལྷན་ཅིག་གནས་པ་མེད་པའི་ཕྱིར་རོ། །དུས་ཅིག་ལའམ་ཁའི་སྒོའི་ཡུལ་ཁ་དམ་བཅའ་བ་ལ་སོགས་པའམ་དེའི་ཡི་གེ་དག ལྷན་ཅིག་གནས་པ་ཡོད་པ་མ་ཡིན་ཏེ། དེའི་ཕྱིར་བ་?་ཐོའི་དཔེ་འདི་མི་རིགས་སོ། །དེ་མི་རིགས་པའི་ཕིར་ཡན་ལག་མེད་དོ། །ཞེས་བྱ་བ་མ་གྲུབ་པ་ཡིན་ནོ། །གཞན་ཡང། ཡན་ལག་དག་ལ་ཡང་ཡན་ལག་ཡོད་པར་ཐར་བར་འགྱུར་རོ། །གལ་ཏེ་ཡན་ལག ནི་མ་གྲུབ་པའི་དོན་སྒྲུབ་པར་བྱེད་པ་ཡིན་ན། དེ་དག་ཀྱང་གྲུབ་པ་ཞིག་སྒྲུབ་པར་བྱེད་པ་ཡིན་ནམ་མ་གྲུབ་པ་ཞིག་ཡིན་གྲང་།གལ་ཏེ་གྲུབ་པ་ཞིག་སྒྲུབ་པར་བྱེད་པ་ཡིན་ན་སྒྲུབ་བྱེད་གང་གིས་དེ་དག་སྒྲུབ་པར་བྱེད་པ་དེ་དག་ལ་ཡང་སྒྲུབ་པར་བྱེད་པ་གཞན ཞིག་ཡོད་པར་འགྱུར་ལ་དེ་དག་ལ་ཡང་གཞན་ཡོད་པས་ཐུག་པ་མེད་པར་ཐལ་བར་འགྱུར་རོ། །འོན་ཏེ་དེ་དག་ལ་ཡང་གཞན་ཡོད་པ་མ་ཡིན་ན་མི་འདྲ་བ་ཉིད་དང་དམ་བཅའ་བ་ཉམས་པ་ཞེས་བྱ་བ་འདི་དག་ཐམས་ཅད་ཡན་ལག་གི་སྒོ་ནས་ཡན་ལག་ཅན་སྒྲུབ་པར་འདོད་པ་ལ་བརྗོད་པར་བྱའོ།། གཞན་ཡང། དམ་བཅའ་བ་ལས་གཏན་ཚིགས་གཞན་དང་གཞན་མ་ཡིན་པའི་ཕྱིར་གཏན་ཚིགས་མ་ཡིན་ནོ། །དམ་བཅའ་བ་དང་གཏན་ཚིགས་གཞན་ཡིན་ན་མ་གཞན་ཡིན་པ་ཡིན་གྲང། གལ་ཏེ་གཞན་ཉིད་ཡིན་ན་ཅི་ཞིག་འཐོབ་པར་འགྱུར། དམ་བཅའ་ བ་ནི་སྣམ་བུ་དཀར་པོ་ཉིད་ཡིན་པའོ། །གཞན་ཡང་གཏན་ཚིགས་གང་ཡིན་ཞེ་ན། ནག་པོ་ཉིད་ཀྱི་ཕྱིར་རོ། །འདོད་པ་མ་ཡིན་ཏེ། གང་གི་ཕྱིར་དཀར་པོ་ཉིད་ནི་སྒྲུབ་བྱེད་ནག་པོས་མི་འགྲུབ་པའི་ཕྱིར་རོ། །འོན་ཏེ་གཏན་ཚིགས་དང་དམ་བཅའ་བ དག་གཞན་མ་ཡིན་ན་ཅི་ཞིག་འཐོབ་པར་འགྱུར་ཞེ་ན་དམ་བཅའ་བ་ནི་སྣམ་བུ་དཀར་པོའོ། །གཏན་ཚིགས་གང་ཞེ་ན་དཀར་པོ་ཉིད་ཀྱི་ཕྱིར་རོ། །དེ་ཉིད་ནི་དེའི་སྒྲུབ་བྱེད་མ་ཡིན་ཏེ་འདི་ནི་བསྒྲུབ་པར་བྱ་བ་དང་མཚུངས་པ་ཡིན་ནོ། །གཞན་ཡང་གཏན ཚིགས་ལ་གཏན་ཚིགས་མེད་པའི་ཡང་ཕྱིར་རོ། །གཏན་ཚིགས་ལས་གྲུབ་བོ་ཞེས་བརྗོད་པ་གང་ཡིན་པ་དེ་ནི་མ་ཡིན་ཏོ་གཏན་ཚིགས་ལ་ཡང་གཏན་ཚིགས་གཞན་ཐོབ་པར་འགྱུར་ཞིང་དེ་ལ་ཡང་གཞན་ཡིན་ནོ། །ཞེས་ཐུག པ་མེད་པར་འགྱུར་རོ། །འོན་ཏེ་གཏན་ཚིགས་ལ་ཡང་གཏན་ཚིག་ཡོད་པར་མི་འདོད་ན་དེའི་ཕྱིར་གཏན་ཚིགས་མེད་པ་ཡིན་ནོ། །ཡང་ན་གཏན་ཚིགས་བཞིན་དུ་ཐམས་ཅད་ཀྱང་གཏན་ཚིགས་མེད་པར་གྲུབ་པར་འགྱུར་རོ། །གཞན་ཡང། དམ བཅའ་བ་ལ་སོགས་པ་མེད་པའི་ཕྱིར་ཉེ་བར་སྦྱོར་བ་དང་མཇུག་སྡུད་པ་དག་མེད་པ་ཡིན་ནོ། །དེ་ལྟར་ན་དམ་བཅའ་བ་དང་གཏན་ཚིགས་དང་དཔེ་དག་མེད་པ་ཉིད་ཀྱིས་ཉེ་བར་སྦྱོར་བ་དང་མཇུག་སྡུད་པ་དག་ཀྱང་མེད་པ་ཡིན་ནོ། །གཞན་ཡང། ལྷག་མ་དག་ལ་གཏན་ཚིགས མེད་དོ། །གལ་ཏེ་ཡང་དམ་བཅའ་བ་ནི་གཏན་ཚིགས་ལས་གྲུབ་པ་ཡིན་ན་དཔེ་ལ་སོགས་པ་སྒྲུབ་པར་བྱེད་པ་ལ་ནི་གཏན་ཚིགས་མེད་པར་ཐལ་བར་འགྱུར་རོ། །གཞན་ཡང། གལ་ཏེ་གྲུབ་པ་ནི་གཏན་ཚིགས་ཀྱིས་བྱས་པ་ཡིན་ན་ཅི་ཞིག་འཐོབ་ཅེ་ན། དཔེ་ལ་སོགས པ་དོན་མེད་དོ། །ཁྱོད་གཏན་ཚིགས་ཁོ་ནས་འགྲུབ་པར་སེམས་ན་དེའི་ཕྱིར་དཔེ་ལ་སོགས་པ་དག་དོན་མེད་པར་འགྱུར་ཏེ་གཏན་ཚིགས་ཁོ་ནས་དོན་འགྲུབ་པའི་ཕྱིར་རོ། །གཞན་ཡང་གཏན་ཚིགས་དོན་མེད་པ་ཉིད་དམ། འོན་ཏེ་དཔེ་གྲུབ་པར་འདོད་ན་དེའི་ཚེ གཏན་ཚིགས་དོན་མེད་པ་ཐོབ་པར་འགྱུར་རོ། །ཡང་ན་དཔེ་དོན་མེད་པ་ཡིན་ནོ། །སྨྲས་པ་བདག་སྒྲུབ་པ་ལ་གཏན་ཚིགས་དང་དཔེ་ཡིན་ནོ། །ཞེ་ན། བརྗོད་པར་བྱ་སྟེ། བདག་འགྲུབ་པ་ནི་མ་ཡིན་ནོ། །གཏན་ཚིགས་ཀྱིས་འགྲུབ་པར་སེམས་ཏེ། ཇི་ལྟར་སྐྱེས་བུ རྟག་པའི་དམ་བཅའ་པའོ། །ལུས་ཅན་མ་ཡིན་པའི་པྱིར་ནི་གཏན་ཚིགས་སོ། །དཔེ་ནི་ནམ་མཁའ་བཞིན་ནོ། །ཞེས་ཁྱོད་ཀྱིས་སྨྲས་པ་ཡིན་ནོ། །བདག་ནི་རྟག་པ་མ་ཡིན་ཏེ། མི་རྟག་པ་ཉིད་ཀྱི་ཕྱིར་རོ། །གང་གི་ཕྱིར་རང་ཉིད་ཀྱིས་མེད་པས་རྟག་པའི་ངོ་བོ་ཉིད་མེད་པ་ཡིན་ནོ གཏན་ཚིས་དང་དཔེ་ལ་ཡང་དག་ཞིང་ནོ། །གཞན་ཡང། གཅིག་དང་གཅིག་བརྗོད་པའི་ཕྱིར་གཅིག་ལ་གཅིག་མེད་དོ། །གང་གི་ཚེ་དམ་བཅའ་བ་བརྗོད་པ་དེའི་ཚེ་གཏན་ཚིགས་ལ་སོགས་པ་མེད་ལ་གཏན་ཚིགས་བརྗོད་པ་ན་ཡང་དམ་བཅའ་ལ་སོགས་པ་མེད དོ། །དེའི་ཕྱིར་གཏན་ཚིགས་ལ་སོགས་པ་དག་ཡོད་པ་མ་ཡིན་ནོ། །འདིར་སྨྲས་པ། ཁྱོད་ཀྱིས་ཡན་ལག་ཐམས་ཅད་མེད་དོ་ཞེས་དམ་བཅས་པ་དེ་ལྟ་བས་ན། དམ་བཅས་པ་ཁས་བླངས་པའི་ཕྱིར་ཁྱོད་ལ་ལྷག་མ་དག་ཀྱང་གྲུབ་པ་ཡིན་ནོ་ཞེ་ན། བརྗོད་པར་བྱ་སྟེ། ཡི་གེ དག་ལ་ཡང་དེ་ལྟ་བུ་ཡིན་ནོ། །ཡན་ལག་མ་གྲུབ་པའི་རྣམ་པ་གང་ཡིན་པ་དེ་ཡི་གེ་ཐམས་ཅད་ལ་ཡང་ལྟ་བར་བྱ་སྟེ། ཇི་ལྟར་པྲའི་ཡི་གེ་དང་ཛྙའི་ཡི་གེ་དག་ལྷན་ཅིག་གནས་པ་མེད་པའི་ཕྱིར་དམ་བཅའ་བ་མེད་པ་ཉིད་དོ། །དེ་བཞིན་དུ་པྲའི ཡི་གེ་ལ་ཡང་པྲ་ལ་སོགས་པའི་རིམ་གྱིས་བརྗོད་པའི་ཕྱིར་པྲའི་ཡི་གེ་མེད་དོ། །རླུང་དང་ནམ་མཁའ་དང་ལྕེ་དང་ས་དང་མགྲིན་པ་དང་རྐན་དང་མཆུ་དང་འབད་པ་ལ་སོགས་པའི་རྐྱེན་ལས་བྱུང་བའི་ཚེ་གཅིག་ལ་ཅིག་མེད་པ་ཡིན་ནོ། །སྨྲས་པ་གང་གི་ཕྱིར་བརྟག ན་དེ་མ་ཐག་ཏུ་རབ་ཏུ་རྟོག་པ་དེའི་ཕྱིར་རྟོག་གེ་ཞེས་བྱ་བའི་ཚིག་གི་དོན་ལ་ཡོད་པ་ཡིན་ནོ། །དེ་ཡོད་པའི་ཕྱིར་གཞན་དག་ཀྱང་གྲུབ་པ་ཡིན་ནོ། །ཞེ་ན། བརྗོད་པར་བྱ་སྟེ། ཐེ་ཚོམ་བཞིན་དུ་རྟོག་གེ་ཡང་ཡིན་ནོ། །ཇི་ལྟར་ཞེ་ན། ཤེས་པའི་དོན་ལ་དཔྱོད་པ་ཡིན་ནམ མི་ཤེས་པའི་དོན་ལ་དཔྱོད་པ་ཡིན་གྲང། དེ་ལ་གལ་ཏེ་ཤེས་པའི་དོན་ལ་ཡིན་ན་ཅི་ཞིག་དཔྱོད་པར་འགྱུར། འོན་ཏེ་མི་ཤེས་པའི་དོན་ཡིན་ན་ཡང་ཅི་ཞིག་དཔྱོད་པར་འགྱུར་རྣམ་པར་རྟོག་པ་གསུམ་པ་ནི་མེད་དོ། །སྨྲས་པ། རྣམ་པར་དཔྱད་པས་དོན་ཁོང་དུ་ཆུད པ་ནི་གཏན་ལ་ཕབ་པ་ཡིན་ལ། རོ་ཤེས་པའི་རྒྱུ་མཚན་ནི་འཐད་པའོ། །དེ་ཁོ་ན་ཉིད་ཤེས་པའི་དོན་དུ་དཔྱོད་པར་བྱེད་པ་ནི་རྟོག་གེ་ཡིན་ནོ། །ཞེ་ན། བརྗོད་པར་བྱ་སྟེ། རྫས་དང་ཡོད་པ་དང་གཅིག་ཉིད་ལ་སོགས་པ་དག་ནི་གཞན་དང་གཞན་མ་ཡིན་པ་དང གཉི་ག་མེད་པའི་ཕྱིར་གཏན་ལ་ཕབ་པ་མེད་དོ། །འདིར་བུམ་པ་དང་ཡོད་པ་དང་ཅིག་དང་ཟླུམ་པོ་དང་དམར་པོ་ལ་སོགས་པ་དག་ཅིག་ཉིད་དམ་གཞན་ཉིད་གྲང། དེ་ལ་གལ་ཏེ་ཅིག་ཉིད་དུ་འདོད་ན་གང་ལ་ཡོད་པ་ལ་སོགས་པ་དག་གི་ནང་ནས་གང་ཡང རུང་བ་ཅིག་སྲིད་པ་དེ་ལ་ནུས་པ་ཡོད་པར་འགྱུར་ཏེ། དབང་པོ་དང་ནུས་ལྡན་དང་གྲོང་ཁྱེར་འཇིག་པར་བྱེད་པ་བཞིན་ནོ། །འོན་ཏེ་དེ་ལྟ་མ་ཡིན་ན་དེ་ལྟ་བས་ན་ཅིག་ཉིད་མེད་དོ། །འོན་ཏེ་གཞན་ཡིན་ན་དེའི་ཕྱིར་བུམ་པ་ནི་ཡོད་པ་མ་ཡིན་ཞིང་གཅིག་ཀྱང མ་ཡིན་ལ། ཟླུམ་པོ་དང་དམར་པོ་ཡང་མ་ཡིན་ནོ། །བུམ་པ་ནི་ཡོད་པ་ཡིན་ཏེ། ཡོད་པ་ཉིད་དང་ལྡན་པའི་ཕྱིར་རོ། །ཞེ་ན། དེ་ནི་མ་ཡིན་ཏེ། གང་ཞིག་གང་དང་ལྡན་པ་དེ་ནི་དེ་ཉིད་དུ་འགྱུར་བ་མ་ཡིན་ནོ། །དེའི་ཕྱིར་གཅིག་ཉིད་དང་གཞན་ཉིད་དང་གཉི་ག་མེད པའི་ཕྱིར་གཏན་ལ་དབབ་པ་མེད་དོ། །སྨྲས་པ་ཚང་མས་སྒྲུབ་པར་བྱེད་པ་དམིགས་པ་ཅན་གྲུབ་མཛའ་དང་མི་འགལ་བ་ཡན་ལག་ལྔ་ལས་སྐྱེས་པ་ཕྱོགས་དང་མི་མཐུན་པ་དག་ཡོངས་སུ་འཛིན་པ་ནི་རྩོད་པ་ཡིན་ལ། འདིར་བུམ་པ་ལ་སོགས་པ་གསལ་བར འདོད་པ་ཁྱོད་དང་ཕྱོགས་དང་མི་མཐུན་པ་ཡོངས་སུ་འཛིན་པ་ཡིན་ནོ། །བརྗོད་པར་བྱ་སྟེ། རྩོད་པ་ནི་ཡོད་པ་མ་ཡིན་ཏེ། རྗོད་པར་བྱེད་པ་དང་བརྗོད་བྱ་དག་མེད་པའི་ཕྱིར་རྩོད་པ་ཡང་མེད་དོ། །ཇི་ལྟར་རྫས་དང་ཡོད་པ་དང་གཅིག་ཉིད་ལ་སོགས་པ་དག་ནི ག་ཞན་དང་གཞན་མ་ཡིན་པ་གཉི་ག་མེད་པས་གཏན་ལ་ཕབ་པ་མེད་པ་དེ་བཞིན་དུ་གལ་ཏེ་བུམ་པ་མངོན་པར་བརྗོད་པ་དང་བུམ་པ་ཅིག་ཉིད་ཡིན་ན་བུམ་པ་བརྗོད་པ་བཞིན་དུ་ཕྱི་རོལ་ཡང་འཇིམ་པའི་གོང་བུ་དང་འཁོར་ལོ་དང་ཆུ་ལ་སོགས་པ་འདུས་པ ལམ་བལྟོས་པར་གྲུབ་པར་འགྱུར་ཏེ། བུམ་པ་ལ་སོགས་པ་མངོན་པ་དང་བརྗོད་པར་རྟོགས་ནས་བུམ་པ་ལ་སོགས་པ་འགྲུབ་པར་འགྱུར་རོ། །བུམ་པ་ཞེས་བརྗོད་པ་ན་ཁ་གང་པར་འགྱུར་ལ་མེ་ཞེས་བརྗོད་པ་ནམ་ཆུ་འཆིག་པར་འགྱུར་ཏེ་ལྟར་འདོད་པ་ཡང་མ ཡིན་ནོ། །གཞན་ཡིན་ན་བུམ་པ་ཞེས་ངེས་པར་བརྗོད་པ་ན་བུམ་པ་ངེས་པར་མི་འགྱུར་རོ། །པར་བྱས་པའི་བརྗོད་པའི་ཐ་སྙད་ཡིན་ནོ། །ཞེ་ན། མ་ཡིན་ཏེ། དོན་དམ་པར་དཔྱོད་པའི་སྐབས་ཡིན་པའི་ཕྱིར་རོ། །འདི་ལྟར་ལྷ་རྣམས་དགའ་བའི རིགས་པ་ཕྲ་བའི་ཕྱོགས་སུ་ལྷུང་བ་ཁྱོད་ཀྱི་ཚིག་གི་དོན་བཅུ་དྲུག་ཡོངས་སུ་ཤེས་པས་གྲོང་པར་འགྱུར་རོ། །ཞེས་བྱ་བ་ནི་གྲུབ་པའི་མཛའ་ཡིན་ནོ། །གང་གི་ཕྱིར་ཚད་མ་ལ་སོགས་པའི་ཚིག་དོན་བཅུ་དྲུག་པོ་འདི་དག་དོན་དམ་པར་འགྱུར་བ་ནི་འདི་ལ་རིགས་པ་ཅི་ཞིག ཅེས་མཁས་པ་རྣམས་ཀྱི་རྟོགས་པར་བྱེད་དོ། །རང་གིས་བརྡ་བྱས་པའི་མིང་འདི་དག་ནི་ཡང་དག་པ་མ་ཡིན་པའི་དོན་དག་ལ་ཡང་མཐོང་སྟེ། འདི་ལྟར་ལྷས་བྱིན་དང་དབང་པོས་སྦེད་ཅེས་བྱ་བ་ཡིན་ནོ། །གལ་ཏེ་འཇིག་རྟེན་པའི་ཐ་སྙད་འབའ་ ཞིག་ལས་འགྲོལ་བ་ཡིན་ན་བ་ལང?་རྫི་ལ་སོགས་པ་ཐམས་ཅད་ཀྱང་གྲོལ་བར་འགྱུར་བ་དང། མཁས་པ་དང་རྨོངས་པ་ཞེས་བྱ་བའི་ཁྱད་པར་དག་ཀྱང་མེད་པར་འགྱུར་རོ། །གཞན་ཡང། བརྡ་བྱས་པའི་མིང་དག་ནི་རྣམ་པ་དུ་མ་མཐོང་སྟེ་འདི་ལྟ་སྟེ་བ་ལང་ལ ཌ་མི་ཌ་ལ་སོགས་པ་ནི་སྟིང་ཏ་དང་འཕགས་པ་ཞེས་མིང་དུ་བྱས་པ་ལྟ་བུ་དང། དེ་བཞིན་དུ་ཡུལ་ཚིག་འཇིགས་པ་དག་གིས་ཀྱང་པཎ་ཌི་ར་ས་དང་སྐྱུར་རྩི་སོགས་པའི་རྫས་ལ་ཚོགས་ཅན་དང་ཤ་ལོ་ཀ་ལ་སོགས་པ་ལྟ་བུའོ། །གཞན་ཡང་འཇིག་རྟེན་པའི མཁས་པ་དག་ཀྱང་བརྗོད་པར་བྱེད་པ་དང་བརྗོད་པར་བྱ་བ་དུ་མ་ལ་སྦྱོར་བ་མཐོང་པའི་ཕྱིར་རོ། །འཇིག་རྟེན་པའི་མཁས་པ་དག་ནི་གོའི་སྒྲ་དུ་མ་ལ་སྦྱོར་བར་བྱེད་དེ། །ཧ་རིའི་སྒྲ་ཡང་དེ་བཞིན་ནོ། །གོའི་སྒྲ་རྣམ་པ་དུ་མ་ལ་འཇུག་པ་ནི་འདི་ལྟ་སྟེ། ངག དང་ཕྱོགས་དང་ས་གཞི་དང། འོད་ཟེར་རྡོ་རྗེ་ཕྱུགས་དང་མིག་།ཆུ་དང་མཐོ་རིས་དོན་དགུ་ལ། །མཁས་པས་གོ་སྒྲ་ངེས་གཟུང་བྱ། །ཇི་ལྟར་ཁྱབ་འཇུག་སེང་གེ་གླང་པོ་སྦལ། །ཉི་ཟླ་འོད་དང་སྤྲེའུ་དང། །སེར་སྐྱ་ནི་ཙོ་དབང་པོ་རླུང། །མཁས་བས་ཧ རིར་ཤེས་པར་བྱ། །སྒྲ་གཅན་གནས་ལྡན་ཁྱབ་འཇུག་དང། །ཧ་རི་བན་གླང་སྐྱོང་བདག་དང། །མི་ཡི་སེང་གེ་མི་ཐུང་སྦྲུལ། སྲེད་མེད་བུ་འདི་གྲགས་པ་ཡིན། །དེ་བཞིན་དུ་སྒྲ་གཞན་ལ་ཡང་ཉེ་བར་བཟུང་བར་བྱའོ། །འདི་ལྟར་རེ་ཤིག་བརྗོད་པར་བྱེད་པ གཅིག་ལ་དོན་དུ་མ་ཡིན་པ་དང། བརྗོད་པར་བྱ་བ་རེ་རེ་ལ་ཡང་བརྗོད་པར་བྱེད་པ་དུ་མ་ཡིན་ནོ། །དེ་བཞིན་དུ་ནུས་ལྡན་དང་དབང་པོ་དང་གྲོང་ཁྱེར་འཇིག་དང། མཆོད་སྦྱིན་དང་ཀཽ་ཤི་ཀ་དང་བརྒྱ་བྱིན་དག་གི་སྒྲ་ནི་བརྗོད་པར་བྱ་བ་ཅིག་ལ་འཇུག་པ་ཡིན་ནོ། །མེད པ་དང་ཡོད་པ་མ་ཡིན་པ་དང་མི་མདོག་པ་ཞེས་བྱ་བ་མིང་གི་རྣམ་གྲངས་ཡིན་ནོ། །དེ་ཡང་དོན་དམ་པར་གྲུབ་པ་མ་ཡིན་ནོ། །དེའི་ཕྱིར་རྗོད་པར་བྱེད་པ་དང་བརྗོད་པར་བྱ་བ་དག་རྣམ་པ་དུ་མ་འདྲེས་པའི་སྐྱོན་མཐོང་བའི་ཕྱིར་ངེས་པར་མ་གྲུབ་པ་ཡིན་ནོ། །གཞན་ཡང་གཅིག ཉིད་ཡིན་ན་རྗོད་པར་བྱེད་པ་རང་བརྗོད་པར་བྱ་བ་མ་གྲུབ་པ་ཡིན་ལ། གཞན་ཉིད་ཡིན་ན་ནི་བུམ་པ་ཞེས་བྱ་བའི་བརྗོད་པར་བྱེད་པ་སྦྱོར་བ་ན་བུམ་པ་ལ་ཤེས་པ་ངེས་པར་མི་འགྱུར་རོ། །དེ་ཁོ་ན་བཞིན་དུ་གཞན་ལ་ཡང་གཅིག་ཉིད་ཡིན་ན། སྔར་བཤད་པའི་སྐྱོན་ཉིད་ཡིན་ནོ།། དེའི་ཕྱིར་རྩོད་པ་ནི་མི་སྲིད་དོ། །གཞན་ཡང་བརྗོད་པ་དང་སུན་ཅི་ཕྱིན་དུ་བརྒལ་བ་ཡང་དེ་བཞིན་ནོ། །དེ་བཞིན་ཞེས་བྱ་བ་ནི་རྣམ་པ་གང་གིས་རྩོད་པ་སུན་ཕྱུང་བའི་རྣམ་པ་དེས་ཞེས་བྱ་བའི་དོན་ཏེ། དེས་བརྗོད་པ་དང་སུན་ཅི་ཕྱིན་དུ་བརྒལ་བ་དག་མེད་པ་ཡིན་ནོ། །སྨྲས པ་ཁྱོད་ཀྱིས་ཐམས་ཅད་གཏན་ཚིགས་ལྟར་སྣང་བར་བརྗོད་ཅིང་ལན་དང་ལྡན་པ་མ་ཡིན་ནོ། །ཞེ་ན་བརྗོད་པར་བྱ་སྟེ། ཆོས་མཐུན་པ་ཉིད་དང། ཆོས་མི་མཐུན་པ་ཉིད་མེད་པའི་ཕྱིར་གཏན་ཚིགས་ལྟར་སྣང་བ་མ་ཡིན་ནོ། །གལ་ཏེ་གཏན་ཚིགས་ལྟར་སྣང་བ་ཡོད་ན་དེ་ཆོས མཐུན་པ་ཉིད་ཀྱིས་ཡིན་ནམ་ཆོས་མི་མཐུན་པ་ཉིད་ཀྱིས་ཡིན་གྲང། རེ་ཞིག་ཆོས་མཐུན་པ་ཉིད་ཀྱིས་ནི་གཏན་ཚིགས་ལྟར་སྣང་བར་འགྱུར་བ་མ་ཡིན་ཏེ། ཇི་ལྟར་གསེར་ཉིད་ལ་གསེར་ཉིད་ཀྱིས་ཡོངས་སུ་དཔྱོད་པ་ན་གསེར་ཉིད་དོར་བར་མི་བྱེད་པ་དེ་ནི་གསེར་ཡིན་གྱི གསེར་ལྟར་སྣང་བ་ནི་མ་ཡིན་ནོ། །དེ་བཞིན་དུ་གཏན་ཚིགས་གང་ཡིན་པ་དེ་ནི་གཏན་ཚིགས་ཁོ་ན་ཡིན་གྱི་གཏན་ཚིགས་ལྟར་སྣང་བ་མ་ཡིན་ནོ། །དེ་བཞིན་དུ་ཆོས་མི་མཐུན་པ་ཉིད་ཀྱིས་ཀྱང་གཏན་ཚིགས་ལྟར་སྣང་བར་མི་འགྱུར་ཏེ། ཇི་ལྟར་བོང་བ་ལ་སོགས་པ་གསེར མ་ཡིན་པ་གང་ཡིན་པ་དེ་ནི་ཇི་ཀྱང་?་སེར་ལྟར་སྣང་བར་འགྱུར། དེ་བཞིན་དུ་གཏན་ཚིགས་མ་ཡིན་པ་དེ་ནི་གཏན་ཚིགས་ལྟར་སྣང་བ་མ་ཡིན་སྟེ། གཏན་ཚིགས་ཉིད་མ་ཡིན་པའི་ཕྱིར་རོ། །ལྟར་སྣང་ཞེས་བྱ་བ་ནི་དངོས་པོ་དེ་ཉིད་མ་ཡིན་ཏེ། དེ་ལས་བཟློག པ་ཡིན་པའི་ཕྱིར་རོ། །རང་གི་རྒྱུད་ཡོངས་སུ་འགྱུར་བའི་ཁྱད་པར་ཁམས་མི་མཉམ་པ་ཉིད་ལས་མི་ཉམས་པའམ། ཁམས་མཉམ་པ་ལས་དེའི་བློ་ནི་ཤེས་པ་ཉིད་ཡིན་པ་ལྟར། ཡོངས་བརྟགས་ན་གཏན་ཚིགས་ལྟར་སྣང་བ་ཞེས་བྱ བ་ཅུང་ཟད་ཡོད་པ་མ་ཡིན་ནོ། །གང་གི་ཕྱིར་གཏན་ཚིགས་མ་ཡིན་པ་དང། གཏན་ཚིགས་ལས་གཞན་གསུམ་པ་ནི་འཐད་པ་མ་ཡིན་ནོ། །དེ་ལྟ་བས་ན་གཏན་ཚིགས་ལྟར་སྣང་བ་ནི་ཡོད་པ་མ་ཡིན་ནོ། །གཞན་ཡང། མ་འཁྲུལ་པ་ནི་འཁྲུལ་པ་དང བྲལ་བ་ལས་ཡིན་ནོ། །མ་འཁྲུལ་པ་ཉིད་གང་ལས་ཞེ་ན། རང་གི་བདག་ཉིད་ལ་འཁྲུལ་པ་དང་བཅས་པ་ཡིན་པར་འགྱུར་རམ་མ་འཁྲུལ་པར་འགྱུར་གྲང། གལ་ཏེ་བདག་ཉིད་ལ་འཁྲུལ་པར་མི་འགྱུར་བ་ཡིན་ན་འཁྲུལ་པ་དང་བཅས་པར་མི་འགྱུར ཏེ། ཇི་ལྟར་ཞེ་ན། བདག་ཉིད་རང་གི་ངོ་བོ་མི་འདོར་བའི་ཕྱིར་རོ། །བདག་ཉིད་དེས་ཡོད་པ་ཉིད་ཀྱི་ཕྱིར་འཁྲུལ་པ་དང་བཅས་པར་མི་འགྱུར་རོ། །འོན་ཏེ་རང་གི་ངོ་བོ་འདོར་བར་བྱེད་པ་དེ་ལྟ་ན་ཡང་འཁྲུལ་པ་དང་བཅས་པར་མི་འགྱུར་རོ། །འོན་ཏེ་རང གི་ངོ་བོ་འདོར་བར་བྱེད་པ་དེ་ལྟ་ན་ཡང་འཁྲུལ་པ་དང་བཅས་པ་མ་ཡིན་ཏེ། རང་གི་ངོ་བོ་དོར་ནས་དེ་ཉིད་མེད་པའི་ཕྱིར་རོ།། རྣམ་པ་གཞན་དུ་ན་ཡང་རིགས་པ་ཡོད་པ་མ་ཡིན་ནོ། །འདི་སྐད་བསྟན་པར་འགྱུར་ཏེ་གཏན་ཚིགས་བསྒྲུབ་བྱ་སྒྲུབ་པར བྱེད་པའི་རང་བཞིན་ཅན་གང་ཡིན་པ་དེ་ནི་བདག་ཉིད་དེས་འཁྲུལ་པ་ཅན་མ་ཡིན་ལ། བསྒྲུབ་བྱ་སྒྲུབ་པར་བྱེད་པའི་རང་བཞིན་མ་ཡིན་པ་དེ་ནི་གཏན་ཚིགས་མ་ཡིན་པ་ཉིད་ཀྱི་ཕྱིར་འཁྲུལ་པ་དང་བཅས་པ་མ་ཡིན་ཏེ། རྣམ་པར་རྟོག་པ་གསུམ་པ་མེད་པའི་ཕྱིར་རོ སྨྲས་པ། འཁྲུལ་པ་དང་བཅས་པའི་གཏན་ཚིགས་ཡོད་དོ། །འདི་ལྟ་སྟེ་ནམ་མཁའ་དང་ལས་ཞེས་བྱ་བ་དག་ལ་ལུས་ཅན་མ་ཡིན་པ་ཉིད་དང། རྡུལ་ཕྲ་རབ་དང། བུམ་པ་ཞེས་བྱ་བ་ལ་སོགས་པ་ལ་སྤྱི་དང་ཁྱད་པར་ལྟ་བུའོ། །ཞེ་ན། མ་ཡིན་ཏེ། དེ དག་ལས་གཞན་ཡིན་པའི་ཕྱིར་རོ། །དེ་ནི་ཡོད་པ་མ་ཡིན་ནོ། །ག་ལས་ཞེ་ན་དེ་དག་གཞན་ཉིད་ཡིན་པའི་ཕྱིར་རོ། །ནམ་མཁའ་ལ་ཡོད་པའི་ལུས་ཅན་མ་ཡིན་པ་གང་ཡིན་པ་དེ་ནི་དེ་ཉིད་ལས་དང་བློ་ལ་ཡོད་པར་རིགས་པ་མ་ཡིན་དེ་སྐྱེས་པ་དང་མ་སྐྱེས་པ་འགལ་བའི་ཕྱིར རོ། །འདིར་ལས་དང་བློ་ལ་སོགས་པ་དག་གི་ལུས་ཅན་མ་ཡིན་པ་ནི་སྐྱེ?་བ་དང་ལྡན་པ་ཡིན་ལ། ནམ་མཁའ་ནི་མ་ཡིན་པ་ཉིད་དོ། །ནམ་མཁའ་ཨི་ལུས་ཅན་མ་ཡིན་པ་ཉིད་གང་ཡིན་པ་དེ་ནི་ལས་ལ་ཡོད་པ་མ་ཡིན་ཏེ། གང་གི་ཕྱིར་ལས་ནི་སྐྱེ་བ་དང་ལྡན་པའི་ཕྱིར་རོ། ། ལུས་ཅན་མ་ཡིན་པ་དེ་དང་ལྷན་ཅིག་སྐྱེ་བ་ན་སྐྱེ་བ་དང། དེ་འཇིག་པ་ན་ཡང་འཇིག་པའི་ཕྱིར་རོ། །དེའི་ཕྱིར་ནམ་མཁའ་དང་ལུས་ཅན་མ་ཡིན་པ་གཞན་ཉིད་ཡིན་ནོ། །ནམ་མཁའ་ཨི་ལུས་ཅན་མ་ཡིན་པ་ཉིད་གང་ཡིན་པ་དེ་ལས་བློ་ལ་སོགས་པ་ལ་རིགས་པ་མ་ཡིན ལ་ལས་ཀྱི་ལུས་ཅན་མ་ཡིན་པ་ཉིད་གང་ཡིན་པ་དེ་ཡང་ནམ་མཁའ་ལ་ཡོད་པ་མ་ཡིན་ནོ། །སྒྲུབ་པ་དང་སུན་འབྱིན་པ་ལ་རྒྱུ་མཚོན་འགའ་ཞིག་ཡོད་པ་སྒྲུབ་པར་བྱེད་ལ་གང་ཡིན་པ་དེ་སྒྲུབ་པར་བྱེད་པ་ཉིད་དུ་མི་འཁྲུལ་ལ། དེ་བཞིན་དུ་སུན་འབྱིན་པ་ལ་ཡང བརྗོད་པར་བྱའོ། །དེའི་ཕྱིར་འཁྲུལ་པ་དང་ལྡན་པའི་གཏན་ཚིགས་ནི་ཡོད་པ་མ་ཡིན་ནོ། །འགལ་བ་ཉིད་ཡིན་གྱི་འཁྲུལ་པ་དང་བཅས་པ་ནི་མ་ཡིན་ནོ། །དེའི་ཕྱིར་ནམ་མཁའ་ཨི་ལུས་ཅན་མ་ཡིན་པ་ཉིད་ནི་རྟག་པ་ཉིད་ནི་སྒྲུབ་པ་ལ་འཁྲུལ་པ་མ་ཡིན་ནོ། །ལས་ལ སོགས་པ་ལ་ཡང་དེ་བཞིན་ནོ། །གཞན་ཡང། སྐད་ཅིག་མ་ཉིད་ཀྱི་ཕྱིར་ཡང་ངོ། །དོན་གང་ལ་བསྒྲུབ་པ་འམ་སུན་འབྱིན་པར་བྱེད་པ་དེ་ལ་འཇིག་པ་ཡོད་པ་ཡིན་ན་སྒྲུབ་པ་འམ་སུན་འབྱིན་པར་བྱེད་པ་རིགས་པ་མ་ཡིན་ནོ། །གཉི་ག་གནས་པ་ཡིན་ན་གཏན་ཚིགས སྒྲུབ་པའམ་སུན་འབྱིན་པར་བྱེད་པ་ཡིན་གྱི་དེ་འཇིག་པ་ན་གཏན་ཚིགས་དེ་སྒྲུབ་པའམ་སུན་འབྱིན་པར་བྱེད་པར་རིགས་པ་མ་ཡིན་ཏེ་གཉི་ག་གནས་པ་མེད་པའི་ཕྱིར་རོ། །དེའི་ཕྱིར་འཁྲུལ་པ་དང་བཅས་པའི་གཏན་ཚིགས་ཡོད་པ་མ་ཡིན་ནོ། །སྨྲས་པ། ཁྱོད་ཀྱིས་ཐམས ཅད་འགལ་བར་བརྗོད་པ་ཡིན་གྱི་འཁྲུལ་པ་དང་བཅས་པ་ནི་མ་ཡིན་ནོ། །མ་ངེས་པ་ཁོ་ན་འཁྲུལ་པ་དང་བཅས་པ་ཡིན་ནོ། །སྒྲུབ་པར་བྱེད་པ་གང་ཡིན་པ་དེ་སྒྲུབ་པར་བྱེད་པ་ཉིད་ལ་མ་འཁྲུལ་པ་ཡིན་ལ། དེ་བཞིན་དུ་སུན འབྱིན་པར་བྱེད་པ་ལ་ཡང་བརྗོད་པར་བྱའོ། །དེའི་ཕྱིར་འཁྲུལ་པ་དང་ལྡན་པའི་གཏན་ཚིགས་མེད་པའི་ཕྱིར་ཞེས་འགལ་བ་ཉིད་ཡིན་ནོ་ཞེ་ན། བརྗོད་པར་བྱ་སྟེ། སྔ་མ་དང་ཕྱི་མར་འབྱུང་བའི་ཕྱིར་འགལ་བ་མེད་དོ། །འགལ་བར་བརྗོད་པ་གང་ཡིན་པ་དེ་ནི མེད་དེ། རེ་ཞིག་སྔ་མལ་འགལ་བ་མེད་དེ་ཕྱི་མ་མེད་པའི་ཕྱིར་ཕྱིར་རོ། །ཕྱི་མར་བརྗོད་པ་ལ་ཡང་འགལ་བ་མེད་དེ། སྔ་མའི་ཚིགས་མེད་པའི་ཕྱིར་རོ། །གཉི་ག་དུས་གཅིག་ཏུ་གནས་པ་ནི་འགལ་བ་ཡིན་ལ། རྒོལ་བ་དང་ཕྱིར་རྒོལ་བ་དུས་ཅིག་ཁོ་ནར་ལན་དང ཕྱིར་རྒོལ་བའི་ལན་དག་སྨྲ་བའི་སྐབས་ནི་མེད་དེ། ལྷན་ཅིག་གནས་པ་མེད་པ་དག་ནི་འགལ་བ་མེད་པའི་ཕྱིར་རོ། །སྨྲས་པ། འདས་པའི་དུས་ཞེས་བྱ་བ་གཏན་ཚིགས་ལྟར་སྣང་བ་ཡོད་དོ། །དེ་ཡོད་པས་གཏན་ཚིགས་ལྟར་སྣང་བ་ཡོད་དོ་ཞེ་ན། བརྗོད་པར བྱ་སྟེ། འདས་པ་ནི་འདས་པའོ། །འདས་པ་ཞེས་བྱ་བ་འདས་པར་གྱུར་པའོ། །འདིར་ཁྱེད་ཀྱིས་བུམ་པའི་བདག་ཉིད་ཀྱི་དུས་ནི་ད་ལྟ་བ་ཡིན་ལ། འཇིམ་གོང་གི་དུས་ནི་འདས་པ་ཡིན་ཞིང་གྱོ་མོའི་བདག་ཉིད་ནི་མ་འོངས་པའི་དུས་ཡིན་པར་བརྗོད་དོ། །གྱོ་མོ མ་འོངས་པ་དེའི་ཡང་འཇིམ་གོང་དང་བུམ་པའི་དུས་དག་འདས་པར་གྱུར་པ་ཡིན་ནོ། །དེའི་ཚེ་དེ་དག་མེད་པའི་ཕྱིར་འདི་ནི་གང་གི་མ་འོངས་པར་འགྱུར་ད་ལྟར་དང་འདས་པ་ཡོད་དོ་ཞེ་ན། དེ་ཡང་མ་ཡིན་ཏེ། ད་ལྟར་གྱི་དུས་ལ་འདས་པ་མེད་པའི་ཕྱིར་དང། དེ་བཞིན་དུ་འདས་པའི་དུས་ལ་ཡང་ད་ལྟར་བ་མེད་པའི་ཕྱིར་དུས་ཐམས་ཅད་ལ་འཐོབ་པར་འགྱུར་རོ། །རྗོད་བྱེད་ཀྱི་རྣམ་པ་ཐམས་ཅད་མེད་པར་ཐལ་བར་འགྱུར་བའི་ཡང་ཕྱིར་རོ། །འཇིག་རྟེན་ན་ནི་བརྗོད་བྱེད་ཀྱི་རྣམ་པ་དུ་མ་ཡོད་དེ་ལེགས་པར་སྦྱར་བ་དང། ལེགས པར་སྦྱར་བ་མ་ཡིན་པ་དང། ཐ་མལ་པའོ། །འབྱུང་བར་གྱུར་པ་ནི་འདས་པའོ། །ཡོད་པ་ནི་ད་ལྟར་བྱུང་བའོ། །འབྱུང་བར་འགྱུར་བ་ཞེས་བྱ་བ་ནི་མ་འོངས་པའོ། །དེ་བཞིན་ལེགས་པར་སྦྱར་བ་མ་ཡིན་པ་དང་ཐ་མལ་པའི་བརྗོད་པར་བྱེད་པ་ལ་ཡང་སྦྱར་བར་བྱ་སྟེ། གཞུང་མངས་པའི ཉེས་པས་མ་བརྗོད་དོ། །གཞན་ཡང། འདས་པའི་གཏན་ཚིགས་སམ་འདས་པའི་དུས་ནི་ཡོད་པ་མ་ཡིན་ཏེ་། གང་ལས་ཞེ་ན། མི་སྲིད་པའི་ཕྱིར་རོ། །རྣ་བའི་དབང་པོས་ནི་གཏན་ཚིགས་ཉིད་ཐོས་པ་ཡིན་གྱིས་འདས་པ་ནི་མ་ཡིན་ཏེ། འདས་པའི ཕྱིར་རོ། །འདས་པའི་དུས་ཀྱང་རིགས་པ་མ་ཡིན་ཏེ། གཏན་ཚིགས་འདས་པ་ཡིན་པའི་ཕྱིར་རོ། །ད་ལྟར་གྱི་དུས་ནི་འདས་པའི་གཏན་ཚིགས་དང་འབྲེལ་བ་མ་ཡིན་ཏེ་གང་དང་འདི་འབྲེལ་པར་འགྱུར་ཏེ་དེ་ཉིད་གཏན་ཚིགས་ཀྱི་དུས་ཡིན་ནོ། །དེའི་ཕྱིར་དེ་ལྟ་བུ་ལ སོགས་པའི་རྒྱུ་མཚན་གྱིས་རྣམ་པར་དཔྱད་ན་འདས་པའི་དུས་ཡོད་པ་མ་ཡིན་ཞིང་གཏན་ཚིགས་ཀྱང་ཡོད་པ་མ་ཡིན་ནོ། །སྨྲས་པ། ཁྱོད་ཀྱི་ཐམས་ཅད་ཚིག་དོན་དུ་བརྗོད་པ་ཡིན་གྱི་དོན་དམ་པར་མ་ཡིན་ནོ་ཞེ་ན། བརྗོད་པར་བྱ་སྟེ། མ ཡིན་ཏེ། ཐམས་ཅད་ལ་ཐལ་བར་འགྱུར་པའི་ཕྱིར་རོ། །འདི་ནི་དེ་ལྟ་བུ་མ་ཡིན་ཏེ། གང་ཅུང་ཟད་ལན་དུ་བརྗོད་པ་དེ་ཐམས་ཅད་ཚིག་དོན་ཉིད་དུ་འགྱུར་བའི་ཕྱིར་རོ། །ག་ལས་ཞེ་ན། སྨྲ་བ་པོ་ཐམས་ཅད་ནི་འཐད་པས་གདོན་མི་ཟ་བར་ཚིག་ཉམས་པར་བྱེད་པ་ཡིན་ནོ། དེའི་ཕྱིར་ལན་དུ་འཐད་པ་མ་ཡིན་ནོ། །ཚིག་དོར་བ་མེད་པའམ། ཡང་ན་ཚུལ་འདི་མི་འདོད་ན་དེའི་ཕྱིར་ཚིག་དོར་བ་མེད་པར་འགྱུར་རོ། །སྨྲས་པ་གང་ལ་བརྒྱ་འམ་སྟོང་དུ་ལན་བཏབ་པས་ལྟག་ཆོད་དུ?་ཐལ་བར་འགྱུར་བ་ངེས་པའི་དོན་ལ་ལྟག་ཆོད་ཅེས་བྱ་བ་ཚིག གི་དོན་ཡོད་དོ་ཞེ་ན། བརྗོད་པར་བྱ་སྟེ། སྐྱེས་པ་དང་མ་སྐྱེས་པ་གཉི་ག་མེད་པའི་ཕྱིར་ལྟག་ཚད་ནི་མེད་དོ། །ལྟག་ཚད་ཅེས་བརྗོད་པ་གང་ཡིན་པ་དེ་གང་ལས་ཞེ་ན། སྐྱེས་པའམ་མ་སྐྱེས་པ་འམ་སྐྱེ་བཞིན་པ་སྐྱེ་བ་ཡིན་གྲང། དེ་ཞིག་སྐྱེས་པ་མ་ཡིན་ཏེ། སྐྱེས་ཟིན་པ ཉིད་ཀྱི་ཕྱིར་རོ། །མ་སྐྱེས་པའང་མ་ཡིན་ཏེ། མ་སྐྱེས་པ་ཉིད་ཀྱི་ཕྱིར་རོ། །གཉི་ག་མེད་པའི་ཕྱིར་སྐྱེ་བཞིན་པ་ཡོད་པ་མ་ཡིན་ཏེ་སྐྱེས་པ་དང་མ་སྐྱེས་པ་ལས་མ་གཏོགས་པའི་སྐྱེ་བཞིན་པ་བྱ་བ་ནི་ཡོད་པ་མ་ཡིན་ནོ། །སྨྲས་པ། ཁྱོད་ཀྱིས་བཟློས་པ བརྗོད་པར་རྟོགས་པར་བྱེད་དེ་གང་གི་ཕྱིར་ཁྱོད་སྣ་ཚོགས་པའི་དོན་ལ་ཡོད་པ་དང་མེད་པ་ཉིད་ཀྱིས་དགག་པ་བྱེད་ཀྱི་རྣམ་པ་གཞན་དུ་ནི་མ་ཡིན་ནོ། །དེའི་ཕྱིར་ཚར་བཅད་པའི་གནས་ཡིན་ནོ། །ཞེ་ན། བརྗོད་པར་བྱ་སྟེ། མ་ཡིན་ཏེ་སྔ་མ་ཕྱི་མ་དག་གཅིག་ཉིད་དང གཞན་ཉིད་དུ་མེད་པའི་ཕྱིར་ཟློས་པ་བརྗོད་པ་ནི་མ་ཡིན་ནོ། །གལ་ཏེ་ཟློས་པ་བརྗོད་པར་འགྱུར་ན་གཅིག་གིས་སམ་གཞན་གྱིས་ཡིན་གྲང། སྔ་མ་དང་ཕྱི་མའི་ཚིག་དེ་ནི་གཅིག་ཉིད་ཀྱིས་ཟློས་པ་བརྗོད་པ་སྲིད་པ་མ་ཡིན་ནོ། །ཇི་ལྟ་ཞེ་ན། གང་གི་ཕྱིར་བརྗོད་པ དེའི་ཕྱིར་ཟློས་པ་བརྗོད་པ་མ་ཡིན་ཏེ། དེ་ཉིད་ཡིན་པའི་ཕྱིར་རོ། །དེ་ཉིད་ཡིན་པའི་ཕྱིར་ལན་བརྒྱར་བརྗོད་ཀྱང་ཇི་ལྟར་ཟློས་པར་འགྱུར། འོན་ཏེ་སྔ་མ་ལས་གཞན་ཡིན་ནོ་ཞེ་ན། དེ་ཡང་ཟློས་པ་བརྗོད་པར་མི་འགྱུར་ཏེ། གཞན་ཉིད་ཡིན་པའི་ཕྱིར་དང། སྐད་ཅིག་མ་ཡིན་པའི་ཕྱིར་རོ། །སྒྲ་ཡང་བརྗོད་པ་སྔ་མ་གཞན་ཡིན་ལ། ཕྱི་མ་ཡང་དེ་དང་འདྲ་པར་གཞན་ཡིན་ནོ། །དེའི་ཕྱིར་བཟློས་པ་བརྗོད་པ་གཞན་ཡིན་ནོ། །གཞན་ཡང། ཚར་བཅད་པའི་གནས་ཀྱང་དེ་བཞིན་ནོ། ཇི་ལྟར་སྐྱེས་པ་དང་མ་སྐྱེས་པ་གཉི་ག མེད་པའི་ཕྱིར་ལྟག་ཆོད་མེད་པ་བཞིན་དུ་ཚར་གཅད་པའི་གནས་ཀྱང་མེད་པ་ཡིན་ནོ། །ཚར་གཅད་པའི་གནས་ཞེས་བྱ་བ་ཚར་གཅད་པ་ལས་འགྱུར་རམ་མ་བཅད་པ་ལས་འགྱུར་གྲང་ན། །རྣམ་པ་གཉི་ག་ཡང་སྲིད་པ་མ་ཡིན་ཏེ། དེའི་ཕྱིར་དེ་ནི་མེད་དོ། ། གཞན་ཡང་ཚར་བཅད་པའི་གནས་ལ་ནི་ཚར་བཅད་པ་མེད་དེ་བཅིང་པ་བཞིན་ནོ། །ཚར་བཅད་པའི་གནས་ལ་ཡང་ཚར་གཅོད་པར་མི་འགྱུར་ཏེ། དཔེར་ན་བཅིངས་པའི་གནས་ན་གནས་པ་ཡང་གདོན་མི་ཟ་བར་བཅིངས་པར་འགྱུར་བ་མ་ཡིན་པས་ན་འདིའི ངེས་པ་ནི་ཡོད་པ་མ་ཡིན་ནོ། །སྨྲས་པ་ཚད་མ་ལ་སོགས་དགག་པར་བྱ་བ་བཞིན་དུ་དགག་པ་ཡང་མེད་པ་ཡིན་ནོ། །ཞེ་ན། བརྗོད་པར་བྱ་སྟེ། གཉི་ག་ཁས་མ་བླངས་པའི་ཕྱིར་རོ། །དེ་མ་གྲུབ་ན་མ་གྲུབ་པ་ཁོ་ནར་ཟད་དོ། །གལ་ཏེ་ཚང་མ་ལ་སོགས་པ་དག་མེད་པས་དགག་? ཡང་མེད་པ་ཡིན་ཏེ། དེ་ལྟ་བས་ན་གཉི་ག་ཡང་མ་གྲུབ་བོ་ཞེས་བྱ་བར་འདོད་ན། དེ་ཁོ་ན་བཞིན་དུ་བརྗོད་པ་ཡིན་ནོ། །མངོན་པར་བརྗོད་པ་ནི་མེད་པ་ཉིད་དོ། །གཅིག་ཉིད་དང་གཞན་ཉིད་དང་གཉི་ག་མེད་པའི་ཕྱིར་དངོས་པོ་ཐམས་ཅད་མེད་པར་ཁས་བླངས་པ་ཡིན་ནོ། དེ་ལྟ་བས་ན་དངོས་པོ་མེད་པར་མངོན་པར་བརྗོད་པར་བྱ་བ་དང། མངོན་པར་བརྗོད་པ་ཡང་མེད་པ་ཡིན་ནོ། །དེའི་ཕྱིར་མྱ་ངན་ལས་འདས་པ་དང་བྱང་གྲོལ་ཞེས་བྱ་བ་དག་དོན་གཞན་ཉིད་ནི་མ་ཡིན་ནོ། །ཚད་མ་ལ་སོགས་པ་ཚིག་གི་དོན་བཅུ་དྲུག་སེལ་བར་བྱེད་བཞིན? མོ་རྣམ་པར་འཐག་པའི་རབ་ཏུ་བྱེད་པ། སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ་རྫོགས་སོ།། །།ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ། །ཡོན་ཏན་གྲགས་པའི་བཀས། ཁ་ཆེའི་པཎྜི་ཏ་ཛ་ཡ་ཨཱནྟ?་ཏ་དང། བོད་ཀྱི་ལོཙྪ་བ ཆེན་པོ་ཤཱཀྱའི་དགེ་སློང་ཁུ་མདོ་སྡེ་འབར་གྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་བའོ། ། །།སྟོང་པ་ཉིད་བདུན་བཅུ་པའི་བཤད་པ་འཕགས་པ་ཀླུ་སྒྲུབ?་ཀྱིས་མཛད་པ་བཞུགས་སོ།། །།རྒྱ་གར་སྐད་དུ། ཤུ་ནྱཱ་ཏ་སྱ་ས་ལྟ་ཏ་པྲིཏྟི། བོད་སྐད་དུ། སྟོང་པ་ཉིད་བདུན་བྱ་བ་མི་འགྲེལ་པ།

CLOSE WINDOW