Wylie | e-texts based on the ACIP/ALL ![]() ![]() |
། (།།ཆོས་སྤྱོད་ཐམས་ཅད་ཀྱི་མན་ངག་མངོན་པར་རྟོགས་པའི་རྣམ་བཤད་གཟི་བརྗིད་སྣང་བ་ཞེས་བྱ་བ་བཞུགས་སོ།།)་།།རྒྱ་གར་སྐད་དུ། སརྦ་དྷརྨ་ཙརྱ་ཨཽ་པ་དེ་ཤ་ཨ་བྷི་ས་མ་ཡཱ་ཏནྟྲ་བྱཱ་ཁྱཱ་ཏེ་ཛཱ་ཨཱ་ལོ་ཀ་ནཱ་མ། བོད་སྐད་དུ། ཆོས་སྤྱོད
ཐམས་ཅད་ཀྱི་མན་ངག་མངོན་པར་རྟོགས་པའི་རྒྱུད་ཀྱི་རྣམ་པར་བཤད་པ་གཟི་བརྗིད་སྣང་བ་ཞེས་བྱ་བ་འཕགས་པ་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ། །བཅུ་གཅིག་ས་ལ་རབ་གནས་མངོན་རྫོགས་ཐམས་ཅད་མཁྱེན། །བདུད་རྩི་རྒྱ
མཚོས་འཁོར་བའི་དུག་སེལ་ཐར་པ་ཆེན་པོའི་ལམ། །རྣམ་དག་བྱང་ཆུབ་སེམས་ཆུས་ཁྲུས་བྱས་བསླབ་པའི་གོས་གཙང་གྱོན། །འགྲོ་བ་བྱང་ཆུབ་ལམ་ལ་འགོད་མཛད་གསུམ་ལ་ཕྱག་འཚལ་ནས། །ཆོས་རྣམས་ཀུན་གྱི་མན་ངག་ཟབ་མོ་མངོན་པར་རྟོགས
པ་ཡི། །འགྲེལ་འདི་འགྲོ་ལ་ཕན་ཕྱིར་རྒྱས་བཤད་བྱ། །བདེ་བར་གཤེགས་པས་གསུངས་པ་ཡི། །ཆོས་འདི་འགྲོ་བ་ཀུན་གྱི་དཔལ། །འདི་རྒྱན་མེ་ཏོག་རབ་བཀོད་པའི། །གླེང་གཞི་སྡོམ་དང་ཡན་ལག་བཅས། །མན་ངག་ཕ་རོལ་ཕྱིན་དྲུག་ལྡན། །
དེ་འབྲས་གདམས་ངག་བསྟན་པའོ། །དེ་བདུན་གཟི་བརྗིད་སྣང་བ་ཡིས། །སྐྱོན་བྲལ་བཟང་པོར་ངེས་པར་བཤད། །དེ་ལ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པས་འགྲོ་བ་སེམས་ཅན
ཐམས་ཅད་མྱུར་བར་རྫོགས་པར་སངས་རྒྱས་པར་མཛད་པའི་ཕྱིར། ཆོས་ཐམས་ཅད་ལས་ཁྱད་པར་དུ་འཕགས་པའི་མན་ངག་འདི་གསུངས་ཏེ། ངེས་པའི་དོན་འབའ་ཞིག་ལས་མ་གཏོགས་པ་དྲང་བའི་ཚིག་གཅིག་ཀྱང་མེད་པའི་ཕྱིར་རོ། །དུས་ཐ་མའི
སེམས་ཅན་ལ་བླ་མས་སློབ་མ་ལ་མན་ངག་བྱིན་པ་བཞིན་དུ་མན་ངག་ཡང་དག་པར་གནང་བ་ཡིན་ཏེ། རྒྱུད་བཞི་ལས་ཡང་བརྒྱུད་པའི་ཕྱིར་རོ། །དེ་ལ་རྒྱུད་བཞི་ཞེས་བྱ་བ་ནི། བཅོམ་ལྡན་འདས་ལ་འཇམ་དཔལ་གྱིས་ཞུས་ཏེ། འཇམ་དཔལ་ལ
བཅོམ་ལྡན་འདས་ཀྱིས་ཡང་དག་པར་གཏད་པ་དང། འཇམ་དཔལ་གྱིས་གསང་བའི་བདག་པོ་ལག་ན་རྡོ་རྗེ་ལ་ཡོངས་སུ་གཏང་བ་དང། གསང་བའི་བདག་པོ་ལག་ན་རྡོ་རྗེ་མན་ངག་བདུད་རྩི་འཁོར་ལོར་ཡང་དག་པར་བསྡུས་པ་དང། དེ་དག་གི་དོན་བདག
གིས་ཨཽ་པ་ལ་བརྩེགས་པའི་གཙུག་ལག་ཁང་དུ་གཟི་བརྗིད་སྣང་བ་འདི་ཡང་དག་པར་བཀྲོལ་བ་ན་རྒྱུད་བཞི་ཞེས་བྱའོ། །དེ་ལ་འདི་ཡང་དག་པར་སྟོན་པ་ནི་བདེ་བར་གཤེགས་པའི་བསྟན་པ་འཛིན་པ་ཡིན་ཏེ། ལྷ་དང་མི་ལ་སོགས་པ་ཐམས་ཅད་ཀྱིས་བཀུར
པར་འོས་པའོ། །གང་ཡོངས་སུ་སྟོན་པ་འམ། འདི་ཐོག་མར་སྤེལ་བའི་གང་ཟག་དེ་ནི་ཕྱག་ན་རྡོ་རྗེ་དང། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པ་ལས་བྱུང་བའོ། །འདི་སྟོན་ལ་སོགས་པ་ནི་བླ་མ་དམ་པ་དེ། དེ་ལ་སྲོག་ལ་སོགས་པས་ཀྱང
མཆོད་པ་བྱས་པ་ཡིན། རྫས་ལ་སོགས་པ་ནི་སྨོས་མི་དགོས་པར་ཡོངས་སུ་མཆོད་པའོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་བྱ་རྒོད་ཕུང་པོའི་རི་ལྷ་མ་ཡིན་གྱི་བྲག་ཕུག་ན་བཞུགས་ཏེ། ཞེས་བྱ་བ་ལ་སོགས་པ
འཇམ་དཔལ་གྱིས་བཅོམ་ལྡན་འདས་ཀྱིས་གསུངས་པའི་སྐད་ཅིག་དེ་ཉིད་ལ་ཐོས་པ་ན་དུས་གཅིག་ནའོ། །དེས་གང་ལ་གསུངས་ཤེ་ན། གསང་བའི་བདག་པོ་ལ་སོགས་པ་ལ་ལན་གཉིས་པའི་བརྡའ་ཉེ་བར་སྦྱར་བའོ། །བྱ་རྒོད་ཕུང་པོ་ནི་བྱ་རྒོད་ལ་སོགས་པ་འདུས
པ་ནི་མ་ཡིན་ཏེ། རི་དེ་ཉིད་ཀྱི་དབྱིབས་བྱ་རྒོད་དཔུངས་པ་འདྲ་བས་ན་བྱ་རྒོད་ཕུང་པོའོ། །རྒྱལ་པོའི་ཁབ་ནི་རྒྱལ་པོ་གསལ་རྒྱལ་ལ་སོགས་པའི་ཁབ་ཡིན་པའི་ཕྱིར་རོ། །ལྷ་མ་ཡིན་ནི་ལྷ་མ་ཡིན་པའི་ཕྱིར་རོ། །ལྷ་མ་ཡིན་གྱི་བྲག་ཕུག་ནི་བྱ་རྒོད་དཔུངས་པའི
རིའི་བྱང་ཤར་གྱི་མཚམས་ན། ཟབ་མོའི་ཆོས་གསུངས་པའི་གནས་རིན་པོ་ཆེའི་གཏེར་མངོན་པར་སྣང་བ་ཞིག་ཡོད་དེ། དེ་ན་ཡང་དག་པར་བཞུགས་པའོ། །དེ་ན་ས་བཅུ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ལ་སོགས་པ་ཐམས་ཅད་དང་ཐབས
ཅིག་སྟེ། དེའི་ཚེ་བཅོམ་ལྡན་འདས་མེ་ལོང་གི་འཁོར་ལོ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་བཞུགས་སོ་ཞེས་བྱ་བ་ལ། དཔེར་ན་མེ་ལོང་གི་གཡའ་ཕྱིས་པའི་ནང་དུ་ཕྱི་རོལ་གྱི་གཟུགས་བརྙན་སྣ་ཚོགས་སྣང་བ་བཞིན་དུ། །ཏིང་ངེ་འཛིན་དེའི་བྱིན
བརླབས་ཀྱིས། །འགྲོ་བ་རྣམས་ཀྱི་སེམས་ཀྱི་དྲི་མ་ཡང་དག་པར་བསལ་ནས་ཆོས་ཉིད་མངོན་པར་མཐོང་བར་བྱེད་པའི་ཆོས་སྟོན་པས་མེ་ལོང་གི་སྒྲའོ། །འཁོར་ལོ་ཞེས་བྱ་བ་ནི་ལྟེ་བ་དང་རྩིབས་དང་མུ་ཁྱུད་དུ་བཅས་པ་ལ་འཁོར་ལོ
ཡིན་ཏེ། དེ་དང་མཚུངས་པར་བཅོམ་ལྡན་འདས་ཀྱིས་མན་ངག་འདི་དང་པོ་བྱང་ཆུབ་སེམས་བསྐྱེད་པ་དང་དྲི་མ་ལ་སོགས་པའི་ཆོས་བརྒྱད་དང། མཛའ་རུ་བསྒོམ་པའི་ཆོས་སྤྱོད་ཐམས་ཅད་ཀྱི་མཛའ་རུ་ཐུག་པ་མུ་ཁྱུད་ཀྱི་ཚུལ་དུ་གསུངས་ཏེ། དེ་བས
ན་མེ་ལོང་དང་འཁོར་ལོ་གཉིས་དང་ཆོས་འཐུན་པའི་ཕྱིར་ཏིང་ངེ་འཛིན་དེ་ལ་མེ་ལོང་གི་འཁོར་ལོ་ཞེས་བྱའོ། །སྙོམས་པར་ཞུགས་པ་ནི་ཏིང་ངེ་འཛིན་དེ་ལྟ་བུ་ལ་བཅོམ་ལྡན་འདས་ཀྱིས་ཐུགས་མཉམ་པར་བཞག་པ་ལ་བྱ་སྟེ། དཔེར་ན་མི་གང་ཞིག
ཕ་རོལ་གྱི་ནོར་བརྐུ་བའི་བསམ་པ་དང་ལྡན་པ་ལ། རྐུན་པོ་ལ་ཞུགས་པ་ཞེས་བྱ་བ་དང་འདྲ་བར། རྒྱུའི་བྱེད་པ་ལས་འབྲས་བུ་ཀུན་ནས་སློང་བའི་སྒྲའོ། །ཏིང་ངེ་འཛིན་དེ་ལ་སྙོམས་པར་ཞུགས་མ་ཐག་ཏུ། ས་ཆེན་པོ་རབ་ཏུ་གཡོས་པར་གྱུར་ཏོ། །ནམ་མཁའ་
ལས་ཀྱང་འབྲུག་གི་སྒྲ་དང། པི་ཝང་དང། རོལ་མོའི་སྒྲ་སྣ་ཚོགས་དང། དྲིའི་ཐིག་ལེ་དང། སྤོས་ཀྱི་ངང་དང། མེ་ཏོག་གི་ཆར་རབ་ཏུ་འབབ་པ་དང། པདྨ་འདབ་མ་སྟོང་དང་ལྡན་པས་ནམ་མཁའ་ཨི་ཁམས་རབ་ཏུ་གང་སྟེ། པདྨ་དེ་རེ་རེའི་སྟེང་ནང་འོད་ཀྱི་གོང
བུ་སྣ་ཚོགས་པ་མངོན་པར་རབ་ཏུ་འབར་བ་དང། གཞན་ཡང་ངོ་མཚར་ཅན་གྱི་ཆོས་སྣ་ཚོགས་པ་མང་པོ་དག་ཀྱང་སྣང་བར་གྱུར་ཏེ་ཞེས་བྱ་བ་ལ། ཅིའི་ཕྱིར་དེ་ཡང་དག་པར་འབྱུང་ཞེ་ན། བཅོམ་ལྡན་འདས་ཀྱིས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་བཀའ་
སྩལ་པ། འཇམ་དཔལ་རིང་ཆོས་སྤྱོད་ཐམས་ཅད་ཀྱི་མན་ངག་མངོན་པར་རྟོགས་པ་ཞེས་བྱ་བའི་ཆོས་ཟབ་མོ་སྟོན་པར་གྱུར་པ་དེའི་རྒྱུ་དེའི་རྐྱེན་ལས་ཡང་དག་པར་བྱུང་བའི་ཞེས་སྦྱར་ཏེ། ཏིང་ངེ་འཛིན་དེའི་སྟོབས་ལས་བྱུང་བ་ནི་བདག་པའི་སྟོབས་སྤྱིའི
འཇམ་དཔལ་གྱི་རྟོགས་པ་བསམས་པའོ། །ཡན་ལག་གི་དོན་བཤད་པ་འདི་ལྟ་སྟེ། ས་རབ་ཏུ་གཡོས་པ་ནི་ཟབ་མོའི་ཆོས་མན་ངག་འདི་ལས་སེམས་ཅན་རྣམས་ཀྱིས་ཡང་དག་པར་སྤྱོད་པས། སེམས་ཅན་དེ་དག་ཐམས་ཅད་ས་མངོན་པར་ཐོབ་པ་དང། ས་ནས
སེར་འཕེལ་བར་འགྱུར་བ་ལས་རབ་ཏུ་གཡོ་བ་ཡིན་པས་ན། འབྲས་བུའི་རྟགས་རྒྱུ་ལ་ཉེ་བར་མཚན་པ་འམ། འབྱུང་བ་ཡིན་ཏེ་དཔེར་ན་མེ་ཏོག་པ་ཤ་ཀའི་དྲི་མནབ་པ་བཞིན་ནོ། །ནམ་མཁའ་ལས་འབྲུག་གི་སྒྲ་གྲགས་ནི། བྱང་ཆུབ་སེམས་དཔའ་རྣམས་སྒྲིབ
པ་རྣམ་པ་གཉིས་རིམས་ཀྱིས་རྣམ་པར་བྱང་བ་ལས། ཡེ་ཤེས་ཀྱི་སྣང་བ་བྱང་ཆུབ་ཀྱི་སེམས་འོད་ཟེར་ཞུན་མར་ལ་ཕོག་པ་འདྲ་བ་སྐྱེས་ཏེ། དེའི་སྐད་ཅིག་ལས་ནམ་མཁའ་ལས་འབྲུག་གི་སྒྲ་གྲག་པ་ཉིད་ཁོ་ནའོ། །པི་ཝང་དང་རོལ་མོའི་སྒྲ་སྣ་ཚོགས་པ་དང།
དྲིའི་ཐིག་ལེ་དང། སྤོས་ཀྱི་ངད་དང། མེ་ཏོག་གི་ཆར་རབ་ཏུ་འབབ་པ་ནི་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྡོ་རྗེའི་གདན་ལ་མངོན་པར་རྫོགས་པར་སངས་རྒྱས་པའི་གནས་སྐབས་ན་དཔལ་དུ
མངོན་པར་གྲུབ་པའོ། །དེ་ལ་དཔལ་ནི་ཤྲཱི་སྟེ། སྦྱོར་བ་གཉིས་དང་ལྡན་པའོ། །དེ་ལ་སྤངས་པ་ནི་སྐད་ཅིག་མ་དེ་ཉིད་ལ་ཉོན་མོངས་པ་ཐམས་ཅད་མ་ལུས་པར་སྤངས་པ་དང། བདུད་བཞི་ཡང་དག་པར་བཅོམ་པ་ལ་བྱ་སྟེ་རྐྱེན་ཐ་མ་ལ་སྦྱར་བར་བྱའོ།།
འབྱོར་པ་ནི་དེའི་སྐད་ཅིག་མ་ལ་རྣམ་པར་རྒྱལ་བ་ཞེས་ཀྱང་བྱ་སྟེ། རང་འབྱུང་བ་དང་ལྷ་ལ་སོགས་པ་རྣམས་ཀྱིས་མཆོད་པའི་ཚོགས་ཀྱིས་མངོན་པར་མཆོད་པར་འགྱུར་བ་སྟེ། དཔེར་ན་སྐྱས་བུ་དཔའ་བོ་ཞིག་ཕ་རོལ་གྱི་དམག་ཚོགས་ལས
རྒྱལ་ཏེ། ཕྱིར་ཁྱིམ་དུ་རོལ་མོའི་ཚོགས་ཀྱིས་བསྐོར་ནས་འོང་བ་བཞིན་ཏེ། རྐྱེན་བར་མ་ལ་ཡང་དག་པར་སྦྱར་རོ། །ལྡན་པ་ནི་དང་པོའི་རྐྱེན་གྱིས་དེ་གཉིས་ཀ་དང་ཡང་དག་པར་ལྡན་པ་སྟེ། དཔེར་ན་སྐྱེས་བུ་དཔའ་བོ་ནི་ཡིད་བདེ་བ་དང། མི་བདེ་བ
གཉིས་དང་ལྡན་པ་བཞིན་ནོ། །དེ་ཡང་ཁ་ཅིག་གི་བསམ་པས་ཅི་དེ་བཅོམ་ལྡན་འདས་ལ་ཡང་བདེ་བ་དང་མི་བདེ་བ་མངའ་འམ་ཞེས་རྟོགས་ཏེ། དེ་ནི་བྱིས་པའི་རྟོག་པ་ཆེར་སྣང་པ་ཡིན་པས་ན་སྐྱེས་བུའི་བདེ་བ་དང་མི་བདེ་བ
ཉམས་སུ་མྱོང་བ་ལྟ་བུ་ནི་བཅོམ་ལྡན་འདས་ལ་ཡང་དག་པར་མི་མངའ་ཨོ། །པདྨ་འདབ་མ་སྟོང་དང་ལྡན་པས་ནམ་མཁའ་ཨི་ཁམས་རབ་ཏུ་གང་སྟེ། པདྨ་རེ་རེའི་སྟེང་ན་འོད་ཀྱི་གོང་བུ་སྣ་ཚོགས་པ་མངོན་པར་འབར་བ་དང་ཞེས་བྱ་བ་ནི་རྒྱུད་དེ་ལས་དེ་བཞིན
གཤེགས་པ་རིགས་ལྔའི་བདག་ཉིད་ཅན་པདྨའི་གདན་ལ་ཞུགས་པར་མངོན་པར་གྲུབ་པའི་རྟགས་མཚོན་པའོ། །དེ་འོད་ཀྱི་གོང་བུ་ནི་བདེ་བར་གཤེགས་པའི་རྟག་དེ་པདྨའི་གདན་དངོས་སུ་བསྟན་པའོ། །སྣ་ཚོགས་པ་ནི་རིགས་ལྔའི་བྱེ་བྲག་གོ་།འབར
བ་ནི་བདེ་བར་གཤེགས་པའི་འོད་ཟེར་གྱིས་འགྲོ་བའི་དོན་བྱེད་པའོ། །གཞན་ཡང་ངོ་མཚར་ཅན་གྱི་ཆོས་སྣ་ཚོགས་པ་མང་པོ་དག་ཀྱང་སྣང་བར་གྱུར་པ་ནི་གློག་དང། གང་མོའི་སྒྲ་དང། ཁ་དོག་ལྔའི་འཇའ་ཚོན་སྣང་བ་དང། ཀྱེ་མ་ཨ་ལ་ལ་འཁོར
བ་སྟོངས་པར་གྱུར་ཏོ་ཞེས་བྱ་བ་ལ་སོགས་པ་འབྱུང་སྟེ། གློག་ནི་ཏིང་ངེ་འཛིན་དེ་ལ་ཡེ་ཤེས་ཀྱི་སྣང་བ་འབྱུང་བའོ། །གང་མོའི་སྒྲ་ནི་ཕྱོགས་བཅུ་དུས་གསུམ་གྱི་བདེ་བར་གཤེགས་པ་རྣམས་ཀྱིས་ཐབས་འདི་ལ་རྟེན་ཏེ་སེམས་ཅན་མ་ལུས་པ
ཐམས་ཅད་མངོན་པར་རྫོགས་པར་འཚང་རྒྱ་བ་ལ་གཟིགས་ནས་དེ་ལ་མངོན་པར་དགྱེས་པའོ། །ཁ་དོག་ལྔའི་འཇའ་ཚོན་ནི་བདེ་བར་གཤེགས་པ་རྣམས་ཀྱི་འོད་ཀྱི་སྣང་བའོ། །ཀྱེ་མ་ཨ་ལ་ལ་འཁོར་བ་སྟོངས་པར་འགྱུར་རོ་ཞེས་བྱ་བའི་སྒྲ་ནི་གང་དང་གང
མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བ་དེ་དང་དེ་ཉིད་ཀྱི་འཁོར་བའི་རྒྱུན་སྟོངས་པར་འགྱུར་བ་ལ་དགོངས་པ་ཏེ། ངེས་པར་ཤེས་པར་བྱའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་འཁོར་འདས་པ་དེའི་ནང་ནས་ཞེས་བྱ་བ་ནས། །འདི་སྐད་ཅེས་གསོལ་ཏོ་ཞེས
བྱ་བའི་བར་ནི། བཅོམ་ལྡན་འདས་ཀྱིས་ཡང་དག་པར་བྱིན་གྱིས་བརླབས་ཏེ། འཇམ་དཔལ་ལ་དོན་གྱི་འདིབ་མངོན་པར་བསྐུལ་བར་ཤེས་པར་བྱའོ། །ལྷག་མ་ནི་གོང་དུ་བསྟན་ཏེ་འདིར་མ་བཤད་དོ། །འཇམ་དཔལ་གྱིས་གསོལ་པ། བཅོམ་ལྡན་འདས་ཆོས
སྤྱོད་ཐམས་ཅད་ཀྱི་མན་ངག་མངོན་པར་རྟོགས་པ་ཞེས་བགྱི་བའི་ཟབ་མོའི་ཆོས་དེ་ཇི་ལྟ་བུ་ཞིག་ལགས། །དེ་བདག་དང་སེམས་ཅན་ཐམས་ཅད་ལ་ཕན་པའི་ཕྱིར་བཤད་དུ་གསོལ་ཞེས་བྱ་བ་ནི་འདི་ཉིད་ཀྱིས་བྱིན་གྱིས་བརླབས་ལས་ལན་གཉིས་པའི་སྒྲས་ཆེད
དུ་གསོལ་བ་བཏབ་སྟེ། དང་པོའི་གླེང་གཞིའོ། །ལན་གྱི་གླང་གཞི་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་དེའི་དུས་ལ་འབབ་པར་ཤེས་ན་ལེགས་པར་ཉོན་ལ་ཡིད་ལ་ཟུང་ཞིག་དང། དས་ཁྱོད་ལ་བཤད་དོ་ཞེས་བྱ་སྟེ། བཅོམ་ལྡན
འདས་ཉིད་ཀྱིས་བཤད་པའི་སྐབས་སམ། དུས་ལ་བབ་པར་ཁྱོད་ཀྱིས་མཉན་པའི་སྐབས་ལ་བབ་པས་ན། དྲི་མ་ཅན་གྱི་སེམས་ཡང་དག་པར་སྤངས་ཏེ་འགྲོ་བ་ལ་ཕན་པར་བཤད་པའི་ཕྱིར་ཡིད་ལ་ཟུང་ཞིག་པའོ། །དེ་ཡང་ཁ་ཅིག་གི་བསམ་པས
འཇམ་དཔལ་ཁོ་ན་ལ་འམ་ཞེ་ན། མ་ཡིན་ཏེ། ཁྱོད་ཅེས་བྱ་བ་ནི་སེམས་ཅན་ཐམས་ཅད་ལ་འཇུག་པའི་སྒྲའོ། །ཅི་མངོན་ཞེ་ན། ངས་ཁྱོད་ལ་བཤད་དོ་ཞེས་བྱ་བས་མངོན་ཏེ། བཅོམ་ལྡན་འདས་ཀྱིས་སེམས་ཅན་ཐམས་ཅད་མྱུར་བར་འཚང་རྒྱ་བའི
ཕྱིར་འཇམ་དཔལ་ཁོ་ན་ལ་ཡིན་པ་བསལ་ཏོ། །འཇམ་དཔལ་ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས། །ཟབ་མོའི་ཆོས་མན་ངག་མངོན་པར་རྟོགས་པ་འདི་ལ་བརྟེན་ནས་ས་མངོན་པར་ཐོབ་པ་ཡིན་ནོ་ཞེས་བྱ་བ་ནི་ས་བཅུ་ལ་གནས་པའི
བྱང་ཆུབ་སེམས་དཔའ་རྣམས་མན་ངག་འདི་དང་ཡང་དག་པར་ལྡན་པས་དང་བ་ལ་སོགས་པ་ཐོབ་པ་ནི་དགོངས་པ་མ་ཡིན་པའོ། །མན་ངག་འདི་ལ་ཡོངས་སུ་སྤྱད་པས་ད་ལྟར་ཡང་ཐོབ་པ་དང་འདི་ལ་བརྟེན་ནས་མངོན་པར་སྤྱད་པས་ཕྱི་མར་ཡང་ཐོབ་པར
འགྱུར་བ་ཡང་དགོངས་པ་མ་ཡིན་པའོ། །དེའི་རྐྱེན་གྱིས་ལྷག་མ་ནི་གོ་སླ་བའི་ཕྱིར་མ་བཤད་དོ། །ངེས་པའི་དོན་ཁོ་ནའོ། །འཇམ་དཔལ་ཟབ་མོའི་ཆོས་མན་ངག་མངོན་པར་རྟོགས་པ་འདི་ནི་སྡེ་སྣོད་ཐམས་ཅད་ཀྱི་སྙིང་པོ
སྟེ་རྒྱུའི་ཐེག་པ་དང། འབྲས་བུའི་ཐེག་པ་མཛའ་དག་གི་བཅུད་ལྟ་བུ་ཡིན་ནོ་ཞེས་བྱ་བ་ལ། སྡེ་སྣོད་ནི་རྣམ་པ་གསུམ་མོ། །ཐམས་ཅད་ནི་མ་ལུས་པས་ཏེ། དེ་དག་གི་སྙིང་པོ་ཡིན་པའི་ཕྱིར་རོ། །སྙིང་པོ་ནི་དོན་གི་སྙིང་པོ་བསྒྲུབ་བྱ་སྟེ། གཉིས་སུ
མེད་པའི་ཡེ་ཤེས་སོ། །ཡེ་ཤེས་དེ་འདི་ལ་ཡང་དག་པར་གནས་པའི་ཕྱིར་སྙིང་པོ་ཡིན་པའོ། །རྒྱུའི་ཐེག་པ་ནི་ཉན་ཐོས་ཀྱི་ཐེག་པ་ལ་སོགས་པའོ། །འབྲས་བུའི་ཐེག་པ་ནི་ཐེག་པ་ཆེན་པོ་གསང་སྔགས་ཀྱི་ཐེག་པ་སྟེ། དེ་དག་གི་བཅུད་ལྟ་བུ
ཡིན་ནོ། །དེ་ཡང་ཅིའི་ཕྱིར་རྡོ་རྗེ་ཐེག་པ་ལ་འབྲས་བུ་ཞེས་གདགས་ཤེ་ན། ཟབ་མོའི་དོན་ཡང་དག་པར་སྟོན་ཅིང་འབྲས་བུ་ཉེ་བར་འཐོབ་པ་ལ་དགོངས་ཏེ། དཔེར་ན་གྲི་རྣོན་པོ་དང་རྟུལ་པོ་གཉི་གས་ཆོད་པ་དང་འདྲ་ཡང་རྣོན་པོས་ཆོད་བཞེས་བཏགས་པ
བཞིན་ནོ། །དེ་ལ་བཅུད་ཅེས་བྱ་བ་ནི་མན་ངག་བསྡུས་པ་ལ་བྱ་སྟེ། དཔེར་ན་དང་བའི་ནང་ནས་མར་བསྡུས་པ་བཞིན་ནོ། །འཇམ་དཔལ་ཟབ་མོའི་ཆོས་མན་ངག་མངོན་པར་རྟོགས་པ་འདི་ལ་བརྟེན་ནས་སྔོན་འདས་པའི་དུས་ན་ལྷའི་བུ་མོ་ནོར་བུ་བཤེས
གཉེན་ཞེས་བྱ་བ་གཅིག་གིས་མངོན་པར་རྫོགས་པར་སངས་རྒྱས་པར་གྱུར་ཏོ་ཞེས་བྱ་བ་ལ། ལྷའི་བུ་མོ་དེ་མན་ངག་འདི་དང་སྐད་ཅིག་ཀྱང་མ་བྲལ་བར་ཟབ་མོའི་ཆོས་ལ་ལོངས་སྤྱད་པས་སྐྱེ་བ་གཅིག་གིས་སངས་རྒྱས་པ་ནི་དགོངས་པ་མ
ཡིན་ཏེ། ངེས་པའི་དོན་ཁོ་ནའོ། །དེ་ལྟ་ན་ཞེས་བྱ་བ་ནས་མངོན་པར་སངས་རྒྱས་པར་འགྱུར་རོ་ཞེས་བྱ་བའི་བར་དུ་ནི་དེ་དེ་བཞིན་ཏེ། དགོངས་པ་མ་ཡིན་ཞིང་ངེས་པས་ན་གོ་སླ་བའི་ཕྱིར་འདིར་མ་བཤད་དོ། །འཇམ་དཔལ་འདུལ་བའི་སྡེ་སྣོད་ནི
པ་ལྟ་བུའོ། །མདོ་སྡེའི་སྡེ་སྣོད་ནི་འོ་མ་ལྟ་བུའོ། །ཕྱིའི་མངོན་པའི་སྡེ་སྣོད་ནི་ཞོ་ལྟ་བུའོ། །ནང་གི་མངོན་པའི་སྡེ་སྣོད་ནི་མར་ལྟ་བུའོ། །ཟབ་མོའི་ཆོས་མན་ངག་མངོན་པར་རྟོགས་པ་འདི་ནི་མར་གྱི་སྙིང་ཁུ་ལྟ་བུའོ་ཞེས་བྱ་བ་ལ་སོགས་པ་རིམས་པར་འཇུག
པས་ན། ཟབ་མོའི་ཆོས་འདི་སྙིང་པོ་ལས་ཀྱང་ཆེས་སྙིང་པོ་ཡིན་པར་གསུངས་ཏེ། དེ་ཡང་འདུལ་བ་ནི་རིགས་པའི་དངོས་པོ་ཆེར་སྣང་བས་འགྲོ་བ་འདུལ་བ་ཡིན་ཏེ། ཁྲུས་དང་གཙང་སྦྲ་དང། དཀའ་བ་སྣ་ཚོགས་པ་མང་པོ་དང། འཇིག་རྟེན་པ་དང་མཐུན
པའི་དྲང་སྲོང་གི་ཆོས་ཀྱིས་ཡང་དག་པར་སྤྱོད་པས་ན། དང་པོའི་གཞི་ཡིན་པའི་ཕྱིར་བལྟ་བུར་གསུངས་ཏེ། ལུས་ལ་མངོན་པར་སྤྱོད་པའོ། །དེ་ལ་ཡང་དག་པར་གྱུར་པ་ལས་ཕྱིས་མདོ་སྡེ་སྣོད་དུ་ཞུགས་ཏེ། དེ་བས་ཟབ་མོའི་ཆོས་ཡང་དག་པར་སྟོན
པ་དང། གང་ལ་མངོན་པར་སྤྱོད་པས་འགྲོ་བ་འདུལ་བ་སྟེ། བསླབ་པའི་གཞིལ་སྙིང་པོ་ལ་མངོན་པར་ཕྱོགས་པའི་ཕྱིར་འོ་མ་ལྟ་བུར་གསུངས་སོ། །ཕྱིའི་མངོན་པའི་སྡེ་སྣོད་ནི་ཞོ་ལྟ་བུ་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁོ་ན་ཏེ། ཟབ་མོའི་ཆོས་རྒྱ
ཆེན་པོར་མངོན་པར་རྟོགས་པའི་བདག་ཉིད་ཡིན་ཡང་གསལ་བར་མ་བཤད་ཅིང། དབྱིངས་བསྒྲིབ་པས་ཕྱི་རུ་གསུངས་ཏེ། འོ་མ་ལས་གྱུར་པས་མར་ཉེ་བར་འོད་བའི་རྒྱུ་ཞོ་ལྟ་བུར་གསུངས་སོ། །དེ་ཡང་དཔེར་ན་འོ་མ་ལས་ཞོ་འགྱུར་བ་བཞིན་དུ་མདོ་སྡེ་ལས
ཤེས་རབ་ཀྱི་ཕ་རོལ་ཏུ་ཏུ་ཕྱིན་པ་ལ་འཇུག་གོ་། དེ་ཉིད་ནང་དུ་ཡང་དག་པར་གསུངས་ཤིང་དབྱིངས་རབ་ཏུ་གསལ་བས་སེམས་ཀྱི་སྤྱོད་ཡུལ་ཐམས་ཅད་དུ་སྤྱོད་པའི་ཕྱིར། གསང་སྔགས་ལ་ནང་གི་མངོན་པར་ཞེས་བྱ་བར་གསུངས་ཏེ། མར་ལྟ་བུའོ། །
ཟབ་མོའི་ཆོས་མན་ངག་མངོན་པར་རྟོགས་པར་ནི་མར་གྱི་སྙིང་ཁུ་ལྟ་བུ་སྟེ། དེ་ལ་མར་གྱི་སྙིང་ཞུ་ཞེས་བྱ་བ་ནི་ཆུ་བྲེ་བཞིའི་ནང་དུ་མར་བྲེ་གང་བླུགས་ནས་ཆུ་བྲེ་བཞི་མ་སྐམས་ཀྱི་བར་དུ་བསྡུས་པ་ལ་མར་གྱི་སྙིང་ཁུ་ཞེས་བྱ་སྟེ། ཆུ་བྲེ་བཞི་སྤངས་པ་ལ་བྱའོ། །དེ་བཞིན་ཟབ་མོའི་ཆོས
ཀྱང་སྡེ་སྣོད་བཞི་ལ་བརྟེན་ནས་སྡོ་སྣོད་བཞི་ཡང་དག་པར་གསུངས་ཏེ། འདི་ཉིད་ལ་མངོན་པར་སྤྱོད་པའི་ཕྱིར་ན་མར་གྱི་སྙིང་ཁུར་གསུངས་པས་ཏེ། རིམ་པར་འཇུག་པའི་དཔེའོ། །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་མདོ་སྡེ་རིན
པོ་ཆེ་བརྩེགས་པ་ལས་འདི་སྐད་གསུངས་ཏེ། དཔེར་ན་བྱིས་པ་གཞོན་ནུ་ལ། ནུ་ཞོ་ཕྱེ་མ་ཟན་དྲོན་ཤ་།ཚོག་བུའི་རིམ་པས་བསླབས་ནས་ནི། ཕྱི་ནས་སྲན་མ་འབྲས་ཆན་སོགས། །མང་པོས་ཟོས་ཀྱང་སྟོབས་འཕེལ་འགྱུར། །དེ་བཞིན་ང་ཡི་སྲས
རྣམས་ཀྱང། །མདོ་སྡེ་འདུལ་བ་མངོན་པ་སོགས། །རིམ་པའི་རྗེས་ལས་མན་ངག་འདི། །རྟོགས་པ་ཀུན་མཁྱེན་ཡོངས་སུ་འགྲུབ། ཅེས་གསུངས་ཏེ། སྡེ་སྣོད་རྣམ་པ་གསུམ་ཡང་རྟོགས་པའི་བདག་ཉིད་འདི་ལ་འཇུག་པའི་ཡན་ལག་ཏུ་གསུངས
པ་ཁོ་ནའོ། །དེ་ཡང་པ་ནི་བཅུད་ཀྱི་གཞི་འཛིན་པའོ། །འོ་མ་ནི་བཅུད་པའོ། །ཞོ་ནི་རབ་ཏུ་བཅུད་པའོ། །མར་ནི་ཡང་དག་པར་བཅུད་པའོ། །ཟབ་མོའི་ཆོས་མན་ངག་མངོན་པར་རྟོགས་པ་འདི་ནི་བཅུད་ཉེ་བར་ཕན་པར་བྱེད་པའོ་ཞེས་བྱ་བ་འདི
ནི་སྙིང་པོ་ལས་ཀྱང་སྙིང་པོའི་དཔེར་ན་གསུངས་ཏེ། བ་བཅུད་ཀྱི་རྟེན་ཡིན་པ་དང། དེ་ལ་འོ་མ་བཅུར་ཕྱིར་འབྱུང་བ་དང། ཞོ་བཅུད་དུ་བསྒྱུར་བ་དང། མར་བཅུད་དངོས་སུ་བྱས་པ་དང། བཅུད་དེ་མི་ལ་ཕན་པར་ཡང་དག་པར་བཏང་བ
བཞིན་དུ་འདུལ་བའི་སྡེ་སྣོད་ནི་གཉིས་སུ་མེད་པའི་ཡེ་ཤེས་ལ་འཇུག་པའི་རྟེན་དུ་གྱུར་པ་དང། མདོ་སྡེའི་སྣོད་ནི་ཡེ་ཤེས་ལ་ཉེ་བའོ། །ཕྱིའི་མངོན་པའི་སྡེ་སྣོད་ནི་དེ་བས་ཉེ་བའོ། །ཟབ་མོའི་ཆོས་མན་ངག་མངོན་པར་རྟོགས་པ་འདི་ནི་ཡེ
ཤེས་ལ་རེག་པར་གྱུར་པས་ན་ཉེ་བར་ཕན་པ་ཞེས་གསུངས་པའོ། །འཇམ་དཔལ་ཞེས་བྱ་བ་ནས། བྱང་ཆུབ་མྱུར་བ་ཐོབ་པའི་ཕྱིར་རོ་ཞེས་བྱ་བའི་བར་དུ་ནི་གོ་སླ་བས་འདིར་མ་བཤད་དོ། །དེའི་མཐར་སྤྱིའི་སྡོམ་བཤད་པར་བྱ་སྟེ། དེ་ནས
བཅོམ་ལྡན་འདས་ཀྱིས་ཆོས་སྤྱོད་ཐམས་ཅད་ཀྱི་མན་ངག་མངོན་པར་རྟོགས་པ་ཟབ་མོའི་ཆོས་ཚིགས་སུ་བཅད་དེ་བཀའ་སྩལ་པ་ཞེས་བྱ་བའོ། །དེ་ལ་ཨ་ཐའི་སྒྲས་ནི་བཀྲ་ཤིས་པ་ལ་སོགས་པ་མང་པོ་ལ་འཇུག་ན་ཡང་སྐབས་འདིར་དོན་དམ
པ་གཉིས་སུ་གོ་བར་བྱ་སྟེ། གཞན་གྱི་ཚིག་གི་དོན་དུ་གཉེར་བར་འབྱུང་བའི་མཚམས་སྦྱོར་བ་དང། མེད་པའི་སྒྲས་ཉོན་མོངས་པ་སྤོང་བའི་སྒྲའོ། །གཞོན་ནུ་ང་ལ་ལེགས་པར་ཉོན། །ང་ཡི་བསྟན་ལ་ཞུགས་རྣམས་ལ། །མན་ངག་འདི་ནི་རབ་ཏུ་གཅེས
དེ་ལ་མན་ངག་འདི་ཡིན་ཏེ་ཞེས་བྱ་བ་ལ། གཞོན་ནུ་ཞེས་བྱ་བའི་སྒྲས་ནི་བྱིས་པ་ལ་ཡོངས་སུ་འཇུག་སྟེ། ཡང་དག་པའི་དོན་ལ་ཤེད་མ་བྱེ་བའི་བྱིས་པ་སེམས་ཅན་ཐམས་ཅད་ལའོ། །ང་ལ་ལེགས་པར་ཉོན་ཞེས་བྱ་བ་ནི་བརྟན་བར་ཟུང་ཞིག
པའོ། །ངའི་བསྟན་ལ་ཞུགས་རྣམས་ལ་ཞེས་བྱ་བ་ནི་བདེ་བར་གཤེགས་པའི་བསྟན་པ་ལམ་དད་པ་འམ། ལོག་པར་ཞེན་པ་དེ་ལས་ཕྱི་རོལ་ཏུ་གྱུར་པ་རྣམས་བསལ་ཏེ། རབ་ཏུ་གཅེས་པ་ཞེས་བྱ་བ་ནི་ཡང་དག་པར་སྙིང་པོ་འདོད་པ
རྣམས་ལ་མེད་དུ་མི་རུངས་པར་བསྟན་ཏོ། །དེ་ལ་ཞེས་བྱ་བ་ནི་མང་པོ་ལ་འཇུག་ན་ཡང་སྐབས་འདིར་ནི་གཉིས་སུ་གོ་བར་བྱ་སྟེ། དུག་རྣམས་བསྲེག་པ་དང། དམིགས་ཉེ་བར་སྟོན་པའི་སྒྲའོ། །འདི་ཡིན་ཏེ་ཞེས་བྱ་བ་ནི་དེ་དངོས་བསྟན་པའོ། །མན
དག་ཅེས་བྱ་བ་ནི་ཕན་པ་དང་ཉེ་བར་སྟོན་པ་དང་སྟོབས་དང་དོན་གྲུབ་པའི་ཕྱིར་མན་ངག་གོ་། བཞི་བརྩོམ་པ་དང་སྤེལ་བ་དང། ཡང་དག་གྲུབ་པར་ངེས་བཤད་དོ། །ཞེས་བྱ་བ་ནི་སྤྱིར་དམ་པའི་ཆོས་སྦྱོང་བའི་གང་ཟག་གིས་ཆོས་ཀྱི་བྱ་བ་དཔག
ཏུ་མེད་པ་གཅིག་ཡོད་ན་ཡང། བསྡུ་ན་གསུམ་དུ་འདུས་ཏེ། དེ་ལ་གང་རྩམ་པ་ཞེས་བྱ་བ་ནི་རྟེན་མི་དམིགས་པ་ལས་རྟེན་ཡོངས་སུ་འཆའ་བ་སྟེ། དཔེར་ན་ལོངས་སྤྱོད་ཀྱིས་རྟེན་ཁང་པ་ལ་སོགས་པ་ལྟ་བུའོ། །སྤེལ་བ་ནི་གནས་ལ་བརྟེན་ཏེ
ལོངས་སྤྱོད་སོགས་ཤིང་རྒྱས་པར་བྱེད་པ་སྟེ། དཔེར་ན་རྫས་ཀྱི་དངོས་པོ་ལ་སོགས་པ་ལྟ་བུའོ། །བསྒྲུབ་ཅེས་བྱ་བ་ནི་ལོངས་སྤྱོད་ཏེ། དེ་དག་དགོས་པ་བདག་དང་གཞན་ལ་ཕན་འདོགས་ཤིང་བདེ་བ་བསྒྲུབ་པ་སྟེ། དཔེར་ན་རྫས་ལོངས་སྤྱོད།
པ་ལྟ་བུའོ། །དེ་གསུམ་ག་ཡང་རྒྱུ་དང་ལམ་དང་འབྲས་བུར་ཤེས་པར་བྱའོ། །འཁོར་བའི་འདམ་ལ་རྒལ་འདོད་པས། ལུས་ངག་ཡིད་ཀྱི་སྤྱད་པར་བྱ། །ཀུན་ཀྱང་གསུམ་དུ་རབ་ངེས་ཏེ་ཞེས་བྱ་བ་ལ། བདེ་བར་གཤེགས་པའི་བསྟན་པ་ལ་ཡང་དག་པར
ཞུགས་པ། །ཉོན་མོངས་པའི་ནད་ཀྱིས་གཟིར་བ། འཁོར་བས་ཡིད་འབྱུང་ཞིང་སྲིད་པའི་འདམ་ལས་རྒལ་བར་བྱེད་ཅིང་ཡང་དག་པའི་ཡེ་ཤེས་བསྒྲུབ་པར་འདོད་པ་རྣམས་ཀྱིས་མན་ངག་འདི་དང་ངག་དང་ལུས་ཡིད་གསུམ་གྱིས་སྤྱད་པར་བྱའོ། །
ཀུན་ཀྱང་ཞེས་བྱ་བ་ནི་སྤྱིའི་དོན་རྣམ་པ་གསུམ་ལས་ཡན་ལག་གི་དོན་རྣམ་པ་གསུམ་གསུམ་དུ་བཤད་དོ། །དེ་ལ་ཡན་ལག་གི་དོན་ནི་འདི་ཡིན་ཏེ། འདྲི་དང་ཉན་དང་འཛིན་པ་ལ་ཞེས་བྱ་བ་ནི་དང་པོའི་སྡོམ་གྱི་ཡན་ལག་གོ་།སློབ་པའི་སྒྲས
ནི་སྤྱི་ལ་ཁྱབ་ཅེས་བྱ་བ་ནི་དེ་གསུམ་ཀ་ལ་ཡང་གཉིས་སུ་མེད་པའི་ཡེ་ཤེས་ཚོལ་བ་ལ་དང་པོར་འཇུག་པའི་སློབ་པ་ཞེས་སྒྲས་ཡང་དག་པར་འཇུག་པའོ། །སྦྱིན་དང་བཤད་དང་སྒྲོགས་པ་ལ་ཞེས་ཕྱ་བ་ནི་སྡོམ་པ་གཉིས་པའི་ཡན་ལག་གོ་།
རྒྱས་བྱེད་སྒྲས་ནི་གསུམ་ལ་ཁྱབ་ཅེས་བྱ་བ་ནི། སྤེལ་བ་དང་གཉིས་དོན་ཁྱད་མེད་ཀྱང་སྒྲའི་བྱེ་བྲག་གིས། མང་པོའི་ཆོས་རྒྱལ་པར་བྱེད་པ་ཁོ་ནའོ། །མཆོད་དང་བཟླས་དང་བསྒོམ་པ་ལ་ཞེས་བྱ་བ་ནི་སྡོམ་ཐ་མའི་ཡན་ལག་གོ་།ཉེ་བར་སྦྱོར
བར་བཤད་པ་ཡིན་ཞེས་བྱ་བ་ནི་གཉིས་སུ་མེད་པའི་ཡེ་ཤེས་ལ་ཉེ་བར་རམ། རེག་པར་བྱེད་པས་ན་ཉེ་བར་སྦྱོར་ཞེས་བཤད་པའོ། །དང་པོའི་སྦྱོར་བ་ལ་བཞི་རྩོམ་པ་དང། །ཞེས་བཤད་པ་ནས། གཞིའི་དབྱེ་བའི་དམིགས་པ་བསྟན་པའི་ཕྱིར།
འབྲས་བུའི་གཞི་དང་རྒྱུའི་གཞི། རྟགས་ཀྱི་གཞི་རུངས་བཤད་དོ་ཞེས་གསུངས་པ་དེ་ཡང་གང་ཞེ་ན་སྙམ་པ་ལ། སྐུ་གཟུགས་རིང་སྲེལ་སྦྱོར་ལ་བརྩོན། །རྟགས་དང་འབྲས་བུར་བརྗོད་པ་ཡིན། །རྒྱུའི་གཞི་ནི་གསུམ་པ་ལ། །ངེས་པའི་བློ་ནི་བརྟན་པར་བྱ
ཞེས་གསུངས་ཏེ། རྟགས་ནི་འགྲོ་བ་ཡོངས་སུ་འདུལ་བ་ལ་བརྩོན་པས། སྐུ་མདོག་དང་ཕྱག་མཚན་དང་དབྱིབས་ལ་སོགས་པ་དེ་བཞིན་གཤེགས་པ་ལ་སོགས་པའི་སྐུའི་གཟུགས་བརྙན་དུ་བྱས་ཏེ། བསོད་ནམས་ཀྱི་ཚོགས་བསྐྱེད་པའི་རྟགས་ཡང
དག་པར་བསྟན་པ་སྟེ། དེ་ལ་སྦྱོར་བ་ཉིད་དོ། །འབྲས་བུ་དེ་བཞིན་གཤེགས་པའི་སྐུ་ལ་དྲན་པ་ཉེ་བར་བཞག་པ་བཞི་ལ་སོགས་པ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ཡང་དག་པར་ལྡན་ཏེ། རིང་སྲེལ་སེངྒེའི་ཁྲི་དང། བང་རིམ་བཞི་དང།
བུམ་པ་དང། རྒྱན་ཡོངས་སུ་རྫོགས་པ་ལ་བྱས་ཏེ་དེ་ལ་ཡོངས་སུ་སྦྱོར་བའོ། །རྒྱུའི་གཞི་ནི་གསུམ་པོ་ཞེས་གསུངས་ཏེ། འདྲི་བ་ལ་སོགས་པའི་སྦྱོར་བའོ། །བློ་བརྟན་བྱ་ནི་རང་གི་རྟོག་པ་མི་བསླད་པའོ། །འདི་ལ་ལུས་ངག་ཡིད་གསུམ་གྱིས།
མཉམ་པར་བཞག་ན་འབྲས་བུ་འབྱུང་ཞེས་བྱ་བ་ནི་འདི་ཞེས་བྱ་བའི་སྒྲ་ནི་དངོས་པོ་ཡང་དག་པར་སྟོན་པས་ཏེ། མན་ངག་འདི་ལ་ཞེས་བྱ་བའི་དོན་ཏེ། ལུས་ངག་ཡིད་གསུམ་གྱིས་ཆོས་ལ་སྤྱོད་དོ་ཅོག་ལ་མན་ངག་འདིས་མཉམ་པར་བཞག་ན་ཡང་དག
པའི་ཡེ་ཤེས་ཀྱི་འབྲུས་བུ་མངོན་དུ་འབྱུང་བར་གསུངས་སོ། །དེའི་མཐར་ནི་འདྲི་བའི་ཡན་ལག་བཤད་པར་བྱ་སྟེ། བྱང་བར་བསླབས་དང་མ་འབྲེལ་གཅིག་།དཀར་ནག་ཕྱེ་དང་སྙོམས་པར་དྲང། །མྱུར་བ་བདུན་དང་ལྡན་པ་ནི། །འདྲི་བ་མཁས་ཞེས
བརྗོད་པ་ཡིན་ཞེས་བྱ་བ་ལ། དང་པོར་བྱད་བར་བསླབས་པ་དང། མ་འབྲེལ་ཞེས་བྱ་བ་ནི་ཡི་གེ་རྣམས་ཀྱི་སྣག་འདབས་མ་འབྱོར་བའོ། །གཅིག་ཞེས་བྱ་བ་ནི་ཤེས་པ་ཆེ་ལོང་བས་བལྟས་ན་པིར་གྱིས་བྲིས་པ་ལྟར་གཅིག་པར་མངོན་པའོ། །དཀར་ནག
ཕྱེད་པ་ནི་དཀར་དང་ནག་ཏུ་མཉམ་པའོ། །སྙོམས་པ་ནི་ཡི་གེའི་འབྲུ་སྙོམས་པའོ། །དྲང་ཞེས་བྱ་བ་ཡན་ལག་དྲང་པའོ། །མྱུར་བ་ནི་འདྲི་བ་མགྱོགས་པ་སྟེ། ཡན་ལག་དེ་བདུན་དང་ལྡན་པ་ལ་འདྲི་བ་མཁས་ཞེས་བྱ་བ་ནི་འདྲི
བ་ཙམ་ལ་སོགས་པ་ཡོངས་སུ་བཀག་པའོ། །དེ་ལ་ཁ་ཅིག་གིས་བསམ་པས་ནི་དེ་བཅོམ་ལྡན་འདས་འདྲི་བ་ལ་སོགས་པ་མཁས་པ་རྣམས་ལ་གསུངས་ཀྱི་བྲི་བ་ཙམ་ལ་སོགས་པ་ལ་མ་བསྟན་ནམ་ཞེ་ན། དེ་ནི་མ་ཡིན་ཏེ། མན་ངག་འདི་འདྲི་བོ་ཅོག
ལ་སོགས་པ་ལ་གཅེས་པར་གོ་མཉམ་པའོ། །དེ་བས་ན་འདྲི་བོ་ཅོག་གི་མན་ངག་འདི་ཡིན་ནོ། །དེའི་མན་ངག་བཤད་པར་བྱའོ། །དང་པོར་བྱང་ཆུབ་སེམས་བསྐྱེད་ལ། །བདག་ཉིད་རྒྱལ་བའི་ཡུལ་དུ་བསྒོམ། །རིག་པ་དང་ནི་རྐང་པར་ལྡན། །ངོ་བོ་གཅིག
ལས་བྱུང་བ་ཡི། །འབྲུ་རྣམས་སྤྲུལ་བ་སྐུར་བསམས་ཏེ། །ཡིད་ཀྱིས་འགྲོ་བའི་དོན་བྱེད་ཤོག་།མ་ཡིས་བུ་ལ་གསོལ་སྐུལ་བཏབ། ཅེས་བྱ་བ་ལ། དད་པར་བྱང་ཆུབ་སེམས་བསྐྱེད་པ་ནི་འདྲི་བ་ལ་འཇུག་པའི་སྐབས་སུ། །བདག་གིས
འགྲོ་བ་སེམས་ཅན་ཐམས་ཅད་མྱུར་བར་མངོན་པར་རྫོགས་པར་འཚང་རྒྱ་བར་བྱ་བའི་དམ་པའི་ཆོས་ཀྱི་ཡི་གེ་བྲི་བར་བྱའོ་ཞེས་བསམ་པ་སྔོན་དུ་གཏང་བའོ། །བདག་ཉིད་རྒྱལ་བའི་ཡུམ་དུ་བསྒོམ་ཞེས་བྱ་བ་ནི་རཾ་ལས་ཉི་མའི་དཀྱིལ
འཁོར་དེའི་སྟེང་དུ་པཾ་སེར་པོ་བསམས་ཏེ། དེ་ཡོངས་སུ་གྱུར་པ་ལས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གླེགས་བཾ། དེ་ཡོངས་སུ་གྱུར་པ་ལས་རྒྱལ་བའི་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་སྐུ་མདོག་གསེར་ལྟ་བུ། ཕྱག་བཞི་པ་གཡས
དང་པོའི་རྡོ་རྗེ་འཛིན་པ། གཡས་ཐ་མ་སྐྱབས་མཛད་ཀྱི་ཕྱག་རྒྱ་མཛད་མ། གཡོན་དང་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་པོ་ཏི་འཛིན་པ། གཡོན་ཐ་མ་ཐུགས་ཀ་ན་ཆོས་འཆད་པའི་ཕྱག་རྒྱ་ཅན་ཏེ། བདག་ཉིད་སྐད་ཅིག་ལ་བསམས་ལ
བྲིའོ། །རིག་པ་ནི་སྨྱུ་གུའོ། །རྐང་པ་ནི་ལག་པའོ། །ངོ་བོ་གཅིག་པ་ནི་སྨྱུ་གུ་དང་ལག་པར་སྦྱར་བའོ། །དེ་ལས་བྱུང་བ་ནི་ཡི་གེའི་འབྲུ་རེ་རེ་ལ་སྤྲུལ་བའི་སྐུ་ཤཱཀྱ་ཐུབ་པའི་ཆ་ལུགས་ཅན་དཔག་ཏུ་མེད་པ་བསམས་པ་ནི་རྒྱལ་བའི་ཡུམ་ལས་སྲས་བྱུང་བའི
ཚུལ་དུ་བསམ་པའོ། །ཡིད་ཀྱིས་འགྲོ་བའི་དོན་བྱེད་ཤོག་།ཅེས་པ་ནི། བདག་གིས་ཡི་གེ་འདི་ཡིས་འགྲོ་བའི་དོན་བྱེད་པར་གྱུར་ཅིག་ཅེས་མ་ཡིས་བུ་ལ་གསོལ་བ་གདབ་པ་ཁོ་ནའོ། །དེའི་མཐར་ཕ་རོལ་ཏུ་ཕྱིན་པ་དྲུག་དང་ལྡན་པར་བསྟན་པ་ནི་འདི
དག་གོ་། སྦྱིན་དང་བུས་དང་བརྟགས་པ་དང། །འགྲུས་དང་མ་ཡེངས་ལེགས་པར་འདྲི། །མ་ཅིག་ཡན་ལག་དྲུག་དང་ལྡན་ཞེས་བྱ་བ་ལ། སྦྱིན་པ་ནི་སྣག་ཚ་སྦྱིན་པ་སྟེ། དེའི་སྐད་ཅིག་མ་ལ་སྦྱིན་པ་རྫོགས་པའོ། །བུས་པ་ནི་རྡུལ་བུས་པ་སྟེ། དྲི་མ་རྣམ་པར
དག་པས་བྱས་པས་དེའི་སྐད་ཅིག་མ་ལ་ཚུལ་ཁྲིམས་རྫོགས་པའོ། །བརྟགས་པས་ནི་སྲོག་ཆགས་བརྟགས་པ་སྟེ། འདུག་ན་བསལ་བ་སྟེ། མི་འདུག་ན་རྟོགས་པའི་སྔོན་དུ་སྙིང་རྗེ་འགྲོ་བས་ན་དེའི་སྐད་ཅིག་ལ་བཟོད་པ་རྫོགས་པའོ། །འགྲུས་པ་ནི
འདྲི་བ་ལ་འགྲུས་པ་སྟེ། དེའི་སྐད་ཅིག་ལ་བརྩོན་འགྲུས་རྫོགས་པའོ། །མ་ཡེངས་པ་ནི་འདྲི་བའི་བར་དུ་གཞན་ལ་མ་ཡེངས་པ་སྟེ། དེའི་སྐད་ཅིག་མ་ལ་བསམ་གཏན་རྫོགས་པའོ། །ལེགས་པར་འདྲི་བ་ནི་ཡི་གེའི་ཡན་ལག་ལ་སོགས་པ་ལ་དཔྱད
ཅིང་འདྲི་པས་ན་ཤེས་རབ་སྟེ། དེའི་སྐད་ཅིག་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པའོ། །མ་ཅིག་འདྲི་མཁན་ཏེ། དང་པོར་ཡུམ་དུ་བསྒོམ་པའི་ཕྱིར་རོ། །དེ་ཡང་དངོས་པོ་ལ་ཕ་རོལ་ཏུ་ཕྱིན་པ་དྲུག་དང་ལྡན་ཡང་དེའི་སྐད་ཅིག་དེ
དག་ལ་སྦྱིན་པ་ལ་སོགས་པར་མ་བསྐྱེད་ན་མི་ལྡན་པ་ཉིད་ཡིན་པས། དེ་དག་གི་སྐད་ཅིག་དེ་དག་ལ་འདི་ནི་སྦྱིན་པའོ། །འདིའི་སྐད་ཅིག་ནི་ཚུལ་ཁྲིམས་སོ། །འདིའི་སྐད་ཅིག་བཟོད་པའོ། །འདིའི་སྐད་ཅིག་ནི་བརྩོན་འགྲུས་སོ། །འདིའི་སྐད་ཅིག་ནི
བསམ་གཏན་ནོ། །འདིའི་སྐད་ཅིག་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ་ཞེས་ཡིད་ཀྱིས་མཉམ་པར་བཞག་པ་བྱའོ། །དེ་ལྟར་བྱས་ན་དེ་ཉིད་ཕ་རོལ་ཏུ་ཕྱིན་པ་དྲུག་དང་ལྡན་པས་ན། འབྲས་བུ་སྔོན་དུ་འགྲུབ་པ་ཁོ་ནའོ། །དེའི་མཐར
ན་དེ་ཉིད་ཀྱིས་འདས་པའི་འབྲས་བུ་གསུངས་ཏེ་འདི་དག་གོ་། དེ་ལྟར་དེའི་སྦྱོར་བ་ཡིས། །སྔོན་ཚེ་འདས་པའི་དུས་ན་ནི། །ཞིང་ཕའི་བུ་ནི་པདྨ་ཏོག་།ཡི་གེ་མཁན་དུ་གྱུར་པའི་ཚེ། །སྐད་ཅིག་དེ་དང་མ་བྲལ་བས། །ནམ་ཞིག་ཚེ་ཡི་དུས་བྱས་ཏེ། །གྲོང
ཁྱེར་པ་ནི་ཐམས་ཅད་ཀྱི། །མ་བསྒྲིབས་བསེལ་བར་མཐོང་བར་ནི། །ལྷ་དང་ལྷ་མིན་ཐམས་ཅད་ཀྱིས། །མཆོད་པའི་ཡོ་བྱད་མང་པོ་ཡིས། །མངོན་པར་མཆོད་ནས་ནམ་མཁའ་ལ། །སྤྱན་དྲངས་མངོན་པར་སངས་རྒྱས་ཡིན། །ཞེས་བྱ་བ་ལ། དང་པོར་བྱང
ཆུབ་སེམས་བསྐྱེད་ནས་ཐ་མར་ཕ་རོལ་ཏུ་ཕྱིན་པ་དྲུག་དང་ལྡན་པའི་མན་ངག་དེའི་སྦྱོར་བ་ཡིས། །སྔོན་འདས་པའི་དུས་ན་ཞིང་པའི་བུ་པདྨའི་ཏོག་ཅེས་བྱ་བ་ཞིག་ཡི་གེ་མཁན་དུ་གྱུར་ཏོ། །མི་དེ་ཡིས་ཡི་གེ་འདྲི་བའི་སྐབས་ན་སྐད་ཅིག་མ་གཅིག
ཀྱང་མན་ངག་དེ་དང་མ་བྲལ་བར་བཞག་པའི་སྟོབས་ཀྱིས་དུས་ནམ་ཞིག་ན་ཚེའི་དུས་བྱས་པ་ལས། གྲོང་ཁྱེར་ཐམས་ཅད་ཀྱིས་མིའི་དེའི་རོ་ཡུལ་ན་གནས་པར་མཐོང་བ་ལ་མི་དེའི་གཟུགས་བརྙན་ལྷ་དང་མི་ལ་སོགས་ཕ་རོལ་མོའི་སྒྲ་སྣ་ཚོགས
པ་དང། གདུགས་ལ་སོགས་པའི་མཆོད་པའི་ཡོ་བྱད་མང་པོས་ནམ་མཁའ་ལ་སྤྱན་དྲངས་པར་མཐོང་བར་སངས་རྒྱས་ཞེས་བརྗོད་དོ། །དེ་ལ་སེམས་ཅན་བསམ་པ་ཆུང་པ་ཁ་ཅིག་ནི་འདས་པའི་དུས་ན་བསྐལ་པ་བཟང་པོ་ཙམ་ན་ནི་དེའི་སྦྱོར་བས
སངས་རྒྱས་ལ། །ད་ལྟར་བདག་ཅག་དུས་ཀྱི་སྙིགས་མ་ལ་བབ་པས། དེའི་སྦྱོར་བས་སེམས་ཅན་དམྱལ་བ་ལས་མ་རྟོགས་པར་འཚང་རྒྱ་བར་མི་འགྱུར་རོ་ཞེས་སེམས་པ་སྨྲ་བ་ཡོད་དེ། དེ་ལྟར་བསམ་པ་འམ་སྨྲ་བ་དེ་ནི་བསྐལ་པ་བཞི་ཁྲི
ལྔ་སྟོང་གི་བར་དུ་སེམས་ཅན་དམྱལ་བ་ཆེན་པོར་ལྟུང་བར་འགྱུར་རོ། །འདས་པའི་དུས་ན་སངས་རྒྱས་པ་དང་ད་ལྟར་འཚང་རྒྱ་བ་དང། མ་འོངས་པ་ན་འཚང་རྒྱ་བར་ངེས་པ་ནི་གླེང་གཞི་ལས་ཡང་དག་པར་ཡིད་ཆེས་པར་བྱའོ། །དམ་པའི་ཆོས
སྤྱོད་དོ་ཅོག་ཐམས་ཅད་ལ་སྐད་ཅིག་མ་ཅིག་ཀྱང་འདི་དང་མ་བྲལ་བར་མཉམ་པར་བཞག་ན་ཅིའི་ཕྱིར་མངོན་པར་རྫོགས་པར་འཚང་མི་རྒྱ་སྟེ། སངས་རྒྱས་པ་ཉིད་ཁོ་ནའོ། །དེ་ལྟར་འོག་མའི་འབྲས་བུ་བསྟན་པ་རྣམས་ལའང་དེ་བཞིན་དུ་གོ་བར
བྱ་སྟེ། དགོངས་པ་མ་ཡིན་ཞིང་ངེས་པ་ཁོ་ནའོ། །དེའི་མཐར་ཉན་པ་པོའི་ཡན་ལག་བཤད་པར་བྱ་སྟེ། ང་རྒྱལ་སྤངས་དང་དད་པར་ལྡན། །བླ་མ་ལ་གུས་གཏོང་བ་ཕོད། །ཆོག་ཤེས་མེད་ཅིང་དོན་དུ་གཉེར། །སྡུག་བསྔལ་དཀའ་བ་མང་པོ
སྤྱོད། །དེ་བདུན་ལྡན་པའི་གང་ཟག་ལ། །ཉན་པར་འདོད་ཅེས་བྱ་བ་ཡིན་ཞེས་བྱ་བ་ལ། ང་རྒྱལ་ཆུང་བ་དང། ཤིན་ཏུ་དད་པ་ཆེན་པོ་དང་ལྡན་པ་དང། བླ་མ་ལ་ཡང་དག་པར་གུས་པ། སྦྱིན་པ་ལ་སོགས་པ་གཏོང་བ་ཕོད་པ་དང། ཆོས
ཉན་བ་ལ་ཆོག་ཤེས་མི་འཛིན་པ་དང། ཆོས་ལ་ལྟད་མོ་དང་ཆེ་གྲགས་ཀྱི་ཕྱིར་མ་ཡིན་ཞིང་དོན་དུ་གཉེར་བ་དང། ཆོས་འཕགས་ལ་རྟག་ཏུ་དུ་ལྟ་བུར་སྡུག་གི་དཀའ་བ་མང་པོས་དམ་པའི་ཆོས་ཚོལ་བ་དེ་ནི་ཡན་ལག་བདུན་ཞེས་བྱའོ། །དེ་དང
ལྡན་པའི་གང་ཟག་དེ་ལ་ཉན་བར་འདོད་ཅེས་བྱ་བ་ཡིན། གྲོགས་དགའ་བ་དང། ཚུལ་འཆོས་ལ་སོགས་པའི་ཉན་པ་ཙམ་བཀག་པའོ། །ཡན་ལག་བདུན་དང་ལྡན་པ་ལ་ནི་བླ་མས་དམ་པའི་ཆོས་རྒྱས་བར་བཤད་པ་དང་མན་ངག་ཡང་དག་པར་སྦྱིན
པའོ། །གལ་ཏེ་བླ་མ་ངན་པ་བདག་གིས་ཡན་ལག་བདུན་དང་ལྡན་པའི་ཉན་པ་པོ་དག་ཆོས་འདོད་པ་ལ་རྙེད་པ་ལ་སོགས་པ་ཡོངས་སུ་བསྒྲགས་སཾ། །སྐད་ཅིག་ཅིག་ཀྱང་དེའི་སེམས་བཟློག་ན་མཚམས་མེད་པ་ལྔ་བྱས་པ་བས་སྡིག་པ་ཆེ་བས་ངེས་པར
སེམས་ཅན་དམྱལ་བ་ཆེན་པོར་ལྟུང་བར་རོ། །དེའི་མཐར་མན་ངག་བཤད་དེ། །དང་པོར་བྱང་ཆུབ་སེམས་བསྐྱེད་ལ། རང་ཉིད་སྒྲོལ་མར་བསྒོམ་བྱས་ཏེ། །རྣ་བ་གཡས་པར་པདྨ་བསམ། །སློབ་དཔོན་འཇམ་དཔལ་བསྒོམ་བྱས་ནས།
བླ་མའི་ཞལ་གྱི་འོད་ཟེར་དག་། པདྨ་ངེས་པར་ཐིམ་བར་བྱ། །གྲོགས་རྣམས་ལྷ་མོ་བསྒོམ་བྱས་ནས། །ཐོན་ཀར་མི་རྟག་སྟོང་པ་ཉིད། །སྐད་ཅིག་གཉིས་ཙམ་བསྒོམ་པར་བྱ། །ཞེས་བྱ་བ་ལ་དང་པོར་བྱང་ཆུབ་ཏུ་སེམས་བསྐྱེད་པ་ནི་དམ་པའི་ཆོས་ཉན་པའི
སྔོན་དུ་བདག་གིས་འགྲོ་བ་སེམས་ཅན་ཐམས་ཅད་མངོན་པར་རྫོགས་པར་འཚང་རྒྱ་བར་བྱ་བའི་ཕྱིར། དམ་པའི་ཆོས་མཉན་པར་བྱའོ་ཞེས་བྱས་སམ་སྔོན་དུ་བཏང་བའོ། །རང་ཉིད་སྒྲོལ་མར་བསྒོམ་ཞེས་བྱ་བ་ནི་རིམ་པ་ཟླ་བའི་དཀྱིལ་འཁོར་བས
སྟེ། དེའི་སྟེང་དུ་ཏམ་ལྗངས་གུ་ཡོངས་སུ་བསམ་མོ། །དེ་གྱུར་བ་ལས་ཨཽད་པ་ལ་ལྗང་གུའོ། །དེ་དག་གྱུར་པ་ལས་བདག་ཉིད་སྒྲོལ་མ་སྐུ་མདོག་ལྗང་གུ་ཕྱག་གཉིས་པ་ལས་གཡས་པ་ཨཽད་པལ་འཛིན་པའོ། །གཡོན་པ་སྐྱབས་མཛད་ཀྱི་ཕྱག
རྒྱ་ཅན་དུ་ཡང་དག་པར་བསམ་མོ། །རྣ་བ་གཡས་པར་པདྨ་བསམ་ཞེས་བྱ་བ་ནི་དེའི་རྣ་བ་གཡས་པ་ལ་ངེས་པར་པདྨ་འདབ་མ་བཅུ་དྲུག་པ་ཡང་དག་པར་རྒྱས་པར་བསམ་མོ། །སློབ་དཔོན་འཇམ་དཔལ་བསྒོམ་ཞེས་བྱ་བ་ནི་བདག་ཉིད་ཉན་པ་པོས
སློབ་དཔོན་དེའི་འོག་ཏུ་ཧཾ་ལས་སེངྒེའི་ཁྲི་ཡོངས་སུ་བསམ་མོ། །དེའི་སྟེང་དུ་མུཾ་བསམས་ཏེ། དེ་ཡོངས་སུ་གྱུར་པ་ལས་ཨཽད་པ་ལ་དམར་པོ་བསམས་ཏེ། དེ་དག་ཡོངས་སུ་གྱུར་པ་ལས་འཇམ་དཔལ་གཞོན་ནུར་གྱུར་པ་སྐུ་མདོག་དམར་སེར། ཕྱག
གཉིས་པ་ལ་གཡས་པ་ཆོས་འཆད་ཀྱི་ཕྱག་རྒྱ་ཅན། གཡོན་པ་པོ་ཏི་ཡང་དག་འཛིན་པ་ལས་ཆོས་འཆད་པར་བསྒོམ་མོ། །བླ་མའི་ཞལ་གྱི་འོད་ཟེར་དག་།པད་མར་ངེས་པར་ཐིམ་པར་བྱ་བ?་ནི་བླ་མའི་ཆོས་འཆད་པའི་འོག་ཏུ་བསམས་ལ
བདག་གི་པདྨའི་ནང་དུ་ཐིམ་པར་བསྒོམ་མོ། །གྲོགས་རྣམས་ལྷ་མོ་བསྒོམ་པར་བྱ་བ་ནི་ཉན་པ་པོ་གཞན་རྣམས་ལ་ལྷ་མོའི་ཆ་ལུགས་སུ་བསམ་མོ། །ཐོན་ཀར་མི་རྟག་སྟོང་པ་ཉིད། །སྐད་ཅིག་གཉིས་ཙམ་བསྒོམ་པར་བྱ་ཞེས་པ་ནི་ཆོས་ཐོན་ཀར་འདུས
བྱས་མི་རྟག་པ་བསྒོམ་པ་སྐད་ཅིག་མ་ཅིག་དང་དངོས་པོར་འཛིན་པ་སྟོང་པར་བསྒོམ་པའི་སྐད་ཅིག་མ་ཅིག་ཡང་དག་པར་བསྒོམ་པའོ། །དེའི་མཐར་ཉན་པ་པོའི་ཕ་རོལ་ཏུ་ཕྱིན་པ་དྲུག་དང་ལྡན་པ་བཤད་དེ། མེ་ཏོག་སྟན་སོགས་རབ་ཕུལ་ནས། །ས
ཕྱོགས་སྤྱོད་པ་བསྡམས་པ་དང། །སྲོག་ཆགས་རྣམས་ལ་འཚེ་མི་བྱེད། །བླ་མ་ལ་ནི་གསོལ་བ་འདེབས། མ་ཡེངས་བླ་མའི་མན་ངག་འཛིན། །རྟོག་སེལ་ཕྱིར་ན་སྐྱོན་ཚིག་འདྲི། །སྒྲོལ་མ་ཡན་ལག་དྲུག་དང་ལྡན། ཞེས་བྱ་བ་ལ། མེ་ཏོག་དང་བསྟན
ལ་སོགས་པ་ཕུལ་བའི་སྐད་ཅིག་མ་ཅིག་ལ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པའོ། །ས་གཞི་མི་གཙང་བ་ལ་སོགས་པ་དང། རང་གི་སྒོ་གསུམ་གྱི་སྤྱོད་པ་བསྡམས་པའི་སྐད་ཅིག་ལ་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ
རྫོགས་པའོ། །ས་གཞི་ལ་སྲོག་ཆགས་ལ་སོགས་པ་གནས་པ་ལ་མི་འཚེ་བར་སེལ་བའི་སྐད་ཅིག་ལ་ནི་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པའོ། །བླ་མ་ལ་ཆོས་འཆད་པ་ལ་གསོལ་བ་འདེབས་པའི་སྐད་ཅིག་ལ་ནི་བརྩོན་འགྲུས
རྫོགས་པའོ། །གཞན་ལ་བླ་མའི་གདམ་ངག་འཛིན་པའི་སྐད་ཅིག་མ་ལ་བསམ་གཏན་རྫོགས་པའོ། །རང་གི་རྟོགས་པ་བསལ་བའི་ཕྱིར། །ཕྱིར་ལ་སྐྱོན་ཚིག་འདྲི་བའི་སྐད་ཅིག་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིར་པ་ཡོངས་སུ་རྫོགས་པའོ། །དེ་ཡང་གོང་དུ
སྨོས་པ་དེ་ལྟར་སྐད་ཅིག་མ་དེ་དག་ལ་བསམ་པ་རྣམ་པར་བཞག་པའོ། །འབྲས་བུ་ནི་གོ་སླ་བའི་ཕྱིར་འདིར་མ་བཤད་དོ། །དེའི་མཐར་འཛིན་པ་པོའི་ཡན་ལག་བཤད་པར་བྱ་སྟེ། ཤིན་ཏུ་དད་ལྡན་དབང་པོ་གསལ། །ལེ་ལོ་ཆུང་དང་སྐྱོ་བ་མེད། །ཉིན་
མཚན་སེམས་དང་ཟློས་པར་རེམ། །དེ་དྲུག་ལྡན་པའི་གང་ཟག་ལ། །འཛིན་པ་པོ་ཞེས་ངས་བཤད་དོ། །ཞེས་བྱ་བ་ལ། ཤིན་ཏུ་དད་པ་དང་ལྡན་པ་དང། དབང་བོ་ནི་མིག་ལ་སོགས་པ་སྟེ། དེ་དག་རབ་ཏུ་གསལ་བ་དང། ལེ
ལོ་ཆུང་བ་དང། དམ་པའི་ཆོས་འཛིན་པ་ལ་ཡིད་སྐྱོ་བ་མེད་པ་དང། སྔོན་དུ་སེམས་བཟུང་བ་རྣམས་ཉིན་དང་མཚན་མོར་ཟློས་པ་རེམ་བ་སྟེ། དེ་དྲུག་ལྡན་པའི་གང་ཟག་གི་འཛིན་པའི་དགོས་པ་ཡང་དག་པར་འགྲུབ་པའོ། །དེ་དྲུག་ལྡན་པའི
གང་ཟག་ལ་འཛིན་པ་པོ་ཞེས་ངས་བཤད་དོ་ཞེས་བྱ་བ་ནི་གོང་གི་ཡན་ལག་དེ་དག་དང་མི་ལྡན་པའི་འཛིན་པ་ཙམ་དང་འགྲོགས་དགའ་ལ་སོགས་པ་རྣམས་རྣམ་པར་བཀག་པའོ། །ཡན་ལག་དྲུག་དང་ལྡན་པའི་གང་ཟག་དེ་ནི། བླ་མས་ཤིན་ཏུ
ཡང་དག་པར་གཉེར་ཏེ། འཛིན་པའི་ཚིག་ཡོངས་སུ་སྦྱིན་པ་ཁོ་ནའོ། །དེའི་མཐར་མན་ངག་བཤད་པར་བྱ་སྟེ། དང་པོར་བྱང་ཆུབ་སེམས་བསྐྱེད་དོ། །བདག་ཉིད་འཇམ་དཔལ་སྐུར་བསྒོམས་ནས། །ལྕེ་ལ་རལ་གྲི་བསམ་བྱ་སྟེ། །སློབ་དཔོན་བདེ
གཤེགས་ཤཱཀྱ་ཐུབ། །ཉིད་ཀྱིས་བདག་ལ་གང་དབང་གིས། །འཁོར་ལོ་ལྟེ་བར་བསམ་པར་བྱ་ཞེས་བྱ་བ་ལ། དང་པོར་བྱང་ཆུབ་ཏུ་སེམས་བསྐྱེད་པ་ནི་འཛིན་པའི་སྔོན་དུ་བདག་གིས་སེམས་ཅན་ཐམས་ཅད་མངོན་པར་རྫོགས་པར་འཚང
རྒྱ་བར་བྱ་བའི་ཕྱིར་དམ་པའི་ཆོས་འདི་གཟུང་བར་བྱའོ་ཞེས་བསམ་པ་སྔོན་དུ་མཉམ་པར་བཞག་པའོ། །བདག་ཉིད་འཇམ་དཔལ་སྐུར་བསྒོམས་ཏེ་ཞེས་པ་ནི་ཨ་ལས་ཟླ་བའི་དཀྱིལ་འཁོར་བསམས་ཏེ། དེའི་སྟེང་དུ་མུཾ་རབ་ཏུ་བསྒོམ
པའོ། །དེ་གྱུར་པ་ལས་ཨཽད་པ་ལ་བསམས་ཏེ། དེ་དག་གྱུར་པ་ལས་འཇམ་དཔལ་བདག་ཉིད་བསྒོམས་ཏེ། སྐུ་མདོག་དམར་སེར་ཕྱག་གཉིས་པ། ཕྱག་གཡོན་པ་ན་པོ་ཏི་འཛིན་པ། །གཡས་པ་ཆོས་འཚང་ཀྱི་ཕྱག་རྒྱ་ཅན་དུ
བསམ་མོ། །ལྕེ་ལ་རལ་གྲི་བསམ་བྱས་ཏེ། ཞེས་པ་ནི་ལྕེའི་རྩེ་མོར་ཁམ་རྣམས་ཏེ། དེ་གྱུར་པ་ལས་རལ་གྲིའི་རྣམ་པར་བསམ་སྟེ། དེ་ཡིས་ཤེས་བྱའི་སྒྲིབ་པ་རྣམས་ཡོངས་སུ་བཅད་པར་བསམ་མོ། །སློབ་དཔོན་བདེ་གཤེགས་ཤཱཀྱ་ཐུབ། །དེ་ཉིད་ཀྱིས
བདག་ལ་ངག་དབང་གི་། འཁོར་ལོ་སྟེར་བར་བསམ་པར་བྱ་ཞེས་པ་ནི་འཛིན་པའི་སློབ་དཔོན་དེའི་འོག་ཏུ། ཨ་ལས་ཟླ་བ་བསམས་ཏེ། དེའི་སྟེང་དུ་རི་སེར་པོ་ལས་གྱུར་པའི་ལྷུང་བཟེད་དོ། །དེ་དག་ཡོངས་སུ་གྱུར་པ་ལས་སློབ་དཔོན་བདེ་གཤེགས་ཤཱཀྱ
ཐུབ་པར་བསམ་པར་བྱ་སྟེ། སྐུ་མདོག་གསེར་བཙོམ་ལྟ་བུ་ཕྱག་གཡས་ཆོས་འཆད་ཀྱི་ཕྱག་རྒྱ་བཅས་པ། གཡོན་པ་མཉམ་པ་ཉིད་ལ་བཞག་པར་བསྒོམས་ཏེ། དེ་ཡིས་བདག་ལ་ཚིག་བྱིན་པའི་སྐད་ཅིག་ལ་དག་གི་འཁོར་ལོ་ཆོས་ཀྱི་སྒོ་མོ
དཔག་ཏུ་མེད་པར་སྟེར་བར་བསམ་མོ། །དེའི་མཐར་འཛིན་པ་པོའི་ཕ་རོལ་ཏུ་ཕྱིན་པ་དྲུག་དང་ལྡན་པར་བཤད་པར་བྱ་སྟེ། པོ་ཏི་བྱིན་དང་སྐྱོན་མི་ལྟ། །བླ་མས་ཁ་བྱས་ཡོངས་སུ་བཟོད། །བླ་མ་ལ་ནི་ཡང་ཡང་འདྲི། །བར་དུ་མ་ཡེངས་གོང་འོག་དཔྱོད
འཇམ་དཔལ་ཡན་ལག་དྲུག་དང་ལྡན་ཞེས་པ་ནི་དང་པོར་སློབ་དཔོན་ལ་དམ་པའི་ཆོས་འཛིན་པ་པོའི་ཡང་དག་པར་ཕུལ་བའི་སྐད་ཅིག་ལ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པའོ། །སྐྱོན་མི་ལྟ་བ་ནི་དམ་པའི་ཆོས་དེ་པོ་ཏི་རྙིང་པ་ལ་སོགས་པ་དང
ཡི་གེས་མི་གསལ་བ་རྣམས་ལ་མི་རྟོག་པ་སྟེ་དེའི་སྐད་ཅིག་ལ་ཚུལ་ཁྲིམས་ཡོངས་སུ་རྫོགས་པའོ། །བླ་མ་ཁ་བྱས་ཡོངས་སུ་བཟོད་པ་ནི། བདག་གིས་ཚིག་ལག་པ་དང། འཁྲུལ་པ་རྣམས་ལ་བླ་མས་དག་རྩུབ་མོ་ལ་སོགས་པ་སྨྲས་ཀྱང་ཡང་དག་པར
བཟོད་པ་སྟེ། དེའི་སྐད་ཅིག་ལ་བཟོད་པ་ཡོངས་སུ་རྫོགས་པའོ། །བླ་མ་ལ་ནི་ཡང་ཡང་འདྲི་པ་ནི་ཚིག་གི་རྐང་པ་གཅིག་ལ་ལན་ཉི་ཤུ་འམ་སུམ་ཅུ་ལ་སོགས་པར་བཟླས་ཏེ་ཡང་དག་པར་ཞེན་པས་ཕྱིས་ཡང་དེའི་མཛའ་ཨི་ཚིག་ལ་སོགས་པ་ཡང་ཡང་འདྲི
བ་སྟེ། དེའི་སྐད་ཅིག་ལ་བརྩོན་འགྲུས་ཡོངས་སུ་རྫོགས་པའོ། །བར་དུ་མ་ཡེངས་གོང་འོག་དཔྱོད་ཅེས་པ་ནི་བར་དུ་འཁོར་བའི་ཆོས་གཞན་ལ་མ་ཡེངས་པར་འཛིན་པ་སྟེ། དེའི་སྐད་ཅིག་ལ་ནི་བསམ་གཏན་ཡོངས་སུ་རྫོགས་པའོ། །
གོང་འོག་དཔྱོད་པ་ནི་ཚིག་འབྲེལ་པའི་གོང་འོག་དང་ཚིག་གི་འཁྲུལ་པ་རྣམས་དཔྱད་ཅིང་འཛིན་པ་འམ་ཟློས་པ་སྟེ། དེའི་སྐད་ཅིག་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པའོ། །འཇམ་དཔལ་ཡན་ལག་དྲུག་དང་ལྡན། ཞེས་པ་ནི་བདག་ཉིད
འཇམ་དཔལ་དུ་བསྒོམས་པའི་ཕྱིར་རོ། །དེ་ཡང་དེ་དག་གི་སྐད་ཅིག་དེ་དག་ལ་མཉམ་པར་བཞག་པས་ཕ་རོལ་ཏུ་ཕྱིན་པ་དྲུག་དང་ལྡན་པ་ཡང་ཡིན་ལ། འབྲས་བུ་ཡང་རྫོགས་པར་འབྱུང་བ་ཉིད་ཁོ་ནའོ། །དེའི་འབྲས་བུ་གསུངས་པ་ནི་དེ་དེ་བཞིན
ཏེ་ངེས་པ་ཉིད་ཡིན་པས་གོ་སླ་བའི་ཕྱིར་མ་བཤད་དོ། །དེའི་མཐར་རྟགས་ཀྱི་གཞིའི་ཡན་ལག་བཤད་པར་བྱ་སྟེ། དེ་ལ་འདི་ནི་ངང་བའི་ཡན་ལག་གི་།སྔོན་དུ་ལག་སྦྱངས་ཡན་ལག་བདེ། །ཚོན་རྣམས་སྦྱོར་མཁས་ཚད་དང་ལྡན། །སྣ་ཚོགས
རྣམ་པ་མང་ཤེས་ཞིང། །བདེ་གཤེགས་སྐུ་ལ་རིན་མི་བརྩི། །དེ་དྲུག་ལྡན་པའི་གང་ཟག་ལ། །རི་མོ་མཁས་ཞེས་བརྗོད་པ་ཡིན། །མི་གང་ཞིག་སྔོན་དུ་ལག་པའི་མོ་ལ་སློབ་དཔོན་གྱིས་ཀྱང་སྦྱངས་པ་དང་ཚོན་སྦྱོར་མཁས་པ་སྟེ། ཁ་དོག་གི
རྣམ་པ་ལྔ་དང་བཅུ་ལ་སོགས་པ་འཇམ་པ་དང། གསལ་བ་དང། བཀྲག་ཆེ་བ་ལ་སོགས་པར་ཤེས་པར་བྱའོ། །ཡན་ལག་བདེ་བ་ནི་ཡན་ལག་བདེ་བ་དང། ཞི་བ་དང། རེངས་པ་དང་སྤོམ་པ་དང། གྱོད་པ་ལ་སོགས་པར་མ་སོང་ཞིང་སྐྱོན
སྤངས་པ་དང་ལྡན་པའོ། །ཚད་དང་ལྡན་པ་ནི་བདེ་བར་གཤེགས་པ་ལ་སོགས་པའི་སྐུ་རྣམས་དཔྲལ་བ་ལ་དེ་ཉིད་ཀྱི་སོར་བཞི་དང། དེ་ནས་དཔྲལ་བའི་སྨིན་མཚམས་ནས་སྣ་གོང་དུ་མཉམ་པ་དང་སྣའི་རྩེ་མོ་ནས་ཀོས་ཀེའི་བར་མཉམ་པ
དང། སྐུ་བྱིན་ལ་ཞབས་པུས་མོ་ནས་ལོང་བུའི་ཚད་ཙམ་ལ་ཆ་གསུམ་དུ་ལྡན་པ་ལ་སོགས་པ་ལ་བྱའོ། །སྣ་ཚོགས་རྣམ་པ་མང་ཤེས་པ་ནི་རྒྱན་དང་མཆོད་པའི་ཡོ་བྱད་བ་དན་དང། སེམས་ཅན་གྱི་གཟུགས་བརྙན་ཡོད་དོ་ཅོག་ཤེས་པའོ། །དེ
རྣམས་དང་ལྡན་པ་ནི་ཡན་ལག་དམ་པ་ནི་བདེ་བར་གཤེགས་པའི་སྐུ་ལ་རིན་གྱི་ཆ་རུ་མི་གཅོད་ཅིང་རྔན་པ་ལ་དམིགས་སུ་མི་འཛིན་པ་སྟེ། དེ་དྲུག་དང་ལྡན་པའི་གང་ཟག་ལ། རི་མོ་མཁས་ཞེས་བརྗོད་པ་ཡིན་ཞེས་པ་ནི། རི་མོ་འདྲི་བ་ཙམ་ཁེ་དང
རྙེད་པར་ལྷུར་ལེན་པ་རྨོངས་པ་རྣམས་བསླུ་བ་ལ་སོགས་པ་བསལ་བའོ། །དེའི་མན་ངག་བརྗོད་པར་བྱ་སྟེ། དང་པོར་བྱང་ཆུབ་སེམས་བསྐྱེད་ལ། །སྐུ་གཟུགས་དངོས་པོར་སྦྱོར་བའི་ཚེ། །བདག་ཉིད་རྒྱལ་བའི་ཡུམ་དུ་བསྐྱེད། །ཡུམ་ལས་བྱུང་བའི
སངས་རྒྱས་སྐུ། །ཡོངས་སུ་གྲུབ་བར་ཡང་དག་བཤམ། །རྒྱན་རྣམས་ལེགས་པར་འདོགས་པ་ནི། །ཡོན་གྱི་བདག་པོར་བསམ་པར་བྱ། །ཚོན་རྣམས་ཁ་དོག་རིམ་པ་བཞིན། །མུ་ཏིག་གསེར་དང་བྱུ་རུ་དང། །མར་ག་ཏ་དང་མུ་མེན་དང། །བྱིན
གྱིས་བརླབས་ལ་བྲི་བར་བྱ་ཞེས་པ་ལ། དང་པོར་བྱང་ཆུབ་ཏུ་སེམས་བསྐྱེད་པ་ནི་རི་མོ་འདྲི་བའི་སྔོན་དུ་བདག་གིས་སེམས་ཅན་ཐམས་ཅད་མངོན་པར་རྫོགས་པར་འཚང་རྒྱ་བར་བྱ་བའི་ཕྱིར་བདེ་བར་གཤེགས་པའི་སྐུ་བྲི་བར་བྱའོ། །ཞེས
པ་སྔོན་དུ་བཏང་བའོ། །སྐུ་གཟུགས་དངོས་པོ་སྦྱོར་བ་ནི་སྐུའི་གཟུགས་བརྙན་འདྲི་ཙམ་ན་བདག་ཉིད་ཡུམ་དུ་བསྐྱེད་པ་ནི། བདག་ཉིད་ཀྱི་སྔོན་དུ་པཾ?་ལས་པདྨ། །དེའི་སྟེང་དུ་པྲམ་ལས་པོ་ཏི་དེ་དག་གྱུར་པ་ལ་བདག་ཉིད་ཡུམ་ཤེས་རབ་ཀྱི
ཕ་རོལ་ཏུ་ཕྱིན་པ་དུས་གསུམ་གྱི་རྒྱལ་བ་ཐམས་ཅད་བསྐྱེད་པའི་ཚུལ་ཅན་ཕྱག་གཉིས་མ་ལ་སྐུ་མདོག་སེར་མོ། །ཕྱག་གཡས་པ་ཡིས་པིར་ཤེས་རབ་དང་ལག་པ་ཐབས་སུ་འབྲེལ་པས་སྐུ་ཡང་དག་པར་བསྐྱེད་པར་བསམ་མོ། །རྒྱན
རྣམས་ལེགས་པར་འདོགས་པ་ན། ཡོན་གྱི་བདག་པོར་བསམ་པར་བྱ་ཞེས་པ་ནི། དབུ་རྒྱན་དང་ན་བཟའ་དང་མེ་ལོང་ལ་སོགས་པ་འདོགས་པའི་དུས་ན་ཡོན་གྱི་བདག་པོར་བདག་དང་བསམས་ལ་ཡོན་གྱི་བདག་པོས་དབུ་རྒྱན་དབུལ
བར་བསམ་མོ། །ཚེན་རྣམས་ཁ་དོག་རིམ་པ་བཞིན། །མུ་ཏིག་གསེར་དང་བྱུ་རུ་དང། །མར་ཀ་ཏ་དང་མུ་མེན་དང། བྱིན་གྱིས་བརླབས་ལ་བྲི་བར་བྱ་ཞེས་པ་དང་དཀར་པོ་ལ་མུ་ཏིག་ཏུ་བྱིན་གྱིས་བརླབས་པ་དང། སེར་པོ་ལ་གསེར་དུ་བྱིན་གྱིས་བརླབས་པ
དང། དམར་པོ་ལ་བྱུ་རུ་བྱིན་གྱིས་བརླབས་པ་དང། ལྗང་གུ་ལ་མར་ག་ཏར་བྱིན་གྱིས་བརླབས་པ་དང། ནག་པོ་ལ་མུ་མེན་དུ་བྱིན་གྱིས་བརླབས་ལ་བྲི་བར་བྱའོ། །དེའི་མཐར་རི་མོ་མཁན་ལ་ཕ་རོལ་ཏུ་ཕྱིན་པ་དྲུག་དང་ལྡན་པར་བཤད་པར་བྱ་སྟེ།
དཀར་ཞལ་ཕྱིན་དང་གཙང་མར་སྦྱར། །གཞན་གྱིས་ངན་སྨྲས་བཟོད་པར་ལྡན། །བར་དུ་མྱུར་བར་འགྲུས་པ་དང། མ་ཡེངས་ཤིན་ཏུ་ལེགས་པར་འདྲི། །སྤུ་ཤད་ཕྱོགས་ཀུན་གསལ་བར་གཅོད། །ཡོན་བདག་ཡན་ལག་དྲུག་དང་ལྡན་ཞེས་པ་ནི་དང་པོར
རྩིག་པའི་ལེགས་ལ་དཀར་ཞལ་བྱིན་པ་འམ་ཚོན་བྱིན་པའི་སྐད་ཅིག་ལ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པའོ། །ཚེན་ལ་སོགས་པ་གཙང་མར་སྦྱར་བའི་སྐད་ཅིག་ལ་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པའོ། །མི་གཞན་ལ
སོགས་པ་སའི་མོ་ལ་སོགས་པ་ལ་འཕྱས་ཀྱང་གཞན་ལ་མི་ཁྲོ་བར་བཟོད་པའི་སྐད་ཅིག་ལ་ནི་བཟོད་པ་ཡོངས་སུ་རྫོགས་པའོ། །ལེ་ལོ་མེད་ཅིང་མྱུར་བའི་སྐད་ཅིག་ལ་ནི་བརྩོན་འགྲུས་ཡོངས་སུ་རྫོགས་པའོ། །གཞན་ལ་སེམས་མ་ཡེངས་པས་མཉམ་པར
བཞག་པས་འདྲི་བའི་སྐད་ཅིག་ལ་ནི་བསམ་གཏན་ཡོངས་སུ་རྫོགས་པའོ། །སྤུ་ཤད་ཀྱི་རྣམ་པར་བཅད་ནས་ཕྱོགས་ཀུན་གསལ་བར་གཅོད་པའི་སྐད་ཅིག་ལ་ནི་ཤེས་རབ་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པའོ། །ཡོན་བདག་ཡན་ལག་དྲུག་དང་ལྡན
ཞེས་པ་ནི་གོང་དུ་ཡུམ་དུ་བསྒོམས་ནས་འདིར་ཡོན་བདག་ཅེས་ཅིའི་ཕྱིར་བྱ་སྙམ་པ་ལ། དང་པོར་ཡུམ་དུ་བསྒོམ་པ་ཡང་བྱ་བ་ཆེ་ཆུང་ཡིན་པས་རྒྱན་དང་མཆོད་པའི་ཡོ་བྱད་ལ་སོགས་པ་ལ་ཕལ་ཆེ་བའི་བྱ་བ་མང་བ་སྟེ། དེའི་ཕྱིར་ཡོན་བདག་གི་བྱ་བས་ཡོན་བདག
ཏུ་བརྗོད་པ་ཡིན་ནོ། །དེའི་སྐད་ཅིག་དེ་རྣམས་ལ་དེ་དག་དང་ལྡན་པ་ཡིན་ནོ་སྙམ་པའི་བསམ་པ་མཉམ་པར་བཞག་པ་ཁོ་ནའོ། །འབྲས་བུ་ནི་གོ་སླ་བའི་ཕྱིར་འདིར་མ་བཤད་དོ། །དེའི་མཐར་དེ་དང་ཆ་མཐུན་པའི་རྟགས་ཀྱི་གཞི་ལུགས་དང། འཇིམ་པ་ལ་སྦྱོར
བདས་བཤད་པར་བྱ་སྟེ། ལུགས་དང་འཇིམ་པ་ལ་སོགས་པ། །ཡན་ལག་ཚོན་སྤངས་ལྔ་དང་ལྡན། །དང་པོར་བྱང་ཆུབ་སེམས་བསྐྱེད་ལ། །སྔ་མའི་སྦྱོར་བའི་རིགས་འདྲ་ལས། །མགར་བའི་བུ་དང་ལྡེར་སོ་མཁན། །མངོན་པར་སངས་རྒྱས་ང་ཡིས་མཐོང་ཞེས
པ་ནི་ལུགས་ཀྱི་སྐུ་དང་འཇིམ་པའི་སྐུ་བྱེད་པ་རྣམས་ཀྱི་ཡན་ལག་ནི་གོང་གི་རི་མོ་ལས་ཚོན་སྦྱར་བ་མ་རྟོགས་པ་ལྔ་དང་ལྡན་པའོ། །དེ་ལ་མན་ངག་ནི་དང་པོར་ལས་ལ་འཇུག་པའི་སྔོན་དུ་བདག་གིས་སེམས་ཅན་ཐམས་ཅད་མཁྱེན་པར་འཚང་རྒྱ་བའི་ཕྱིར་ལས
འདི་བྱའོ་ཞེས་བསམ་པ་སྔོན་དུ་བཏང་བའོ། །སྔ་མའི་སྦྱོར་བའི་རིགས་འདྲ་ལས་ཤེས་པ་ནི་དང་པོར་གཟུགས་ལ་སྦྱོར་ཙམ་ན་ཡུམ་གྱི་ཚུལ་དུ་བསྐྱེད་པ་དང། རྒྱན་དང་བ་དན་ལ་སོགས་བ་སྦྱོར་ཙམ་ན་ཡོན་གྱི་བདག་པོར་བསྒོམ་པར་ཤེས་པར་བྱའོ། །ཕ་རོལ་ཏུ
ཕྱིན་པ་དྲུག་དང་ལྡན་པ་ནི་འདིར་བཅོམ་ལྡན་འདས་ཀྱིས་མ་གསུངས་མོད་ཀྱང་འཇིམ་པ་དང་སྤྲ་ཚིལ་དང་ཟངས་ལ་སོགས་པ་བྱིན་པའི་སྦྱིན་པ་དང། བྱི་དོར་དང་བཟང་ཞལ་ལ་སོགས་པ་བྱེད་པའི་ཚུལ་ཁྲིམས་དང། རྫས་རྣམས་ལ་སྲོག་ཆགས་བསལ་བ་ལ
སོགས་པ་ནི་བཟོད་པ་དང། བར་དུ་ལེ་ལོ་མེད་པ་ནི་བརྩོན་འགྲུས་དང། གཞན་ལ་མ་ཡེངས་པར་བྱེད་པའི་བསམ་གཏན་དང། ཚད་ལ་སོགས་པ་རྣམས་པར་དཔྱད་ཅིང་བྱེད་པའི་སྐད་ཅིག་རྣམས་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ཡོངས་སུ
རྫོགས་བར་བྱེད་པ་ནི་འདིར་གོ་བར་བྱའོ། །འབྲས་བུ་ནི་རྒྱས་པར་མ་གསུངས་མོད་ཀྱི། མགར་བའི་བུ་དང་ལྡེར་སོ་མཁན། །མངོན་པར་སངས་རྒྱས་ང་ཡིས་མཐོང་ཞེས་གསུངས་པས་དོན་གྱིས་གོ་བར་བྱའོ། །དེའི་མཐར་འབྲས
བུའི་གཞིའི་ཡན་ལག་བཤད་པར་བྱ་སྟེ། སྐུ་གདུང་རིང་བསྲེལ་ཐམས་ཅད་ལ་འཇིམ་པ་ལེགས་དང་སོ་ཕག་ལྡན། །རྩེ་གུ་མཁས་དང་ཕྱོགས་ཆ་སྙོམས། །ཚད་དང་ལྡན་པའི་རིང་བསྲེལ་མཁས་ཞེས་བྱ་བ་ལ། འཇིམ་པ་ལགས་པའི་རྡེའུ་དང
རུས་པ་ལ་སོགས་པ་མེད་ཅིང་བསྣོལ་ལེགས་པ་ལྡན་པའོ། །སོ་ཕག་གྲཝ་མཉམས་པ་དང། འཁྱོག་པ་དང་གྲུ་བཞིར་མ་གྱུར་པར་མེད་པར་བྱས་པའོ། །རྩེ་གུ་མཁས་པ་ནི་འཇིམ་པ་སྙོམས་པ་དང། སོ་ཕག་སྣལ་མར་ཤེས་པ་དང། དགྱེ་བ
དང་དགུ་བོ་ལ་སོགས་མེད་པར་ཤེས་པའོ། །ཚད་དང་ལྡན་པ་ནི་གྲུ་བཞིའི་ཚད་དང། བང་རིམ་གྱི་འཕང་དང། སྲུབས་པའི་ཞང་དུ་མཉམ་པའོ། །དེ་བཞི་དང་ལྡན་པའི་གང་ཟག་ལ། རིང་བསེལ་མཁས་ཞེས་བརྗོད་པ་ཡིན་ཞེས་པ་ནི་རིང་བསྲེལ་བྱེད་པ
ཙམ་ལ་སོགས་པ་རྣམ་པར་བཅད་པའོ། །དེའི་མན་ངག་བཤད་པ་ནི། བདག་ཉིད་རྒྱལ་བའི་ཡུམ་དུ་བསམ་ཞེས་པ་ལ་སོགས་པའི་ཚིག་གིས་དེ་མ་ཐག་པའི་མན་ངག་ལས་ཤེས་པར་བྱའོ། །དེའི་མཐར་རིང་བསྲལ་མཁན་ལ་ཕ་རོལ་ཏུ་ཕྱིན
པ་དྲུག་དང་ལྡན་པར་བསྟན་པ་ནི། སོ་ཕག་བྱིན་དང་ཆུ་གཙང་གིས། །སྦྲུས་དང་ས་གཞི་ཕྱགས་པ་དང། སྲོག་ཆགས་ཕྲ་མོ་རབ་བསྲུངས་དང། །མྱུར་བར་མ་ཡེངས་ལགས་པར་བརྩོན། །རིང་སྲེལ་མཁན་པོ་ཡན་ལག་དྲུག་ཅེས་བྱ་བ་ལ། ས
ཕག་བྱིན་པའི་སྐད་ཅིག་ལ་སྦྱིན་པ་ཡོངས་སུ་རྫོགས་པའོ། །འཇིམ་པ་ལ་ནི་ཆུ་གཙང་གིས་སྦྲུས་པའི་སྐད་ཅིག་ལ་ཚུལ་ཁྲིམས་ཡོངས་སུ་རྫོགས་པའོ། །འཇིམ་པ་དང་ཆུ་ལ་སྲོག་ཆགས་ཕྲ་མོ་རྣམས་ལ་སྐྱོབ་ཅིང་བསྲུང་བའི་སྐད་ཅིག་ལ་བཟོད
པའོ། །ལེ་ལོ་མེད་པར་མྱུར་བའི་སྐད་ཅིག་ལ་བརྩོན་འགྲུས་སོ། །མ་ཡེངས་པར་མཉམ་པར་བཞག་པས་རྩིག་པའི་སྐད་ཅིག་ལ་ནི་བསམ་གཏན་ཏོ། །ཟུར་དང་ལོགས་ལ་སོགས་པ་ལ་དཔྱད་པའི་སྐད་ཅིག་དེ་དག་ལ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ
ཕྱིན་པ་ལ་སོགས་པ་ཡོངས་སུ་རྫོགས་པ་སྟེ། དེ་དང་དེའི་སྐད་ཅིག་དེ་རྣམས་ལ་འདིའི་སྐད་ཅིག་ལ་ནི་འདི་ཡོངས་སུ་ལྡན་ནོ་ཞེས་མཉམ་པར་བཞག་པ་ཁོ་ནའོ། །རིང་བསྲེལ་མཁན་པོ་ཡན་ལག་ཅེས་པ་ནི་དེ་དྲུག་དང་ལྡན་པའོ། །འབྲས་བུ་གོ་སླ་བའི
ཕྱིར་མ་བཤད་དོ། །དེའི་མཐར་སྦྱིན་པའི་ཡན་ལག་བཤད་པར་བྱ་སྟེ། ཡིད་འོང་དུས་སུ་སྦྱིན་པ་དང། །སྡུག་མི་སྡུག་ལ་མི་ལྟ་ཞེང། འགྱོད་པ་མེད་དང་ལན་མི་རེ། །དེ་ལྔ་ལྡན་པའི་གང་ཟག་ལ། །སྦྱིན་པ་མཁས་ཞེས་ངས་བཤད་དོ། །ཞེས་བྱ་བ་ལ།
ཡིད་དུ་འོང་བ་སྦྱིན་པ་ན་དེའི་སྙིང་དུ་སྡུག་པ་བྱིན་པའོ། །དུས་སུ་བྱིན་པ་དེ་ནི་དེ་ལ་དེས་འཕོངས་པར་འགྱུར་ཞིང་དེ་དང་མ་ལྡན་ན་རྐྱེན་ལ་སོགས་པ་ཆེར་འོང་བ་ལ་བྱིན་པའོ། །སྡུག་མི་སྡུག་ལ་མི་ལྟ་ཞིང་ཞེས་པ་ནི་སྦྱིན་པ་གཏོང་པའི་དུས་སུ་རང་གི
སྙིང་དུ་སྡུག་པ་ལ་གཏོང་བ་དང་མི་སྡུག་པ་ལ་མི་གཏོང་བ་མེད་པར་སྙོམས་པའོ། །འགྱོད་པ་མེད་པ་ནི་བཏང་ནས་ཕྱིས་བཏང་བ་མ་ལགས་སོ་སྙམ་པའི་སེམས་མི་སྐྱེ་བའོ། །ལན་མི་རེ་བ་ནི་བདག་གིས་འདི་བཏང་བས་ཕྱིས་བདག་ལ་ལན་འདེབས
པར་འགྱུར་རོ་སྙམ་པའི་སེམས་པ་དང། རྣམ་པར་སྨིན་པ་ལ་མི་རེ་བའོ། །དེ་ལྔ་ལྡན་པའི་གང་ཟག་ལ། སྦྱིན་པ་མཁས་ཞེས་ངས་བཤད་དོ་ཅེས་པ་ནི་ཁེང་གྲགས་དང། རོགས་དཀར་གཏོང་བ་དང། ལན་པོར་གཏོང་བ་ལ་སོགས་པར་བསལ་བའོ
དེའི་མཐར་མན་ངག་བཤད་པར་བྱ་སྟེ། དང་པོར་བྱང་ཆུབ་སེམས་བསྐྱེད་ལ། བདག་ཉིད་འཇིག་རྟེན་མགོན་པོར་བསྐྱེད། །ཁྱད་པར་དངོས་དང་ཐ་མལ་ཉིད་།ཁྱད་པར་གཞི་ལ་མཆོད་ལ་མཆོད་པ་སྟེ། །ཐ་མལ་པ་རྣམས་ཡི་དགས་སུ། དམིགས
པས་སྙིང་རྗེ་རབ་བསྐྱེད་དེ། །དང་པོར་བདག་གིས་བཏང་བར་བྱ་ཞེས་བྱ་བ་ལ། །དང་པོར་བྱང་ཆུབ་ཏུ་སེམས་པ་ནི་བདག་གིས་སེམས་ཅན་ཐམས་ཅད་མངོན་པར་རྫོགས་པར་འཚང་རྒྱ་བར་བྱ་བའི་ཕྱིར་སྦྱིན་པ་འདི་གཏད་པ
བྱའོ། ཞེས་བསམ་པ་སྔོན་དུ་གཏང་པའོ། །འཇིག་རྟེན་མགོན་པོར་བསྐྱེད་པ་ནི་བདག་གི་འོག་ཏུ་པཾ་ལས་པདྨ་བསྐྱེད་དོ། དེའི་སྟེང་དུ་ཧྲི་དཀར་པོའོ། །དེ་ཡོངས་སུ་གྱུར་པ་ལས་བདག་ཉིད་འཇིག་རྟེན་མགོན་པོར་བསྐྱེད་པར་བྱ་སྟེ། སྐུ་མདོག་དཀར་པོ
ཕྱག་གཉིས་པ་ལ། །གཡས་པ་པདྨ་དཀར་པོ་འཛིན་ལ། །གཡོན་པ་མཆོད་སྦྱིན་པའི་ཕྱག་རྒྱ་ཅན་དུ་བསམ་པའོ། །ཁྱད་པར་དངོས་དང་ཐ་མ་ཉིད། །ཁྱད་པར་གཞི་ལ་མཆོད་པས་ཏེ། །ཐ་མལ་པ་རྣམས་ཡི་དགས་སུ། །དམིགས་པ་དངོས་པོ་གཏད
བར་བྱ། ཞེས་པ་ནི་འཁྲུལ་པ་ཡོད་པའི་ཕྱིར་རྣམ་པ་གཉིས་སུ་ཕྱེ་བའོ། །ཁྱད་པར་ཞེས་པ་ནི་བླ་མ་དང་གོང་མ་རྣམས་ལ་དེ་དག་ལ་ནི་མཆོད་པར་འགྲོ་བ་དེའི་ཕྱིར་ཡི་དགས་སུ་མི་སྒོམ་པའོ། །སྔོན་འདས་པའི་དུས་ན་རྒྱལ་པོའི་བཙུན་མོ་ཉི
མ་ཨའི་མདོག་གིས་སྦྱིན་པའི་དུས་སུ་སྦྱིན་པར་བྱ་བ་ཡི་དགས་སུ་དམིགས་པར་བྱ་བ་དྲན་པར་བྱས་པས་བྱང་ཆུབ་ཏུ་སེམས་བསྐྱེད་པའི་ཐ་མལ་ཡོན་འཕུལ་བའི་དུས་སུ་བླ་མ་ལ་ཡི་དགས་སུ་བསྒོམས་པས་སྐྱེ་བ་ལྔ་སྟོང་དུ་ཡི་དགས་སུ་སྐྱེས
པ་སྟེ། གཟིགས་པས་མཆོད་པར་བྱ་བ་དང་སྦྱིན་པར་བྱ་བའོ། །ཐ་མལ་པ་རྣམས་ཀྱི་དགས་དམིགས་པས་ཟས་སོགས་པས་འཕངས་པས་སྙིང་རྗེ་ཆེན་པོ་བསྐྱེད་དེ་གཏང་བར་བྱ་བའོ། །དེའི་མཐར་སྦྱིན་པ་པོ་ལ་ཕ་རོལ་ཏུ་ཕྱིན་པ་དྲུག་དང
ལྡན་པར་བཤད་དེ། རྫས་བྱིན་ཡིད་དུ་འོང་བ་དང། །སྨྲེ་སྔགས་འདོད་ལ་ཞེ་མི་སྡང། །ལེ་ལོ་མེད་ཅིང་མྱུར་བར་གཏོང། །དུས་སུ་གོང་གི་བསམ་གཏན་འཇོག་།རྣམ་པར་དཔྱད་ནས་གཏོང་བ་ནི། །འཇིག་རྟེན་མགོན་པོ་ཡན་ལག་དྲུག
ཅེས་བྱ་བ་ལ། །རྫས་ཕྱིན་པ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། །ཡིད་དུ་འོང་ཞིང་གཙང་བ་བྱིན་པ་ནི་ཚུལ་ཁྲིམས་སོ། །སློང་བ་སྨྲེ་སྔགས་འདོན་ཅིང་ལག་པས་འདྲང་བ་ལ་སོགས་པ་ལ་ཞེ་སྡང་མེད་པ་ན་བཟོད་པའོ། །གཏོང་པའི་སྐབས་སུ་ལེ་ལོ
མེད་ཅིང། །མྱུར་བར་གཏོང་བ་ནི་བརྩོན་འགྲུས་སོ། །གཏོང་བའི་དུས་སུ་གོང་གི་བསམ་གཏན་ལ་མཉམ་པར་འཇོག་པ་ནི་བསམ་གཏན་ནོ། །རྣམ་པར་དཔྱད་ཅེས་པ་ནི། ཐོབ་པ་དང་མ་ཐོབ་པ་ལ་དཔྱོད་པའི་སྐད་ཅིག་རྣམས་ལ་ནི་ཤེས་རབ
ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་ཡོངས་སུ་རྫོགས་པ་སྟེ། དེ་དག་གི་སྐད་ཅིག་མ་རྣམས་ལ་མཉམ་པར་བཞག་པའོ། །འཇིག་རྟེན་མགོན་པོ་ཡན་ལག་དྲུག་ཅེས་པ་ནི་དང་པོར་འཇིག་རྟེན་མགོན་པོར་བསྒོམ་པའི་ཕྱིར་རོ། །འབྲས་བུ་ནི་གོ་སླ་བའི་ཕྱིར
འདིར་མ་བཤད་དོ། །དེའི་མཐར་བཤད་པའི་ཡན་ལག་བཤད་པར་བྱ་སྟེ། མན་དུ་ཐོས་དང་ཤེས་རབ་ཆེ། །ལུང་གི་དགོངས་པ་ལེགས་པར་རྟོགས། །བདེན་པ་གཉིས་པོ་འབྱེད་པར་ཤེས། །སྙིང་རྗེ་ཆེ་དང་སྐྱོ་བ་མེད། །ང་རྒྱལ་ཆུང་དང་ལན་འདེབས་
མཁས། །དེ་བརྒྱད་ལྡན་པའི་གང་ཟག་ལ། །འཚད་པ་མཁས་ཞེས་ངས་བཤད་དོ་ཞེས་པ་ནི་མང་དུ་ཐོས་པའི་རྒྱལ་པའི་བཀའ་མ་ལུས་པ་མཛའ་དག་ཐོས་པ་དང། བཀའ་ལ་བརྟེན་པ་བསྟན་བཅོས་སྒྲ་དང་ཚད་མ་ལ་སོགས་པ་མ
ལུས་པར་འཆད་པའོ། །ཤེས་རབ་ཆེ་བ་ནི་ཡང་དག་པའི་དོན་ལ་བློ་འཇུག་པ་ལ་མགོ་སྨོས་པས་གོ་བ་སྟེ། དཔེར་ན་མེ་སྟག་གི་ཡར་མ་རས་ཡུག་ལ་ཕོག་པ་ལྟ་བུའོ། །ལུང་གི་དགོངས་པ་རྟོགས་པ་ནི་རྒྱལ་བའི་བཀའ་དྲི་མ་མེད་པ་དགོངས
པ་བསམ་གྱིས་མི་ཁྱབ་པ་གསུངས་པ་སྟེ། དེ་དག་ལ་ཇི་བཞིན་པ་སྒྲ་ཇི་བཞིན་པ་རྣམས་ཡང་དག་པར་ཤེས་པ་སྟེ། དཔེར་ན་རྡོ་རྗེ་ཉི་མ་སྣང་བའི་ནང་ནས། རང་དང་ལྷན་ཅིག་ཏུ་མཉམ་པའི། །རྒྱལ་པོའི་བུ་མོ་མཛས་མ་དང། ལྷན་ཅིག
འགྲོགས་དང་སྲོག་ཆགས་རྣམས། །བསད་པས་དངོས་གྲུབ་ཐོབ་པར་འགྱུར་ཞེས་བྱ་བ་ནི་རང་དང་སྐད་ཅིག་ཏུ་དུས་མཉམ་པ་ཐག་མ་མེད་པ་ནས་རང་གི་རྒྱུད་ལ་གནས་པའི་ཡེ་ཤེས་སོ། །རྒྱལ་པོའི་བུ་མོ་ཞེས་བྱ་བ་ནི་རིགས་ཤིན
ཏུ་མཐོང་ཞིང་རིགས་ངན་པ་མ་སོགས་པའི་སྐྱོན་གྱིས་མ་གོས་པ་དང། གཉིས་སུ་མེད་པའི་ཡེ་ཤེས་དེ་ཡང་མེ་ལོང་ལྟ་བུའི་ཡེ་ཤེས་ལ་སོགས་པས་ནི་རིགས་ཁྱད་པར་ཅན་དུ་འཕགས་ཤིང་ཉོན་མོངས་པའི་སྐྱོན་གྱིས་མགོས་པའོ། །ལྷན་ཅིག་དགོད?
ཞེས་བྱ་བ་ནི་རྒྱལ་བའི་བུ་མོ་དེ་ཡང་སྔོན་ཡུལ་དང་དུས་ལ་སོགས་པས་བསྐལ་བས་ངོ་མི་ཤེས་ཏེ་ཕྱིས་ངོ་ཤེས་ཏེ་ཕྲད་ནས་བདེ་བ་གང་འགྲུབ་པའོ། །དེ་བཞིན་དུ་ཡེ་ཤེས་ཡང་གློ་བུར་གྱི་སྒྲིབ་པས་བསྒྲིབས་ཀྱང་བླ་མའི་མན་ངག་ལས་རྟོགས་པ
དང་བྲལ་བའི་བར་བ་འགྲུབ་པའོ། །སྲོག་ཆགས་རྣམས་བསད་ཅེས་བྱ་བ་ནི་འགྲོ་བ་སེམས་ཅན་ཐམས་ཅད་འཁོར་བས་རང་གི་རྒྱུད་བསད་ནས་ཐར་བ་ལ་ཡོངས་སུ་འགོད་པའོ། །དངོས་གྲུབ་ཐོབ་པར་འགྱུར་བ་ནི་དེ་ཡིས་ངེས་པར་དངོས་གྲུབ་ཐོབ
ངེས་པ་སྟེ། དེ་ལྟ་བུ་དགོངས་པ་ཡང་དག་པར་ཤེས་པའོ། །བདེན་པ་གཉིས་པོ་འབྱེད་པར་ཤེས་པ་ནི་ཀུན་རྫོབ་ཏུ་དངོས་པོ་ཐམས་ཅད་ཁྱད་དུ་མི་གསོད་ཅིང། ཕ་རོལ་གྱི་བསམ་པ་དང་སྦྱར་ཏེ་རིམས་ཀྱིས་སྟན་པ་དང། ཡང་དག་པར་ན་ཅིའི?་ངོ་བོ
བོར་ཡང་མི་རྟོག་ཅིང་ཚུལ་བཞིན་ལ་གནས་པའོ། །སྙིང་རྗེ་ཆེ་བ་ནི་སྙེད་པ་དང་བཀུར་སྟིའི་ཕྱིར་མ་ཡིན། ཞིང་ཆོས་དོན་དུ་གཉེར་བ་རྣམས་ལ་ཁྱད་པར་དུ་སྟོན་པའོ། །སྐྱོ་བ་མེད་པ་ནི་ཆོས་འཆད་པ་ལ་ཡིད་མི་སྐྱོབ་སྟེ་གང་དང་གང་གིས་བསམ
བསྐོར་བའོ། །ང་རྒྱལ་ཆུང་བ་ནི་བཤད་པ་གཞན་ལ་ཟུར་མི་ཟ་བ་དང། རང་ལ་ཟུར་མི་བསྟོད་ཅང་དཔེར་ན་རྒྱལ་པོའི་དྲན་ལྟ་བུར་གནས་པའོ། །གཞན་ལ་ཟུར་མི་ཟ་བ་ནི་མེད་སྡེ་རྣམ་པར་འཐག་པ་ནས་ཤིན་ཏུ་སྨད་པས་ཐམས་ཅད་དུ་མི་བྱ་བའོ།
ལན་འདེབས་པ་ལ་མཁས་པ་ནི་ཆོས་འདྲི་བ་ལ་སོགས་པ་ལ་ཁོང་མི་ཁྲོ་ཞིང་འཇམ་པས་ལན་འདེབས་པ་དང། ཕ་རོལ་གྱི་སྐྱོན་ལ་སོགས་པ་ཡོངས་སུ་ཤེས་པའོ། །དེ་བརྒྱད་དང་ལྡན་པའི་གང་ཟག་ལ། །འཆད་པ་མཁས་ཞེས་བྱ་བ་ནི་མ་ཐོས་པ་རང་གིས
རྟོགས་པས་འཆད་པ་དང། རྙེད་པ་དང་བཀུར་སྟིའི་ཕྱིར་འཆད་བ་དང། འཆད་པ་ཙམ་ལ་སོགས་པ་རྣམ་པར་གཅད་པའོ། །དེའི་མཐར་མན་ངག་བཤད་པར་བྱ་སྟེ། དང་པོར་བྱང་ཆུབ་སེམས་བསྐྱེད་ལ། རང་ཉིད་སྤྲུལ་པའི་སྐུར་བསྒོམས་ཏེ། དུས་གསུམ་བདེ
གཤེགས་ཐམས་ཅད་ལ། །ལྕེ་ལ་གནས་པ་བཤད་པར་བྱས་ནས། །སྐད་ཅིག་མ་ནི་ཅིག་ལ་ཡང། །ཆོས་ཀྱི་འཁོར་ལོ་བརྒྱད་ཁྲི་དག་།བཞི་སྟོང་དེ་ལ་སྨྲ་བར་འགྱུར་ཞེས་བྱ་བ་ལ། །དང་པོར་བྱང་ཆུབ་ཏུ་སེམས་བསྐྱེད་པ་ནི་ཆོས་འཆད་པའི་སྔོན་དུ་བདག
གིས་སེམས་ཅན་ཐམས་ཅད་བླ་ན་མེད་པ་ཡང་དག་པར་འཚང་རྒྱ་བར་བྱ་བའི་ཕྱིར། དམ་པའི་ཆོས་འདི་བཤད་པར་བྱའོ་ཞེས་བསམ་པ་སྔོན་དུ་བཏང་བའོ། །རང་ཉིད་སྤྲུལ་པའི་བསྐུར་བསྒོམས་པ་ནི་རང་གི་འོག་ཏུ་ཧ་ལས་སེང་གེའི་ཁྲི་ཆེན་པོར་ཡང་དག
པར་བསྐྱེད། དེའི་སྟེང་དུ་པཾ་ལས་པདྨ་འདབ་མ་བརྒྱད་ཅུ་དྲུག་པ་བསྐྱེད། །དེའི་སྟེང་དུ་པཾ་སེར་པོ་བསམ་པའོ། །དེ་གྱུར་པ་ལས་ལྷུང་བཟེད་དོ། །དེ་དག་ཡོངས་སུ་གྱུར་པ་ལས་བདག་ཉིད་སྤྲུལ་པའི་སྐུ་ཤཱཀྱ་ཐུབ་པར་སྐད་ཅིག་མ་གཅིག་ལ་རྫོགས་པར་བྱ
སྟེ། སྐུ་མདོག་གསེར་བཙོ་མ་ལྟ་བུ། །ཕྱག་གཉིས་པ་ལ་གཡས་ཆོས་འཆད་པའི་ཕྱག་རྒྱ་ཅན། གཡོན་བདུད་འདུལ་ས་གནོན་གྱི་ཕྱག་རྒྱ་ཅན་གནས་པར་བསྒོམ་མོ། །དུས་གསུམ་བདེ་གཤེགས་མཆོད་བྱས་ལ། །ལྕེ་ལ་གནས་པར་བཤད
བྱས་ན། ཞེས་པ་ནི་ལྕེའི་རྩེ་མོ་ལ་ཙམ་ལས་འཁོར་ལོ་རྩིབས་བཅུ་དྲུག་པ་བསྒོམ། །དེའི་ལྟེ་བ་ལ་ཧཱུཾ་ཡོངས་སུ་གྱུར་པ་ལས། དེ་ལས་འོད་ཟེར་ནམ་མཁའ་ཨི་ཕྱོགས་སུ་སྤྲོས་པས་ཕྱོགས་བཅུ་དུས་གསུམ་གྱི་བདེ་བར་གཤེགས་པ་ཐམས་ཅད་བཀུག
སྟེ་འཁོར་ལོ་ལ་བསྟིམ་པ་དམ་པའི་ཆོས་བཤད་ན། སྐད་ཅིག་སྣ་ཚོགས་དང་ལྡན་པ་རྣམས་ལ་ཡང་དེ་དང་དེའི་སྐད་ཅིག་ལ་རྣམ་པར་གོ་བཞིན་སྐད་ཅིག་མ་གཅིག་ལ་ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་སྨྲ་བར་འགྱུར་རོ།
དེའི་མཐར་འཆད་པ་པོ་ལ་ཕ་རོལ་ཏུ་ཕྱིན་པ་དྲུག་དང་ལྡན་པར་བཤད་པར་བྱ། ཆོས་སྦྱིན་སྒོ་གསུམ་བསྡམ་པ་དང། ཆོས་འདྲི་བ་ལ་ཁོང་མི་ཁྲོ། །ཅིག་ཅར་མྱུར་བར་ལེ་ལོ་མེད། །མ་ཡེངས་མཉམ་པར་བཞག་པས་འཆད། །གོང
འོག་ཚིག་གི་དོན་རྣམས་དཔྱོད། །སྤྲུལ་སྐུ་ཡན་ལག་དྲུག་དང་ལྡན་ཞེས་བྱ་བ་ལ། ཆོས་བྱིན་པའི་སྐད་ཅིག་པ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པའོ། །སྒོ་གསུམ་བསྡམས་པ་ནི་ལུས་ཀྱི་རྐང་པ་བརྐྱང་བ་དང། ལག་པ་ཀྱག་ཀྱོག
ལ་སོགས་པ་མི་བྱེད་པའོ། །ངག་བསྡམས་པ་ནི་འདོད་པས་ལོག་བར་གཡེམ་པའི་གཏམ་དང། འཁྲུག་པ་དང་རྣམ་པར་གཡེང་བའི་གཏམ་མི་སྨྲའོ། །ཡིད་བསྡམས་པ་ནི་འདོད་པའི་སེམས་དང་གནོད་པའི་སེམས་ལ་སོགས་པ་མི
སྐྱེ་བ་སྟེ། དེའི་སྐད་ཅིག་ལ་ཚུལ་ཁྲིམས་ཡོངས་སུ་རྫོགས་པའོ། །ཆོས་འདྲི་བ་ལ་ཁོང་མི་ཁྲོ་བ་ལ་སོགས་པ་ནི་བཟོད་པའོ། །ལེ་ལོའི་གཏམ་གྱིས་བར་མི་ཆོད་པར་འཆད་པའི་སྐད་ཅིག་ལ་ནི་བརྩོན་འགྲུས་སོ། །གཞན་ལ་མ་ཡེངས་པར
གོ་བའི་བསམ་པ་མཉམ་པར་གཞག་པ་ནི་བསམ་གཏན་ནོ། །གོང་འོག་གི་ཚིག་གི་དོན་རྣམས་རྣམ་པར་དཔྱོད་ཅིང་མ་འཁྲུལ་བར་འཆད་པའི་སྐད་ཅིག་ལ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པ་སྟེ། དེ་དང་དེའི་སྐད་ཅིག་ལ་ནི
འདིའི་སྐད་ཅིག་ལ་ནི་འདི་དང་ལྡན་ནོ། །ཞེས་པ་ལ་སོགས་པས་མཉམ་པར་བཞག་ན་དེ་དང་ལྡན་པ་ཡང་ཡིན་ལ་འབྲས་བུ་ཡོངས་སུ་གྲུབ་པས་ན་མཉམ་པར་བཞག་པ་ཁོ་ནའོ། །སྐུ་སྤྲུལ་ཡན་ལག་དྲུག་དང་ལྡན་ཞེས་པ་ནི། དང་པོར་སྤྲུལ་པའི
སྐུ་ཤཱཀྱ་ཐུབ་པར་བསྒོམས་པའི་ཕྱིར་རོ། །འབྲས་བུ་ནི་གོ་སླ་བའི་ཕྱིར་འདིར་མ་བཤད་དོ། །དེའི་མཐར་སྒྲོགས་པའི་ཡན་ལག་བཤད་པར་བྱ་སྟེ། སྒྲ་སྐད་འབྱོར་དང་དབྱངས་དང་ལྡན། །ཚིག་གི་ལྷད་མེད་དོན་རབ་གསལ། །གཞན་གྱི་གཏམ
གྱིས་བར་མ་ཆོད། །དེ་ལྔ་ལྡན་པའི་གང་ཟག་ལ། །ཀློག་པ་མཁས་ཞེས་ངས་བཤད་དོ། །ཞེས་བྱ་བ་ལ། སྒྲ་སྐད་འབྱོར་བ་ནི་རིང་པོ་དང་ཐུང་ངུ་དང། ཧཱུ་ལུད་དང། དྲག་པོ་ལ་སོགས་པ་མ་ནོར་བར་འབྱོར་པའོ། །དབྱངས་དང་ལྡན་པ་ནི། བཅོམ
ལྡན་འདས་ཀྱིས་མདོ་སྡེ་རི་བོ་བརྩེགས་པ་ལས། དབྱངས་ལྡན་ཀློག་ནི་ཐར་པའི་རྒྱུ་ཞེས་གསུངས་ཏེ། དེ་བས་ན་དབྱངས་རིངས་ལ་འཇམ་པར་སྒྲོགས་པའོ། །ཚིག་གི་ལྷག་ཆད་མེད་པ་ནི། དབྱངས་ཀྱི་ཚིག་ཨ་དང་ཀྱེ་ལ་སོགས་པའི་ཚིག་གིས་མ
བསླང་པའོ། །དོན་གསལ་བ་ནི་ཚིག་དོན་ཕན་ཚུན་མ་འདྲེས་ཤིང་དབུགས་ཞ་བ་ལ་སོགས་པ་མ་ཡིན་པར་གཞན་གྱིས་གོ་བར་བསྒྲོགས་པའོ། །གཞན་གྱི་གཏམ་གྱིས་བར་མ་ཆོད་པ་ནི། །དམ་པའི་ཆོས་སྒྲོགས་པའི་སྐབས་སུ། གཞན་ལ
གཏམ་མི་སྨྲ་བར་སྒྲོགས་པའོ། །དེ་ལྔ་དང་ལྡན་པའི་གང་ཟག་ལ། སྒྲོགས་པ་མཁས་ཞེས་པས་བཤད་དོ། །ཞེས་བྱ་བ་ནི། ཡན་ལག་དེ་ལྔ་དང་མི་ལྡན་པར་བསྒྲོགས་པའོ། །སྒྲོགས་པ་ཙམ་ལ་སོགས་པ་རྣམ་པར་གཅད་པའོ། །དེའི་མཐར
མན་ངག་བཤད་པར་བྱ་སྟེ། དང་པོར་བྱང་ཆུབ་སེམས་བསྐྱེད་ལ། །བདག་ཉིད་བཅོམ་ལྡན་འདས་སུ་བསྐྱེད། །ཕྱོགས་བཅུར་གནས་པ་མ་ལུས་པ། །བཀུག་བས་མཁའ་ལ་གནས་བྱས་ལ། །རྐན་ལ་རྔ་ཆེན་རབ་བསམས་ཏེ། ནང་དུ་ཆོས་ཀྱི
སྒོ་མོ་བསམ། །ལྕེ་ལ་རྔ་བརྡུངས་རྡོ་རྗེ་བསམ། །རྡོ་རྗེས་རྔ་ལ་རབ་བརྡུངས་པས། །སྒྲ་སྐད་ཆེན་པོ་དེ་ཡིས་ནི། །སྟོང་གསུམ་མ་ལུས་ཀུན་ཁྱབ་བསམ། །ཞེས་བྱ་བ་ལ། དང་པོར་བྱང་ཆུབ་ཏུ་སེམས་བསྐྱེད་པ་ནི། བདག་གིས་སེམས་ཅན
ཐམས་ཅད་མྱུར་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་བྱ་བའི་ཕྱིར་དམ་པའི་ཆོས་འདི་བསྒྲགས་པར་བྱའོ། །ཞེས་བསམ་པ་སྔོན་དུ་གཏང་བའོ། །བདག་ཉིད་བཅོམ་ལྡན་འདས་སུ་བསྐྱེད་པ་ནི། རང་གི་འོག་ཏུ་སམ
ལས་སེང་གེའི་ཁྲི་རྣམ་པར་བསམས་ཏེ། དེའི་སྟེང་དུ་པཾ་སེར་པོ་ལས་བསྐྱེད་པའི་ལྷུང་བཟེད་བསྐྱེད་དེ། དེ་དག་ཡོངས་སུ་གྱུར་པ་ལས། བདག་ཉིད་བཅོམ་ལྡན་འདས་ཤཱཀྱ་ཐུབ་པར་བསྒོམས་ཏེ། སྐུ་མདོག་སེར་པོ་ཕྱག་གཡས་པ
ཆོས་འཆད་ཀྱི་ཕྱག་རྒྱ་ཅན། གཡོན་པ་མཆོད་སྦྱིན་དུ་མཛད་པ་བསྒོམ་མོ། །ཕྱོགས་བཅུར་གནས་པ་མ་ལུས་པ། །བཀུག་པས་མཁའ་ལ་གནས་བྱས་ལ། ཞེས་པ་ནི། བཅོམ་ལྡན་འདས་ཀྱི་ཐུགས་ཀར་ཨ་ལས་ཟླ་བའི་དཀྱིལ
འཁོར་བསམས་ཏེ། དེའི་སྟེང་དུ་ཧཱུཾ་ལས་འོད་ཟེར་སྣ་ཚོགས་ནམ་མཁའ་ཨི་ཕྱོགས་ལ་སོགས་པ་སྤྲོས་ལ། དེས་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང། འཕགས་པ་ཉན་ཐོས་ལ་སོགས་པ་བརྒྱད་བསམ་པའོ། །ལྕེ
ལ་རྔ་བརྡུངས་རྡོ་རྗེ་བསམ་པ་ནི་ལྕེའི་རྩེ་མོ་ལ་ཧཱུཾ་བསམས་ལ་དེ་གྱུར་པ་ལས་རྡོ་རྗེ་བསམ་པའོ། །རྡོ་རྗེ་རྔ་ལ་རབ་བརྡུངས་པས། །སྒྲ་སྐད་ཆེན་པོ་དེ་ཡིས་ནི། སྟོང་གསུམ་མ་ལུས་ཁྱབ་པར་བསམ། ཞེས་པ་ནི། ཆོས་སྒྲོགས་པའི
དུས་སུ་རྡོ་རྗེ་རྔ་བོ་ཆེ་བརྡུངས། །ནང་གི་ཆོས་ཀྱི་སྒོ་མོ་རྣམས་ཀྱང་གང་དང་གང་ལ་སྐད་ཀྱི་རྣམ་པ་ཡོད་པ་དེ་དང་དེ་ལ་ཡང་དག་པར་གོ་བར་བྱེད་པའི་ཆོས་སྒྲ་ཆེན་པོ་བྱུང་བས་སྐད་ཅིག་མ་ཅིག་ལ་སྟོང་གསུམ་གྱི་སྟོང་ཆེན་པོ་མ
ལུས་པ་སྒྲ་དེས་ཁྱབ་པར་བསམ་པར་བྱ་བ་ཁོ་ནའོ། །དེའི་མཐར་སྒྲོགས་པ་པོ་ལ་ཕ་རོལ་ཏུ་ཕྱིན་པ་དྲུག་དང་ལྡན་པར་བཤད་པར་བྱ་སྟེ། ཁྲི་སྟན་མེ་ཏོག་རབ་ཕུལ་དང། ལག་བཀྲུས་ཁ་བཤལ་གཙང་མ་ཉིད། །ཁོང་མི་ཁྲོ་ཞིང
སྲོག་ཆགས་སེལ། །ཡུན་རིངས་འབྲུས་དང་མ་ཡེངས་སྒྲོགས། །འབྲུའི་འཁྲུལ་པ་རྣམ་པར་དཔྱོད། །ཤཱཀྱ་ཐུབ་ཡན་ལག་དྲུག་དང་ལྡན་ཞེས་བྱ་བ་ལ། །དམ་པའི་ཆོས་སྒྲོགས་པའི་དུས་སུ་ཁྲི་དང་གདན་དང་མེ་ཏོག་ལ་སོགས་པ་བྱིན་པའི་སྐད་ཅིག་ལ་ནི
སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པའོ། །ཡན་ལག་དྲུག་བཀྲུ་བ་དང་ཁ་བཤལ་པ་དང། བར་དུ་ངག་གི་ལུང་པ་འགགས་པ་སེལ་བ་ནི་ཚུལ་ཁྲིམས་སོ། །གཞན་གྱི་བླག་ཆོར་ལ་སོགས་པ་ལ་ཁོང་མི་ཁྲོ་བ་དང། ཐོན་ཁོར་ན་གནས་པའི
སྲོག་ཆགས་སེལ་བ་ནི་བཟོད་པའོ། །བར་དུ་ལེ་ལོ་མེད་ཅིང་ཡུན་རིང་དུ་གུས་པ་ནི་བརྩོན་འགྲུས་སོ། །འཁོར་བའི་ཆོས་རྣམས་ལ་མ་ཡེངས་པར་སྒྲོགས་པ་ནི་བསམ་གཏན་ནོ། །ཡི་གེའི་འབྲུ་རྣམས་འཁྲུལ་པ་རྣམ་པར་དཔྱོད་པས་སྒྲོགས་པའི་སྐད་ཅིག
ལ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པའོ། །དེ་དང་དེའི་སྐད་ཅིག་ལ་ནི་འདི་དང་ལྡན་ནོ་ཞེས་བྱ་བ་ལ་སོགས་པས་མཉམ་པར་བཞག་པ་ཁོ་ནའོ། །ཤཱཀྱ་ཐུབ་ཡན་ལག་དྲུག་དང་ལྡན་ཞེས་པ་ནི། དེ་ཉིད་གང་དུ་ཤཱཀྱ་ཐུབ་པར་བསྒོམ
པའི་ཕྱིར་ཏེ། འབྲས་བུ་ནི་གོ་སླ་བའི་ཕྱིར་འདིར་མ་བཤད་དོ། །དེ་ལ་ཁ་ཅིག་གི་བསམ་པས་ཅི་དེ་བཞིན་དུ་འདོན་པ་དང་བཅུར་བཅོམ་ལྡན་འདས་ཀྱིས་གསུངས་ན། འདིར་ནི་ཁ་དོན་ཡོངས་སུ་མི་དམིགས་སོ་ཞེ་ན། རིགས་པ་ལ་ཡང་ཁ་དོག་ཉིད
སྒྲོགས་པའི་ཁོང་དུ་འདུས་པ་ཡིན་ལ། །ལུང་ཡང་བཅོམ་ལྡན་འདས་ཀྱིས་དེ་དགོངས་པ་སྒྲོགས་པའི་འབྲས་བུ་བསྟན་པའི་སྐབས་སུ་ཀློག་དང་འདོན་པའི་ཚེ་ཞེས་གསུངས་པའི་ཕྱིར་གཅིག་པ་རག?་བར་བྱའོ། །དེའི་མཐར་མཆོད་པ་བཤད་པར་བྱ་སྟེ།
མཆོད་པའི་ལས་སུ་བརྗོད་པ་ནི། ལུས་ངག་ཡིད་དང་རྫས་དག་སྟེ། དེ་ལུས་ཀྱི་མཆོད་པ་ནི། ཕྱག་འཚལ་བ་དང་བསྐོར་བ་དང། དཀྱིལ་འཁོར་ཕྱག་རྒྱ་གར་དང་ལྡན་ཞེས་བྱ་བ་ལ། བཅོམ་ལྡན་འདས་ཀྱིས་མཆོད་པ་རྣམ་པ་བཞིར
གསུངས་ཏེ། ལུས་དང་ངག་དང་ཡིད་དང་རྫས་ཀྱི་མཆོད་པའོ། །དེ་ལས་ལུས་ཀྱི་མཆོད་པ་ལ་ཡང་རྣམ་པ་ལྔར་གསུངས་ཏེ། ཕྱག་འཚལ་བ་ལུས་ཀྱི་མཆོད་བ་དང། སྐོར་བ་ལུས་ཀྱི་མཆོད་པ་དང། དཀྱིལ་འཁོར་བྱ་བ་ལུས
ཀྱི་མཆོད་པ་དང། ཕྱག་རྒྱ་ལུས་ཀྱི་མཆོད་པ་དང། གང་ལུས་ཀྱི་མཆོད་པ་དང། དེ་ལ་དང་པོར་ཕྱག་འཚལ་བ་ནི་ཡན་ལག་བཤད་པར་བྱ་སྟེ། ངག་ཡིད་གུས་པས་རབ་བཏུང་དང། པུས་གཙུགས་ཐལ་སྦྱར་ཡན་ལག་བཏུང་ངལ་དུབ་མེད་ཅིང་དུས
ལ་བརྩོན། །དེ་བདུན་ལྡན་པའི་གང་ཟག་ལ། །ཕྱག་བྱེད་མཁས་ཞེས་ངས་བཤད་དོ་ཞེས་བྱ་བ་ལ། ངག་གུས་པར་བཏུད་པ་ནི་གང་དང་གང་ལ་ཕྱག་བྱེད་པ་དེ་དང་དེ་ཚིག་གི་སྙན་ངག་ལེགས་པར་བརྗོད་པ་སྟེ། དཔེར་ན་སངས་རྒྱས་གཙོ་ལ་ཕྱག་འཚལ་ལོ། །
ཞེས་བྱ་བ་ལ་སོགས་པ་བཞིན་ནོ། །ཡིད་གུས་པར་བཏུང་བ་ནི་དང་བའི་དད་བས་སྨིན་མ་བསྡུས་པ་དང་སྨད་ཀྱི་ཤ་བསྐུལ་བ་ལ་སོགས་པ་བྱེད་པའོ། །པུས་མོ་གཙུགས་པ་ནི་རྐང་པ་ཉིས་ལྡབ་ཏུ་བལྟབས་པ་སྟེ། གཞིབས་པས་ལེགས་པར་བསྲང་བའོ། །
ཐལ་མོ་སྦྱར་བ་ནི་ལག་པ་ཐལ་མོ་ལེགས་པར་སྦྱར་བ་ལ། མཐེ་བོང་རྒྱ་གྲམ་དུ་བྱས་ཏེ་སྙིང་གར་བཟུངས་བའོ། །ཡན་ལག་བཏུད་བ་ནི་སྙན་ངག་གི་ཚིག་གི་སྐད་ཅིག་ལ་ཡན་ལག་གི་དབང་པོ་མགོ་བོ་པུས་མོའི་སྣངས་ལ་གཏུགས་ཏེ་ལག་པ་དང།
གསུམ་དུ་སྦྱར་བའོ། །ངལ་དུབ་མེད་པ་ནི་ཕྱག་འཚལ་བ་ལ་ངལ་དུབ་མེད་ཅིང་ལུས་ཡང་བའོ། །དུས་ལ་བརྩོན་པ་ནི་བཅོམ་ལྡན་འདས་ཀྱིས་མདོ་སྡེའི་སྡོང་པོའི་སྒྲ་ལས། །སྔ་དྲོ་ཕྱེད་དང་དགོངས་ཀ་དང། །དཀོན་མཆོག་བླ་མ་ལ་ཕྱོགས་ལ། །ང་ཡི་སྲས
ཀྱིས་ཕྱག་བྱའོ་ཞེས་གསུངས་པ་ན། སྔ་དྲོ་དང་པོ་དང། ཉི་མ་ཕྱེད་དང་དགོངས་ཀ་དག་གི་དུས་སུ་ཕྱག་འཚལ་བལ་བརྩོན་པའོ། །དེ་བདུན་ལྡན་པའི་གང་ཟག་ལ། ཕྱག་བྱེད་མཁས་ཞེས་ངས་བཤད་དོ། །ཞེས་པ་ནི། ལུས་ངག་ཡིད་གསུམ་བཏུང
བ་དང། ཟླ་བོ་ལེགས་ཀྱི་ཕྱིར་བྱེད་ཅིང། སེམས་དང་བ་མ་ཡིན་པ་དང། ཕྱག་བྱེད་པ་ཙམ་ལ་སོགས་པ་རྣམ་པར་བཅད་པའོ། །དེའི་མཐར་མན་ངག་བཤད་དེ། དང་པོར་བྱང་ཆུབ་སེམས་བསྐྱེད་དེ། འོད་ཟེར་འཕྲོས་པས་ཕྱོགས་བཅུ་ཡི། །སངས་རྒྱས
བྱང་ཆུབ་སེམས་དཔའ་དང་ཉན་ཐོས་རང་རྒྱལ་དགྲ་བཅོམ་དང། སྐུ་གདུངས་རིང་བསྲེལ་དམ་ཆོས་རྣམས། །མ་ལུས་མདུན་དུ་བཀུག་བྱས་ལ། །མངོན་པར་ཤིན་ཏུ་ཕྱག་བྱས་ནས། དེ་བྱས་སྐད་ཅིག་དེ་ཉིད་ལས། །མ་ལུས་ཕྱག་ནི་བྱེད་པར་འགྱུར། །ཞེས་བྱ
བ་ལ། དང་པོར་བྱང་ཆུབ་ཏུ་སེམས་བསྐྱེད་པ་ནི་ཕྱག་བྱེད་པའི་སྔོན་དུ་བདག་གིས་སེམས་ཅན་ཐམས་ཅད་མངོན་པར་རྫོགས་པར་འཚང་རྒྱ་བར་བྱ་བའི་ཕྱིར་དཀོན་མཆོག་གསུམ་ལ་ཕྱག་བྱའོ་ཞེས་བསམ་པ་སྔོན་དུ་བཏང་བའོ། །འོད་ཟེར་ཞེས་པ་ནས།
མ་ལུས་ཕྱག་ནི་བྱེད་པར་འགྱུར་ཞེས་པའི་བར་དུ་ནི་ཡང་དག་པར་བརྗོད་དེ། རང་གི་སྙིང་ག་ནས་རཾ་ལས་ཉི་མའི་དཀྱིལ་འཁོར་བསམས་ལ། དེའི་སྟེང་དུ་ཧཱུཾ་ཡང་དག་པར་བསམ་པའོ། །མདུན་དུ་པཾ་ལས་པདྨ་འདབ་མ་བརྒྱ་དང་ལྡན་པས་ནམ་མཁའ་ཨི
ཁམས་རབ་ཏུ་གང་བར་བསམས་ལ། དེའི་སྟེང་དུ་དང་པོའི་ས་བོན་ལས་འོད་ཟེར་ཁ་དོག་རྣམ་པ་ལྔ་ནམ་མཁའ་ཨི་ཕྱོགས་སུ་སྤྲོས་པས། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང། འཕགས་པ་དགྲ་བཅོམ་པ་དང། རང་སངས་རྒྱས་དང།
ཉན་ཐོས་ལ་སོགས་པ་མ་ལུས་པ་བཀུག་ལ། པདྨའི་སྟེང་དུ་བཞུགས་པར་བསམས་ལ། ཕྱག་བྱས་ན་དེའི་སྐད་ཅིག་ལ་ཕྱག་གཅིག་ལས་མ་བྱས་ཀྱང་མ་ལུས་པ་བྱེད་པར་འགྱུར་རོ། །དེའི་མཐར་ཕ་རོལ་ཏུ་ཕྱིན་པ་དྲུག་དང་ལྡན་པར་བཤད་དེ།
ལུས་ཕུལ་གོས་སོགས་བསྡམས་པ་དང། ཕྱག་འཚལ་ས་རུ་སྲོག་ཆགས་སེལ། །ལེ་ལོ་མེད་ཅིང་ཕྱག་ལ་བརྩོན། །མ་ཡེངས་མཉམ་པར་བཞག་པས་འཚལ། །མུ་སྟེགས་ལྷ་ཚོགས་ཡིན་མིན་དཔྱོད། །མི་དེ་ཡན་ལག་དྲུག་དང་ལྡན་ཞེས
པ་ལ། ཕྱག་བྱེད་པའི་སྔོན་དུ་དང་པོར་བདེ་བར་གཤེགས་པ་རྣམས་ལ། ལུས་དབུལ་བ་སྟེ། དེའི་སྐད་ཅིག་ལ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པའོ། །ཆོས་གོས་དང། གོས་བསྡམས་བ་དང། ལུས་བསྲང་བ་དང།
དག་བསྡམས་པ་ལ་སོགས་པ་ནི་ཚུལ་ཁྲིམས་སོ། །ཕྱག་འཚལ་བའི་ས་གཞི་ལ་སྲོག་ཆགས་སེལ་བ་ནི་བཟོད་པའོ། །ཀུ་རེ་དང་རྐྱལ་ཀ་ལ་སོགས་པ་མི་ཕྱེད་པས་ཕྱག་ལ་བརྩོན་འགྲུས་སོ། །གོང་གི་བསམ་གཏན་གྱིས་མཉམ་བར་བཞག་ནས་འཚལ
བ་ནི་བསམ་གཏན་ནོ། །ཕྱག་འཚལ་བའི་གནས་སུ་ཕྱི་རོལ་པ་དང། འཇིག་རྟེན་པའི་ལྷ་ཡིན་མིན་དཔྱོད་པའི་སྐད་ཅིག་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པ་སྟེ། དེ་དག་གི་སྐད་ཅིག་དེ་རྣམས་ལ་དེ་དག་དང་ལྡན་པ་ཉིད་དུ་མཉམ
པར་བཞག་པ་ཁོ་ནའོ། །མི་དེ་ཡན་ལག་དྲུག་དང་ལྡན་པ་ནི་ཕྱག་བྱེད་པ་དེ་ལ་ཕ་རོལ་ཏུ་ཕྱིན་པ་དྲུག་དང་ལྡན་པ་སྟེ། འབྲས་བུ་ནི་གོ་སླ་བའི་ཕྱིར་འདིར་མ་བཤད་དོ། །དེའི་མཐར་བསྐོར་བ་ལུས་ཀྱི་མཆོད་བའི་ཡན་ལག་བཤད་དེ། ཉམས
སྟོབས་ཆེ་དང་ཤ་ལུས་ཡང། །ཕྱིན་ཅི་མ་ལོག་བསྐོར་བར་མོས། །ཚུལ་འཆོས་མ་ཡིན་ལུས་པོ་བསྲད། །དེ་དྲུག་ལྡན་པའི་གང་ཟག་ལ། །བསྐོར་བ་མཁས་ཞེས་བྱ་བ་ཡིན་ཞེས་བྱ་བ་ལ། ཉམས་སྟོབས་ཆེ་བ་ནི་ནད་དང་ཟས་ལ་སོགས་པས་ཕུང
པོ་རྒུད་པར་མ་གྱུར་ཅིང་རྩོལ་ཕོད་པའོ། །ཤ་ལུས་ཡང་བ་ནི་སྟོབས་དང་ལྡན་ཡང་ཤ་ལུས་ཡང་བ་དང། གསུས་པ་ལྕི་བར་མ་གྱུར་པའོ། །ཕྱིན་ཅི་མ་ལོག་པ་ནི་གཡས་ཕྱོགས་སུ་བསྐོར་བ་དང། །ཟླུམ་པོར་བསྐོར་བའོ། །བསྐོར་བར་མོས་པ་ནི་དུས
སུ་སྒོར་བར་འདོད་ཅིང་བསྐོར་བ་ལ་དགའ་བའོ། །ཚུལ་འཆོས་བ་མ་ཡིན་པ་ནི་ཟས་དང་གོས་ལ་སོགས་བརྙེད་པའི་ཕྱིར་མ་ཡིན་པའོ། །ལུས་པོ་བསྲང་བ་ནི་དགྱེ་བ་དང་དགུ་བ་དང་ལག་པ་སྦྱར་བ་ལ་སོགས་པས་མ་ཡིན་པར་བསྐོར་བའོ། །དེ་དྲུག་ལྡན
བའི་གང་ཟག་ལ། །བསྐོར་བ་མཁས་ཞེས་ངས་བཤད་དོ། །ཞེས་པ་ནི། གྲོགས་དགའ་དང་ཚུལ་འཆོས་དང་སྐོར་པ་ཙམ་ལ་སོགས་པ་རྣམ་པར་བཅད་པའོ། །དེའི་མཐར་མན་ངག་བཤད་པར་བྱ་སྟེ། དང་པོར་བྱང་ཆུབ་སེམས་བསྐྱེད་ལ། །བསྐོར་བའི་སར་ནི
པདྨ་ཡི། །སྡོད་པོ་ཡན་ལག་དཔག་ཏུ་མེད། །ཕྱོགས་བཅུ་མ་ལུས་ཁྱབ་པར་བསམ། །དེ་ནས་འོད་ཟེར་འཕྲོས་བ་ཡིས། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང། ཉན་ཐོས་རང་རྒྱལ་དགྲ་བཅོམ་དང། །དམ་ཆོས་མ་ལུས་ཀུན་བཀུག་ལ། །པདྨའི་སྟེང་དུ
བཞུགས་པར་བསམ། །དེ་བསམ་པདྨའི་རྩ་བ་ལ། །བསྐོར་བ་མ་ལུས་བསྐོར་བ་ཡིན། །ཞེས་བྱ་བ་ལ་སྐབས་འདིར་བཤད་བར་བྱ་སྟེ། དང་པོར་བྱང་ཆུབ་ཏུ་སེམས་བསྐྱེད་པ་ནི། སྐོར་བ་བྱེད་པའི་སྔོན་དུ་བདག་གིས་འགྲོ་བ་སེམས་ཅན་ཐམས་ཅད་མྱུར་དུ་མངོན
པར་འཚང་རྒྱ་བར་བྱ་བའི་ཕྱིར། བསྐོར་བ་འདི་བྱའོ། །ཞེས་བསམ་པ་སྔོན་དུ་བཏང་བའོ། །བསྐོར་བ་བྱེད་པའི་སར་པཾ་ལས་པདྨའི་སྡོང་པོ་རགས་ཤིང་སྤོམ་པ་བསམས་ལ། པདྨའི་སྡོང་པོ་དེ་ལས་པདྨའི་ཡལ་ག་དཔག་ཏུ་མེད་ཅིང་མཐོ་བས་ཕྱོགས་བཅུར
ཁྱབ་པར་བསམ་པའོ། །དེ་ནས་རང་གི་སྙིང་གར་ཨ་ལས་ཟླ་བའི་དཀྱིལ་འཁོར་བསམས་ལ། དེའི་སྟེང་དུ་ཧཱུཾ་བསམས་ཏེ། དེ་ལས་འོད་ཟེར་སྤྲོས་བས་ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་དང། བྱང་ཆུབ་སེམས་དཔའ་དང། འཕགས་པ་ཉན་ཐོས
དང། རང་རྒྱལ་དང། དམ་པའི་ཆོས་མ་ལུས་པ་བཀུག་སྟེ། པདྨའི་སྟེང་དུ་བཞུགས་པར་བསམས་ལ། དེ་ནས་པདྨའི་རྩ་བ་ལ་བསྐོར་བ་བྱས་པས་རྩ་བ་གཅིག་པའི་ཕྱིར་བསྐོར་བ་གཅིག་གིས་ཀྱང་མ་ལུས་བསྐོར་བ་བྱས་པར་འགྱུར་རོ། །དེའི་མཐར
ཕ་རོལ་ཏུ་ཕྱིན་པ་དྲུག་དང་ལྡན་པ་བཤད་དེ། །རང་གི་རྒྱུད་ཕུལ་སྤྱོད་ལམ་བསྡམས། །ལམ་གའི་སྲོག་ཆགས་ལ་སོགས་བལྟ། །ལེ་ལོ་མེད་པར་རྒྱུན་དུ་བསྐོར། །གཞན་ལ་མ་ཡེངས་སྔགས་སོགས་ལ། །འཁྲུལ་བ་མེད་དམ་དཔྱོད་པས་ཟློས། །མི་དེ
ཡན་ལག་དྲུག་དང་ལྡན། ཞེས་བྱ་བ་ལ། བསྐོར་བ་བྱེད་པའི་དང་པོར་རང་གི་རྒྱུད་དཀོན་མཆོག་གསུམ་ལ་ཕུལ་བ་ནི་སྦྱིན་པའོ། །རྣམ་པར་གཡེང་བའི་སེམས་དང་ངག་འཁྱལ་བ་དང། ལུས་ཀྱི་གོས་ལ་སོགས་པའི་དཔྱོད
ལམ་བསྡམས་པ་ནི་ཚུལ་ཁྲིམས་སོ། །ལཾ་ཀན་སྲོག་ཆགས་གནས་པ་རྣམས་ལ་མི་འཚེ་བསེལ་བ་འམ། སྐྲོད་པ་ནི་བཟོད་པའོ། །བསྐོར་བ་ལ་ལེ་ལོ་མེད་པར་རྒྱུན་དུ་བསྐོར་བ་ནི་བརྩོན་འགྲུས་སོ། །གང་གི་བསམ་གཏན་ལ་མཉམ་པར་བཞག
པས་སྐོར་པ་ནི་བསམ་གཏན་ནོ། །བསྐོར་བའི་སྐབས་སུ་ཟློས་པའི་སྔགས་ཙམ་ཁ་དོན་གོང་འོག་གི་ཚིག་དོན་རྣམ་པར་གཅོད་ཅིང་བསྐོར་བའི་སྐད་ཅིག་དེ་རྣམས་ལ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པ་སྟེ། དེ་ལ་མཉམ་པར
བཞག་པ་ཁོ་ནའོ། །མི་དེ་ཡན་ལག་དྲུག་དང་ལྡན་པ་ནི། བསྐོར་བ་མཁན་དེ་ལ་ཕ་རོལ་ཏུ་ལྡན་པས་ཏེ། འབྲས་བུ་ནི་གོ་སླ་བའི་ཕྱིར་འདིར་མ་བཤད་དོ། །དེའི་མཐར་དཀྱིལ་འཁོར་བྱ་བ་ལུས་ཀྱི་མཆོད་པའི་ཡན་ལག་བཤད་དེ། ས་གཞི
ལེགས་དང་རྒྱུད་ལ་མཁས། །ཡན་ལག་མཉེན་དང་ཡིད་བཟོ་ལྡན། །དེ་ཉིད་ཤེས་དང་ཚད་དང་ལྡན། །མེ་ཏོག་ཚོམ་བུ་ཆུར་ལྡན་བའི། །དེ་བདུན་ལྡན་པའི་གང་ཟག་ལ། །དཀྱིལ་འཁོར་མཁས་ཞེས་ངས་བཤད་དོ། །ཞེས་བྱ་བ་ལ།
ས་བཞི་ལེགས་པ་ནི་འཇམ་པ་དང། སྣུམ་པ་དང། གྱོ་མོ་དང། གསག་མ་ལ་སོགས་པ་མེད་པའོ། །རྒྱུད་ལ་སོགས་པ་ནི་དེ་ཉིད་ཀྱི་རྒྱུད་དང་གཞན་གྱི་རྒྱུད་རྣམ་པ་ལྔ་ལ་སོགས་པ་ལ་ཐོས་པ་དང། ལེགས་པར་གོ་བའོ། །ཡན་ལག་མཉེན་པ་ནི། ཡན
ལག་གྱོད་པོ་མ་ཡིན་པ་དང། རེངས་བ་དང། འཁྱོག་པོ་དང། སྤོམ་པོ་དང། ཐུས་དུ་ལ་སོགས་པ་ནི་མ་ཡིན་པའོ། །ཡིད་བཟོ་བ་ནི་ཤེས་རབ་ཟབ་བའོ། །དེ་ཉིད་ཤེས་པ་ནི་དཀྱིལ་འཁོར་གྱི་སྒོ་དང། ལོགས་དང། ཟུར་དང། རྒྱན་རྣམས་ཡང
དག་པའི་དོན་ལ་སྦྱོར་ཤེས་པ་དང། གཞན་ཡང་དེ་ཉིད་ཀྱི་ངེས་པའི་ཚིག་རྒྱས་པར་ཤེས་པའོ། །ཚད་དང་ལྡན་པ་ནི་རབ་དང་འབྲིང་དང་ཐ་མ་ལ་སོགས་པའི་ཚད་དང། སྐུ་དང་གསུང་དང་ཐུགས་གསུམ་གྱི་ཚད་ཡོངས་སུ་ལྡན་པར་བྱེད་པ
དང། ཁྲུ་གང་ལས་ཚུང་བ་མ་ཡིན་པའོ། །མེ་ཏོག་ཚོམ་བུ་ཆུར། ཞེས་བྱ་བ་ནི་རང་བཞིན་དང། དམ་ཚིག་ལ་སོགས་པའི་དཀྱིལ་འཁོར་མ་ཡིན་པ། གཟུགས་བརྙན་གྱི་དཀྱིལ་འཁོར་ལ་འཇུག་སྟེ། དེ་ཡང་མེ་ཏོག་གསུངས་པ་ནི། བྱུག་པའི
དཀྱིལ་འཁོར་ཟླུམ་པོ་ལ་སོགས་པའོ། །ཚོམ་བུ་གསུངས་པ་ནི། རྡུལ་ཚོན་གྱི་དཀྱིལ་འཁོར་བྱེད་པ་གསུངས་པའོ། །ཆུ་ནི་ཕྱིར་གསུངས་པ་སྟེ། གཉིས་ཀ་ལ་དགོས་པའི་ཕྱིར་རོ། །དེ་བདུན་ལྡན་པའི་གང་ཟག་ལ། །དཀྱིལ་འཁོར་མཁས་ཞེས
ངས་བཤད་དོ་ཞེས་གསུངས་པ་ནི། དཀྱིལ་འཁོར་བྱེད་པ་ཙམ་ལ་སོགས་པ་རྣམ་པར་གཅད་པའོ། །དེའི་མཐར་མན་ངག་བཤད་དེ། དང་པོར་བྱང་ཆུབ་སེམས་བསྐྱེད་ལ། བདག་ཉིད་རྡོ་རྗེ་ལས་སུ་བསྒོམ། །ཉིང་ལག་ཁྲོ་བོ་བཅུར་བསྒོམས
ལ། རྒྱུ་རྣམས་རིན་པོ་ཆེར་བསམས་ཏེ། བདག་གིས་ཡང་དག་བྱས་པ་ལས། །གཞལ་ཡས་ཁང་ནི་རྒྱ་ཆེ་བར། །མངོན་པར་བསམས་ནས་བདེར་གཤེགས་ནི། །མ་ལུས་ཀུན་ལ་དབུལ་བར་བྱ། །ཕྱི་ནས་སྟོང་པའི་ངང་གིས་སུ། །ཡོངས་སུ
བསམས་ཏེ་བསྡུ་བར་བྱ། ཞེས་བྱ་བ་ལ། སྐབས་འདིར་ཡང་དོན་གཅེས་པའི་ཕྱིར་དོན་བཤད་དོ། །དང་པོར་བྱང་ཆུབ་ཏུ་སེམས་བསྐྱེད་པ་ནི་དཀྱིལ་འཁོར་བྱེད་པའི་སྔོན་དུ། བདག་གིས་སེམས་ཅན་ཐམས་ཅད་མྱུར་བར་འཚང་རྒྱ་བར
བྱ་བའི་ཕྱིར། དཀྱིལ་འཁོར་འདི་བྱའོ་ཞེས་བསམ་པ་སྔོན་དུ་བཏང་བའོ། །དེའི་རྗེས་ལ་རང་གི་རྐང་བའི་འོག་ཏུ་རཾ་ལས་ཉི་མའི་དཀྱིལ་འཁོར་བསམས་ལ། དེའི་སྟེང་དུ་ཧཱུཾ་བསམས་ཏེ། དེ་གྱུར་པ་ལས་རྡོ་རྗེ་རྩེ་ལྔ་པའོ། །དེ་དག་ཡོངས་སུ
གྱུར་པ་ལས་བདག་ཉིད་རྡོ་རྗེ་ལས་སུ་བསྒོམས་པར་བྱ་སྟེ། སྐུ་མདོག་ལྗང་གུ་ཕྱག་གཉིས་པ་ལ་རྒྱན་ཆ་ལྔས་ཡང་དག་པར་བསམས་ཏེ། དེའི་སོར་མོ་བཅུ་ལ་ཟླ་བའི་དཀྱིལ་འཁོར་བཅུ་བསམས་ལ། དེའི་སྟེང་རྣམས་སུ་མུམ
ལྗང་གུ་བཅུ་ཡང་དག་པར་བསམ་པའོ། །དེ་གྱུར་པ་ལས་སྣ་ཚོགས་རྡོ་རྗེ་བཅུ་ཡོངས་སུ་གྱུར་པ་ལས་ཁྲོ་བོ་ཁ་དོག་ལྗང་གུ་ཤིན་ཏུ་མི་བཟད་པ་དྲག་པོ་བཅུ་ཡོངས་སུ་བསྒོམ་པའོ། །རྒྱུ་ཚོན་དཀར་པོ་ལ་སོགས་པ་རྣམས་ལ། རིམས་པ་བཞིན་དུ་མུ་ཏིག་དང། བྱུ
རུ་ལ་སོགས་པར་བྱིན་གྱིས་བརླངས་པ་དང། གཅི་བ་ལ་སོགས་པ་ལ་ནི་རིན་པོ་ཆེར་ཡོངས་སུ་བསམས་ཏེ། ཡང་དག་པར་བྱས་ནས་དཀྱིལ་འཁོར་དེ་གཞལ་ཡས་ཁང་ཆེན་པོ་རིན་པོ་ཆེ་སྣ་བཞི་ལས་གྲུབ་པར་བསམས་ལ། ཕྱོགས་བཅུའི་དཀོན་མཆོག་གསུམ
ལ་ཕུལ་ཏེ། ཕྱི་ནས་དངོས་པོ་མ་ལུས་པ་སྟོང་པའི་རང་བཞིན་ནོ། །ཞེས་བསམ་པ་ཡོངས་སུ་བསྡུ་བར་བྱ་སྟེ། མ་བསྡུས་ན་ཤིན་ཏུ་སྡིག་ཆེ་བའི་ཕྱིར་རོ། །དེའི་མཐར་ཕ་རོལ་ཏུ་ཕྱིན་པ་དྲུག་དང་ལྡན་བཤད་དེ། ཆུ་སོགས་བྱིན་དང་གཙང་མར་བྱས། །སྲོག་ཆགས
བསལ་དང་ལེ་ལོ་མེད། །ཁྲོ་བོ་ཡན་ལག་དྲུག་དང་ལྡན། ཞེས་བྱ་བ་ལ། ཆུ་ལ་སོགས་པ་བྱིན་པ་ནི་སྦྱིན་པའོ། །མི་གཙང་བ་དང་སྦར་སྦུར་ལ་སོགས་པ་བསལ་བ་ནི་ཚུལ་ཁྲིམས་སོ། །ས་ལ་གནས་པའི་སྲོག་ཆགས་རྣམས་བསལ་བ་ནི་བཟོད་པའོ།།
དེ་ལེ་ལོ་མེད་པར་དེ་ལ་འཁྲུས་པ་ནི་བརྩོན་འགྲུས་སོ། །གཞན་ལ་མ་ཡེངས་པར་མཉམ་པར་བསམ་པ་དང་ལྡན་པ་ནི་བསམ་གཏན་ནོ། །དེ་དག་ཡ་ཡོ་མེད་པར་རེག་ལ་ལེགས་པར་གཅོད་པའི་སྐད་ཅིག་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ
རྫོགས་པ་ཡིན་ལ། །འབྲས་བུ་ཡང་རྫོགས་པར་ཁོ་ན་སྟེ། དེ་དང་དེ་རྣམས་ཀྱི་སྐད་ཅིག་དེ་རྣམས་ལ་ཡང་དག་པར་མཉམ་པར་བཞག་བ་ཁོ་ནའོ། །ཁྲོ་བོ་ཡན་ལག་དྲུག་དང་ལྡན་པ་ནི་དང་པོར་ཁྲོ་བོར་བསམས་པའི་ཕྱིར་ཏེ། འབྲས་བུ་ནི་གོ་སླའོ། །
དེའི་མཐར་ཕྱག་རྒྱ་ལུས་ཀྱི་མཆོད་པ་བཤད་པར་བྱ་སྟེ། བླ་མ་ལ་སྦྱངས་ཡན་ལག་མཉེན། །མ་ནོར་དེ་དང་རྗེས་སུ་མཐུན། །རྒྱུད་མང་ཐོས་ཤིང་ཕྱིར་མི་སྟོན། །སྔགས་དང་སྐད་ཅིག་དུས་མཉམ་བྱེད། །དེ་བདུན་ལྡན་པའི་གང་ཟག་ལ། །ཕྱག་རྒྱ་མཁས་ཞེས་པས་བཤད་དོ།།
ཞེས་བྱ་བ་ལ། བླ་མ་ལ་སྦྱངས་པ་ནི། སྔོན་དུ་ཕྱག་རྒྱ་མདུད་པ་བླ་མ་ལ་བྱང་བར་སྦྱངས་པའོ། །ཡན་ལག་མཉེན་པ་ནི་ཞི་བོ་དང་རེངས་པ་ལ་སོགས་པ་མ་ཡིན་པའོ། །མ་ནོར་བ་ནི་གཞན་དང་མ་ནོར་བའོ། །དེ་དང་རྗེས་སུ་མཐུན་པ་ནི། ལྷ་དེ་དང་རྗེས་སུ་མཐུན་པའོ།།
རྒྱུད་མང་བ་ན་ཐེག་པ་ཆེན་པོ་གསང་སྔགས་ཀྱི་རྒྱུད་མང་པོར་ཐོས་པའོ། །ཕྱིར་མི་སྟོན་པ་ནི་མི་གཞན་ལ་མི་སྟོན་པའོ། །སྔགས་དང་སྐད་ཅིག་དུས་མཉམ་པ་ནི། ལྷའི་སྙིང་པོ་ཁོ་ན་བཟས་པ་དང། ཕྱག་རྒྱ་དང་མདུང་པའི་དུས་སྐད་ཅིག་ལ་ནི་དུས་མཉམ་པར་བྱེད
པའོ། །དེ་བདུན་དང་ལྡན་པའི་གང་ཟག་ལ། །ཕྱག་རྒྱ་མཁས་ཞེས་ངས་བཤད་དོ། །ཞེས་པ་ནི་གཞན་ལ་ནི་སྟོན་པ་དང། སྔགས་དང་དུས་མཉམ་པ་དང། ཕྱག་རྒྱ་བྱིན་བ་ཙམ་ལ་སོགས་པ་རྣམ་པར་གཅད་པའོ། །དེའི་མཐར་མན་ངག་བཤད་དེ། དང་པོར་བྱང
ཆུབ་སེམས་བསྐྱེད་ལ། །གང་དང་གང་ལ་སྦྱོར་བ་ཡི། །དེ་དེ་ལྷ་རུ་ངེས་པར་བསམ། །དེ་བསམས་ཕྱིར་ན་དགྲོལ་ཁ་རུ། །སྒྱུ་མའི་སེམས་ཀྱིས་ཡོངས་སུ་དགྲོལ། །ཞེས་བྱ་བ་ལ། དང་པོར་བྱང་ཆུབ་ཏུ་སེམས་བསྐྱེད་པ་ནི། བདག་གིས་སེམས་ཅན་ཐམས་ཅད
མངོན་པར་རྫོགས་པར་འཚང་རྒྱ་བར་བྱ་བའི་ཕྱིར། ཕྱག་རྒྱ་འདི་བྱའོ་ཞེས་བསམ་པ་སྔོན་དུ་བཏང་བའོ། །ཞི་བ་དང་བྲག་པོ་དང། དབང་དང་རྒྱས་པ་ལ་སོགས་པའི་ལས་ལ་སྦྱོར་བའི་ཚེ། གང་དང་གང་གི་ལྷའི་སྙིང་པོ་བརྗོད་ཙམ་ན། ལྷ་དེ་དང་དེ་རུ་བསྒོམས
པས་ཡོངས་སུ་བདུད་པའོ། །དེ་ནས་ཕྱག་རྒྱ་འགྲོལ་ཁར་སྒྱུ་མ་ཙམ་མོ་ཞེས་བྱ་བའི་བསམ་པས་ཡང་དག་པར་དགྲོལ་བར་བྱ་བ་ཁོ་ནའོ། །དེའི་མཐར་ཕ་རོལ་ཏུ་ཕྱིན་པ་དྲུག་དང་ལྡན་པ་བཤད་དེ། ཕུལ་དང་ལེགས་པར་མདུད་པ་དང། །ལག་པ་ན་ཡང་ཡོངས་སུ
བཟོད། །མྱུར་ལ་མ་ཡེངས་མཉམ་པར་འཇོག་།སྐད་ཅིག་དུ་མཉམ་ལེགས་པར་དཔྱོད། །སྣ་ཚོགས་ཡན་ལག་དྲུག་དང་ལྡན། ཞེས་བྱ་བ་ལ། ཕྱག་རྒྱ་ཕུལ་བ་ནི་སྦྱིན་པའོ། །ལེགས་པར་མདུད་པ་ནི་ཚུལ་ཁྲིམས་སོ། །ལག་པ
དང་ཉིང་ལག་ན་བ་ལ་བཟོད་པ་ནི་བཟོད་པའོ། །སྔགས་དང་གཉིས་མྱུར་བར་བྱེད་པ་ནི་བརྩོན་འགྲུས་སོ། །ལྷའི་བསམ་པ་དང་ལྡན་ཞིང་མ་ཡེངས་པ་ནི་བསམ་གཏན་ནོ། །སྔགས་དང་ཕྱག་རྒྱ་ལ་འཁྲུལ་མ་འཁྲུལ་དཔྱོད་པའི་སྐད་ཅིག་མ་རྣམས
ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ཡོངས་སུ་རྫོགས་པའོ། །སྐད་ཅིག་དེ་རྣམས་ལ་འདི་ནི་འདི་དང་ལྡན་ནོ། །ཞེས་བྱ་བ་ལ་སོགས་པས་མཉམ་པར་བཞག་པར་བྱའོ། །སྣ་ཚོགས་ཡན་ལག་དྲུག་དང་ལྡན་ཞེས་བྱ་བ་ནི། ལྷ་སྣ་ཚོགས
པ་མང་པོ་བསམས་པའི་ཕྱིར་ཏེ། འབྲས་བུ་ནི་གོ་སླ་བའི་ཕྱིར་མ་བཤད་དོ། །དེའི་མཐར་གར་ལུས་ཀྱི་མཆོད་པའི་ཡན་ལག་བཤད་པར་བྱ་སྟེ། རྐེང་པ་འཕ་དང་རྐང་ལག་མཉེན། །བྱང་བར་སླབས་དང་འཇག་སྟོབས་ལྡན། །སྒྲ་དང་རྗེས་སུ
མཐུན་པར་ཤེས། །དེ་དྲུག་ལྡན་པའི་གང་ཟག་ལ། །གར་བྱེད་མཁས་ཞེས་ངས་བཤད་དོ། །ཞེས་བྱ་བ་ལ། རྐེང་པ་ཕྲ་བ་ནི་བུ་ཆེ་བ་ལ་སོགས་པ་མ་ཡིན་པའོ། །རྐང་ལག་མཉེན་པ་ནི་རེངས་པ་ལ་སོགས་པ་མ་ཡིན་པའོ། །བྱང་པར་བསླབས
པའི་སློབ་དཔོན་ལ་སྔོན་དུ་བྱང་བར་བསླབས་པའོ། །ངག་བདེ་བ་ནི་འགྱུར་ལྡོག་ལ་མཁས་པའོ། །སྟོབས་དང་ལྡན་པ་ནི་ནང་ལ་སོགས་པས་མདུད་པའོ། །སྒྲ་དང་རྗེས་སུ་མཐུན་པ་ནི་རྔ་པ་ཏ་ཧ་ལ་སོགས་པའི་སྒྲ་རྒྱུར་དྲུག་པ་ལ་སོགས
པ་དང་གར་མཐུན་པར་བྱེད་པའོ། །དེ་དྲུག་ལྡན་པའི་གང་ཟག་ལ། །གར་བྱེད་མཁས་ཞེས་ངས་བཤད་དོ། །ཞེས་བྱ་བ་ནི། གར་བྱེད་པ་ཙམ་ལ་སོགས་པ་རྣམ་པར་གཅད་བའོ། །དེའི་མཐར་མན་ངག་བཤད་དེ། དང་པོར་བྱང་ཆུབ་སེམས
བསྐྱེད་ལ། །རང་ཉིད་ལྷ་མོར་བསྒོམས་བྱས་ནས། །མཆོག་གསུམ་མདུན་དུ་དམིགས་བྱས་ཏེ། །མ་ལུས་ཀུན་ལས་དབུལ་བར་བྱ། ཞེས་བྱ་བ་ལ། དང་པོར་བྱང་ཆུབ་ཏུ་སེམས་བསྐྱེད་པ་ནི་གར་བྱེད་པའི་སྔོན་དུ་བདག་གིས་སེམས་ཅན་ཐམས་ཅད་མངོན་པར
རྫོགས་པར་འཚང་རྒྱ་བའི་ཕྱིར། །བདག་གིས་གར་འདི་བྱའོ། །ཞེས་བསམ་པ་སྔོན་དུ་བཏང་བ་སྟེ། རང་ཉིད་ཀྱི་འོག་ཏུ་པཾ་ལས་པདྨ་བསམས་ལ། དེའི་སྟེང་དུ་ནཾ་བསམས་ཏེ། ནཾ་ཡོངས་སུ་གྱུར་པ་ལས་བདག་ཉིད་ལྷ་མོ་གར་གྱི་དབང་ཕྱུག་མར་བསྒོམ་པར
བྱ་སྟེ། སྐུ་མདོག་ལྗང་གུ་ཕྱག་གཉིས་པ་ལ་ཤིན་ཏུ་མཛེས་པའི་ཆ་བྱད་ཅན་རྒྱན་སྣ་ཚོགས་ཀྱིས་ཡོངས་སུ་བརྒྱན་པར་བསམས་ལ། དེའི་སྙིང་ག་ནས་ཧཱུཾ་ལས་འོད་ཟེར་ནམ་མཁའ་ཨི་ཕྱོགས་སུ་སྤྲོས་པས། །ཕྱོགས་བཅུ་ནས་གསུམ་གྱི་དཀོན་མཆོག་གསུམ་སྤྱན་དྲངས
ཏེ། མདུན་དུ་དམིགས་པ་མ་ལུས་པར་ཀུན་ལ་དབུལ་བར་བྱའོ། །དེའི་མཐར་ཕ་རོལ་ཏུ་ཕྱིན་པ་དྲུག་དང་ལྡན་པ་བཤད་དེ། ལུས་ཕུལ་གོས་སོགས་བསྡོམས་པ་དང། ལུས་ངལ་བཟོད་དང་མ་ཡེངས་མྱུར། །སྒྲ་ལ་རྣམ་སྤྱོད་ལྷ་མོ་ནི། །ཡན་ལག་དྲུག་དང་ལྡན
པ་ཡིན། ཞེས་བྱ་བ་ལ་ལུས་ཕུལ་བ་ནི་སྦྱིན་པའོ། །གོས་དང་ལུས་ངག་ཡིད་གསུམ་བསྡམས་པ་ནི་ཚུལ་ཁྲིམས་སོ། །ལུས་ངལ་བ་ལ་བཟོད་པ་ནི་བཟོད་པའོ། །མྱུར་བར་བྱེད་པ་ནི་བརྩོན་འགྲུས་སོ། །གཞན་ལ་མ་ཡེངས་པར་ལྷ་མོའི་བསམ་པས་བྱེད་པ་ནི
བསམ་གཏན་ནོ། །རྔ་ལ་སོགས་པའི་སྒྲ་ལ་རྣམ་པར་སྤྱོད་ཅིང་བྱེད་པའི་སྐད་ཅིག་རྣམས་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ཡོངས་སུ་རྫོགས་པ་སྟེ་སྐད་ཅིག་དེ་རྣམས་ཀྱི་བསམ་པ་བཞག་པར་བྱ་བ་ཁོ་ནའོ། །ལྷ་མོ་ཡན་ལག་དྲུག་ཞེས་པ་ནི།
སྔར་ལྷ་མོ་བསྒོམས་པའི་ཕྱིར་རོ། །འབྲས་བུ་ནི་གོ་སླ་བའི་ཕྱིར་འདིར་མ་བཤད་དོ། །དེའི་མཐར་མན་ངག་གི་མཆོད་པའི་ཡན་ལག་བཤད་པར་བྱ་སྟེ། དབྱངས་སྙན་སྔགས་དང་རབ་ལྡན་དང། །བསྟོད་ཚིག་ལེགས་པའི་ཡན་ལག་བརྗོད། །སྡིག་པ
བཤགས་པའི་སྨྲེ་སྔགས་འདོན། །སྒྲ་དང་རྗེས་མཐུན་གསོལ་སྨོན་འདེབས། །དེ་བདུན་ལྡན་པའི་གང་ཟག་ལ། །ངག་མཆོད་མཁས་ཞེས་ངས་བཤད་དོ། །ཞེས་བྱ་བ་ལ། དབྱངས་དང་ལྡན་པ་ནི་ངག་ཤིན་ཏུ་ཕྲ་བ་དང། མགྲིན
པ་ལ་ནད་ཀྱིས་མ་གཟེང་བ་དང། གྲེ་བའི་ཁུགས་དང་ལྡན་པའོ། །སྔགས་དང་ལྡན་པ་ནི་མཆོད་པའི་སྔགས་དེ་དང་རྗེས་སུ་འཐུན་པ་སྟེ། དཔེར་ན་བུ་ཛ་པ་སྠ་ན་ཞེས་པ་ལ་སོགས་པ་བཞིན་ནོ། །བསྟོད་ཚིག་ལེགས་པའི་ཡོན་ཏན་ནོ། །གང་དང་གང་ལ
མཆོད་པ་དེ་དང་དེ་ལ་ལེགས་པའི་ཡོན་ཏན་གྱི་ཚིག་གིས་བསྟོད་པ་སྟེ། དཔེར་ན་འཕགས་པ་ཕྱག་ན་རྡོ་རྗེ་ལ། གསང་བའི་བདག་པོ་སྟོབས་པོ་ཆེ། དུས་གསུམ་སངས་རྒྱས་ཀུན་གྱིས་སྔགས། །བདུད་དང་དགྲ་དགེགས་འདུལ་མཛད་པའི།།
རྡོ་རྗེའི་བདག་ཉིད་ཕྱག་འཚལ་བསྟོད། །ཞེས་བྱ་བ་ལ་སོགས་པ་བཞིན་ནོ། །སྡིག་པ་བཤགས་པའི་སྨྲེ་སྔགས་དང་ནི་བདག་དང་སེམས་ཅན་ཐམས་ཅད་ཀྱིས་ཚེ་རབས་ཐོག་མ་མ་མཆིས་པ་ནས་དུག་གསུམ་གྱི་དབང་གིས་སྡིག་པ་བགྱིས
པ་དེ་དག་ཐམས་ཅད་མཐོལ་ཞིང་བཤགས་སོ། །བྱང་ཞིང་དག་བར་གྱུར་ཅིག་།ཅེས་བྱ་བ་ལ་སོགས་པ་སྟེ། སྔགས་ནི་སརྦ་པཱ་པཾ་དེ་ཤ་ན་བྱ་བ་ལ་སོགས་པའོ། །སྒྲ་དང་རྗེས་སུ་འཐུན་པ་ནི་དྲིལ་བུ་དང་ཅང་ཏེའུ་ལ་སོགས་པའི་སྒྲ་དང་རྗེས་སུ
འཐུན་པའོ། །གསོལ་བ་འདེབས་པ་ནི་ཕྱོགས་བཅུའི་སངས་རྒྱས་རྣམས་ལ་མྱ་ངན་ལས་མི་འདའ་བར་བཞུགས་སུ་གསོལ་བ་དང། འགྲོ་བའི་དོན་དུ་ཆོས་ཀྱི་འཁོར་ལོའི་བསྐོར་བར་གསོལ་པ་འདེབས་པའོ། །སྨོན་ལམ་འདེབས་པ་ནི་སེམས
ཅན་ཐམས་ཅད་འཇིག་རྟེན་འདི་ནི་སྡུག་བསྔལ་སྣ་ཚོགས་དང་བྲལ་བར་གྱུར་ནས་ཕྱི་མར་མངོན་བར་རྫོགས་བར་འཚང་རྒྱ་བར་གྱུར་ཅིག་ཅེས་བྱ་བ་ལ་སོགས་པའོ། །དེ་བདུན་ལྡན་པའི་གང་ཟག་ལ། །ངག་མཆོད་མཁས་ཞེས་ངས
བཤད་དོ། །ཞེས་པ་ནི། ཁེང་གྲགས་དང་གཞན་ལ་ཆགས་པའི་བསམ་པས་བརྗོད་པ་དང། ངག་བརྗོད་པ་ཙམ་ལ་སོགས་པ་རྣམ་པར་གཅད་པའོ། །དེའི་?་མན་ངག་བཤད་པར་བྱ་སྟེ། དང་པོར་བྱང་ཆུབ་སེམས་བསྐྱེད་ལ། །བདག་ཉིད
ལྷ་མོ་བསྒོམ་བྱས་ནས། །ངག་གི་གནས་སུ་འཁོར་ལོ་བསམ། །འཁོར་ལོ་དེ་ལས་འོད་འཕྲོས་པས། །ཕྱོགས་བཅུ་དུས་གསུམ་བཞུགས་པ་ཡི། །ངག་དབང་མ་ལུས་བཀུག་བྱས་ནས། །དེ་ལ་ཐིམ་པར་བརྗོད་བྱས་ན། །དབྱང་ཀྱིས་ཡན་ལག
རྒྱ་མཚོ་རྣམས། །སྐད་ཅིག་གཅིག་ལ་སྨྲ་བར་འགྱུར་ཞེས་བྱ་བ་ལ། དང་པོར་བྱང་ཆུབ་ཏུ་སེམས་བསྐྱེད་པ་ནི་ངག་བརྗོད་པའི་སྔོན་དུ་བདག་གིས་སེམས་ཅན་ཐམས་ཅད་མངོན་པར་རྫོགས་པར་འཚང་རྒྱ་བར་བྱ་བའི་ཕྱིར་ངག་འདི་བརྗོད་པར
བྱའོ་ཞེས་བསམ་པ་སྔོན་དུ་བཏང་བའོ། །བདག་ཉིད་ལྷ་མོར་བསྒོམ་པ་ནི་རང་གི་འོག་ཏུ་པཾ་ལས་པདྨ་འདབ་བརྒྱད་པ་བསམས་ལ་དེའི་སྟེང་དུ་པཾ་བསམས་ཏེ། དེ་གྱུར་པ་ལས་སྣ་ཚོགས་རྡོ་རྗེའོ། །དེ་དག་ཡོངས་སུ་གྱུར་པ་ལས་བདག་ཉིད་ལས་ཀྱི
ལྷ་མོ་སྣ་ཚོགས་མར་བསྒོམས་ཏེ། སྐུ་མདོག་ལྗང་ཁུ་རྒྱན་སྣ་ཚོགས་ཀྱིས་བརྒྱན་པའོ། །ཕྱག་གཉིས་པ་ལ་གཡས་པ་པི་ཝང་བསྣམས་པའོ། །གཡོན་པས་ཅང་ཏེའུ་ཡོངས་སུ་བཟུང་བར་བསམས་ཏེ། དེའི་མགྲིན་པའི་ནང་དུ་པཾ་ལས་ངག་གི་འཁོར
ལོ་ཁ་དམར་པོ་རྩིབས་ལྔ་པ་བསམས་པ་ལས། དེའི་སྟེང་དུ་ཨ་དམར་པོ་བསམས་ཏེ། དེ་ལས་འོད་འཕྲོས་པས་ཕྱོགས་བཅུ་ན་བཞུགས་པའི་པདྨའི་རིགས་ཀྱི་ལྷ་མོ། །ལུས་པར་བཀུག་ལ་འཁོར་ལོའི་ཨཾ་ལ་བསྟིམས་ཏེ། ངག་ཡོངས་སུ
བརྗོད་ན་སྐད་ཅིག་མ་གཅིག་ལ་ཡང་དབྱངས་ཀྱི་ཡན་ལག་རྒྱ་མཚོ་ཇི་སྙེད་པ་ཐམས་ཅད་བརྗོད་པར་འགྱུར་བ་ཁོ་ནའོ། །དེ་མཐར་ཕ་རོལ་ཏུ་ཕྱིན་པ་དྲུག་དང་ལྡན་པར་བཤད་དེ། ངག་ཕུལ་གྲེ་པ་བསལ་བ་དང། གཞན་གྱིས་ཞུམ་པར་མ་གྱུར
ཅིང། མྱུར་བར་འགྲུས་དང་མ་ཡེངས་བརྗོད། །རྣམ་པར་དཔྱོད་པས་ལེགས་པར་སྒྲོགས། །ལྷ་མོ་ཡན་ལག་དྲུག་དང་ལྡན་ཞེས་བྱ་བ་ལ། དཀོན་མཆོག་གསུམ་ལ་ངག་ཕུལ་བ་ནི་སྦྱིན་པའོ། །གྲེ་བའི་ལུང་པ་བསལ་བ་ལ་སོགས
པ་ནི་ཚུལ་ཁྲིམས་སོ། །མི་གཞན་ལ་སོགས་པས་ལྟ་བ་ལ་ཞུམ་པར་མི་འགྱུར་ཅིང་བཟོད་པ་ནི་བཟོད་པའོ། །ལེ་ལོ་མེད་ཅིང་མྱུར་བར་འགྲུས་པ་ནི་བརྩོན་འགྲུས་སོ། །གཞན་ལ་མ་ཡེངས་པར་ལྷ་མོའི་བསམ་པ་དང་ལྡན་པ་ནི་བསམ་གཏན་ནོ། །ངག་བརྗོད
པ་ནི་དབྱངས་དང་ཚིག་རྣམས་མ་འཁྲུལ་པར་དཔྱོད་ཅིང་ལེགས་པར། བརྗོད་པའི་སྐད་ཅིག་མ་རྣམས་ལ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ཡོངས་སུ་རྫོགས་པས་ཏེ། དེ་དག་གི་སྐད་ཅིག་མ་རྣམས་ལ་མཉམ་པར་བཞག་པ་ཁོ་ནའོ། །ལྷ་མོ་ཡན
ལག་དྲུག་དང་ལྡན། ཞེས་བྱ་བ་ནི། སྔར་ལྷ་མོར་བསྒོམས་པའི་ཕྱིར་ཏེ། འབྲས་བུ་ནི་གོ་སླ་བའི་ཕྱིར་མ་བཤད་དོ། །དེའི་མཐར་ཡིད་ཀྱི་མཆོད་པའི་ཡན་ལག་བཤད་པར་བྱ་སྟེ། མན་ངག་ལྡན་དང་བློ་བརྟན་དང། །ཡིད་ཆེས་ཞིང་གནས་སེམས་ཟིན་པ།།
དེ་བཞི་ལྡན་པའི་གང་ཟག་ལ། །ཡིད་མཆོད་མཁས་ཞེས་ངས་བཤད་དོ། །ཞེས་བྱ་བ་ལ། མན་ངག་དང་ལྡན་པའི་བླ་མ་ལ་རིམ་པ་ཇི་ལྟ་བ་བཞིན་དུ་མན་ངག་ཐོབ་པའོ། །བློ་བརྟན་པ་ནི་སེམས་རྣམ་པར་དག་གཡེང་པ་ལ་སོགས་པ་མ་ཡིན་པའོ། །ཡིད་ཆེས་པ་ནི
བླ་མའི་མན་ངག་ཉིད་མཆོད་པའི་ཁྱད་པར་དུ་གྱུར་པ་ལ་ངེས་པར་ཡིད་ཆེས་པའོ། །ཞི་གནས་ཀྱིས་སེམས་འཛིན་པ་ནི་དམིགས་སུ་མེད་པ་ལ་གཏན་ལ་ཕེབས་པའོ། །དེ་བཞི་ལྡན་པའི་གང་ཟག་ལ། །ཡིད་མཆོད་མཁས་ཞེས་ངས་བཤད་དོ། །ཞེས་བྱ་བ་ནི།
ཡིད་ཀྱི་མཆོད་པ་ཙམ་ལ་སོགས་པ་རྣམ་པར་བཅད་པའོ། །དེའི་མཐར་མན་ངག་བཤད་དེ། དང་པོར་བྱང་ཆུབ་སེམས་བསྐྱེད་ལ། སྙིང་ཀར་ཡིད་བཞིན་ནོར་བུ་བསམ། །དེ་ལས་བྱུང་བའི་མཆོད་པའི་ཚོགས། །མེ་ཏོག་སྤོས་དང་སྣང་བ་དང། །དྲི་དང་བྱུག
པ་ཞལ་ཟས་མཆོག་། ན་བཟའ་གདུགས་དང་རྒྱལ་མཚན་དང། །བ་དན་རོལ་མོ་མང་པོ་ཉིད། །མཆོད་པའི་ཚོགས་ནི་མ་ལུས་པས། །ནམ་མཁའ་གང་བར་དབུལ་བར་བྱ། ཞེས་བྱ་བ་ལ། དང་བོར་བྱང་ཆུབ་ཏུ་སེམས་བསྐྱེད་པ་ནི་ཡིད་ཀྱིས་མཆོད་པའི་སྔོན་དུ
བདག་གིས་སེམས་ཅན་ཐམས་ཅད་མངོན་པར་རྫོགས་པར་འཚང་རྒྱ་བར་བྱ་བའི་ཕྱིར་ཡིད་ཀྱི་མཆོད་པ་འདི་བརྗོད་པར་བྱའོ། །ཞེས་བསམ་པ་སྔོན་དུ་བཏང་བའོ། །རང་གི་སྙིང་ཁར་རཾ་ལས་ཉི་མའི་དཀྱིལ་འཁོར་བསམས་ཏེ། དེའི་སྟེང་དུ་ཁ་དོག་སྣ
ཚོགས་པ་བསམས་ལ། དེ་གྱུར་པ་ལས་ཡིད་བཞིན་ནོར་བུ་རིན་པོ་ཆེ་འབར་བས། ཟུར་དྲུག་པ་ཁ་དོག་སྔོན་པོ་ལ་ཅུང་ཟད་སྐྱེ་བ་ཡོངས་སུ་བསམས་ཏེ། ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་དང། ཆོས་དང་དགེ་འཛུན་གྱི་ཚོགས་རྣམས་མདུན་དུ་བསམས
ལ། དེ་ལས་བྱུང་བའི་མཆོད་པའི་ཚོགས་ཕྲེང་བའི་རྩེ་མོའི་ཚུལ་དུ་ཨཽད་པ་ལ་སོགས་པའི་མེ་ཏོག་དང་ཨ་ཀ་རུ་ལ་སོགས་པའི་བདུག་པ་དང་རིན་པོ་ཆེ་ལ་སོགས་པ་སྣང་བ་དང། ག་བུར་ལ་སོགས་པའི་དྲི་དང། ལྷ་བཤོས་ལ་སོགས་པའི་བཟའ་བ་དང།
གདུགས་དང། རྒྱལ་མཚན་དང། ན་བཟའ་དང། བ་དན་དང། པི་ཝང་དང་རྔ་ལ་སོགས་པའི་རོལ་མོ་སྣ་ཚོགས་པ་ཡོངས་སུ་དབུལ་བར་བྱ་བ་ཉིད་དོ། །དེ་ཡང་ཁ་ཅིག་གི་བསམ་པས་ཅི་དེ་བདེ་བར་གཤེགས་པས་ནི་མཆོད་པའི་ཚོགས་ནམ་མཁའ་གང
བར་དབུལ། ཞེས་གསུངས་ན། འདིར་ནི་ཕྲེང་བ་རྩེག་མ་ཞེས་ཅིའི་ཕྱིར་བྱ་སྙམ་པ་ལ། ནམ་མཁའ་གང་བ་ནི་ཤིན་ཏུ་བསམ་པར་དཀའ་བ་ཡིན་པས་མི་འགྲུབ་པའི་ཕྱིར་ཕྲེང་བ་རྩེག་མ་ཉིད་པ་ཁོ་ནའོ། །དེའི་མཐར་ཕ་རོལ་ཏུ་ཕྱིན་པ་དྲུག་དང་ལྡན
པ་བཤད་དེ། མཆོད་པ་ཕུལ་དང་ལེགས་པར་གཙང། །གཞན་གྱི་བླག་ཚོར་ཁོང་མི་མི་ཁྲོ། །མ་རྫོགས་པར་དུ་མི་གཅོད། །མཉམ་པར་བཞག་དང་རིམ་པར་སྤྱོད། །ཡིད་མཆོད་མཁན་པོ་ཡན་ལག་དྲུག་།ཅེས་བྱ་བ་ལ། མཆོད་བ་ཕུལ་བ་ནི་སྐྱོན
བའོ། །མཆོད་པའི་རྫས་རྣམས་ལ་གཙང་མར་བསམས་བ་ནི་ཚུལ་ཁྲིམས་སོ། །བསམ་པའི་བར་དུ་གཞན་གྱི་བླག་ཅོར་ལ་ཁོར་མི་ཁྲོ་བ་བཟོད་པ་ནི་བཟོད་པའོ། །བསམ་པ་མ་རྫོགས་ཀྱི་བར་དུ་བར་མི་གཅོད་པར་འགྲུབ་པ་ནི་བརྩོན
འགྲུས་སོ། །མཉམ་བར་བཞག་པ་ནི་བསམ་གཏན་ནོ། །མཆོད་བའི་ཆོ་ག་རིམ་པར་ཇི་བཞིན་པར་སྤྱོད་པའི་སྐད་ཅིག་རྣམས་ལ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ཡོངས་སུ་རྫོགས་པ་སྟེ། སྐད་ཅིག་དེ་རྣམས་ཡང་དག་པར་གཞག་པར
བྱ་བ་ཁོ་ནའོ། །ཡིད་མཆོད་མཁན་པོ་ཡན་ལག་དྲུག་།ཞེས་པ་ནི། དེ་ལ་ཕ་རོལ་ཏུ་ཕྱིན་པ་དྲུག་དང་ལྡན་ཏེ། འབྲས་བུ་ནི་གོ་སླ་བའི་ཕྱིར་འདིར་མ་བཤད་དོ། །དེ་མཐར་ཕ་རོལ་གྱི་མཆོད་པ་ཡན་ལག་བཤད་པར་བྱ་སྟེ། རྫས་རྣམས་ཕུན་སུམ
ཚོགས་པ་དང། གཙང་མར་བཤམས་དང་དང་བས་ཟིན། །རིམ་པ་མ་ནོར་གནས་ཤེས་དང། །ཆུད་མ་གསན་པར་མཆོད་འགྱུར་བའི། །དེ་དྲུག་ལྡན་པའི་གང་ཟག་ལ། །རྫས་མཆོད་མཁས་ཞེས་ངེས་བཤད་དོ། །ཞེས་བྱ་བ་ལ། རྫས་ཕུན་སུམ
ཚོགས་པ་ནི་མཆོད་པའི་རྫས་མེ་ཏོག་དང་སྤོས་ལ་སོགས་པ་མ་ལུས་པ་ཐམས་ཅད་འབྱོར་བའོ། །གཙང་མར་བཤམས་པ་ནི་ལྷག་མ་ལ་སོགས་པ་མ་ཡིན་པ་དང། དྲི་མ་དང་མི་གཙང་བ་ལ་སོགས་པས་སྦགས་པ་མ་ཡིན་པའོ། །དད་པས
ཟིན་པ་ནི་འཇིག་རྟེན་གྱི་གྲགས་པའི་ཕྱིར་མ་ཡིན་པའོ། །སེམས་དང་པོའི་སྒོ་ནས་འབུལ་བའོ། །རིམ་པ་མ་ནོར་བ་ནི་བདེ་བར་གཤེགས་པས་མདོ་སྡེ་རི་བོའི་ཟོམ་ལས་སུ། །འཁོར་ལོས་སྒྱུར་རྒྱལ་འབྱོར་པ་བཞིན། །དང་བོར་གནས
སོགས་ཐ་མར་ནི། སྣ་ཚོགས་རོལ་མོ་དཀོན་མཆོག་མཆོད། ཅེས་གསུངས་པས་མེ་ཏོག་དང་གདན་དབུལ་བ་ལ། དེ་ནས་བར་དུ་བཟའ་བ་ལ་སོགས་པས་ཡོངས་སུ་མཆོད་ལ། །ཐ་མར་རོལ་མོ་སྣ་ཚོགས་པས་ཡང་དག་པར་མཆོད་པའོ། །
གནས་ཤེས་པ་ནི་མེ་ཏོག་ཞལ་ལ་དབུལ་བ་དང། བདུག་པ་ཤངས་ལ་དབུལ་བ་ལ་སོགས་པའི་གནས་ཤེས་པའོ། །ཆུད་མ་གསན་པ་ནི་མཆོད་པའི་རྫས་གཞན་དུ་མ་གྱག་པའོ། །དེ་དྲུག་ལྡན་པའི་གང་ཟག་ལ། །རྫས་མཆོད་མཁས་ཤེས་པས་བཤད་དོ།།
ཞེས་པ་ནི། །དད་པས་ཟིན་པ་འམ། མཆོད་པ་ཙམ་ལ་སོགས་པ་རྣམ་པར་བཅད་པའོ། །དེའི་མཐར་མན་ངག་བཤད་དེ། དང་པོར་བྱང་ཆུབ་སེམས་བསྐྱེད་ལ། །བདག་ཉིད་ལས་ཀྱི་ལྷ་མོ་ནི། །སྣ་ཚོགས་པ་རུ་བསམ་བྱས་ལ། འོད་ཟེར་ནམ་མཁའ་ཕྱོགས
སྤྲོས་པས། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང། །དམ་ཆོས་མ་ལུས་ཚོགས་རྣམས་ཀུན། །མཁའ་ལ་སྤྲིན་བཞིན་རབ་བསམས་ཏེ། སོ་སོར་ལེགས་པར་དབུལ་བར་བྱ། ཞེས་བྱ་བ་ལས། དང་པོར་བྱང་ཆུབ་ཏུ་སེམས་བསྐྱེད་པ་ནི་བདག་གིས
སེམས་ཅན་ཐམས་ཅད་མངོན་བར་རྫོགས་པར་འཚང་རྒྱ་བའི་ཕྱིར་མཆོད་པར་བྱའོ། །ཞེས་བསམ་པ་སྔོན་དུ་བཏང་བའོ། །བདག་ཉིད་ལས་ཀྱི་ལྷ་མོ་སྣ་ཚོགས་མར་བསམ་པ་ནི་རང་གི་འོག་ཏུ་པཾ་ལས་པདྨ་འདབ་མ་བརྒྱད་པ་བསམས་ཏེ། དེའི
སྟེང་དུ་བ་ལས་བྱུང་བའི་སྣ་ཚོགས་རྡོ་རྗེའོ། །དེ་དག་ཡོངས་སུ་གྱུར་པ་ལས་བདག་ཉིད་ལས་ཀྱི་ལྷ་མོར་བསམ་བྱས་ཏེ། སྐུ་མདོག་ལྗང་གུ་ཕྱག་གཉིས་པ་ལ་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ་བསམ་པར་བྱའོ། །དེའི་སྙིང་གར་ཨ་ལས་ཟླ་བའི་དཀྱིལ
འཁོར་བསམས་ཏེ། དེའི་སྟེང་དུ་ཧཱུཾ་བསམས་ལ། དེ་ལས་འོད་འཕྲོས་པས་ཕྱོགས་བཅུའི་སངས་རྒྱས་དང། དེ་དག་གིས་གསུངས་པའི་དམ་པའི་ཆོས་དང། བྱང་ཆུབ་སེམས་དཔའ་ལ་སོགས་པའི་དགེ་འདུན་གྱི་ཚོགས་ནམ་མཁའ་ལ་སྦྱིན་བཞིན
དུ་བསམས་ལ། སངས་རྒྱས་དང་ཆོས་དང་དགེ་འདུན་རྣམས་ལས་སོ་སོར་དབུལ་བར་བྱའོ། །དེའི་མཐར་བདག་ཉིད་ཀྱི་ཡན་ལག་ཁྲུས་གསོལ་བ་བཤད་དེ། དག་པར་བྱེད་པ་ཁྲུས་ཀྱི་མཆོག་།ལུགས་ཀྱི་སྐུ་ནི་གཅིག་པོ་ལ། །ཕྱོགས་བཅུའི་བདེ
གཤེགས་མ་ལུས་པ། །གོང་མའི་སྦྱོར་བས་བཀུག་བྱས་ལ། །དེའི་ནང་དུ་ཏིལ་གྱི་ནི། །གོང་བུ་བཞིན་དུ་རྫོགས་པར་བསམ། །དེ་བསམས་དེ་ལ་ཁྲུས་གསོལ་ལས་བས་།མ་ལུས་ཁྲུས་གསོལ་དག་པ་ཡིན། ཞེས་བྱ་བ་ལ་ལུས
ཀྱི་སྐུ་ནི་ཆུ་ཡིས་འཛིན། འཇིག་པར་མི་འགྱུར་བའི་ཕྱིར་དེ་ཁོ་ན་ལ་ཁྲུས་ཀྱི་གཞི་བཅའ་ཨོ། །དག་པར་བྱེད་ཅེས་པ་ནི་བདེ་བར་གཤེགས་པ་ལ་དྲི་མའི་རྣམ་པ་ནི་མངའ་ཡང་དེའི་རྐྱེན་གྱིས་བདག་དང་སེམས་ཅན་གྱི་བག་ཆགས་ཀྱི་དྲི་མ་ཡོངས་སུ་དག
པར་འགྱུར་བ་ལ་དགོངས་པའོ། །ཕྱོགས་བཅུ་དུས་གསུམ་གྱི་བདེ་བར་གཤེགས་པ་མ་ལུས་པ་རྣམས་གོང་མའི་སྦྱོར་བའི་སྙིང་ག་ནས་འོད་ཟེར་སྤྲོས་པས་བཀུག་ལ་སྐུའི་ནང་དུ་ཏིལ་གྱི་གོང་བུ་བཞིན་དུ་མ་ལུས་པར་རྫོགས་པར་བསམ་པའོ། །
དེ་ལ་ཁྲུས་ཡང་དག་པར་གསོལ་བས་བདེ་བར་གཤེགས་པ་མ་ལུས་པ་རྣམས་ཀྱང་ཁྲུས་གསོལ་བ་ཡིན་ལ། དག་ཅེས་པ་ནི་བདག་དང་སེམས་ཅན་ཐམས་ཅད་ཀྱི་བག་ཆགས་ཀྱི་དྲི་མ་དག་པར་འགྱུར་བའོ། །དེའི་མཐར་ཕ་རོལ་ཏུ་ཕྱིན་པ་དྲུག་དང
ལྡན་པ་བཤད་དེ། མཆོད་པ་དུལ་དང་གཙང་མར་བཤམས། །སྲོག་ཆགས་གནས་པའི་ཕྱིར་བསལ་བ་དང། མཆོད་པ་འགྲུས་དང་མ་ཡེངས་འབུལ། །རྣམ་པར་དཔྱད་ནས་བདེ་གཤེགས་ལ། །ཕྱི་རོལ་ལྷ་རྣམས་རྟོགས་པས་བསལ། །སྣ་ཚོགས
ལྷ་མོ་ཡན་ལག་དྲུག་། ཅེས་བྱ་བ་ལ། མཆོད་པ་ཕུལ་བ་ནི་སྦྱིན་པའོ། །གཙང་མར་བཤམས་པ་ནི་ཚུལ་ཁྲིམས་སོ། །མཆོད་པའི་རྫས་རྣམས་ལ་སྲོག་ཆགས་ཕྲ་མོ་རྣམས་བསལ་བ་ནི་བཟོད་པའོ། །ལེ་ལོ་མེད་པར་མཆོད་པར་འགྲུས་པ་ནི་བརྩོན
འགྲུས་སོ། །ལྷ་མོའི་བསམ་པས་མ་ཡེངས་པར་འབུལ་བ་ནི་བསམ་གཏན་ནོ། །བདག་གིས་བདེ་བར་གཤེགས་པ་རྣམས་ལ་ཡང་དག་པར་དཔྱད་ནས་ཕྱི་རོལ་པའི་ལྷ་དབང་ཕྱུག་ཆེན་པོ་ལ་སོགས་པའི་ཆ་བྱད་རྣམས་ཕྱིར་བསལ་བའི་སྐད་ཅིག་རྣམས
ལ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ཡོངས་སུ་རྫོགས་པ་སྟེ། དེ་དག་གི་སྐད་ཅིག་རྣམས་ལ་ནི་མཉམ་པར་གཞག་པའོ། །སྣ་ཚོགས་ལྷ་མོ་ཡན་ལག་དྲུག་ཅེས་པ་ནི་རང་གི་ལྷ་མོ་སྣ་ཚོགས་མར་བསྒོམ་པའི་ཕྱིར་ཏེ། འབྲས་བུ་ནི་གོ་སླ་བའི་ཕྱིར
མ་བཤད་དོ། །དེའི་མཐར་སྔགས་བཟླས་པའི་ཡན་ལག་བཤད་པར་བྱ་སྟེ། མན་ངག་བཅས་དང་འབྲུ་གསལ་ཟློས། །དེ་དོན་གོ་དང་ཕྲེང་བར་བཅས་པར་ཆད་མེད་དང་ལྡན་པ་ཡི། །དེ་ལྔ་ལྡན་པའི་གང་ཟག་ལ། །བཟླས་པ་མཁས་ཤེས་ངས
བཤད་དོ་ཞེས་བྱ་བ་ལ། མན་ངག་བཅས་པ་ནི་སྔགས་བཟླས་པའི་མན་ངག་དང་ལྡན་པའོ། །འབྲུ་གསལ་བ་ནི་སྔགས་དེའི་སྒྲ་ཡོངས་སུ་དག་པ་སྟེ། རྫོགས་པའི་མཐར་ཕྱིན་པའོ། །དོན་གོ་བར་ནི་སྔགས་ཟློས་པ་དང་དེའི་དོན་གོ་བདག་སྐད་ཅིག་གཅིག
ལ་དུས་མཉམ་པ་སྟེ། དཔེར་ན་པཱ་པཾ་ཛཱ་རེ་སྭཱཧཱ། ཞེས་བཟླས་པའི་སྐད་ཅིག་ལ་སྡིག་པའི་ནང་ཞི་པར་གྱུར་ཅིག་ཅེས་པའི་དོན་གོ་བ་ལྟ་བུའོ། །ཕྲེང་བར་བཅས་པ་ནི་གྲངས་ཀྱི་ཚད་འཛིན་པའི་ཕྱིར་ཕྲེང་བ་འཛིན་པའོ། །བར་ཆད་མེད་པ་ནི་སྔགས་མ་ཐོན
གྱི་བར་གཞན་གྱི་ཚིག་གིས་བར་མཆོད་པའོ། །དེ་ལྔ་ལྡན་པའི་གང་ཟག་ལ། །བཟླས་པ་མཁས་ཞེས་ངས་བཤད་དོ། །ཞེས་བྱ་བ་ལ། མན་ངག་མེད་པ་དང། རང་དགར་བཟློས་པ་དང། བཟློས་པ་ཙམ་ལ་སོགས་པ་རྣམས་པར་གཅོད་པའོ།
དེའི་མཐར་མན་ངག་བཤད་དེ། དང་པོར་བྱང་ཆུབ་སེམས་བསྐྱེད་ལ། །བསྒྲུབ་དང་ལས་ལ་སྦྱོར་བའི་ཚེ། །དབུགས་ནི་ཕྱི་རུ་མི་རྒྱུ་བར། །ཕན་ཚུན་ལྷ་ཡི་བསམ་པ་ཡིས། །དེའི་བཟླས་པ་བྱ་བ་ཡིན། ཞེས་བྱ་བ་ལ། དང་པོར་བྱང་ཆུབ་ཏུ་སེམས
བསྐྱེད་པ་ནི་བདག་གིས་སེམས་ཅན་ཐམས་ཅད་མངོན་པར་རྫོགས་པར་འཚང་རྒྱ་བར་བྱ་བའི་ཕྱིར་སྔགས་འདི་བཟླས་པར་བྱའོ། །ཞེས་བསམ་པ་སྔོན་དུ་བཏང་བའོ། །བསྒྲུབ་པ་ཞེས་པ་ནི་སྔོན་དུ་ལྷ?་གང་ཉེ་བར་ཡང་དག་པར་བསྙེན་པ་དང། དེ
རྫོགས་པའི་རྗེས་ལ་ཞི་བ་ལ་སོགས་པ་ལ་སྦྱོར་བས་ཏེ། དེའི་ཚེ་བདག་དང་སྔགས་དེ་ཉིད་ཀྱི་ལྷ་རྣམས་གཉི་ག་ཆོ་ག་རྣམ་པ་གསུམ་ལས་བསྐྱེད་དེ། ངོ་བོ་གཅིག་པར་སྒོམ་པའོ། །དབུགས་ནི་ཕྱི་རུ་མི་རྒྱུ་བར། །ཞེས
པ་ནི། ཡི་གེ་ཆ་གསུམ་པ་རྣམས་སྐད་ཅིག་ཀྱང་བར་དུ་རྒྱུན་མ་ཆད་པར་འོད་འཕྲོ་ཞིང་གསལ་བར་བརྩེགས་ནས་ཅིག་ནས་གཅིག་ཏུ་འཁོར་བར་བསམས་ཏེ། དཔེར་ན་ཟོ་ཆུན་རྒྱུད་མེའི་ཚུལ་དུ་ཡོངས་སུ་བསམ་པའོ། །དེ་ཡང་དེའི་སྐད
ཅིག་དེ་ཉིད་ལ་ལྷའི་ངོ་བོར་གསལ་བ་དང། དོན་གོ་བ་དང། འབྲུ་གསལ་བ་དང་རྒྱུན་མ་ཆད་པ་རྣམས་དུས་མཉམ་པའོ། །དེའི་མཐར་ཕ་རོལ་ཏུ་ཕྱིན་པ་དྲུག་དང་ལྡན་པར་བཤད་དེ། སྔགས་བཟླས་པ་དང་འཁྲུལ་པ་མེད། །ཕྱི་རོལ་གཡེང
བ་ཡོངས་སུ་བཟོད། །མྱུར་བར་བར་ཆད་མེད་པ་དང། །མན་ངག་མཉམ་པར་བཞག་པས་ཟློས་མན་ངག་སྔགས་ཀྱི་དོན་ལ་སྤྱོད། །ལྷ་དེ་ཡན་ལག་དྲུག་དང་ལྡན། ཞེས་བྱ་བ་ལ། སྔགས་བཟླས་པས་ཕ་རོལ་ཏུ་ཕྱིན་པ་དྲུག་སྦྱིན་པའོ། །སྔགས
བཟླས་པ་ལ་འཁྲུལ་པ་མེད་པ་ནི་གཙང་མ་སྟེ་ཚུལ་ཁྲིམས་སོ། །ཕྱི་རོལ་གྱི་གཡེང་བ་སྒྲལ་བཟོད་པ་ནི་བཟོད་པའོ། །སྔགས་ལ་མྱུར་ཞིང་ལེ་ལོ་མེད་པ་ནི་བརྩོན་འགྲུས་སོ། །གོང་གི་མན་ངག་མཉམ་པར་བཞག་པས་བཟློས་པ་ནི་བསམ་གཏན་ནོ།
མན་ངག་དང་སྔགས་ཀྱི་དོན་རྣམས་ལ་རྣམ་པར་དཔྱོད་པའི་སྐད་ཅིག་ལ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ཡོངས་སུ་རྫོགས་པ་སྟེ། དེ་དང་དེའི་སྐད་ཅིག་རྣམས་ལ་ནི་མཉམ་པར་བཞག་པ་ཁོ་ནའོ། །ལྷ་དེ་ཡན་ལག་དྲུག་དང་ལྡན་ཞེས
པ་ནི་རང་ལྷའི་ངོ་བོར་བསྒོམ་པའི་ཕྱིར་དེ། འབྲས་བུ་ནི་གོ་སླ་བའི་ཕྱིར་མ་བཤད་དོ། །དེའི་མཐར་བསྒོམ་པའི་ཡན་ལག་བཤད་པར་བྱ་སྟེ། བླ་མས་ཟིན་དང་མན་ངག་བཅས། །སྔོན་དུ་སེམས་ནི་གཏན་ལ་ཕེབས། །རྣམ་པར་མི་གཡེང
རྟོག་དང་གལ། །ཁ་ཟས་གོས་སོགས་དོན་མི་གཉེར། ཡིད་གཞུངས་བདུན་དང་ལྡན་པ་ལ། །བསྒོམ་པ་མཁས་ཤེས་པས་བཤད་དོ། ཞེས་བྱ་བ་ལ། བླ་མས་ཟིན་པ་ནི་སྔོན་དུ་ཡང་དག་པའི་བླ་མ་མན་ངག་ཕྱིན་ཅི་མ་ལོག་པར་སྟོན་པ་ལ་མཁས་པ་སྙིང་རྗེ
ཆེན་པོ་དང་ལྡན་པ། །འགྲོ་བའི་དོན་ལ་བརྩོན་ཞིང་རྙེད་པའི་ཕྱིར་མ་ཡིན་པའི་བྱང་ཆུབ་ཀྱི་སེམས་དང་ལྡན་པ་ལ་རིམ་པ་ཇི་བཞིན་པར་བསྙེན་ཏེ། དེ་ཡིས་ཡོངས་སུ་ཟིན་པའོ། །མན་ངག་བཅས་པ་ནི་བླ་མེད་ཡིས་མན་ངག་ཡོངས་སུ་གནང་པའོ། །སྔོན་དུ
སེམས་གཏན་ལ་ཕེབས་པ་ནི་བླ་མ་དེས་བདག་ལ་བྱིན་གྱིས་བརླབས་པའི་རིམ་པས་སེམས་ཡོངས་སུ་ཟིན་ནས་འཁོར་བའི་རླུང་གིས་བསྐྱོད་པར་མི་ནུས་པ་སྟེ། དཔེར་ན་བུམ་པའི་ནང་གི་མེ་མར་ཕྱི་རོལ་གྱི་རླུང་གིས་མི་གཡོ་ཞིང་འོད་གསལ་བ་སྟེ། གཅིག
ཏུ་གནས་པ་བཞིན་ནོ། །རྣམ་པར་མི་གཡེང་བ་ནི་བློ་མི་རྒོད་པ་སྟེ། དང་པོའི་ཡན་ལག་གོ་།རྟོག་པ་དང་བྲལ་བ་ནི་དངོས་པོའི་མཚན་མ་སྣ་ཚོགས་པ་འབྱུང་བ་ལ་མི་རྟོག་པའོ། །ཁ་ཟས་གོས་སོགས་དོན་དུ་མི་གཉེར་བ་ནི་འཇིག་རྟེན་གྱི་ཁ་ཟས་དང་པོ
ལ་སོགས་པ་ལ་ཆེར་ཆགས་པ་མ་ཡིན་པས་ཏེ། དཔེར་ན་དྲང་སྲོང་རྒྱགས་པ་ནགས་དང་དུར་ཁྲོད་ལ་སོགས་པར་གནས་ནས། འབྲས་བུ་དང་དུར་ཁྲོད་ཀྱི་ཟས་ལ་སོགས་པ་ཟ་ཞིང་ཤིང་ལོ་དང་དུར་ཁྲོད་ཀྱི་རས་ལ་སོགས་པ་གོན་ནས་ཡང་དག
པའི་ཡེ་ཤེས་ཚོལ་བ་བཞིན་དུ་གནས་པའོ། །ཡིད་གཞུངས་པ་ནི་ཡང་དག་པའི་ཡེ་ཤེས་ལ་ཞེན་པ་ཆེན་པོས་གནས་པ་སྟེ། དཔེར་ན་རི་དགས་ནག་པོ་བུ་ལ་ཞེན་ནས་སྲོག་ལ་པ་བཀྱང་མི་གཏོང་བ་བཞིན་དུ་གནས་པའོ། །དེ་བདུན
ལྡན་པའི་གང་ཟག་ལ། བསྒོམ་པ་མཁས་ཞེས་པས་བཤད་དོ། །ཞེས་པ་ནི། རྣམ་པར་རྟོག་པ་ལ་ཆེར་གནས་པ་དང། མཆིན་མའི་གཡེང་བ་དང་བཅས་པ་བསྒོམ་པ་ཙམ་ལ་སོགས་པ་རྣམ་པར་བཅད་པའོ། །དེའི་མཐར་མན་ངག
བཤད་དོ། །དང་པོ་བྱང་ཆུབ་སེམས་བསྐྱེད་ལ། །རིམ་པ་བཞི་ལ་རབ་བཞུགས་ཏེ། བདེ་བ་ཆེན་པོ་ཡེ་ཤེས་སྐུ། །རྟོག་པ་ཐམས་ཅད་རབ་སྤངས་པའི། །དེ་ཉིད་ངོ་བོ་གཅིག། བསྒོམ་པ་ཞེས་བྱ་བ་ལ། དང་པོར་བྱང་ཆུབ་ཏུ
སེམས་བསྐྱེད་པ་ནི་བདག་གིས་འགྲོ་བ་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པར་འཚང་རྒྱ་བར་བྱ་བའི་ཕྱིར་གཉིས་སུ་མེད་པའི་ཡེ་ཤེས་བཙལ་བར་བྱའོ། །ཞེས་བསམ་པ་སྔོན་དུ་གཏང་བའོ། །རིམ་པ་བཞི་ལ་རབ་ཞུགས་ཏེ་ཞེས
པ་ནི་དང་པོར་འཇིག་རྟེན་པ་རྣམས་ཀྱིས་རྟགས་པའི་འདི་ལྟར་སྣང་བའི་དངོས་པོ་ཐམས་ཅད་ཡོད་པ་ཉིད་དུ་འདོད་པ་ལ་བདག་གིས་ཡོངས་སུ་བརྟག་པའོ། །དེ་ཅི་ཕྱིར་བརྟག་ཅན། བཅོམ་ལྡན་འདས་ཀྱིས་ཐེག་པ་ཆེན་པོའི་མདོ་མངོན་པར་རྟོགས
པ་ལ། དངོས་པོར་རགས་པ་ཤེས་བྱས་ནས། རྡུལ་ཕྲན་རྫས་སུ་ཤེས་པར་བྱ། དེ་སྤངས་རྣམ་པར་རིགས་པ་ཙམ། །ཕྲ་མོ་ཆེ་ལ་མི་རྟོག་ཅིང། །གདོང་ནས་མ་སྐྱེས་འགག་པ་མེད། །ཅེས་གསུངས་པའི་ཕྱིར་ཏེ། དེ་ཉིད་རྟགས་པས་རོལ་མོའི
ཆར་མི་སྣང་བ་ལ། ཉན་ཐོས་ཀྱིས་བརྟགས་པའི་རྡུལ་ཕྲ་རབ་ཀྱིས་ཆར་མཐོང་བའོ། །དེ་ཉིད་ཡོངས་སུ་རྟགས་པས་འདི་ལྟར་སྣང་བ་ཐམས་ཅད་སེམས་ལས་ཕྱི་རོལ་ན་མེད་པའི་ཕྱིར་རང་གི་མཚན་ཉིད་དུ་སྣང་བའོ། །ཞེས་དངོས་པོར་སྣང
བ་ཐམས་ཅད་ལ་ཡང་དག་པར་མི་རྟོག་པའོ། །སེམས་དེ་ཉིད་ཡོངས་སུ་བརྟགས་པ་ལས་སེམས་ཉིད་འཁྲུལ་བར་སྣང་ཞིང་ཡང་དག་པར་མེད་དེ། གདོད་ནས་སྟོང་པའི་རང་བཞིན་དུ་གྲུབ་པའོ། །རིམ་པ་བཞི་པ་རབ་ཞུགས་ཏེ། ཞེས་པས།
ལྔ་པ་འབྲས་བུའི་བདག་ཉིད་རྣམ་པར་རྟོག་པ་ཐམས་ཅད་དང་བྲལ་བའི་ཡེ་ཤེས་ཀྱི་སྐུ་ཉིད་མངོན་པར་གྲུབ་པའོ། །ཁ་ཅིག་གི་བསམ་པས་དེའི་ཕྱིར་སྡུག་བསྔལ་གྱི་རྣམ་པ་མང་པོ་ལ་ཉེ་བར་རྟོག་པ་དང་པོ་ཉིད་སྟོང་པའི་རང་བཞིན་རྣམ
པར་རྟོག་པ་དང་བྲལ་བ་ཉིད་ལ་གནས་ན་འགལ་བ་ནི་ཅི་ཡོད་ཅེ་ན། སྟོང་པའི་རང་བཞིན་ནི་རིམ་པར་བསྡུས་པ་ལས་སྟང་བར་བློ་བརྟན་པར་འགྱུར་གྱི། ཐོག་མ་ཉིད་དུ་སྟོང་པ་ལ་དམིགས་ན་སྟོང་པ་ལ་བློ་མི་བརྟན་ཡིད་ཆེས་པར་མི་འགྱུར་བའི་ཕྱིར་རོ།།
དེ་ལྟར་དེ་ཉིད་ངོ་བོ་ཅིག་བསྒོམ་པ་དེ་ཁོ་ན་ཉིད་གཉིས་སུ་མེད་པའི་ཡེ་ཤེས་བདེ་བ་ཆེན་པོའི་ངང་རྣམ་པར་རྟོག་པ་ཐམས་ཅད་དང་བྲལ་བ་དེ་མན་ངག་བདུད་རྩི་འཁོར་ལོའི་ཐབས་ལ་ཡང་དག་པར་ཐོབ་སྟེ། ཅིའི་ངོ་བོར་ཡང་མི་རྟོག་པ་དེའོ། །དེའི
མཚན་ཉིད་ཇི་ལྟ་བུ་ཞིག་ཡིན་སྙམ་པ་ལ། ཡོད་པ་མ་ཡིན་མེད་པ་མིན། གཉི་གའི་མིང་ནི་རབ་སྤངས་ཏོ། །གསུམ་པ་ཉེ་བར་མི་རྟོག་ཅིང། བཞི་པ་དེ་ལ་ཉེ་བར་གནས། །ཡོད་པ་མ་ཡིན་ཞེས་པ་ནི། །རྟག་པའི་མཛའ་ལ་མི་གནས་པའོ།།
མེད་པ་མིན་ཞེས་པ་ནི་ཆད་པའི་མཛའ་ཡོངས་སུ་བཀག་པའོ། །གཉི་གའི་མཛའ་ཡོངས་སུ་སྤངས་པ་ནི་ཡོད་པ་དང་མེད་པ་དང་ཡོད་པའང་མ་ཡིན་པ་ལ་མི་རྟོག་པ་སྟེ། བཞི་པ་ཞེས་བྱ་བ་ནི་དངོས་པོར་གཟུང་བ་མེད་དེ། མཛའ་གསུམ་སྤངས་པ་ཉིད
ལ་བཞི་བ་ཞེས་གསུངས་ཏེ། ཅི་ཡང་མི་རྟོག་པ་ཉིད་དོ། །དེ་ཉིད་ཇི་ལྟ་བུ་ཞིག་ཡིན་སྙམ་པ་ལ། དེ་ནི་འདིའི་བདག་ཉིད་ཅན། །འཁོར་མིན་མྱ་ངན་འདས་པ་མིན། །བདག་ཉིད་མ་ཡིན་གཞན་མ་ཡིན། །བདེ་བ་མ་ཡིན་སྡུག་བསྔལ་མིན། །རྟག་པ་མ
ཡིན་མི་རྟག་མིན། །སྣང་བ་མ་ཡིན་མི་སྣང་མིན། །ཞེས་གསུངས་ཏེ། འཁོར་བ་མ་ཡིན་པ་ནི་རྣམ་པར་རྟོག་པ་དང་བྲལ་བའི་ཕྱིར་རོ། །མྱ་ངན་ལས་འདས་པ་མ་ཡིན་པ་ནི་གདོད་ནས་ཡེ་ཤེས་ཀྱི་སྐུའི་རང་བཞིན་ཡིན་པའི་ཕྱིར་རོ། །ཡང་དག་བའི
ཡེ་ཤེས་སྔོན་དུ་རྙེད་པ་ནི་སྟོང་པ་ཆེན་པོའི་རང་བཞིན་གྲུབ་པས་བདག་དང་གཞན་དུ་མི་རྟོག་པ་དང། བདེ་བ་དང་སྡུག་བསྔལ་དུ་མི་རྟོག་པ་དང། རྟག་པ་དང་མི་རྟག་པ་དང། སྣང་བ་དང་མི་སྣང་བ་ལ་མི་རྟོག་པ་ཉིད་དོ། །དེ་ཉིད་ཀྱི་ཡེ་ཤེས་ཁོ་ན་ལ
བསྒྲུབ་པའི་སྤྱོད་ལམ་ཡིན་ཏེ། དེའི་སྤྱོད་ལམ་འདི་ཡིན་ཏེ། མིག་བཙུམས་མ་ཡིན་ཕྱེ་བ་མིན། །འདུག་པ་མེད་ལ་ལངས་པ་མེད། །བསྒོམ་པ་པོ་མེད་བསྒོམ་པའང་མེད། །སྟན་མེད་གོས་མེད་གནས་པ་མེད། །བྱིང་བ་མ་ཡིན་རྒོད་པ་མིན
རིམ་པའི་རྗེས་ལ་ཐོབ་པ་ཡི། །རང་བཞིན་མཆོག་དེ་འོད་གསལ་བའོ། །ཞེས་གསུངས་ཏེ་སྟོང་པ་ཆེན་པོའི་རང་བཞིན་ཡིན་པའི་ཕྱིར་རོ། །མིག་བཙུམ་པ་ཡང་མེད། །ཕྱེ་བ་ཡང་མེད། འདུག་པའང་མེད། ལངས་པའང་མེད། བསྒོམ་པར་བྱ་བ་ཡང
མེད། སྟན་ལ་གནས་པའང་མེད། གོས་ཀྱང་མེད། བསམ་གཏན་གྱི་རོ་ལ་ཆགས་པའི་བྱིང་བའང་མེད། རྣམ་པར་གཡེང་བའི་རྒོད་པའང་མེད་པ་ཉིད་དོ། །དེ་ཉིད་རིམ་པའི་རྗེས་ནི་གནས་དང་ས་བོན་ལ་སོགས་པ་སྟེ། མར་མེའི་རྩེ་མོ་ལྟ་བུར
མཐར་འོད་གསལ་བའི་བདག་ཉིད་དུ་བསྒོམ་པ་ཁོ་ནའོ་དེ་ལ་འོད་གསལ་ཞེས་གསུངས་པས་ཁ་དོག་གི་རྣམ་པ་གསལ་བ་མ་ཡིན་པའི་ཕྱིར་རོ། །འོད་གསལ་དེའི་ཁ་དོག་ཀྱང། དཀར་པོ་མ་ཡིན་སེར་པོ་མིན། །དམར་པོ་མ་ཡིན་སྔོན་པོ་མིན། །ནག
པོར་སྣང་བ་མི་རྟོག་ཅིང། །ཁ་དོག་ལྔ་དང་ཡང་དག་ལྡན། །བདེར་གཤེགས་ལྔ་ཡི་གཟུགས་འཆང་ཞིང། །བདེ་བ་ཆེན་པོའི་རོལ་པས་གནས་ཤེས་གསུངས་ཏེ། ཁ་དོག་དཀར་པོ་ལ་སོགས་པའི་ཁ་དོག་གི་རྣམ་པར་མི་བསྒོམ་པའོ། །ཁ་དོག
ལྔ་དང་ཡང་དག་ལྡན། ཞེས་པ་ནི། ཁ་དོག་ལྔ་བསྲེས་ན་ཅིའི་རྣམ་པར་བརྗོད་དུ་མེད་པའི་ཕྱིར། རང་བཞིན་དུ་འོད་གསལ་བ་ཙམ་ལ་ཁ་དོག་གི་རྣམ་པར་མ་བཟུང་བ་ཉིད་དོ། །བདེ་གཤེགས་ལྔའི་གཟུགས་འཆང་བ་ནི་གཉིས་སུ་མེད་པ་ནི
ཡེ་ཤེས་དེ་ཉིད་རྣམ་པར་སྣང་མཛད་ལ་སོགས་པའི་རིགས་ལྔའི་བདེ་བར་གཤེགས་པས་འགྲོ་བའི་དོན་མཛད་པ་ཉིད་དུ་གྲུབ་པའོ། །དེ་ཉིད་བདེ་བ་ཆེན་པོ་རྣམ་པར་རྟོག་པ་ཐམས་ཅད་དང་བྲལ་བ་ཉིད་དེ། རོལ་པ་ནི་འགྲོ་བའི་དོན་ལ་བརྩོན་པར
བཞུགས་པ་ལ་དགོངས་པའོ། །དེ་ཉིད་ལོངས་སྤྱོད་རྫོགས་པའི་སྐུ་དང་ལྡན་པར་གསུངས་པ་སྟེ། རིན་ཆེན་གཞལ་ཡས་ཉམས་དགའ་བར། །མཚོ་དང་རྫིང་བུས་རབ་བརྒྱན་ཏེ། །དར་བེར་སྣ་ཚོགས་གོས་གྱོན་ཅིང། །རིན་ཆེན་སྣ་ཚོགས་རྒྱན་གྱིས
བརྒྱན། །བཙུན་མོ་མང་པོ་དཔག་མེད་ལས། །འབྱུང་བའི་བུ་ཡིས་འགྲོ་བ་སྒྲོལ། །རང་ཉིད་ཚོགས་ཀྱི་རོལ་མོ་དང། །མངོན་པར་ལོངས་སྤྱོད་བསམ་མི་ཁྱབ། །གཞལ་ཡས་མཆོག་ཀྱང་དེ་ལ་ཡོད། །དགྲ་ཡི་འཇིགས་པ་དེ་ལ་མེད། །ཅེས་གསུངས
ཏེ། རང་བཞིན་དུ་འོད་གསལ་བའི་ཆོས་ཀྱི་སྐུའོ། །རིན་ཆེན་གཞལ་ཡས་ཉམས་དགའ་བར། ཞེས་པ་ནི། མངོན་པར་ལོངས་སྤྱོད་བསམ་གྱིས་མི་ཁྱབ་པ་ཞེས་པའི་བར་གྱིས་ནི་ལོངས་སྤྱོད་རྫོགས་པའི་སྐུར་མཚན་དང་དཔེ་བྱད་དང་ལྡན་པ། རྒྱན
སྣ་ཚོགས་ཀྱིས་བརྒྱན་ཏེ། རིན་པོ་ཆེའི་རང་བཞིན་གཞལ་ཡས་ཁང་རྒྱ་ཆེན་པོ་ན་རྫས་དང་ཆོས་ཀྱི་ལོངས་སྤྱོད་ཆེན་པོ་ཉིད་རྫོགས་པ་སྟེ། རྣམ་པར་སྣང་མཛད་ཀྱི་ཆ་ལུགས་ཀྱིས་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་ཆོས་སྟོན
པ་ཉིད་དུ་གྲུབ་པའོ། །བདེ་གཤེགས་ལྔ་ཡིས་གཟུགས་འཆང་ཞིང། །བཙུན་མོ་མང་པོ་དཔག་མེད་ལས། །འབྱུང་བའི་བུ་ཡིས་འགྲོ་བ་སྒྲོལ། ཞེས་པ་ནི། བཙུན་མོ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྐད་ཅིག་བྱེ་བྲག་མང་པོ་དང་ལྡན་པས
ཏེ། དེ་ལས་ཡང་དག་པར་བྱུང་བ་སྤྲུལ་པའི་སྐུ་དཔག་ཏུ་མེད་པ་དགྱེ་སྟེ། གང་དང་གང་ལས་འདུལ་བ་བདེ་བ་དེ་ལ་ཐབས་ཀྱིས་འགྲོ་བ་ཡོངས་སུ་འདུལ་བར་བསྟན་པའོ། །ཕ་དང་མ་ནི་སྦྱོར་བརྩོན་པས། །བདེ་བའི་འབྲས་བུ་མངོན་པར་འགྲུབ།།
མ་མེད་ཕ་ལ་བདེ་བ་མེད། །ཕ་མེད་མ་ལ་རེག་མི་འགྱུར། །ཕ་དང་མ་རུ་གཉིས་ཤེས་ན། བདེ་བ་མདོག་གི་བུ་རུ་འགྱུར། །ཞེས་བྱ་བ་ལ། ཕ་དང་མ་ནི་ཐབས་དང་ཤེས་རབ་སྟེ། ཐབ་ནི་ཞི་གནས་སོ། །ཤེས་རབ་ནི་ལྷག་མཐོང་ངོ། །དེ་གཉིས
ཡོངས་སུ་འབྲེལ་པ་ལས་བདེ་བའི་འབྲས་བུ་ཡང་དག་པའི་ཡེ་ཤེས་སྐྱེ་བ་ཉིད་དོ། །ཕ་མེད་མ་ལ་རེག་མི་འགྱུར་བ་ནི། །ཞི་གནས་གཏན་ལ་མ་ཕེབས་པར་ལྷག་མཐོང་ཉེ་བར་མི་རྙེད་དོ། །མ་མེད་ཕ་ལ་བདེ་བ་མེད་པ་ནི་ལྷག་མཐོང
ཡོངས་སུ་མ་རྙེད་ན་ཞི་གནས་ལ་རྟོག་པ་དང་བཅས་པའི་ཕྱིར་ཡང་དག་པའི་ཡེ་ཤེས་མེད་པ་ཉིད་དོ། །ཕ་དང་མ་རུ་གཉིས་ཤེས་ན། །བདེ་བ་མཆོག་གི་བུ་རུ་འགྱུར་བ་ནི་ཞི་གནས་ལ་མངོན་པར་བསླབས་ཏེ་ལྷག་མཐོང་ཡང་དག་པ་སྐྱེས་པས་གཉིས་སུ
མེད་པའི་ཡེ་ཤེས་སྐྱེ་བ་ཁོ་ནའོ། །ཅིག་ཅར་ཕ་ལ་མངོན་ཞེན་ན། ཕ་ཡིས་རྟག་ཏུ་འཚོགས་པར་འགྱུར། །ཕ་ཡི་མཚན་ཉིད་མ་ཤེས་ན། མ་ལ་མངོན་པར་ཞེན་མི་བཏུབ། །གལ་ཏེ་ཞེན་པར་གྱུར་ན་ནི། །དེ་ནི་བརླག་པར་འགྱུར་བ་ཡིན། ཞེས་བྱ
བ་ལ། ཕ་ནི་ཀུན་རྫོབ་ཉིད་ལ་ཡང་དག་པར་འཛིན་ཅིང་རྟག་ཏུ་མངོན་པར་ཞེན་ན་དེ་ཉིད་དུ་རྟག་ཏུ་འཁོར་བར་འཁོར་ཞིང། སྡུག་བསྔལ་གྱི་རྣམ་པ་མང་པོ་མྱོང་ཞིང་འཁོར་བར་གནས་པར་འགྱུར་བ་ཉིད་དོ། །ཕའི་མཚན་ཉིད་ནི་ཀུན་རྫོབ་ཀྱི་མཚན་ཉིད
དེ་མི་རྟག་པ་དང། སྡུག་བསྔལ་བ་དང། སྟོང་པ་དང། བདག་མེད་བར་ཡོངས་སུ་ཤེས་པར་བྱ་སྟེ། དེ་ཤེས་པ་ལས་ཡང་དག་པའི་ཡེ་ཤེས་མངོན་པར་མཐོང་བ་ཁོ་ན་སྟེ། ཀུན་རྫོབ་ཀྱི་མཚན་ཉིད་མ་ཤེས་པར་དོན་དམ་པ་ལ་འཇུག་པར་མི
འགྱུར་བ་ཉིད་དོ། །གལ་ཏེ་ཀུན་རྫོབ་ཀྱི་མཚན་ཉིད་མ་ཤེས་ན་སྟོང་པའི་སྒྲ་ལ་ཞེན་ནས་ཀུན་རྫོབ་ཁྱད་དུ་བསད་ནས་བརླག་པར་འགྱུར་བ་ཉིད་དོ། །དེའི་མཐར་ཕ་རོལ་ཏུ་ཕྱིན་པ་དྲུག་དང་ལྡན་པར་བཤད་དེ། སེམས་གཏོང་བ་དང་རྟོག་པ་ཡི།།
སྐྱོན་གྱིས་མ་གོས་དྲི་མ་མད། །སྡུག་བསྔལ་ཆེ་ལས་ཡོངས་སུ་བཟོད། །བར་ཆད་མེད་བར་རྟག་ཏུ་བསྒོམ། །དེ་ཉིད་གཅིག་ལ་མཉམ་པར་འཇོག་།བདེ་བའི་འབྲས་བུ་ཡེ་ཤེས་སྐྱེས། །སྒོམ་ཆེན་ཡན་ལག་དྲུག་དང་ལྡན། །ཞེས་བྱ་བ་ལ། བསམ
པ་ལ་སེམས་བཏང་བ་ནི་སྦྱིན་པའོ། །རྣམ་པར་རྟོག་པའི་སྐྱོན་གྱིས་མ་གོས་པ་ནི་ཚུལ་ཁྲིམས་སོ། །ཟས་དང་གོས་ལ་སོགས་པ་ཡིད་ཕོངས་པ་དང། སྡུག་བསྔལ་གྱི་རྣམ་པ་མང་པོ་ལ་བཟོད་པ་ནི་བཟོད་པའོ། །རྒྱུན་དུ་བར་ཆད་མེད་པར་སྒོམ་པ་ནི་བརྩོན
འགྲུས་སོ། །དེ་ཁོ་ན་ཉིད་རྩེ་གཅིག་པའི་བསམ་གཏན་ལ་མཉམ་པར་བཞག་པ་ནི་བསམ་གཏན་ནོ། །དེ་ལས་འབྲས་བུ་ཡེ་ཤེས་སྐྱེས་པའི་སྐད་ཅིག་རྣམས་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ཡོངས་སུ་རྫོགས་པ་སྟེ། སྐད་ཅིག་རྣམས་ལ
མཉམ་པར་བཞག་པ་ཁོ་ནའོ། །སྒོམ་ཆེན་ཡན་ལག་དྲུག་དང་ལྡན། ཞེས་བྱ་བ་ནི་སྒོམ་ཆེན་དེ་ཕ་རོལ་ཏུ་ཕྱིན་པ་དྲུག་དང་ལྡན་པ་བསྟན་ཏེ། འབྲས་བུ་ནི་དེ་དེ་བཞིན་ཏེ་གོ་སླ་བའི་ཕྱིར་མ་བཤད་དོ། །དེའི་མཐར་གདམས་ངག་བཤད་པར་བྱ་སྟེ།
ཀྱེ་མ་འགྲོ་བ་སྡུག་བསྔལ་མྱོང། །ཀྱེ་མ་འགྲོ་བ་སྡུག་བསྔལ་གནས། །ཀྱེ་མ་འགྲོ་བ་སྡུག་བསྔལ་བདེ། །ཀྱེ་མ་འགྲོ་བའི་སྡུག་བསྔལ་སྤོངས། །ཞེས་བྱ་བ་ལ། ཀྱེ་མ་ཞེས་བྱ་བའི་སྒྲ་ནི་ཡང་དག་པར་བོད་པའི་ཚིག་སྟེ། ཀྱེ་མ་འགྲོ་བ་སེམས་ཅན་ཐམས་ཅད
ཉོན་ཅིག་ཞེས་པའོ། །འགྲོ་བ་སྡུག་བསྔལ་མྱོང་བ་ནི་འཁོར་བའི་སྡུག་བསྔལ་སྐྱེ་རྒ་ན་འཆིའི་སྡུག་བསྔལ་ལ་སོགས་པ་དག་པར་མྱོང་བའོ། །འགྲོ་བ་སྡུག་བསྔལ་གནས་པ་ནི། །སྲིད་པའི་རྒྱ་མཚོ་སྡུག་བསྔལ་གྱི་གནས་ཡོངས་སུ་གནས་པའོ། །འགྲོ་བ་སྡུག
བསྔལ་བདེ་ཞེས་པ་ནི་འགྲོ་བ་རྣམས་སྡུག་བསྔལ་གྱི་རྣམ་པ་དེ་ཉིད་ལ་བདེ་བར་ལྟ་ཞིང་སྡུག་བསྔལ་ལ་མངོན་པར་རྒྱུག་པའོ། །དེ་ཉིད་ལ་ཞེན་པས་འཁོར་བའི་རྒྱུ་རུ་གྱུར་པས་ཡང་ནས་ཡང་དུ་སྡུག་བསྔལ་གྱི་རྒྱ་མཚོར་བྱིང་བས་ན་འགྲོ་བ་རྣམས
སྡུག་བསྔལ་སྤོངས་ཞེས་ཡང་དག་པར་གནས་པའོ། །ཆོས་འདི་སྤྱོད་པའི་གང་ཟག་གིས། །དང་པོར་བྱང་ཆུབ་སེམས་བསྐྱེད་ནས། །རྟག་ཏུ་བཞན་གྱི་སྡུག་བསྔལ་ལ། །ཡིད་ནི་ལོག་པར་མི་བྱའོ། །ཞེས་བྱ་བ་ལ། དམ་པའི་ཆོས་ཟབ་མོ་མངོན་པར་རྟོགས
པ་འདི་ལ་ཡང་དག་པར་ཞུགས་པའི་གང་ཟག་ནི་བྱང་ཆུབ་སེམས་དཔའ་ཡིན་པས། བྱང་ཆུབ་སེམས་དཔའ་དེས་དང་པོར་འགྲོ་བ་སེམས་ཅན་ཐམས་ཅད་བསྒྲལ་བར་སེམས་བསྐྱེད་ནས་བར་དུ་འགྲོ་བ་གཞན་གྱི་སྡིག་པའི་ལས་མང་པོ
བྱེད་པ་མཐོང་ནས། དེ་དག་གི་བདེ་བསྒྲལ་བར་བྱ་བའི་ཕྱིར་དག་པའི་ལས་རྣམས་བྱས་ཀྱང་འགྲོ་བ་རྣམས་སྡིག་པའི་ལམ་ལ་ཞུགས་པས་ནམ་དུ་ཡང་གྲོལ་བར་མི་འགྱུར་རོ་སྙམ་པས་བྱང་ཆུབ་ཀྱི་སེམས་ཡོངས་སུ་སྤང་བར་མི་བྱའོ། །འགྲོ་བ་རྣམས
ལ་བུ་ལྟ་བུར། །བྱམས་ཀྱིས་ཀུན་ལ་ཕ་ལྟར་མཐོང། །ཇི་སྲིད་ཐོག་མ་མེད་པ་ནས། །ཕ་མ་མིང་སྲིད་ཕུ་ནུ་དང། ཚ་ཞང་འབྲེལ་པར་མ་གྱུར་པ། །གང་ཡང་ཡོད་པ་མ་ཡིན་པས། །དེ་བས་དེ་ལྟར་ཀུན་ལ་བརྟག་།ཅེས་བྱ་བ་ཇི་སྲིད་ཐོག་མ་མེད་གནས
ད་ལྟར་གྱི་བར་དུ་ཕ་དང་མ་དང་མིང་སྲིད་དང་ཚང་ཞང་ལ་སོགས་པའི་འབྲེལ་བར་མ་གྱུར་བ་གང་ཡང་མེད་པས་ན་འགྲོ་བ་སེམས་ཅན་ཐམས་ཅད་ལ་བུ་ལྟ་བུར་ཡོངས་སུ་བརྟག་གོ་། དེ་ལྟ་བུར་བརྟག་ཅེས་བྱ་བ་ནི། འབྲེལ་པ་རྣམས་ལ་བུ་ལ་ཞེན
པ་ཆེ་བའི་ཕྱིར་ན་དུ་ལྟ་བུར་བརྟག་པའོ། །དུ་ལྟ་བུར་བརྟགས་པ་ལས་འཇིག་རྟེན་འདིར་བདག་ལ་སེམས་ཅན་ཐམས་ཅད་ཀྱིས་ཕ་ལྟ་བུར་མཐོང་ཞིང་ཀུན་གྱི་སྙིང་དུ་སྡུག་པར་འགྱུར་རོ། །ཕ་མ་ལ་སོགས་འབྲེལ་པ་ལ། །ཞེན་པས་ཆགས་པར་མི་བྱ
ཞིང། །ཆགས་པས་འཁོར་བའི་རྒྱུ་རུ་འགྱུར། །གཞན་ལ་ཞེ་སྡང་ཕྲ་དོག་སྐྱེས། །ཀུན་གྱིས་བདག་ལ་དགྲ་ལྟར་སྡང། ཞེས་བྱ་བ་ལ། ད་རེས་ཙམ་གྱི་ཕ་མ་ལ་སོགས་པའི་འབྲེལ་པ་ལ་ནི། ཞེན་པ་ཆེན་པོས་ཡོངས་སུ་ཆགས་པར་མི་བྱའོ། །དེ་དག
ལ་ཡང་དག་པར་ཞེན་བས་ན་འཁོར་པའི་རྒྱུ་རུ་འགྱུར་བའི་ཕྱིར་རབ་ཏུ་སྤངས་པ་ཁོ་ནའོ། །འགྲོ་བ་སེམས་ཅན་གཞན་རྣམས་ལ་བདག་གི་ཡུལ་ལ་བརྟེན་ཏེ་ཞེ་སྡང་དང་ཕྲ་དོག་ལ་སོགས་པས་དག་རྩུབ་པོ་དང་ལུས་ཀྱི་སྦྱོར་བ་རྩུབ་མོ་རྣམས་ཡོངས་སུ་མི
བྱའོ། དེ་གལ་ཏེ་བྱས་གྱུར་ན་བདག་ལ་འཇིག་རྟེན་འདི་དང་ཕྱི་མར་དགྲ་མང་པོར་འགྱུར་ཏེ། ཀུན་ནས་སྡང་བར་འགྱུར་རོ། །དམ་ཆོས་མ་ལུས་ཀུན་བྲིས་ཀྱང། མན་ངག་འདི་དང་མ་ལྡན་ན། ཞེས་པ་ནས་སྐད་ཅིག་གཅིག་ཀྱང་མ་བསྒོམས་ཡིན་ཞེས་བྱ་བའི་བར་དུ
ནི་རྣམ་པ་གཉིས་སུ་གོ་བར་བྱ་སྟེ། མན་ངག་འདི་དང་མི་ལྡན་ན་འདི་པ་ལ་སོགས་པའི་ཆོས་སྤྱོད་ཅི་བྱས་ཀྱང་བསོད་ནམས་ཀྱི་ཚོགས་ཆུང་བའི་ཕྱིར་རྣམ་པར་དག་པའི་སྒྲ་གཅིག་ཀྱང་བྱས་པ་མེད་དེ། ཞེས་གསུངས་པའོ། །འོག་ནས་བྱེ་བྲག་གིས་སྒྲ་ལས
ཏིལ་དང་རི་རབ་ཁྱད་པར་རོ། །ཞེས་གསུངས་པས་ན། བསོད་ནམས་ཀྱི་ཚོགས་ཤས་ཆུང་བ་ལས་ཡོད་པ་ཉིད་དུ་བསྟན་པའོ། །མན་ངག་འདི་འཛིན་ང་ཡི་བུ། །ང་ཡི་བུ་ཡིས་སྲོག་གཅོད་སྤོངས། །སྲོག་བཅད་པ་ཡི་འབྲས་བུ་ཡིས། །བསྐལ་པ་བྱེ་བ་བརྒྱ་དག་ཏུ
རང་ཉིད་སྲོག་ཀྱང་གཅོད་པར་འགྱུར། །འཁོར་བའི་རྩ་བ་ཉིད་དང་ཡང། །སྡུག་བསྔལ་སྣ་ཚོགས་མྱོང་བར་འགྱུར། །གལ་ཏེ་སྲོག་དག་གཅོད་འགྱུར་ན། །ཆོས་པའི་མིང་ནི་ཡོད་མ་ཡིན། ཞེས་བྱ་བ་ལ། དམ་པའི་ཆོས་ཟབ་མོ་མངོན་པར་རྟོགས་པའི་མན་ངག་འཛིན
པ་ནི་ངའི་བུ། ཞེས་གསུངས་ཏེ། དཔེར་ན་རྒྱལ་པོའི་བུ་ཡིས་ཕ་རྒྱལ་པོའི་ཆ་བྱད་དང། རྒྱལ་སྲིད་འཛིན་པ་བཞིན་དུ་མན་ངག་འདི་འཛིན་པ་ནི་བདེ་བར་གཤེགས་པའི་ཆ་བྱད་དང་ངང་ཚུལ་འཛིན་པའི་ཕྱིར་དུ་ཞེས་པའོ། །དེའི་མཐར་སྲོག་གཅོད་པ་ཡང་དག་པར
སྤོངས་ཞེས་གསུངས་ཏེ། སྲོག་བཅད་པའི་འབྲས་བུ་ཡིས་བསྐལ་པ་བྱེ་བ་བརྒྱར་རང་གི་སྲོག་རྣམ་པར་སྨིན་པའི་ཐ་མ་གྱིས་གཞན་གྱིས་གཅོད་པར་འགྱུར་བ་དང། གཞན་གྱི་ཡང་སྡུག་བསྔལ་རྣམ་པ་སྣ་ཚོགས་པ་མྱོང་བ་དང། ཆོས་པ་ཙམ་གྱི་མིང་ཡང
ཡོད་པ་མ་ཡིན་པ་ནི་དགོངས་པ་མ་ཡིན་ཞིང་ཡང་དག་པར་ངེས་པ་ཁོ་ནའོ། ང་ཡི་བུ་ཡིས་མ་བྱིན་ལེན། །ཐག་རིང་བ་རུ་སྤང་བར་བྱ། །མ་བྱིན་བླངས་པའི་འབྲས་བུ་ཡིས། །བསྐལ་བ་བྱེ་བ་བརྒྱ་དག་ཏུ། །མི་བཟང་ཡི་དགས་སྐྱེ་བར་འགྱུར། ཞེས་བྱ་བ་ལ།
མ་བྱིན་པར་བླངས་པའི་རྣམ་པར་སྨིན་པས་ནི་བསྐལ་པ་བྱེ་བ་བརྒྱ་རུ་མི་བཟད་པའི་ཡི་དགས་མེ་ལྕེའི་འཁོར་ལོ་ཅན་དུ་སྐྱེ་བར་འགྱུར་བ་ཉིད་དོ། །ངའི་བུ་ཡིས་འདོད་ལོག་སྤོངས། །འདོད་ལོག་སྤྱད་པའི་འབྲས་བུ་ཡིས། །བསྐལ་པ་བྱེ་བ
བརྒྱ་སྟོང་དུ། །རོ་མྱགས་འདམ་དུ་སྐྱེ་བར་འགྱུར། ཞེས་བྱ་བ་ལ། འདོད་པ་ལོག་པར་སྤྱད་པས་ནི་འཇིག་རྟེན་འདིར་མཐུ་དང་སྟོབས་དང་བཀྲག་ལ་སོགས་པའང་ཉམས་པར་འགྱུར་ཞིང། ཕ་རོལ་ཏུ་བསྐལ་པ་བྱེ་བ་བརྒྱ་སྟོང་དུ་རོ་མྱགས་ཀྱི་འདམ་དུ་སྐྱེ
བ་ནི་ངེས་པའི་དོན་དུ་ཤེས་པར་བྱའོ། །ང་ཡི་བུ་ཡིས་རྫུན་ཚིག་སྤོངས། །བརྫུན་ཆོག་སྨྲས་པའི་འབྲས་བུ་ཡིས། །བསྐལ་པ་བྱེ་བ་སྟོང་དུ་ཡང། །དམ་ཆོས་ཐོས་པར་མི་འགྱུར་ཞིང། དམྱལ་བར་ངེས་པར་སྐྱེ་བར་འགྱུར་ཞེས་གསུངས་པ་ལ། བརྫུན་གྱི་ཚིག
སྨྲས་འབྲས་བུ་ཡིས། །བསྐལ་པ་བྱེ་བ་སྟོང་དུ་དམ་པའི་ཆོས་རིན་པོ་ཆེའི་མིང་ཡང་ཐོས་པར་མི་འགྱུར་ཞིང། དམྱལ་བར་སྐྱེ་བར་འགྱུར་བ་ཉིད་དོ། །གཞན་ཡང་ཕས་ཕམ་པར་འགྱུར་བའི་ཆོས་ཐམས་ཅད་ལས་ཤིན་ཏུ་སྨད་པས་ན་འདིར་ནི་གསལ་བར
མ་བཤད་དོ། །བུ་ཡི་ཕ་ཡིས་གདམ་ངག་ཉོན། །བུ་ཡིས་ཕ་ཡིས་གདམ་ངག་གཟུང་བྱས་ན། །མན་ངག་མེད་པའི་གྲོགས་དག་ལ། ལྟོས་ཏེ་ང་རྒྱལ་མི་བྱ་ཞིང། །གཞན་དག་ལ་ཡང་སྣང་མི་བྱ། །གཞན་སྨད་སྡིག་པ་དཔག་ཏུ་མེད། །ཅེས་བྱ་བ་ལ
འགྲོ་བ་སེམས་ཅན་ཐམས་ཅད་ལ་ས?་བ་ལྟ་བུར་ཉོན་མོངས་པའི་འཇིགས་པ་ལས་སྒྲོལ་ཞིང། །གཉིས་སུ་མེད་པའི་ཡེ་ཤེས་སྐྱེད་པར་བྱེད་པས་ན་ཕ་ཞེས་བྱ་སྟེ། ཕ་ཡིས་ཉོན་མོངས་པ་ལས་སྒྲོལ་བ་གདམ་ངག་འདི་འགྲོ་བ་རྣམས་ཀྱིས་ཉོན་ཞེས་པའོ
བུ་འགྲོ་བ་ཐམས་ཅད་ཀྱིས་ཕ་ཡི་གདམ་ངག་འདི་ཡོངས་སུ་གཟུང་ཞི་བཟའ་བ་དང་དེ་ལ་མངོན་པར་སྤྱད་བ་ཉིད་དོ། །དེ་ཡང་མན་ངག་འདི་དང་ལྡན་པའི་གང་ཟག་རྣམས་ནི་གདམ་ངག་དང་ལྡན་ཏེ། གཞན་ལ་སོགས་པ་རྣམས་ནི་བདེ་བར་གཤེགས་པའི
བསྟན་པ་ལ་བཞུགས་པ་ཙམ་ལས་ཆོས་སྤྱོད་པ་ནི་རྣམ་པ་ཅི་དང་མི་ལྡན་ནོ། །ཞེས་རང་ལས་ང་རྒྱལ་པའི་རྣམ་པས་གཞན་ལ་སྣང་བར་བྱ་བ་མ་ཡན་ཞིང། མན་ངག་འདི་དང་མི་ལྡན་པ་རྣམས་ལ་ཡོངས་སུ་བསྟན་པ་དང་སྤེལ་བར་བྱེ་བ་ཁོ་ནའོ། །ང་རྒྱལ་བྱས་པའི་འབྲས
བུ་ཡིས། །བསྐལ་པ་བྱེ་བ་བརྒྱ་དག་ཏུ། །དམུ་ཆུ་ཅན་དུ་སྐྱེ་བར་འགྱུར། །ང་རྒྱལ་དུག་གི་རྩ་བ་ཡིན། །ང་རྒྱལ་བྱང་ཆུབ་གསུམ་ལ་སྒྲིབ། །ང་རྒྱལ་འཕྲལ་དུ་སྡུག་བསྔལ་བསྐྱེད་ཅེས་བྱ་བ་ལ། བདེ་བར་གཤེགས་པས་མན་ངག་འདི་གསུངས་པ་ལ། སྐྱེ་བོ་མི་ཤེས་པ
ཕལ་པ་རྣམས་ཀྱིས་ང་རྒྱལ་གྱི་རྒྱུ་རུ་སོང་དུ་དོགས་ལས་ན་བདེ་བར་གཤེགས་པས་ང་རྒྱལ་ལ་ཤིན་ཏུ་སྨད་པ་ཡིན་ཏེ། ང་རྒྱལ་གྱི་འབྲས་བུ་སྐྱེ་བ་ཕྱི་མར་ཅི་བྱ་སྟེ། སྟོང་པ་ཞེས་བརྗོད་ནས་ཅིའི་ཕྱིར་མི་བྱ། །བདེ་བ་ནི་རྣམ་པར་རྟོག་པ་ཡིན་ནོ་སྙམ་པ་ལས། བཅོམ
ལྡན་འདས་ཀྱིས་སྣང་བ་རིན་པོ་ཆེའི་མདོ་སྙན་གྱི་གོང་རྒྱན་དུམ་བུ་ཐ་མ་ཆོས་ཉིད་བསྟན་པའི་ལེའུ་ཤལོ་ཀ་བཞི་བརྒྱ་ལྔ་བཅུ་པ་ལས། ངག་གི་ལམ་ལས་འདས་གྱུར་ཀྱང། རྟོག་དང་བྲལ་ཕྱིར་ཆོས་ཉིད་ལ། །བདེ་བ་ཆེ་ཞེས་རབ་ཏུ་བརྗོད། ཅེས་གསུངས་པ་དང
གཞན་ཡང་རྡོ་རྗེ་བརྩེགས་པའི་མདོ་ལས། སུ་ནི་ཡང་དག་ཡེ་ཤེས་ཏེ། ཀ་ནི་གང་དཱུང་མི་གནས་པས། མི་རྟོག་ཡེ་ཤེས་བདེ་བ་ཆེ། ཞེས་གསུངས་པའི་ཕྱིར། སྟོང་པ་ཆེན་པོ་ཡེ་ཤེས་ཏེ་ཚིག་གི་བརྗོད་པ་ལས་འདས་ཀྱང་རྟོག་པ་ནི་སྡུག་བསྔལ་བ། དེ་དང
བྲལ་བ་ཉིད་བདེ་བ་ཡིན་པའི་ཕྱིར། བདེ་བཞེས་བརྗོད་པ་ལ་འགལ་བ་མེད་པའི་ཕྱིར་རོ། །དེ་བས་ན་ཡང་དག་པའི་ཡེ་ཤེས་ས་ཉིད་དངོས་པོའི་ཆོས་གང་ལ་ཡང་མི་གནས་པ་དང། མི་རྟོག་པ་ཉིད་བདེ་བ་ཡིན་པའི་ཕྱིར་བདེ་བའོ། །དེ་ཉིད་འཇིག་རྟེན་པའི་བདེ
བ་ལས་ཁྱད་པར་དུ་འཕགས་པའི་ཕྱིར། ཆེན་པོ་སྟེ་དེ་བས་ན་བདེ་པ་ཆེན་པོ་ཡིན་པས་ན། ཡང་དག་པའི་ཡེ་ཤེས་ལ་བདེ་བ་ཆེན་པོ་ཞེས་བྱ་བ་ཁོ་ནའོ། །སྟོང་པ་ཉིད་དང་མི་ལྡན་པར། །ཀུན་རྫོབ་དངོས་པོ་ཁྱད་བསད་ནས། །ཆད་པའི་མཛའ་ལ་མངོན་པར
ཞེན་ཏེ། འདི་ཀུན་སྟོང་ཞེས་ཚིག་ཏུ་བརྗོད། །སྟོང་པའི་བདག་པོ་སྟོང་པར་འགྲོ་།ཞེས་བྱ་བ་ལ། སྟོང་པ་ཉིད་ཡང་དག་པར་ཡེ་ཤེས་ཀྱི་དོན་དང་མི་ལྡན་པར་ཀུན་རྫོབ་ཀྱི་བདེན་པ་ཁྱད་དུ་བསད་དེ། གཞན་ལ་སོགས་པ་ལ་དངོས་པོ་སྣང་བ
འདི་ཐམས་ཅད་ནི་སྟོང་པ་སྟེ། སྐྱེ་བར་མི་འགྱུར་བ་ཉིད་དོ་ཞེས་ཚིག་ཏུ་བརྗོད་ཅིང་འཆད་པའི་ཚིག་གི་སྟོང་པའི་བདག་པོ་སྟེ། གཉིས་སུ་མེད་པའི་ཡེ་ཤེས་ཀྱིས་སྟོང་ཞིང་མེད་པས་ནི་སྟོང་པར་རོ། །འགྲོ་བ་ནི་ངན་འགྲོ་རྣམ་པ་གསུམ་དུ་འགྲོ་བས་ན་སྟོང་པར་འགྲོ
བ་ཉིད་དོ། །དེ་བས་ན་གཉི་གར་མི་རྟོག་གཉིས་ལ་ལྟ། ཕྱོགས་བཅུ་སྤྲུལ་པ་རབ་ཏུ་སྤྲོ། །ཇི་བཞིན་འགྲོ་བའི་དོན་ལ་སྦྱོར། །གང་དང་གང་གིས་བསམ་པ་ལ། །དེ་དང་མཐུན་པའི་དེ་བ་སྐོངས། ཞེས་གསུངས་ཏེ། ཀུན་རྫོབ་གཉི་གར་མི་རྟོག་པ་ནི་སྟོང་པའོ།།
གཉིས་ལ་ལྟ་ཞེས་པ་ནི། དོན་དམ་པར་ཅིའི་ངོ་བོ་མི་རྟོག་པ་དང། ཀུན་རྫོབ་ཏུ་དངོས་པོ་ཐམས་ཅད་ལ་རིམ་པ་ཇི་བཞིན་དུ་འགྲོ་པའི་དོན་ལ་སྦྱོར་བ་སྟེ། སེམས་ཅན་མོས་པ་སྣ་ཚོགས་པ་རྣམས་དང། ཡུལ་དང་དུས་དང་གནས་སྐབས་ཀྱི་བྱེ་བྲག
གིས་སེམས་ཅན་ཐམས་ཅད་ཀྱི་སྤྱོད་པ་དང་མཐུན་པར་བྱེད་པ་སྟེ། འཇིག་རྟེན་གྱི་ཁ་ན་མ་ཐོ་བ་ཉིད་དོ། །མན་ངག་འདི་ལ་མ་བརྟེན་པར་ཞེན་པ་ནས། །འཚང་རྒྱ་རུ་མི་འགྱུར་རོ་ཞེས་བྱ་བའི་བར་དུ་ནི་དེ་དེ་བཞིན་ཏེ། དགོངས་པ་མ་ཡིན་ནོ། །འདི་ནི་ཐབས
ཀྱི་ཡན་ལག་ལྡན། །དཔེར་ན་ཆུ་བོ་ཆེན་པོ་ལ། །མི་རྣམས་ཕ་རོལ་འགྲོ་འདོད་པས། །འདི་ཐབས་མེད་པའི་གང་ཟག་ནི། །ཆུ་ཡི་ནང་དུ་ཕྱིར་དང་འདྲ། །འདི་དང་ལྡན་པའི་གང་ཟག་ནི། །བར་སྣང་དག་ལ་མྱུར་བར་འགྲོ་།ཞེས་བྱ་བ་ལ། དཔེར་ན་ཆུ
བོ་ཆེན་པོ་ལ་མི་ལ་སོགས་པ་ཕ་རོལ་ཏུ་འགྲོ་བར་འདོད་པས། མན་ངག་འདི་དང་མི་ལྡན་པ་རྣམས་ནི་ཆུ་པོའི་ནང་དུ་བརྒལ་བ་དང་འདྲ་སྟེ། ཕ་རོལ་ཏུ་མྱུར་དུ་བྱིན་པ་དང། ལུས་ངལ་བ་དང། གཤེར་བ་དང་སྤྲུལ་ལ་སོགས་པས་འཛིན་པ་དང།
ཆུས་ཁྱེར་བ་ལ་སོགས་པས་འཇིགས་པ་དང་བཅས་པ་བཞིན་དུ། བྱང་ཆུབ་མྱུར་དུ་མི་འཐོབ་པ་དང། བདུད་ཀྱི་བར་ཆོད་འོང་བ་དང། འཁོར་བ་ཕྱིར་འཁོར་བ་དང། སྡུག་བསྔལ་ཆེར་བྱས་ཀྱང་འབྲས་བུ་ཆུང་བ་ཉིད་དོ། །མན་ངག་འདི་དང་ལྡན་པ་རྣམས་ནི་ཟམ་པ་ལ
འགྲོ་བ་དང་མཚུངས་ཏེ་ཕ་རོལ་ཏུ་ཕྱིན་པ་དང། ལུས་ངལ་བ་མེད་པ་དང། མ་གཤེར་བ་དང། ཆུས་མི་ཁྱེར་བ་དང། སྤྲུལ་ལ་སོགས་པའི་འཇིགས་པ་མེད་པ་བཞིན་དུ། བྱང་ཆུབ་མྱུར་བར་ཐོབ་པ་དང། བདུད་ཀྱི་བར་ཆོད་དུ་མི་འགྱུར་བ་དང་ཕྱིར་འཁོར་བར
མི་འཁོར་བ་ཉིད་དོ། །དེ་བས་ན་ཆུ་བོའི་ཕ་རོལ་དུ་འགྲོ་བ་ལ་ཟམ་པ་ཐབས་ཆེན་པོ་དང་ལྡན་པ་བཞིན་དུ་ཡང་དག་པའི་ཡེ་ཤེས་ཚོལ་བ་ལ་མན་ངག་འདི་ཐབས་ཆེན་པོ་དང་ལྡན་པས་ཤེས་པར་བྱའོ། །ཐ་མལ་པ་དང་ཁྱད་པར་མཆོག་།འདི་དང་མི་ལྡན་ཐ་མལ་ཏེ
འདི་དང་ལྡན་པ་མཆོག་གི་རྒྱུ། །དེ་གཉིས་བྱེ་བྲག་དཔེར་ན་ནི། །ཏིལ་དང་རི་རབ་ཁྱད་པར་རོ། །ཞེས་བྱ་བ་ལ། ཆོས་སྤྱོད་རྣམ་པ་གཉིས་སུ་གསུངས་ཏེ། མན་ངག་འདི་དང་མི་ལྡན་པ་ནི་ཁྱད་པར་མཆོག་གི་ཆོས་སྤྱོད་དེ། ཁྱད་པར་ཞེས་པ་ནི་བྱེ་བྲག་གི་སྒྲའོ།།
མཆོག་ནི་བཟང་ཞིང་རབ་ཀྱི་དོན་ཏེ། དེ་གཉིས་ཀྱི་བསོད་ནམས་ཀྱི་བྱེ་བྲག་ཆེ་ཆུང་གི་ཚང་ནི་ཏིལ་དང་རི་རབ་ཙམ་དུ་གསུངས་ཏེ། ཡང་དག་པ་ཉིད་དོ། །འཇམ་དཔལ་འདི་ནི་ལེགས་པར་སྤེལ་ཞེས་པ་ནས། འདི་བཤད་བསོད་ནམས་ཁྱད་པར་འཕགས་ཞེས
པའི་བར་དུ་ནི་དེ་བཞིན་དུ་གོ་བར་བྱ་སྟེ། རྟག་ཏུ་བྱང་ཆུབ་སེམས་བསྐྱེད་པ་དང། བསམ་པ་ཉིད་ལ་མཉམ་པར་འཇོག་ཅིང་མན་ངག་དང་བཅས་པའི་ཕྱིར་ངེས་དོན་ཏོ། །དཔེར་ན་མར་མེ་འཆིག་རུ། །འོད་ནི་གསལ་བ་འབྱུང་བར་འགྱུར། །དེ་བཞིན་ང
ཡིས་བསྟན་པ་ཡང། །ནུབ་ཀར་ཟབ་མོའི་ཆོས་དར་འགྱུར། །བསྟན་པ་ནུབ་པར་གྱུར་ཙམ་ན། །འདི་མིན་མགོན་སྐྱབས་མེད་པ་ཡིན། །འདི་ལྡན་མགོན་སྐྱབས་བཟང་པོ་ཡིན། །འཇིགས་པའི་བག་དང་ལྡན་མི་འགྱུར། །དེ་བས་འདི་ནི་འགྲོ་ཀུན་གྱིས།།
མགོན་དང་སྐྱབས་སུ་འདི་ཚོལ་ཅིག་ཅེས་བྱ་བ་ལ། །དཔེར་ན་མར་མེ་འཆི་ཀ་རུ་འོད་གསལ་བར་འབྱུང་བ་སྟེ། དེ་བཞིན་དུ་བདེ་བར་གཤེགས་པའི་བསྟན་པ་ཡང་ཉམས་དམས་པར་འགྱུར་བ་ལས། ནུབ་ཀར་ཟབ་མོའི་ཆོས་ཐེག་པ་ཆེན་པོ
གསང་སྔགས་དང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་དར་ཅིང་རྒྱས་པ་ལས། ལྡེམ་པོར་དགོངས་པ་རྣམས་ཀྱང་དེ་དེ་བཞིན་དུ་གཟུང་ཞིང་ལོག་པར་སྤྱད་པ་ལས་ནུབ་པར་འགྱུར་བ་ཉིད་དོ། །དེ་བས་ན་དགྲ་ཡིས་འཇིགས་པ་འབྱུང་ཙམ་མ
རྒྱལ་པོ་ལ་སྐྱབས་བཙལ་བ་དང་འཇིགས་པའི་བག་ཏུ་མི་འགྱུར་བ་བཞིན་དུ་བསྟན་པ་ནུབ་པ་སྟེ། ལོག་པའི་དགྲ་བར་བའི་སྐབས་སུ་མན་ངག་འདི་དང་མི་ལྡན་ན་མགོན་དང་སྐྱབས་མེད་པ་ཡིན་ཏེ། དགྲས་ཁྱེར་བ་ཉིད་དོ། །མན་ངག་འདི་དང་ལྡན
པ་རྣམས་ནི་རྒྱལ་པོ་ཡེ་ཤེས་ལ་སྐྱབས་བཙལ་བ་སྟེ། ལོག་པའི་དགྲ་ཉོན་མོངས་པ་དང། འཁོར་བས་འཇིགས་པ་མི་འགྱུར་བ་ཁོ་ནའོ། །དེ་བས་བདེ་བར་གཤེགས་པའི་བསྟན་པ་ནུབ་པར་འགྱུར་ཙམ་ན་འགྲོ་བ་རྣམས་ལ་མགོན་དང་སྐྱབས་སུ
ཟབ་མོའི་ཆོས་མན་ངག་མངོན་པར་རྟོགས་པ་འདི་ཚོལ་ཅིག་ཅེས་བཅོམ་ལྡན་འདས་ཀྱིས་ཡང་དག་པར་གདམས་པའོ། །དེས་པར་འཆི་བ་ཆ་ཡོད་ཀྱང། །ཅི་ཕྱིར་དེས་པའི་དུག་གིས་མྱོས། དེ་བས་དམ་ཆོས་འདི་ཉིད་ལ། །ཡིད་ཆེས་པ་ཡིས་བརྟན
པར་ཟུར་ཞེས་བྱ་བ་ལ། འཆི་བ་ཞེས་གསུངས་པ་ནི་མི་རྟག་པ་སྟེ། དམ་པའི་ཆོས་སྤྱོད་པའི་སྐལ་བ་དང་ལྡན་པ་དང། མི་ལྡན་པ་བདེ་འགྲོ་མི་རུ་སྐྱེ་བར་ཤིན་ཏུ་བཀའ་བ་སྟེ། ཅིའི་ཕྱིར་འདོད་པའི་དུག་གིས་མྱོས། །མིའི་གནས་སྐབས་འདིར་མན་ངག
འདི་ལ་ཡིད་ཆེས་པ་ཡིས་བརྟན་པར་གཟུང་སྟེ། ལོངས་སྤྱོད་ཅེས་གསུངས་པའོ། །དེའི་རྒྱུས་སྐྱེ་བ་ཕྱི་མ་ལ་མིར་སྐྱེ་བའོ། །དམ་པའི་ཆོས་འདི་སྐྱེ་བ་འདི་ལ་ལོངས་མ་སྤྱོད་ན། སྐྱེ་བ་ཕྱི་མར་མིར་སྐྱེ་བའི་དེས་པ་མེད་དེ། ངན་འགྲོར་ལྷུང་བ་ཕལ་ཆེ་བའི
ཕྱིར། བཅོམ་ལྡན་འདས་ཀྱིས་ཡང་དག་པར་གདམས་པས། འདི་ལ་ཀུན་ཡིད་ཆེས་པར་བྱ་སྟེ། ཕ་ཡི་གདམས་ངག་བུ་ཡིས་མ་ཉན་ན་ངན་འགྲོའི་གནས་སྐབས་སུ་འགྱོད་པར་འགྱུར་བ་ཉིད་དོ། །དེ་བས་འཇམ་དཔལ་གཞོན་ནུ་ཡིས། །བཅོམ་ལྡན་འདས་ལ་འདི་སྐད
གསོལ། །ལེགས་སོ་བཅོམ་ལྡན་བདེ་གཤེགས་ལེགས། །བཀའ་གཞན་དགོངས་པ་བསམ་མི་ཁྱབ། །འདི་ནི་དཔེ་དོན་རྒྱས་པར་གསུངས། །མ་རིག་མུན་སེལ་སྒྲོན་མེ་གསུངས། །འཁོར་བའི་འདམ་འདྲེན་ཞགས་པ་གསུངས། །ཐར་པའི་ཁང་པ་སྒོ་མོ་གསུངས། །དབྱིངས་སུ
འཇུག་པའི་ལམ་ཆེན་གསུངས། །རྟོག་པ་འཇོམས་པའི་ཐོབ་གསུངས། །ཞེ་སྡང་མེ་འཇིལ་ཆུ་བོ་གསུངས། །འདོད་ཆགས་ཆུ་སྐེམས་ཉི་མ་གསུངས། །རིམ་པར་འཇུག་པའི་སྐས་པ་གསུངས། །འགྲོ་བ་མ་ལུས་འཚང་རྒྱ་བའི། །རྒྱུ་དེ་ལ་ནི་ཡི་རང་ངོ། །ཞེས་བྱ་བ་ལ། བཅོམ
ལྡན་འདས་ལ་འཇམ་དཔལ་གྱི་ཆོས་ཀྱི་དོན་གྱི་སྒོ་ནས་བསྟོད་པ་སྟེ། བཀའ་གཞན་དུ་མི་དགོངས་པ་བསམ་གྱིས་མི་ཁྱབ་པས་གསུངས་པས། གཟུང་དཀའ་བ་དང། རིགས་རྣམ་པ་གསུམ་གྱིས་གཏན་ལ་དབབ་དགོས་པ་ཉིད་དོ། །མན་ངག་འདི་ནི་དེས་པའི་དོན་རྒྱས
པར་གསུངས་པ་སྟེ། ཡིད་ཆེས་པར་བྱའོ། །མ་རིག་པའི་མུན་པ་སེལ་བ་ནི་བསྒོམ་པའི་མན་ངག་གོ་།འཁོར་བའི་འདམ་ནས་འདྲེན་པའི་ཞགས་པ་ནི་ཆོས་སྤྱོད་མ་ལུས་པའོ། །ཡེ་ཤེས་ནི་ཐར་པ་ཆེན་པོ་སྟེ། དེའི་སྒོ་ནི་སྤྱི་ལ་གོ་བར་བྱའོ། །དབྱིངས་ནི་ཆོས་ཀྱི་དབྱིངས་ཏ།
དེར་འགྲོ་བའི་ལམ་ཡང་ཆོས་སྤྱོད་སྤྱིའོ། །རྟག་པ་འཇོམས་པའི་ཐོ་བ་ནི་སྟོང་པ་ཆེན་པོའི་སྐབས་སོ། །ཞེ་སྡང་མེ་འཇིལ་ཆུ་བོ་ནི་འགྲོ་བ་ཀུན་ལ་བུ་ལྟ་བུར་ཞེས་བྱ་བ་ལ་སོགས་པའི་སྐབས་སོ། །འདོད་ཆགས་ཀྱི་ཆུ་སྐམས་པའི་ཏི་མ་ནི་ཕ་མ་ལ་སོགས་ཀྱི་འབྲེལ་པ་ལ་ཞེན
པས་ཆགས་པར་མི་བྱའོ། །ཞེས་པའི་སྐབས་སོ། །རིམ་པར་འཇུག་པའི་སྐས་པ་ནི་འདི་དང་ཉན་དང་ཞེས་པ་ལ། དེ་ཉིད་ངོ་བོ་གཅིག་བསྒོམས་པའོ། །ཞེས་བྱ་བའི་བར་དུ་གོ་བར་བྱ་སྟེ། དེ་དག་འགྲོ་བ་མ་ལུས་པར་འཚང་རྒྱ་བ་ཉིད་དོ། །དེ་ལ་འཇམ་དཔལ་རྗེས་སུ
ཡི་རང་སྟེ་མངོན་པར་བསྟོད་པའོ། །དེ་སྐད་ཅེས་འཇམ་དཔལ་གྱིས་བཅོམ་ལྡན་འདས་ལ་མངོན་པར་བསྟོད་དེ། ལྷ་དང། ཀླུ་དང། གནོད་སྦྱིན་དང། ལྷ་མ་ཡིན་དང། དྲི་ཟར་བཅས་པའི་འཇིག་རྟེན་ཐམས་ཅད་བཅོམ་ལྡན་འདས་ཀྱིས
གསུངས་པ་ལ་མངོན་པར་བསྟོད་དོ་ཞེས་བྱ་བ་ལ། དང་པོར་འཁོར་འདུས་པ་ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་ལ་སོགས་པ་ཐམས་ཅད་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དེ། སྐབས་ཀྱི་བྱེ་བྲག་རྫོགས་པའོ། །དེ་ལ་ཁ་ཅིག
གི་བསམ་པས་ངམ་པའི་ཆོས་འདི་ལ་རྣལ་འབྱོར་ཆེན་པོའི་རྒྱུད་ཡིན་པས་རྣལ་འབྱོར་ཆེན་པོའི་དབང་མ་བསྐུར་བས་ལོངས་སྤྱད་དུ་མི་རུང་བར་འདོད་དེ། དེ་ལྟར་སེམས་དཔའ་ཨི་གང་ཟག་རྣམས་ནི་ཤིན་ཏུ་རྨོངས་པར་འགྱུར་བ་ཡིན་པས་ན་དེ་ལྟར
ནི་མི་བསམ་མོ། །རྣལ་འབྱོར་ཆེན་པོའི་རྒྱུད་ཡིན་ན་དང་པོར་དགེ་སློང་ལ་སོགས་པ་བཞི་དང། ཚངས་པ་ལ་སོགས་ཅིའི་ཕྱིར་འདུ། །ཡང་རྣལ་འབྱོར་ཆེན་པོས་གསུངས་པའི་གནས་ནི་བཙུན་མོའི་བྷ་ག་ཡིན་ལ། །འདིར་བྱ་རྒོད་འཕུངས་པོའི་རི་ལ
གསུངས་པའི་ཕྱིར་དེ་བཞིན་གཤེགས་པའི་བསྟན་པ་ལ་ཞུགས་ཅོག་ཐམས་ཅད་ཀྱིས་མཉན་པ་དང། བཤད་པ་དང། བསྒྲུབ་དུ་རུང་བ་ཁོ་ན་ཡིན་པས་ན་ཐེ་ཚོམ་མི་བྱ་བ་ཉིད་དོ། །དཔེར་ན་མཁའ་ལ་བྱ་འཕུར་པའི། །གྲིབ་མ་དེ་རྗེས་འབྲང་བ
བཞིན། །གང་ཞིག་དམ་ཆོས་འདི་ཉིད་ལ། །ཚོགས་ན་གནས་ཀྱང་རབ་ཏུ་སྦྱོར། །དེ་ནི་དགེ་སློང་དེ་དགྲ་བཅོམ། །དེ་ནི་རང་རྒྱལ་བྱང་ཆུབ་སེམས། །དེ་ནི་བདེ་གཤེགས་དེ་སངས་རྒྱས། །དེ་ནི་དོན་དམ་ཡེ་ཤེས་ཡིན། །དཔེར་ན་ཡི་གེ་བཅིངས་པ་རྣམས
ཁ་ཟས་རྣམས་ལ་སྨོད་བྱེད་བཞིན། །གང་ཞིག་འདི་ལ་སྨོད་པ་རྣམས། །དེ་ན་སྡུག་བསྔལ་དེ་དུད་འགྲོ། དེ་ནི་དམྱལ་བ་དེ་ཡི་དགས། །དེ་ནི་འཁོར་བ་ཞེས་བྱའོ། །དགའ་བར་བྱེད་པ་སྦྱིན་པའི་མཆོག་།སྒོ་གསུམ་བསྡམས་པ་ཚུལ་ཁྲིམས་མཆོག་།ཁོར?་མི
ཁྲོ་བ་བཟོད་པའི་མཆོག་། དོན་དུ་གཉེར་བ་བརྩོན་འགྲུས་མཆོག། སེམས་མི་གཡེང་བ་བསམ་གཏན་མཆོག་།རྟོག་དང་བྲལ་བ་ཤེས་རབ་མཆོག་།འགྲོ་བས་འདི་དྲུག་རབ་སྤྱད་ན། །རྫོགས་སངས་རྒྱས་སུ་དེ་འགྱུར་རོ། །བདག་གི་གཟི་བརྗིད་སྣང་བ་ཞེས་བྱའི
འབྲེལ་པ་འདི། །བྱས་པ་དྲི་མེད་དགེ་བ་ཆེན་པོ་གང་མཐོང་དེས། །ལྷ་དང་མི་སོགས་འགྲོ་བ་བདུན་སྐྱེ་བཞི་བསྡུས་པས། །སྦྱིན་པ་ལོངས་སྤྱོད་ལྡན་ཞིང་ཚུལ་ཁྲིམས་གོས་གྱོན་ཏེ། །བཟོད་པའི་རྒྱན་བཏགས་བརྩོན་འགྲུས་གླང་པོ་ཞོན། །བསམ་གཏན
གར་བཅས་ཤེས་རབ་མཚོན་ཐོགས་ནས། །བདུད་དང་མུ་སྟེགས་ལོགས་འབྲེན་གདུག་ཚོགས་རྣམས། །རབ་ཏུ་བཅོམ་སྟེ་ཐེག་ཆེན་གོ་འཕང་མཆོག་།མི་རྟོག་གཉིས་མེད་ཡེ་ཤེས་ཐོབ་པར་ཤོག་།སློབ་དཔོན་ཆེན་པོ་ཡུལ་སིང་ག་ལི?་རྒྱལ་པོ
འཕགས་པ་སྤྱན་རས་གཟིགས་ཀྱི་སྤྲུལ་པར་གྲགས་པ། མདོ་སྡེ་ལང་ཀར་གཤེགས་པ་ནས་ས་བརྒྱད་པའི་བྱང་ཆུབ་སེམས་དབར་ལུང་བསྟན་པ། །ཀླུའི་དབང་ཕྱུག་ཅེས་བྱ་བས་མཛད་པ། ཆོས་སྤྱོད་ཐམས་ཅད་ཀྱི་མན་ངག་མངོན་པར་རྟགས་པའི་རྣམ
བཤད། །གཟི་བརྗིད་སྣང་བ་ཞེས་བྱ་བ་རྫོགས་སོ།། །།ལྷ་དབང་ཕྱུག་ངམ་པའི་མངའ་བདག་ལྷ་བཙན་པོ་བོ་དྷི་རཱ་ཛའི་བཀའ་ལུང་གིས། དབུ་རྩེ་ནས་རྒྱ་གར་གྱི་དཔེ་ཕྱུང་ནས། བོད་ཀྱི་དགེ་ཚུལ་ཁྱུང་གྲགས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ
ཕབ་པའོ། ། (།།དམ་ཚིག་གསུམ་བཀོད་པའི་རྒྱལ་པོའི་ཡི་གེ་བརྒྱ་པའི་སྒྲུབ་ཐབས་བཞུགས།)་།རྒྱ་གར་སྐད་དུ། ཏྲཻ་ས་མ་ཡ་བྱཱ་ཧ་རཱ་ཛ་ཤ་ཏ་ཨ་ཀྵ་ར་སཱ་དྷ་ནི། བོད་སྐད་དུ། དམ་ཚིག་གསུམ་བཀོད་པའི་རྒྱལ་པོའི་ཡི་གེ་བརྒྱ་བའི་སྒྲུབ་ཐབས། དུས་གསུམ་གྱི
དེ་བཞིན་གཤེགས་པ་ཐམས་ཅད་ལ་ཕྱག་འཚལ་ལོ།
CLOSE WINDOW