CLOSE WINDOW

N2308: རྡོ་རྗེ་རྣམ་པར་འཇོམས་པའི་གཟུངས་ཞེས་བྱ་བའི་རིམ་པར་ཕྱེ་བའི་རྒྱ་ཆེར་འགྲེལ་པ་གསལ་བའི་སྒྲོན་མ་ཞེས་བྱ་བ
Wyliee-texts based on the ACIP/ALL Input

། །།རྒྱ་གར་གྱི་མཁན་པོ་ཤྲདྡྷཝ་ཀ་བ་རྨ་དང། བོད་ཀྱི་ལོ་ཙ་བ་ཤE་ཀྱའི་དགེ་སློང་རིན་ཆེན་བཟང་པོས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། །།(རྡོ་རྗེ་རྣམ་པར་འཇོམས་པའི་གཟུགས་གསལ བའི་སྒྲོན་མི་བཞུགས་སོ། )་།!་རྒྱ་གར་སྐད་དུ། བཛྲ་བི་དཱ་ར་ཎ་ནཱ་མ་བྷ་ར་ཎི་པ་ཊ་ལ་ཀྲ་མ་བྷཱ་ཥ་པྲཏྟི་དཱི་པཾ་ནཱ་མ། བོད་སྐད་དུ། རྡོ་རྗེ་རྣམ་པར་འཇོམས་པའི་གཟུངས་ཞེས་བྱ་བའི་རིམ་པར་ཕྱེ་བའི་རྒྱ་ཆེར་འགྲེལ་པ་གསལ་བའི་སྒྲོན་མ་ཞེས་བྱ་བ། བཅོམ ལྡན་འདས་དཔལ་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ། །ཁྲོ་བོའི་རྒྱལ་པོ་རྡོ་རྗེ་རྣམ་པར་འཇོམས་པ་ལ་ཕྱག་འཚལ་ལོ། །ཉེས་པ་ཀུན་དང་རྣམ་བྲལ་ཞིང། །སེམས་ཅན་ཀུན་ལ་ཕན་བཞད་པ། །རྟག་ཏུ་དངོས་པོ་ཀུན་བདག་གྱུར། །རྡོ་རྗེ་བསྣམས་ལ་ཕྱག་འཚལ ལོ། །ཚིག་དང་ཡི་གེ་ཤིན་ཏུ་ཉུང་བ་ལ། །རབ་ཏུ་དོན་རྫོགས་རྡོ་རྗེ་རྣམ་འཇོམས་གཟུངས། །དེ་ཡི་དོན་རྟོགས་དིང་སང་སྐྱེ་བོ་འགའ་ཙམ་སྲིད། །དེ་བས་དེ་དོན་བདག་གིས་རབ་བཤད་འདོད། །གཟུ་ལུམས་འཆོད་རང་འགར་བརྩམས་པ་མ་ཡིན་ཏེ།། བདེ་གཤེགས་བཀའ་དང་བླ་མའི་གདམས་ངག་ལ་བརྟེན་ནས། །དེའི་དོན་རིམ་པར་ཕྱེ་ནས་གསལ་སྒྲོན་གྱི། །དེ་དོན་རྒྱ་ཆེར་རབ་ཏུ་བཤད་པར་འདོད། །དེ་ལ་རྡོ་རྗེ་རྣམ་པར་འཇོམས་པའི་གཟུངས་ཀྱི་དོན་རྒྱ་ཆེར་བཤད་པར་བྱ་སྟེ། དེ་ཡང་ཆོས་ཐམས ཅད་སྤྲོས་པ་དང་བྲལ་བ་ཡིན་པ་ལ། མ་རིག་པའི་ལིང་རྟོག་གིས་བསྒྲིབས་ནས་དེ་མ་རྟོགས་པས། ཁམས་གསུམ་འཁོར་བར་འཁོར་ནས་ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་འཕེལ་ཏེ། དེ་སྤང་བའི་གཉེན་པོ་དང། ཆོས་ཐམས་ཅད་སྤྲོས་པ་དང་བྲལ་བར་བྱ་བ་དེ་རྟོག པའི་ཐབས་སུ། ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་གསུངས་ཏེ། དེ་ཡང་བསྡུ་ན་མཚན་ཉིད་ཀྱི་ཐག་པ་དང། གསང་སྔགས་ཀྱི་ཐེག་པའོ། །དེ་ཡང་མཚན་ཉིད་ཀྱི་ཐེག་པ་ལ་ནི་མདོ་སྡེའི་མིང་གིས་བརྟགས་ལ། གསང་སྔགས་ཀྱི་ཐེག་པ་ལ་ནི་རྒྱུད་ཀྱི་མིང་གིས བརྟགས་སོ། །མཚན་ཉིད་ཀྱི་ཐེག་པ་ལ་མདོ་སྡེ་རུ་འདོགས་པའི་རྒྱུ་མཚན་ནི་དངོས་པོའི་གནས་ལུགས་འགའ་ཞིག་གཏན་ལ་འབེབས་པའི་མཚན་ཉིད་མདོར་བསྡུས་ནས་བསྟན་དུ་རུང་བས་ན་ཡང་མདོ་སྡེ་ཞེས་བྱ་བ་ལ། གཉེན་པོ་རྣམས་འགལ་བར་སྤོང བའི་སྒོ་ནས་མདོ་སྡེ་ཞེས་བྱའོ། །རྒྱུན་ཆགས་ཕྱིར་ན་རྒྱུད་ཅེས་བྱ། །འཁོར་བ་རྒྱུད་དུ་འདོད་པ་ཡིན་ཞེས་གསུངས་སོ། །ཡང་མཁའ་འགྲོ་མ་སྒྱུ་མ་བདེ་མཆོག་ལས་ཀྱང། རྒྱུད་ཅེས་བྱ་བ་རབ་འབྲེལ་ཏེ། །དེ་ཡང རྣམ་པ་གསུམ་ཡིན་ཏེ། །གཞི་དང་ཐབས་དང་འབྲས་བུའོ། །དེ་བཞིན་འབྲས་བུའི་བསྡུ་བ་མེད་ཅེས་གསུངས་ཏེ། འདིར་ཡང་རྒྱུད་རྣམས་སུམ་དུ་ཤེས་པར་བྱ་སྟེ། སྦྱང་བར་བྱ་བ་རྒྱུའི་རྒྱུད་དང། སྦྱངས་པ་འབྲས་བུའི་རྒྱུད་དང་སྤྱོད་པར་བྱེད་པ་ཐབས་ཀྱི་རྒྱུད་དོ།། རྒྱུའི་རྒྱུད་ནི་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ལ་བདེ་བར་གཤེགས་པའི་སྙིང་པོས་ཁྱབ་པས་དེ་རྣམས་སོ། །འབྲས་བུའི་རྒྱུད་ནི་བླ་ན་མེད་པའི་བྱང་ཆུབ་ཀྱི་འབྲས་བུ་ཐོབ་པ་དེ་རྣམས་སོ། །ཐབས་ཀྱི་རྒྱུད་ནི་སེམས་ཅན་གྱི་ཁམས་དང་དབང་པོ་དང། བག་ལ་ཉལ་སྣ་ཚོགས་པ་ཡོད་པས། བཅོམ་ལྡན་འདས་ཀྱིས་རྒྱུད་སྡེ་བཞི་གསུངས་ཏེ། དེ་ཡང་བྱ་བའི་རྒྱུད་དང། སྤྱོད་པའི་རྒྱུད་དང། རྣལ་འབྱོར་གྱི་རྒྱུད་དང། རྣལ་འབྱོར་བླ་ན་མེད་པའི་རྒྱུད་དོ། །བྱ་བའི་རྒྱུད་ལ་སྤྱི་དང་བྱེ་བྲག་གི་རྒྱུད་ལས་བྱེ བྲག་གི་རྒྱུད་དོ་དེ་ལ་སྐུ་ཏ་ཐཱའི་རིགས་ཀྱི་རྒྱུད་དང། གསུང་པདྨའི་རིགས་ཀྱི་རྒྱུད་དང། ཐུགས་རྡོ་རྗེ་རིགས་ཀྱི་རྒྱུད་ལས། འདི་ཐུགས་རྡོ་རྗེ་རིགས་ཀྱི་རྒྱུད་དོ། །དེ་ཡང་སྤྱི་དང་བྱེ་བྲག་ལས། འདི་བྱེ་བྲག་གི་རྒྱུད་དོ། །དེ་ལ་འདི་ནི་རྡོ་རྗེ་ཁྲོ་བོ་རིགས་ཀྱི་རྒྱུད དོ། །རྡོ་རྗེ་རིགས་ཀྱི་ཁྲོ་བོའི་རྒྱུད་འདིས་ནི་རྟོགས་པ་ཡིན་པ་ལ། གཟུངས་ཀྱི་མིང་གིས་བཏགས་སོ། །དེས་ནི་སྤྱིའི་རྣམ་པར་བཞག་པའོ། །དེ་ཡང་རང་དང་གཞན་གྱི་དོན་བསྟན་པའི་སྒོ་ནས། མཚན་གྱི་དོན་ཕུན་སུམ་ཚོགས་པ་བསྟན་པ་དང། རྒྱུད རྒྱས་པར་བཤད་པའོ། །དེ་ལ་དང་པོ་བཤད་དེ། རྡོ་རྗེ་ཞེས་བྱ་བ་ནི་རང་གི་དོན་ཕུན་སུམ་ཚོགས་པ་སྟེ། ཆོས་ཀྱི་སྐུ་སྟོང་པ་ཉིད་དོ། །རྣམ་པར་འཇོམས་པ་ཞེས་བྱ་བ་ནི། མཛད་པ་བཞིའི་སྒོ་ནས་འགྲོ་བ་སེམས་ཅན་གྱི་དོན་བྱང་བའོ། །གཟུངས ཞེས་བྱ་བ་ནི་གཉི་གའི་དོན་ཕུན་སུམ་ཚོགས་པ་སྟེ། སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་ནོ། །ཆོས་ཀྱི་སྐུ་སྟོང་པ་ཉིད་ལ་རྡོ་རྗེར་འདོགས་པའི་རྒྱུ་མཚན་དང། དགོས་པ་ཅིའི་ཕྱིར་ཞེ་ན། སྟོང་པ་ཉིད་ལ་རྡོ་རྗེ་འདོགས་པའི་རྒྱུ་མཚན་ནི། འདུས་བྱས་རྫས་ཀྱི་རྡོ་རྗེ་ཕ་ལམ་དང ཆོས་མཐུན་པ་རྣམས་ཡོད་དོ། །རྡོ་རྗེ་ཕ་ལམ་ལ་མི་ཆོད་པ་བྱ་བ་ནས། མ་ཕམ་པ་བྱ་བའི་བར་དུ་ཆོས་བདུན་ཡོད་པ་དེ་བཞིན་དུ། ཆོས་ཀྱི་སྐུ་སྟོང་པ་ཉིད་ལ་མི་ཆོད་པ་བྱ་བ་ནས། ཐམས་ཅད་དུ་མ་ཕམ་པ། བྱ་བའི་བར་དུ་ཆོས་བདུན་ཡོད་དོ། །འོ་ན་རིན་པོ་ཆེ་རྡོ་རྗེ ཕ་ལམ་དེ་ལ་ཇི་ལྟར་ས་ཡིས་མི་ཆོད་ཅེ་ན། འབྱུང་བ་ཆེན་པོས་ཡིས་བཅད་པ་དང་གཏུབ་པར་མི་ནུས་པས་ན། མི་ཆོད་པ་ཞེས་གསུངས་སོ། །ས་དག་བཅད་པར་མི་ནུས་པར་འདུག་སྟེ། རྡོ་རྗེ་ཕ་ལམ་དེ་ལ་འབྱུང་བ་ཆེན་པོ་ཆུ་ཡིས་སྤྲུལ་པ་ལ་སོགས་པ་གནོད་པ བྱ་བར་མི་ནུས་སམ་ཞེ་ན། མ་ཡིན་ཏེ། ངེས་གནོད་པར་མི་ནུས་པས་ན་མི་ཤིགས་པ་ཞེས་གསུངས་སོ། །དེ་ཉིད་ཀྱིས་ཀྱང་གནོད་པར་བྱ་བ་མི་ནུས་པར་འདུག་སྟེ་འབྱུང་བ་མེས་ཐལ་བའམ། སོལ་བར་བསྲེགས་པར་མི་ནུས་སམ་ཞེ་ན། མ་ཡིན་ཏེ། དེས་བསྲེག་པར་མི ནུས་བས་ན་བདེན་པ་ཞེས་གསུངས་ཏེ། དེ་གསུམ་གྱིས་ཀྱང་གནོད་པར་བྱ་བར་མི་ནུས་པར་འདུག་སྟེ། རླུང་སྤུ་གྲི་ལྟ་བུས་ཀྱང་གཞིག་པར་མི་ནུས་སམ་ཞེ་ན། དེས་གཞིག་པར་མི་ནུས། ཞེས་གསུངས་སོ། །དེ་བཞིན་ད་ལྟར་གནོད་པར་བྱ་བར་མི་ནུས་པར་འདུག་སྟེ། ? བསྐལ་བར་ལོན་ནས་གནོད་པར་བྱ་བར་མི་ནུས་སམ་ཞེ་ན། མ་ཡིན་ཏེ། དེ་བཞིན་དུས་ད་ལྟར་གནོད་པར་བྱ་བར་མི་ནུས་པ་བཞིན་དུ། དུས་སམ་གནས་སྐབས་ཐམས་ཅད་དུ་མི་འགྱུར་བས་ན་བརྟན་ཞེས་གསུངས། འོ་ན་རྡོ་རྗེ་ཕ་ལམ་དེ་ལ་ཚུར་ལ་དང། གང་གིས་ཀྱང་མི་གནོད་པར་འདུག་སྟེ། རྡོ་རྗེ་ཕ་ལམ་དེ་མཐུ་ཇི་ཙམ་དང་ལྡན་ཞེ་ན། དཔེར་ན་ཐོག་དང་འདྲ་སྟེ་དངོས་པོ་ཐམས་ཅད་འབིགས་པར་བྱེད་པས་ན། ཐམས་ཅད་དུ་ཐོགས་པ་མེད་པ་ཞེས་གསུངས་སོ། །དེ་ལ་ཚུར་ལ་གནོད་པར་མི་འགྲོ་འམ་ཞེ ན། མ་ཡིན་ཏེ། རྡོ་རྗེ་རིན་པོ་ཆེ་ཕ་ལམ་དེས། ཕར་མི་ཐམས་ཅད་འཇོམས་པར་ནུས་ལ། རང་ལ་ཚུར་གནོད་པར་མི་ནུས་པས་ན། ཐམས་ཅད་དུ་མ་ཕམ་པ་ཞེས་གསུངས་སོ། །དཔེར་ན་རྡོ་རྗེ་ཕ་ལམ་གཞན་གྱིས་གནོད་པར་བྱ བར་མི་ནུས་པ་དེ་བཞིན་དུ། སྟོང་པ་ཉིད་ཀྱི་རྡོ་རྗེ་དེ་ལ་སྐྱེ་བ་ལ་སོགས་པའི་སྡུག་བསྔལ་གྱིས་མི་གནོད་པས་ན། མི་ཆོད་པ་ལ་སོགས་པ་གསུངས་སོ། །འདུས་བྱས་ཀྱི་དངོས་པོ་འདི་ལ་སྐྱེ་བ་སྔ་མ་ནས་འདི་རུ་སྐྱེད་འདི་ནས་ཕྱི་མར་སྐྱེད་པས། སྐྱེ་བའི སྡུག་བསྔལ་གྱི་བར་དུ་ཆོད་ཅིང་འདུག་པ་ན། སྟོང་པ་ཉིད་ལ་སྐྱེ་བ་མེད་པས། སྐྱེ་བའི་སྡུག་བསྔལ་གྱིས་བར་དུ་མི་ཆོད་པས་ན། མི་ཆོད་པ་ཞེས་གསུངས་སོ། །འདུས་བྱས་ཀྱི་དངོས་པོ་འདི་ལ་རྣམ་པར་གཞན་ནས་གཞན་དུ་འགྱུར་བ་ཡོད་པས། རྒས པའི་སྡུག་བསྔལ་གྱིས་བར་དུ་ཆོད་ཅིང་འདུག་པ་ལ། སྟོང་པ་ཉིད་དེ་ལས་རྣམ་པ་གཞན་རྣམས་ནས་བཞན་དུ་འགྱུར་བ་མེད་པས། རྒས་པའི་སྡུག་བསྔལ་གྱི་བར་དུ་མི་ཆོད་པས་ན། མི་ཤིགས་པ་ཞེས་གསུངས་སོ། །འདུས་བྱས་ཀྱི་དངོས་པོ་དེ་ཉིད མཚམས་སྦྱོར་བའི་ཚེ། སྐྱེ་གནས་ཀྱི་དང་པོར་མིང་དང་གཟུགས་གྲུབ་ནས་ཐ་མར་མ་ཤེའི་བར་དུ་སྡུག་བསྔལ་རྣམ་པ་གསུམ་མན། བརྒྱད་ལ་སོགས་པས་གདུངས་པས་ན། གནས་པའི་སྡུག་བསྔལ་གྱི་བར་དུ་ཆོད་ཅིང་འདུག་པ་ལ། ཆོས་ཀྱི་སྐུ་སྟོང པ་ཉིད་དེ་ལ་གཟུགས་ཀྱི་དངོས་པོར་གྲུབ་པ་མེད་པས། སྡུག་བསྔལ་རྣམ་པ་གསུམ་དང་བརྒྱད་ལ་སོགས་པས་གཅོད་པར་མི་ནུས་པས་ན་བདེན་པ་ཞེས་གསུངས་སོ། །འདུས་བྱས་ཀྱི་དངོས་པོ་འདི་ཐ་མ་ཤི་ནས་རྒྱུན་ཆ་དེ་འགྲོ་བས འཆི་བའི་དུས་ན་གནད་གཅོད་པའི་ཚར་བའི་སྡུག་བསྔལ་ཡོད་པས་འཆི་བའི་སྡུག་བསྔལ་གྱིས་ཆོད་ཅིང་འདུག་པ་ལས། ཆོས་ཀྱི་སྐུ་སྟོང་པ་ཉིད་ལ་སྐྱེ་བ་མེད་པས་ཐ་མ་འགགས་ཏེ་རྒྱུན་ཆེད་པ་མེད་པས་འཆི་བའི་སྡུག་བསྔལ་བར་དུ་མི་ཆོད པས་ན་སྲ་བ་ཞེས་གསུངས་སོ། །འོ་ན་སྟོང་པ་ཉིད་དེ་ལ་དུས་ད་ལྟར་སྡུག་བསྔལ་རྣམ་པ་བཞི་པོ་དེས་མི་གནོད་པར་འདུག་པ་ལ། ལོ་འམ་བསྐལ་པ་ཁོ་ནས་གནོད་པར་མི་ནུས་སམ་ཞེ་ན། མ་ཡིན་ཏེ། དུས་ད་ལྟར་མི་གནོད་པ་བཞིན་དུ། དུས་དང་གནས སྐབས་ཐམས་ཅད་དུ་གནོད་པར་མི་ནུས་པས་ན། བརྟན་པ་ཞེས་གསུངས་སོ། །འོ་ན་སྟོང་པ་ཉིད་དེ་ལ། སྡུག་བསྔལ་རྣམ་པ་བཞི་པོ་དེ་དག་གིས་ཀྱང་གནོད་པར་མི་ནུས་པར་འདུག་སྟེ། ཆོས་ཀྱི་སྐུ་སྟོང་པ་ཉིད་དེ་མཐུ་ཇི་ཙམ་དང་ལྡན་ཞེ་ན། ཐམས་ཅད་དུ་ཐོགས པ་མེད་པ་ཞེས་གསུངས་ཏེ། སྟོང་པ་ཉིད་ཀྱི་ཡེ་ཤེས་དེས་ནི། བདག་དང་གཞན་ཡང་འཇིག་པར་བྱེད། འཁོར་བ་དང་མྱ་ངན་ལས་འདས་པ་ཡང་འཇིག་པར་བྱེད། གཟུང་བ་དང་འཛིན་པ་ཡང་འཇིག་པར་བྱེད། དངོས་པོ་ལས་མངོན་པར་ཞེན་པ་ཐམས ཅད་འཇིག་པར་བྱེད་པས་ན། ཐམས་ཅད་དུ་ཐོགས་པ་མེད་པ་ཞེས་གསུངས་སོ། །དེ་ལ་ཆུར་ལ་གནོད་པར་མི་ནུས་སམ་ཞེ་ན། མ་ཡིན་ཏེ། དེས་ན་མ་ཕམ་པ་ཞེས་གསུངས་ཏེ། ཆོས་ཀྱི་སྐུ་སྟོང་པ་ཉིད་དེ་ལ་ཚུར་ལ་གང་གིས་ཀྱང་གནོད་པར་མི་ནུས་ལ། ཕར་ལ་ཐམས་ཅད་འཇོམས་པས་ནམ་ཕམ་པ་ཞེས་གསུངས་སོ། དེས་ན་སྟོང་པ་ཉིད་དེ་རིན་པོ་ཆེའི་རྡོ་རྗེ་བ་ལམ་དང་ཆོས་མཐུན་པས་ན། སྟོང་པ་ཉིད་ལ་རྡོ་རྗེ་ཞེས་བཏགས་སོ། །སྟོང་པ་ཉིད་ལ་རྡོ་རྗེར་བཏགས་པའི་དགོས་པ་ནི། སྟོང་པ་ཉིད་དེ་ལ་ཡང ཡོན་ཏན་དེ་ཚོ་དང་ལྡན་པར་ཤེས་པར་བྱ་བའི་དགོས་པའོ། །དེ་ལྟར་ཞེས་པ་དེ་ཐོབ་པར་བྱ་བའི་དོན་དུ་གཞན་དག་སྒྲུབ་པ་དང། སྒོམ་པ་ལ་འཇུག་པར་འགྱུར་བའི་དགོས་པའོ། །དེས་ན་སྟོང་པ་ཉིད་ལ་རྡོ་རྗེ་ཞེས་གསུངས་སོ། །རྣམ་པར་འཇོམས པ་ཞེས་པ་ནི། གཟུགས་སྐུ་རྣམ་པ་གཉིས་ཀྱིས་མཛད་པ་བཞི་བསྟན་ནས་འགྲོ་བ་སེམས་ཅན་གྱི་དོན་བྱད་པས་ན་རྣམ་པར་འཇོམས་པ་ཞེས་གསུངས་སོ། །འོ་ན་རྣམ་པར་འཇོམས་པ་ནི་མངོན་སྤྱོད་ཀྱི་མིང་གི་རྣམ་གྲངས་ཡིན་ན། མཛོད་པ་རྣམ་པ་བཞི་ལ རྣམ་པར་འཇོམས་པའི་མིང་གིས་སྟོན་པ་ཅིའི་ཕྱིར་ཞེ་ན། དེ་ནི་རྒྱུད་འདི་ནས་སྟོན་པའི་མཛད་པ་བཞི་པོ་འདི་ནི། རྒྱུད་གཞན་ནས་བཤད་པའི་མཚན་ཉིད་མ་ཡིན་ཏེ། འདིས་ནས་བསྟན་པ་ནི་དྲག་པོའི་ལས་རྣམས་དང་དབྱེ་བ ཡིན་ཏེ། དྲག་པོའི་སྒོ་ནས་ཞི་བ་དང་དབང་དང་རྒྱས་པར་འགྱུར་རོ། །དེས་ན་མཛད་པ་རྣམ་པ་བཞིའི་རྣམ་པར་འཇོམས་པ་ཞེས་གསུངས་པ་མི་འགལ་ལོ། །གཟུངས་ལ་གཉིས་ཏེ། རིག་སྔགས་ཀྱི་གཟུངས་དང། གསང་སྔགས་ཀྱི་གཟུངས་ལས། འདི་ནི་གསང སྔགས་ཀྱི་གཟུངས་ཞེས་བྱའོ། །དེ་ལ་ཡང་གསུམ་སྟེ། ངོ་བོ་དང་ངེས་ཚིག་དང། དབྱེ་བའོ། །གཟུངས་ཀྱི་ངོ་བོ་ནི་རང་དང་གཞན་གྱི་དོན་ཕུན་སུམ་ཚོགས་པ་སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པ་སྟེ། སྟོང་པ་ཉིད་སྙིང་རྗེའི་སྙིང་པོ་ཅན་ནོ། །ཐ་མ་གཉིས ནི་སྒོ་མཛའ་ཡས་པའི་གཟུངས་འགྲེལ་ལས། གཟུངས་ནི་རྣམ་གསུམ་གང་ཕྱིར་གཟུངས། །དོན་དང་ཚིག་དང་གཉི་གའི་གཟུངས། །ལེགས་པ་ལས་ནི་ཉམས་པ་ལས། །འཛིན་པར་བྱེད་པ་དེ་ཕྱིར་གཟུངས་ཞེས་གསུངས་སོ། །དབྱེ་བ་ནི་གསུམ སྟེ། དོན་དང་ཚིག་དང་གཉི་གའི་གཟུངས་སོ། །དོན་གྱི་གཟུངས་ནི་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ཞེས་བྱ་བ་ནས། བདུད་རྩི་འཁྱིལ་པས་བསྡུས་ཤིག་པའི་བར་དུའོ། །རྒྱས་པར་འདིའི་འགྲེལ་པ་གཞན་ལས་གསལ་ལོ། །ཚིག་གི གཟུངས་ནི། ན་མོ་རཏན་ཏྲ་ཡཱ་ཡ་བྱ་བ་ནས། ཨ་མྲི་ཏེ་ཧཱུཾ་ཕཊ་བྱ་བའི་བར་དུའོ། །གཉི་གའི་གཟུངས་ནི། མིང་དོན་ཅིག་ཏུ་བསྲེས་ནས། སྒྲ་དང་དོན་དུ་སྦྲེལ་ནས་འཛིན་པའོ། །ཡང་ན་ཨ་ལ་སོགས་པའི་དབྱངས་ཡིག་ལ་ནི་དོན་གྱི་གཟུངས་ཞེས་བྱ ལ། ཀ་ལ་སོགས་པའི་གསལ་བྱེད་ལ་ནི་ཚིག་གི་གཟུངས་ཞེས་བྱའོ། ། དང་ཀ་གཉི་ག་ཐ་མི་དད་པ་ལ་ནི་གཉི་གའི་གཟུངས་ཞེས་བྱའོ། །དེས་པའི་ཚིག་ནི་ལེགས་པ་ལས་ནི་ཉམས་པས་ན། འཛིན་པར་བྱེད་པས་དེ་ཕྱིར་གཟུངས་ཞེས གསུངས་པས། ཐར་པ་དང་མཐོ་རིས་ཐོབ་པར་བྱེད་པའི་རྒྱུ། གསང་སྔགས་ཀྱི་དམ་ཚིག་དང། ཉན་ཐོས་ཀྱི་འདུས་ཁྲིམས་དང། བྱང་ཆུབ་སེམས་དཔའ་ཨི་སྨོན་འཇུག་གི་སེམས་པའོ། །དེ་ཚོ་ལས་ཉམས་ན་ངན་འགྲོར་འགྲོ་བ་སྟེ། འདིའི་ཆོ་ག་ཕུན་སུམ་ཚོགས་པ བྱས་ཏེ། ཁྲུས་བྱས་ལ་དམ་ཚིག་ཉམས་པ་ལ་སོགས་པ་སླར་གསོལ་ཏེ། དེ་རུ་འགྲ་རུ་མི་སྟེར་བས་ན། འཛིན་པར་བྱེད་པ་ཞེས་གསུངས་སོ། །ཡང་ན་དོན་ཚིག་མང་པོ་འཛིན་པས་གཟུངས་སོ། །རྡོ་རྗེ་རྩེ་མོ་ལས་དགེ་བའི་ཆོས་ཐམས་ཅད་ཀྱི་རྟེན་པ བྱེད་པས་ན་ཡང་གཟུངས་སོ། །ཡང་ན་མི་རྗེད་པའི་དོན་གྱིས་ན་གཟུངས་ཞེས་བྱའོ།། །།སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལ་ཞེས་པ་ནི། སངས་ཞེས་བྱ་བ་ནི། ཉོན་མོངས་པ་དང། ཤེས་བྱའི་སྒྲིབ་པ་མཛའ་ དག་སྤངས་ནས། མ་རིག་པའི་གཉིད་ལས་སངས་པས་ན་སངས་ཞེས་བྱའོ། །དཔེར་ན་སྐྱེས་བུ་གཉིད་ལས་སངས་པ་བཞིན་ནོ། །རྒྱས་ཞེས་བྱ་བ་ནི། ཤེས་བྱ་མཛའ་དག་ལ་ཡེ་ཤེས་རྒྱས་པས་ན་རྒྱས་ཞེས་གསུངས་སོ། །དཔེར་ན་ཀུ་མུ་ཏ་རྒྱས པ་ལྟ་བུའོ། །སྤངས་པ་དང་ཡེ་ཤེས་ཕུན་སུམ་ཚོགས་པའོ། །ཉེས་པའི་སྐྱོན་ཐམས་ཅད་བྱང་ཞིང་ལེགས་པའི་ཡོན་ཏན་ཐམས་ཅད་ཀྱི་ངོ་བོར་ཆུབ་པས་ན་བྱང་ཆུབ་པོ། །འགྲོ་བའི་དོན་ལ་སེམས་པས་ན་སེམས་སོ། །བདུད་དང་མུ སྟེགས་ཐམས་ཅད་ཚར་གཅོད་པས་ན་དཔའ་བའ་ཨོ། །ཡང་བདེ་བ་གཉིས་ཀྱི་དོན་ལ་ཡང་ནས་ཡང་དུ་བྱ་ཞིང་བདེན་པ་གཉིས་ཀྱི་དོན་ལ་ཆུབ་པས་ན་བྱང་ཆུབ་པོ། །བདེན་པ་གཉིས་ཀྱི་དོན་ལ་ཡང་ནས་ཡང་དུ་སེམས་པས་ན་སེམས་དཔའ་ཞེས་བྱའོ། ། དེའི་དོན་ལ་སྲན་ཚུགས་པས་ན་དཔའ་ཞེས་བྱའོ། །ཡང་ན་བྱང་ཆུབ་སེམས་དཔའ་ཐམས་ཅད་ཅེས་པ། ཉོན་མོངས་པའི་སྒྲིབ་པ་དང། ཤེས་བྱའི་སྒྲིབ་པ་སྤངས་པས་ན་བྱང་ཞེས་བྱ་ལ། ཡེ་ཤེས་ཀྱིས་ཆོས་ཀྱི་དབྱིངས་རྟོགས་པས་ན་ཆུབ་ཅེས བྱའོ། །སེམས་ཞེས་བྱ་བ་ནི། ཡེ་ཤེས་ཆེན་པོས་ཆོས་ཀྱི་དབྱིངས་ལ་སེམས་པ་དང། ཐུགས་རྗེ་ཆེན་པོས་འགྲོ་བའི་དོན་ལ་སེམས་པས་ན། སེམས་ཞེས་བྱའོ། །དཔའ་བ་ནི་བླ་ན་མེད་པའི་བྱང་ཆུབ་སྒྲུབ་ཅིང་སེམས་ཅན གྱི་དོན་བྱ་བ་ལ་ཕྱིར་མི་ལྡོག་ཅིང་སྲན་ཚུགས་པས་ནས་དཔའ་བའ་ཨོ། །ཐམས་ཅད་ཅེས་བྱ་བ་ནི། རྒྱུ་དང་འབྲས་བུར་བཅས་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་དོ། །ཕྱག་འཚལ་ཞེས་པ་ནི་ལུས་ངག་ཡིད་གསུམ་དང་པས་སོ། །ལོ་ཞེས བྱ་བ་ནི་ཤིས་པ་བརྗོད་པའོ། །དེས་ནི་རང་དང་གཞན་གྱི་དོན་ཕུན་སུམ་ཚོགས་པ་བསྟན་པའི་སྒོ་ནས་མཚན་གྱི་དོན་བཤད་ཟིན་ཏོ།། །།ད་ནི་རྒྱུད་རྒྱས་པར་བཤད་པར་བྱ་སྟེ། དེ་ལ་ཡང་གཉིས་ཏེ། རྒྱུད་འབྱུང་བའི་གླེང་གཞི ཕུན་སུམ་ཚོགས་པ་དང་བཅས་ཏེ་བསྟན་པ་དང། རྒྱུད་དངོས་བསྟན་པའོ། །དང་པོ་ལ་གཉིས་ཏེ་རྐྱེན་གླེང་སློང་བ་དང་གླེང་གཞི་དངོས་སོ། །དེ་ཡང་འདི་སྐད་བདག་གིས་ཐོས་པ་ཞེས་པས་ནི། རྐྱེན་གླེང་སློང་བ་བསྟེན་ཏོ། །དུས་གཅིག་ན བཅོམ་ལྡན་འདས་རྡོ་རྗེ་ལ་བཞུགས་ཏེ། གླེང་བཞི་དང་ས་བསྟན་ཏོ། །བཅོམ་ལྡན་འདས་རྩ་མཆོག་གི་གྲོང་ཁྱེར་དུ་མྱ་ངན་ལས་འདའ་ཀར། འཁོར་རྣམས་ཀྱིས་ཞུས་པ། བཅོམ་ལྡན་འདས་སྐུ་མྱ་ངན་ལས་འདས་ན། ངེད་ཀྱི་སྟོན་པ ནི་སུས་བྱེད། གནས་ནི་སུ་ལ་འཆའ། མུ་སྟེགས་ཀྱི་སྟོན་པ་དྲུག་པ་ནི་སུས་འདུལ་ཏེ་སྣོད་བསྡུས་པའི་དབུར་ནི་ཇི་སྐད་བྱ་ཞེས་ཞུས་པས། གསུངས་པ། ཁྱེད་ཀྱི་སྟོན་པ་ནི་སོ་སོར་ཐར་བ་འདི་ཉིད་ཀྱིས་བྱིས་ཞེས གསུངས་ཏེ། དེ་ཡང་ད་ནི་མྱ་ངན་འདས་གྱུར་ན། འདི་ནི་ཁྱེད་ཀྱི་སྟོན་པ་ཞེས། །རབ་བྱུང་ཉིད་ཀྱིས་གུས་བཅས་པར། །ནན་ཏན་དགེ་འདུན་ཚོགས་འདུན་བསྟོད་ཅེས་གསུངས་སོ། །གནས་ནི་དྲན་པ་དང་ཤེས་བཞིན་ལ་ཆོས ཤིག་ཅེས་གསུངས་སོ། །མུ་སྟེགས་ཀྱི་སྟོན་པ་དྲུག་ནི་དང་ཞིར་འགྲོའོ་གསུང་ངོ། །སྡེ་སྣོད་བསྡུས་པའི་དབུར་ནི་འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་གེ་གེ་མོ་ན་བཞུགས་ཏེ། འཁོར་འདི་དང་ཐབས་གཅིག་ཏུ་བཞུགས་ཏེ་ཞེས གྱིས་ཤིག་། ཅེས་མྱ་ངན་ལས་འདས་པའི་མདོ་ལས་གསུངས་སོ། རྒྱུད་ཀྱི་རྒྱུར་འགྲོ་བའི་རྒྱུ་མཚན་ནི། འདི་སྐད་བདག་གིས་ཐོས་པ་བྱས་བས། འོད་སྲུངས་ལ་སོགས་པའི་འཁོར་རྣམས་ལ་རྣམ་པར་རྟོག་པ་རྣམ་པ་ལྔ་སྐྱེས་ཏེ། དྲི་བ་ལྔ་ཞེས་ཏེ། འདི་སྐད་བདག་གིས་ཐོས་ཟེར་བ། །དུས་གང་གི་ཚེ་ཐོས་སྟོན་པ་གང་ལ་ཐོས། གནས་གང་དུ་ཐོས། འཁོར་གང་གི་དང་ལྷན་ཅིག་ཏུ་ཐོས་བརྗོད་བྱ་ཕུན་སུམ་ཚོགས་པ་གང་ཐོས། བརྗོད་ཞེས་དྲིས་སོ། །དེའི་ལན་དུ་གླེང་གཞི་བྱུང་ངོ། །དེ་ནི་ཚིག གི་དོན་བཤད་དོ། འདི་སྐད་ཅེས་པ་ནི་ངེས་པར་བྱས་ནས་རང་དང་གཞན་རྗེས་སུ་མཐུན་པའི་ཤེས་པས། ངེས་པར་གཟུང་བའི་རྒྱུད་ཀྱི་དོན་མ་ལུས་པར་ངེས་པར་སྟོན་པ་ལ། གཅིག་ཏུ་ངེས་པར་བྱས་ནས་ཕྱིན་ཅི་མ་ལོག་པར་སྨྲ་བའོ། །བདག་གིས ཐོས་ཞེས་བྱ་བ་ནི། བདག་ཉིད་ཀྱིས་མངོན་སུམ་དུ་ཐོས་པ་སྟེ། བཅོམ་ལྡན་འདས་ལ་བདག་ཉིད་ཀྱིས་མིང་དང་དོན་དང་གཞུང་འདི་དག་ཐོས་ཀྱི་བདག་གིས་རང་དགར་བྱས་པ་ནི་མ་ཡིན་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ཁོ་ན་ལྟར་བསྡུས་པ ཡིན་པར་ཤེས་སོ། །དེ་ལྟར་ཤེས་པས་ཤུགས་ལ་རང་འགར་བྱས་པ་བཀག་གོ་།དེ་ལྟར་བསྡུས་ནས་འདུག་པས་བསྒྲུབས་ན་འབྲས་བུ་ཡང་འབྱུང་ལ། དངོས་པོའི་གནས་ལུགས?་ཀྱང་སྟོན་པར་ཤེས་ནས་གང་ཟག་རྣམས་འཇུག་པར་འགྱུར་རོ། ། ཡང་ན་བདག་གིས་ཐོས་ཞེས་པས། བདག་རང་གི་མོས་པའི་དབང་གིས་ཐོས་ཀྱི། གཞན་གྱིས་ནི་གཞུང་གཞན་དུ་ཡང་ཡིན་ཏེ། འཆད་པར་འགྱུར་བའི་འཁོར་བསྟན་པས་སོ། །འདི་ནི་གཞན་དང་ལྡན་པ་རྣམ་པར་གཅོད་པ་སྤངས་པ་ཡིན་ནོ། །སློབ དཔོན་མ་ཁོལ་གྱིས་ཀྱང། གསུང་གཅིག་གིས་ཀྱང་བསྟན་མོས་ཀྱང། དུམ་ཉིད་དུ་རྟོགས་མཛད་པར། བདག་ལ་ཉེ་བར་སྟོན་ནོ་ཞེས། །སྐྱེ་བོ་ཀུན་གྱིས་ཤེས་པར་འགྱུར་ཞེས་གསུངས་སོ། །བཅོམ་ལྡན་འདས་ལ་གསུང གི་ཆེ་བ་མང་པོ་ཡོད་པར་བསྟན་ཏེ། གསུང་གཅིག་ལ་ཡང་དུ་མར་སྣང་པའོ། །ཡང་ན་བདག་གིས་ཐོས་ཞེས་པ། འཆད་པར་འགྱུར་བའི་བཅོམ་ལྡན་འདས་ལས། འཇིག་རྟེན་དབང་ཕྱུག་ལ་སོགས་པ་ལས་གཅིག་ནས་གཅིག་ཏུ་བརྒྱུད་ནས ཐོས་པ་ཡང་མ་ཡིན་ཏེ། དངོས་སུ་བཅོམ་ལྡན་འདས་ལ་ཕྱག་ན་རྡོ་རྗེ་ཉིད་ཀྱིས་ཐོས་ཞེས་བྱ་བར་ཤེས་སོ། །དེ་ལྟར་ཤེས་པས་ཤུགས་ལས་བརྒྱུད་ནས་ཐོས་པ་བཀག་གོ་།ཐོས་པ་ཞེས་བྱ་བ་ནི། བདག་ཉིད་ཉན་པའི་དུས་ན་བྱང་ཆུབ་སེམས དཔའ་ཉིད་དུ་བསྟན་ལ་སྡུད་པའི་དུས་ནས་སངས་རྒྱས་ཉིད་ཡིན་ནོ། །འདི་ནི་བཟླས་ནས་བསྟན་པས་ཤིན་ཏུ་ཚད་མ་ཡིན་ནོ་ཞེས་བསྟན་པ་ཡིན་ནོ། །མངོན་སུམ་དུ་ཐོས་པ་ལ་ཡང་འདི་ལྟར་ཤེས་པར་བྱ་སྟེ། སློབ་དཔོན་མེད་པར་འདིའི་བྱ་བ་མི བྱའོ། །ཞེས་ཡང་དག་པར་གསུངས་པར་ཤེས་པར་བྱའོ། །དེ་ལྟར་བསྟན་ནས་གང་གི་ཚེ། གང་ལས་གང་དུ་གང་དང་ལྷན་ཅིག་ཐོས་པ་དེ་དང། དེའི་རིམ་པ་བཞིན་བསྟན་པའི་ཕྱིར། དུས་གཅིག་ན་ཞེས་བྱ་བ་བསྟན་ཏེ། འདི་ཤིན་ཏུ་དཀོན་པ་ཉིད་དང བདག་ཉིད་མང་དུ་ཐོས་པ་ཉིད་དུ་སྒྲུབ་པར་བྱེད་དོ། །ཡང་ན་དུས་གཅིག་ན་ཞེས་པ་ཆོས་དང་སྦྱར་ན། དུས་གཅིག་གི་ཚེ་ན་བདག་གིས་འདི་ཐོས་བྱས་ནས། འདི་ལྟ་བུའི་ཕྱིན་ཅི་མ་ལོག་པའི་ངོ་མཚར་ཆེ་བའི་ཆོས་ནི་དུས་གཞན་གྱི་ཚེ་བསྟན་པ་མི སྲིད་པའི་ཕྱིར་རོ། །ཞེས་པས་ཡང་ནས་ཡང་དུ་འབྱུང་བར་དཀའ་བར་ཤེས་སོ། །ཤུགས་ལས་ལན་ཅིག་ལས་ལན་གཉིས་སམ་གསུངས་དུ་གསུངས་པ་བཀག་གོ་།ཡང་ན་དུས་གཅིག་ན་ཞེས་པ་གང་ཟག་དང་སྦྱར་ན་དུས་གང་གི་ཚེ་བདག་གི འདི་ཐོས་ཀྱིས། གཞན་གྱི་ཚེ་གཞན་དང་གཞན་པའི་མདོ་ཐོས་སོ་ཞེས། མང་དུ་ཐོས་པ་ཉིད་དུ་བསྟན་ཏེ། སྟོན་པས་ཀྱང་ལན་ཅིག་ལས་མ་གསུངས་པར་འདུག་ལ། ཉན་པའི་འཁོར་གྱིས་ཀྱང་ལན་ཅིག་ལས་མ་ཐོས་པར་འདུག་པ་ལ། གཟུངས་འདི བསྡུས་ནས་འདུག་པས་གང་ཟག་འདི་ནི་མི་བརྗེད་པའི་གཟུངས་ཐོབ་པ་དང་ལྡན་པའི་གང་ཟག་གཅིག་ཏུ་འདུག་པར་ཤེས་སོ། །དེ་ལྟར་ཤེས་པས་གང་ཟག་འདི་ནི་གཟུངས་ཐོབ་པ་དང་ལྡན་པ་གཅིག་ཏུ་འདུག་པས། བཅོམ་ལྡན་འདས་ཀྱིས་གསུངས་པ་ཁོ་ན ལྟར་བསྡུས་པ་ཡོད་པས། བསྒྲུབས་ན་ནུས་པ་ཡང་འབྱུང་ལ། དངོས་པོ་གནས་ལུགས་ཀྱང་ཡིན་པར་ཤེས་ནས་གང་ཟག་རྣམས་འཇུག་པར་འགྱུར་རོ། །ཤུགས་ལས་ལན་གཉིས་གསུམ་དུ་ཐོས་པ་བཀག་གོ་།ད་ནི་གླེང་བཞི་དངོས་རྒྱུད་ཀྱི་རྒྱུ་རུ་འགྲོ་བ བསྟན་ཏེ། དེ་ལ་གླེང་གཞི་ཕུན་སུམ་ཚོགས་པ་ནི། དུས་དང་སྟོན་པ་དང། གནས་དང། འཁོར་དང། ཆོས་ཕུན་སུམ་ཚོགས་པའོ། །རྒྱུད་གསུངས་པ་དེ་ཡང་དུས་ཁྱད་པར་དུ་འཕགས་པ་ཅིག་ཡོད་ན་གསུང། མེད་ན་མི་གསུངས་པས་ན། དུས་ཕུན སུམ་ཚོགས་པ་རྒྱུད་འབྱུང་བའི་རྒྱུར་གསུངས་སོ། །གང་གི་ཚེ་གསུངས་ན་བདུད་བཏུལ་བའི་དུས་ན་གསུངས་སོ། །དེས་ན་དུས་གཅིག་ན་ཞེས་གསུངས་སོ། །དེ་ཡོད་ཀྱང་འཆད་པ་པོའི་སྟོན་པ་ཁྱད་པར་ཅན་ཅིག་ཡོད་ན་གསུང། མེད་ན་མི་གསུངས་པས ན་སྟོན་པ་ཕུན་སུམ་ཚོགས་པ་རྒྱུད་འབྱུང་བའི་རྒྱུད་གསུངས་སོ། །གང་ལས་ཞེས་དྲིས་ན་བཅོམ་ལྡན་འདས་ལས་ཞེས་གསུངས་ཏེ། བཅོམ་ཞེས་པ་ནི་བདུད་བཞི་བཅོམ་སྟེ། དེ་ཡང་ཉོན་མོངས་བདུད་སོགས་འཇོམས་པ་དང། བཅོམ་པའི་ཕྱིར བཅོམ་པར་བཤད། ཉོན་མོངས་ཤེས་རབ་དང་འབྲེལ་བས། དེ་བས་ཤེས་རབ་བཅོམ་པར་བཤད། །ཅེས་གསུངས་སོ། བདུད་བཞི་ནི་ཕུང་པོ་དང། འཆི་བདག་དང། ལྷའི་བུ་དང། ཉོན་མོངས་པའི་བདུད་དོ། །དེ་བཅོམ་པའི་བདུད་བཞི་བཅོམ་པ་ ལ་ལུགས་གཉིས་ཏེ་གཟུགས་སྐུ་དང། ཆོས་སྐུའོ། །དང་པོ་ཉོན་མོངས་པའི་བདུད་བཅོམ་པ་ནི། སྤང་བྱ་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་མཛའ་དག་སྤངས་པའོ། །ཕུང་པོའི་བདུད་བཅོམ་པ་ནི་ཟག་བཅས་ཀྱི་ཕུང་པོ མི་ལེན་པ་ཙམ་མོ། །ལྷའི་བུ་བདུད་བཅོམ་པ་ནི་རྡོ་རྗེ་གདན་སྤོ་ལ་བདུད་བཏུལ་བའོ། །འཆི་བདག་གི་བདུད་བཅོམ་པ་ནི་འཇིག་རྟེན་པ་རྟག་ཏུ་རེ་བ་སུན་འདོན་པའི་དོན་དུ། ལོ་བརྒྱད་ཅུ་ཐམས་པ་ལ་སྐུ་མྱ་ངན་ལས་འདས་པ་ལ་བྲམ་ཟེ་པུ་ཀ ཏོས་སྐྱེ་བ་འཕྱིས་ནས། དཀར་པོའི་ཆོས་མ་ཤེས་ནས། དེས་མེ་ཏིག་ཨཽཏཔ་ལ་ལྔ་ཕུལ་ནས། མྱ་ངན་ལས་མི་འདའ་བར་གསོལ་བ་བཏབ་པས། ལོ་གཉིས་དེའི་ངོར་བཞུགས་ནས། བརྒྱད་ཅུ་རྩ་གཉིས་ལ་མྱ་ངན་ལས་འདས་ཏེ། ཚེ་ལ་དབང་ཐོབ པས་འཆི་བདག་གི་བདུད་བཅོམ་མོ། །ཆོས་སྐུས་བདུད་བཅོམ་པ་ནི། ལྷའི་བུའི་བདུད་དང། ཉོན་མོངས་པའི་བདུད་བཅོམ་པ་འདྲའོ། །ཕུང་པོའི་བདུད་བཅོམ་པ་ནི་ཟག་བཅས་ཀྱི་དངོས་པོ་ཐམས་ཅད་འགགས་པའོ། །ཆོས་སྐུ་ལ་འགགས་པ་མེད་པས འཆི་བདག་གི་བདུད་བཅོམ་པའོ། །ལྡན་ཞེས་པ་ནི་དབང་ཕྱུག་དང་ནི་གཟུགས་བཟང་དང། དཔལ་དན་གྲགས་དང་ཡེ་ཤེས་དང། བརྩོན་འགྲུས་ཕུན་སུམ་ཚོགས་པ་སྟེ། དྲུག་པོ་དེ་ལ་ལྡན་ཞེས་བྱ། དབང་ཕྱུག་ཅེས་པ་ནི། ཆོས་ཀྱི་དབྱིངས་ཀྱི ཡེ་ཤེས་ལ་བྱ་སྟེ། དག་པའི་ཁམས་དང། མ་དག་པའི་ཁམས་གཉིས་ལས། མ་དག་པའི་ཁམས་ནི་སོ་སོའི་སྐྱེ་བོའི་ཆོས་ཉིད་དེ། དེ་ལ་དམིགས་ནས་བསྒོམས་ནས་ཐུན་མོང་དང། ཐུན་མོང་མ་ཡིན་པའི་ཡོན་ཏན་སྐྱེད་པ་ལ་དབང་བྱེད་པས་དབང ཕྱུག་ཅེས་བྱའོ། །དག་པའི་ཁམས་ཞེས་བྱ་བ་ནི་ཕྱུག་པོ་?་ལ་དབང་བྱེད་པ་བཞིན་དེ་བཞིན་གཤེགས་པའི་རྒྱུད་ལ་ལྡན་པའི་ཡོན་ཏན་ལ་དབང་སྦྱོར་བའི་ཚུལ་དུ་དབང་བྱེད་པས་ན་དབང་ཕྱུག་ཅེས་བྱའོ། །གཟུགས་བཟང་ཞེས་པ་ནི། མེ་ལོང་ལྟ བུའི་ཡེ་ཤེས་ལ་བྱ་སྟེ། འབྲས་བུའི་མིང་རྒྱུ་ལ་བཏགས་ནས། གཟུགས་བཟང་ཞེས་བྱའོ། །གཟུགས་བཟང་བ་ནི་མཚན་སུམ་ཅུ་རྩ་གཉིས་དང། དཔེ་བྱད་བཟང་པོ་བརྒྱད་ཅུས་འགྲོ་བ་སེམས་ཅན་རྣམས་ལ་མོས་པ་ཇི་ལྟ་བ་བཞིན་དུ། སངས་རྒྱས་ཀྱི་སྐུ་ངེས པར་བསྟན་པར་མཛད་པ་སྟེ། ཁ་ཅིག་གིས་དེ་བཞིན་གཤེགས་པ་ལ་ཁ་དོག་སྔོན་པོར་མཐོང་ཁ་ཅིག་གིས་ཁ་དོག་སེར་པོར་མཐོང། འགྲོ་བ་གངས་ཤར་འདུ་ལམ་དེ་དང་དེར་སྣང་བ་དེ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་དབང་གིས་བྱུང་བས་ན། དེ་ལ་གཟུགས་བཟང ཞེས་བྱའོ། །དེ་ལ་གཟུགས་བཟང་ཞེས་བཏགས་པའི་དགོས་པ་ནི། སེམས་ཅན་ལ་མཚན་སུམ་ཅུ་རྩ་གཉིས་དང། དཔེ་བྱད་བཟང་པོ་བརྒྱད་ཅུར་སྣང་བ་དེ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་དབང་གིས་འབྱུང་བར་ཤེས་པར་དགོངས་སོ། །དཔལ་དང་གྲགས་དང ཞེས་པས་ནི་ཉོན་མོངས་པ་ཅན་གྱི་ཡིད་གནས་གྱུར་པ་མཉམ་པ་ཉིད་ཀྱི་ཡེ་ཤེས་ལ་བྱ་བ་སྟེ། བྱང་ཆུབ་སེམས་དཔའ་ས་དང་པོ་མཐོང་ནས་ཆོས་ཐམས་ཅད་ལ་བདག་མེད་པར་རྟོགས་པའི་དུས་སུ། བདག་དང་སེམས་ཅན་ཐམས་ཅད་ལ་མཉམ་པ་ཉིད་ཀྱི ཤེས་པ་ཐོབ་ནས། བདག་སྡུག་བསྔལ་ལས་ཐར་པར་འདོད་ཅིང་བདེ་བ་འདོད་པ་དེ་བཞིན་དུ། སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་བསལ་ལ་བདེ་བ་ལ་དགོད་པས་ན། བདེ་བ་དང་ཕན་པ་སྐྱེད་པར་བྱེད་པའི་རྒྱུ་ཡིན་པས་ན་དཔལ་ཞེས་བྱའོ། །བདག་དང གཞན་མཉམ་པོར་བྱེད་པས་སྐྱེས་བུ་འདི་འདྲ་བའི་འཇིག་རྟེན་གྱི་ཁམས་ན་མེད་དེ། །ཞེས་ཕྱོགས་བཅུར་སྙན་པ་ཆེན་པོ་དང། གྲགས་པ་ཕུན་སུམ་ཚོགས་པ་འབྱུང་བས་ན་འདི་ལ་གྲགས་པ་ཞེས་བརྗོད་དོ། །འབྲས་བུའི་མིང་རྒྱུ་ལ་བཏགས་སོ། ཡེ་ཤེས་ཞེས་བྱ་བ་ནི་སོ་སོར་རྟོག་པའི་ཡེ་ཤེས་སོ། །བརྩོན་འགྲུས་ཕུན་སུམ་ཚོགས་པ་ཞེས་བྱ་བ་ནི། བྱ་བ་གྲུབ་པའི་ཡེ་ཤེས་ལ་བྱ་སྟེ། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་སྤྲུལ་པ་རྣམ་པ་སྣ་ཚོགས་པ་དཔག་ཏུ་མེད་པ་བསམ་གྱི མི་ཁྱབ་པས་སེམས་ཅན་གྱི་དོན་མཛད་དེ། དེས་ན་བྱང་ཐང་ཆེན་པོའི་མེ་དང་འདྲ་གསུང་ངོ། །དེ་དྲུག་གི་སྐལ་བ་དང་ལྡན་པས་སོ། །འདས་ཞེས་བྱ་བ་ནི་འཁོར་བ་དང་མྱ་ངན་ལས་འདས་ནས་མི་གནས་པའི་མྱ་ངན་ལས་འདས བ་ཆེན་པོས་ཆས་ཀྱི་སྐུ་ཐུགས་སུ་ཆུད་པ་དང། སྙིང་རྗེ་ཆེན་པོས་སེམས་ཅན་ལ་ཆགས་པས་ཕུང་པོ་ལྷག་མེད་དུ་མྱ་ངན་ལས་མི་འདའ་ཨོ། །ཤེས་རབ་ཆེན་པོས་སེམས་ཅན་གྱི་དོན་བྱེད་ཅིང་འཁོར་བ་ན་གནས་ཀྱང་འདིའི་ཉེས་པས་མི་གོས་ཏེ། དཔེར་ན པདྨ་འདམ་ལ་གནས་ཀྱང་དེ་ཡིས་མི་གོས་པ་དང་འདྲའོ། །དེ་གཉིས་ཡོད་ཀྱང་གནས་ཁྱད་པར་དུ་འཕགས་པ་ཞིག་ཡོད་ན་གསུང་མེད་ན་མི་གསུང་བ་ན། དེ་དེའི་རྒྱུ་རུ་གསུངས་སོ། །གནས་གང་དུ་ཐོས་ཞེས་འདི་ན། རྡོ་རྗེ་ལ་བཞུགས་ཏེ། ཞེས་གསུངས སོ། །དེ་ནས་གནས་ནི་རྡོ་རྗེའི་གདན་བྱང་ཆུབ་ཀྱི་ཤིང་དྲུང་ངོ། །དེ་གསུམ་ཀ་ཡོད་ཀྱང་རྒྱུད་བཤད་པའི་སྣོད་དུ་རུང་བ་ཅིག་མེད་ན་མི་གསུང་ངོ། །ཡོད་གསུང་བས་ན། དེ་དེའི་རྒྱུ་རུ་གསུང་ངོ། །གང་དང་ལྷན་ཅིག་ཐོས་ཞེས་འདྲི་ན། བདག་གིས་ཐོས ཞེས་གསུང་ངོ། །འཁོར་ནི་བདུད་བཏུལ་བའི་དུས་ཀྱི་ཚེ་ན་ཡོད་པའི་ཕྱག་ན་རྡོ་རྗེ་ལ་སོགས་པ། ཕྱོགས་བཅུའི་བྱང་ཆུབ་སེམས་དཔའ་རྣམས་དང། ལྷ་མ་སྲིན་སྡེ་བརྒྱད་ལ་སོགས་པའོ། དེ་བཞི་ཀ་ཡོད་ཀྱང་ཆོས་ཕུན་སུམ་ཚོགས་པ། ཐོག་མར དགེ་བ། བར་དུ་དགེ་བ། ཐ་མར་དགེ་བ། དོན་བཟང་པོ། ཚིག་འབྲུ་བཟང་པོ། མ་འདྲེས་པ། ཡོངས་སུ་དག་པ་ཡོངས་སུ་བྱང་བ། ཡོངས་སུ་རྫོགས་པ། གསལ་བ། ཚངས་པར་སྤྱོད་པ་ལ་སོགས་པ་ཅིག་ཡོད་ན་གསུང། མེད་ན་མི་གསུང བས་ན་དེའི་རྒྱུ་རུ་གསུངས་སོ། །གླེང་གཞི་གསུངས་པའི་དགོས་པ་ནི། ཕྱི་རབས་ཀྱི་གང་ཟག་རྣམས་འཇུག་པར་འགྱུར་བའི་དགོས་པའི་རྒྱུད་འབྱུང་བའི་རྒྱུ་གླེང་གཞི་ཕུན་སུམ་ཚོགས་པ་རྐྱེན་གླེང་སློང་བ་དང་བཅས་པ་བཤད་ཟིན་ཏོ།། །། དེ་ནི་རྒྱུད་དངོས་སྟོན་ཏེ། དེ་ལ་བཞི་སྟེ་བསྙེན་སྒྲུབ་རྣམས་པ་གཉིས་ཀྱིས་སྔོན་དུ་འགྲོ་བའི་ཆོ་ག་ཡན་ལག་དྲུག་གིས་བདག་ཉིད་ལྟར་ལྟར་ཇི་ལྟར་བསྐྱེད་པའི་ཚུལ་བསྟན་པ་དང། བསྙེན་སྒྲུབ་གང་གི་དོན་དུ་བྱ་བའི་གདུལ་བྱ་བསྟན་པ་དང། བསྙེན་པའི དུས་སུ་མཆོག་ཏུ་སྒྲ་ལ་གནས་པའི་བསམ་གཏན་ལ་བཅོམ་ལྡན་འདས་དགྱེས་པས། སྒྲ་ལ་གནས་པའི་བསམ་གཏན་བྱ་བར་བསྟན་པ་དང། སྒྲུབ་པའི་དུས་སུ་བུམ་པའི་མཚན་ཉིད་བཟླས་བརྗོད་བྱ་བའི་གྲངས་ངེས་པས་ཁྲུས་བྱ་བའི་གང ཟག་ཉེ་བར་མཚོན་ཏེ་བསྟན་པའོ། །དེའི་དང་པོ་ལས་གཅོད་དམིགས་དྲུག་ཡོད་དེ་སྐབས་སྐབས་སུ་ངོ་སྤྲད་དོ། །གསང་སྔགས་སྤྱིའི་རྣམ་པར་བཞག་པ་ཅིག་བཤད་དེ། བསམ་གཏན་ཕྱི་མ་ལས། ལྷ་ཡི་སྐུ་ཡི་གནས་དེ་ལ། །དང་པོ་ཁོ་ནར་མཆོད་ནས་ནི། རྣལ འབྱོར་གནས་བཅས་ཤེས་རབ་ཅན། །བདེ་གཤེགས་མདུན་དུ་བསམ་ན་ནི། །ཕྱི་ནས་ཡན་ལག་རྣམ་པར་གྲོལ། །མི་འབྱེད་འབྱེད་པ་རྣམ་པར་སྤངས། །ཕྲ་བ་མི་གཡོ་གསལ་བ་སྟེ། །བློ་ཡི་སྤྱོད་པ་མདུན་ན་གནས། །བདག་ཉིད་འདི་འདྲ་བཞག་ནས་ནི། །གསང སྔགས་རྣམ་པར་ཤེས་པས་བསྒོས། །བསྡམས་ནས་ཏིང་ངེ་འཛིན་ལ་གནས། །སྲོག་དང་རྩོལ་བ་རབ་ཏུ་བསྡུས། །གཉིད་སྤངས་ནས་ནི་རྣམ་པར་བསམ་ཞེས་གསུངས་སོ། །དེ་ཡང་ལྷའི་དྲུང་ནས་མཆོད་ནས་ནི། །བྱ་བའི་བར་ཚིག་རྐང་གཉིས་ཀྱིས་ཚོགས བསགས་པ་བསྟན་ཏོ། །རྣལ་འབྱོར་བྱ་བ་བསམས་ནས་ནི། ཚིག་རྐང་གཉིས་ཀྱིས་ནི། འདུག་ཐབས་དང་གསོལ་བ་གཏབ་སྟེ། ཕྱི་ནས་བྱ་བ་ནས་བཞག་ནས་ནི་བྱ་བའི་བར་གྱིས་ཚིག་རྐང་ལྔ་ལས་མི་རྟོག་པའི་ལྟ་བསྒོམ་པ་བསྟན་ཏོ། །གསང་སྔགས་རྣམ པར་ཤེས་པས་བསྒོས་ཞེས་པ་ནི་བདག་དང་ལྷའི་དེ་ཁོ་ན་ཉིད་བསྲེ་བ་དང། ལྷའི་གཞི་བསྒོམ་པ་བསྟན་ཏོ། །བསྡམས་ནས་ཏིང་ངེ་འཛིན་ལ་གནས་ཤེས་པ་ནས། རྣམ་པར་བསམ་བྱ་བའི་ཚིག་རྐང་པ་གསུམ་གྱིས་ནི་ཏིང་ངེ་འཛིན་གྱི་ལྷ་བསྒོམ་པ བསྟན་ཏོ། །སངས་རྒྱས་གསང་སྔགས་ནི་དེ་དེ་ལྟར་གསལ་བར་བསམ་གཏན་ཕྱི་མའི་ཊཱི་ཀར་གསུང་ངོ། །གཟུངས་འདི་དང་སྦྱར་ན། བཅོམ་ལྡན་འདས་བྱ་བ་ནས། བྱིན་གྱིས་བརླབས་ནས་ཞེས་པས་ལྷ་དྲུག་སྒོམ་པའི་སྔོན་དུ གསོལ་བ་བཏབ་པ་བསྟན་ནོ། །རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ་ཞེས་པས་རྣམ་པར་མི་རྟོག་པའི་ལྷ་བསྒོམ་པ་བསྟན་ཏོ། །དེ་ནས་ལག་ན་རྡོ་རྗེ་ཞེས་པ་ན། རྡོ་རྗེ་ཁྲོ་བོ་ལས་བྱུང། ཞེས་པས་སྟོང་པ་ཉིད་ལས་ལྡང་བའི་ཐབས བསྟན་ཏོ། །རྡོ་རྗེ་སྙིང་པོས་ཞེས་པ་ནས། ལག་ན་རྡོ་རྗེ་རབ་ཏུ་སྨྲས་ཞེས་པས་ལྷ་དྲུག་གི་ཡོན་ཏན་བསྟན་ཏོ། ན་མོ་རཏན་ཏྲ་ཡཱ་ཡ་བྱ་བ་ནས། ཨ་མྲི་ཏ་ཧཱུཾ་ཕཊ་ཅེས་བྱ་བའི་བར་དུ། སྒྲའི་ལྷ་དང་ཡི་གེའི་ལྷ་བསྟན་ཏོ། །སྡིག་པ་ཐམས་ཅད་བྱང བྱས་ནས་བྱ་བ་ནས། དཔལ་ཀུན་གྱིས་ནི་ལེགས་པར་བརྒྱན་བྱ་བས་གཟུགས་ཀྱི་ལྷ་བསྒོམ་བསྟན་ཏོ། །ཕྱག་རྒྱ་ཏིང་ངེ་འཛིན་གྱི་ལྷ་ནི་སྤྱི་རྒྱུད་ལས་ཤེས་རབ་བྱའོ། །དེ་ལས་གཟུངས་འདིའི་མངོན་རྟོགས་ཀྱི་རིམ་པ་ཉམས་སུ་བླང་བ་ནི་དང་པོར ཕྱི་ནང་གི་ཁྲུས་རྣམ་པ་གཉིས་བྱས་ལ། ཀུ་ཤའི་སྟེང་དུ་སྟན་བདེ་བ་ལ་ཉེ་བར་འདུག་སྟེ། དེའི་ཆར་གཏོགས་པ། འཐོར་འཐུང་དང་ཉེ་རག་བྱས་ལ། བདག་ཉིད་སྐད་ཅིག་གིས་ལྷ་གང་རུང་དུ་བསྐྱེད་ལ། མིག་གཉིས་སུ་རི་ལས་ཉི་མའི་དཀྱིལ འཁོར་རེ་བསམས་ལ། དེའི་སྟེང་དུ་ཧཱུཾ་ལས་ཡེ་ཤེས་ཀྱི་འོད་ཟེར་ཅན་རེ་ཏེ་བསམས་ལ། དེ་ལས་འོད་ཟེར་འཕྲོས་པས་བགེགས་ཐམས་ཅད་བསྲེགས་པར་བསམས་ལ། ངག་ཏུ་ཧཱུཾ་རིངས་བརྗོད་ཅིང་བགེགས་ཐམས་ཅད་བསྐྲད་ཅིང མཚམས་བཅད་པ་དང། ནང་གི་ཁྲུས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ལ་སོགས་བྱས་ལ། བདག་ཉིད་ལྷའི་སྐུ་ཕྱག་རྒྱ་ཆེན་པོར་བསྒོམ་པར་བྱའོ། །དེ་ཡང་དང་པོར་ཀྲི་ཡ་དོན་གྱི་ལྷ་དྲུག་བསྒོམ་པར་བྱ་སྟེ། དེ་ལ་དང་པོར བདག་ཉིད་ལས་ཀྱི་རྡོ་རྗེ་སེམས་དཔའ་འམ། ཡང་ན་ཐ་མ་ལ་བའི་ལུས་སམ། ལྷ་གང་རུང་ཞིག་ཏུ་མོས་པ་བྱས་ལ། མདུན་གྱི་ནམ་མཁའ་ལ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་བདུད་བཏུལ་ནས་ས་གནོན་གྱི་ཕྱག་རྒྱ་ཅན། སེང་གེའི་ཁྲི་ལ་བཞུགས་པ་ཞིག ཏུ་སྐད་ཅིག་གིས་བསམས་ལ། བཅོམ་ལྡན་འདས་ཀྱིས་བདག་གི་ལུས་རྡོ་རྗེར་བྱིན་གྱིས་བརླབ་ཏུ་གསོལ་ཞེས་བརྗོད་པས། དེས་ཀྱང་བདག་ཉིད་ཀྱི་ལུས་སྟོང་པར་བྱིན་གྱིས་བརླབས་པར་བསམ་ཏེ། དངོས་པོ་ཐམས་ཅད་གཟུང་པ་མེད་པ། འཛིན་པ་མེད་པ། སྤྲོས་བ་ཐམས་ཅད་དང་བྲལ་བ་ནམ་མཁའ་ལྟ་བུར་བསམ་མོ། །དེ་ནས་སྟོང་པ་ཉིད་ཞིམ་ཕྱོགས་གཅིག་པ་འབའ་ཞིག་གིས་འགྲོ་བའི་དོན་བྱ་བར་མི་ནུས་པ་དང། ཉན་ཐོས་དང་རང་རྒྱལ་བའི་བྱང་ཆུབ་དང་ཁྱད་པར་མེད་པར་སོང་སྟེ་དོགས་ནས། བཅོམ་ལྡན་འདས དང་བྱང་ཆུབ་སེམས་དཔའ་འོད་ཟེར་རཾ་ཕྱག་གིས་རེག་ནས་མངོན་སུམ་དུ་བསླང་ངམ་ཡང་ན་དེ་གཉིས་ཏིང་ངེ་འཛིན་ལ་ཞུགས་པའི་དབང་གིས། བདག་ཉིད་སྟོང་པ་ཉིད་ལས་བསླང་ངོ། གལ་ཏེ་སྐུར་བསླང་ངོ། །གལ་ཏེ་སྐུར་བསླང་ངམ་ཞེ་ན། མ་ཡིན་ཏེ། སྟོང་པ་ཉིད ཀྱི་སེམས་རྩེ་གཅིག་པའི་རྣམ་པ་མདོར་བ་ལ། སྟོང་པ་ཉིད་ཀྱི་སེམས་དཔྱོད་པ་དང། བཅས་པ་ཅིག་ཏུ་བསླང་ངོ། །ཇི་ལྟར་དཔྱོད་ན་བདག་གི་དེ་ཁོ་ན་ཉིད་ནི། གཟུང་བ་མེད་པ། འཛིན་པ་མེད་པ། སྤྲོས་པ་ཐམས་ཅད་དང་བྲལ་བར་འདུག་ན། ལྷའི་དེ་ཁོ་ན་ཉིད་ཇི ལྟར་འདུག་པར་དཔྱད་པས། ལྷའི་དེ་ཁོ་ན་ཉིད་དེ་ཡང་དོན་དམ་པའི་སྤྲོས་པ་ཐམས་ཅད་དང་འབྲལ་བར་འདུག་པར་ཤེས་སོ་།དེ་ལྟར་ཤེས་པས་སྟོང་པ་ཉིད་ཀྱི་རྣམ་པ་ལ་དབྱེ་བ་མེད་པས་གཅིག་ཅིང་ཐ་དད་པ་མེད་པ་ཡིན། དེ་མེད་ཙམ་ན་བདག་དང་ལྷའི་དེ ཁོ་ན་ཉིད་དེ་ཡང་གཅིག་ཅིང་ཐ་མི་དད་པར་འདུག་། དེ་ལྟར་འདུག་ཙ་ན་བདག་གི་དེ་ཁོ་ན་ཉིད་གང་ཡིན་ལ། ལྷའི་དེ་ཁོ་ན་ཉིད་གང་ཡིན་པ་དེ་བདག་གི་དེ་ཁོ་ན་ཉིད་ཡིན་པར་ཤེས་སོ། །དེ་ཤེས་པས་རང་དང་ལྷའི་དེ་ཁོ་ན་ཉིད་གཅིག་ཅིང་ཐ་མི་དད་པར་རོ་གཅིག ཏུ་གྱུར་པར་བསམ་མོ། །གཅིག་ཅིང་ཐ་མི་དད་པར་བསམ་པ་དེ་ལས་ཡོན་ཏན་གང་ཐོབ་ན། ལྷའི་དེ་ཁོ་ན་ཉིད་ལ་རང་གི་ཕུན་སུམ་ཚོགས་པ་རྡོ་རྗེའི་ཆོས་བདུན་དང། གཞན་གྱི་ཕུན་སུམ་ཚོགས་པ་དེ་མཛད་པ་རྣམ་པ་བཞི ཡོད་པ་དེ་དག་གི་དེ་ཁོ་ན་ཉིད་ལ་བསྒོས་ནས་ལྡན་པར་བསམ་མོ། །བདག་དང་ལྷའི་དེ་ཁོ་ན་ཉིད་གཅིག་ཏུ་བསྲེས་པས་དགོས་པ་གཉིས་འབྱུང་སྟེ། བདག་དང་ལྷ་རུ་ཐ་དད་པའི་འདུ་ཤེས་ཀྱང་འགོག་ལ། བདག་ཉིད་ཀྱི་ལུས་སེམས་བྱིན་བརླབས་ཅན་ཅིག་ཏུ བྱས་ཏེ་བཞག་གོ། རྣམ་པར་མི་རྟོག་པའི་ལྷ་སྒོམ་པ་རྫོགས་སོ།། །།ད་ནི་སྒྲའི་ལྷ་བསྒོམ་པར་བྱ་སྟེ། བདག་ཉིད་ཀྱི་སེམས་སྟོང་པ་ཉིད་ལ་གནས་པའི་རྗེས། སྐད་ཅིག་མ་གཉིས་པ་ལ། དཔེར་ན་ནམ་མཁའ་སྟོང་པ་ལ་བློ་བུར་དུ་འབྲུག་གི་སྒྲ རྣམ་པ་དྲག་པོ་གྲགས་པ་ལྟར་བསམས་ཏེ། རང་གི་སེམས་ཉིད་ན་མོ་རཏན་ཏྲ་ཡཱ་ཡ། བྱ་བ་ནས་ཨ་མྲི་ཏ་ཧཱུཾ་ཕཊ་བྱ་བའི་བར་དུ་སྒྲའི་རྣམ་པར་གྲགས་བསམ་མོ། །སྒྲའི་ལྷ་བསྒོམ་པ་རྫོགས་སོ།། །།དེ་ནས་རང་གི་སེམས་ཡི་གེའི་རྣམ་པར་གསུམ པར་སྣང་བ་ལ། ཀུན་རྫོབ་བྱང་ཆུབ་སེམས་དཔའ་ཟླ་བའི་དཀྱིལ་འཁོར་ཅིག་ཆགས་པར་བསམ་མོ། །དཔེར་ན་གསར་ཕྱེ་མ་དངུལ་ཆུ་ལ་ཆགས་བ་བཞིན་ནོ། །དེ་ཡང་ཕྱི་ནས་བལྟས་ནང་གསལ་བ། ནང་ནས་བལྟས་ན་ཕྱི་གསལ་བའི་གཟུགས་བརྙན་གྱི རྣམ་པར་བལྟའོ། །ཡི་གེའི་ལྷ་བསྒོམ་པ་རྫོགས་སོ།། །དེ་ནས་ཟླ་བའི་སྟེང་དུ་གཟུགས་ལས་འོད་ཟེར་འཕྲོས་པས། དེའི་སྣ་ལ་བཅོམ་ལྡན་འདས་རྡོ་རྗེ་རྣམ་པར་འཇོམས་པ་དཔག་ཏུ་མེད་པ། ནམ་མཁའ་མཛའ་གཏུགས་པ་ཁེངས་པ བྱུང་སྟེ། མཛད་པ་རྣམ་པ་བཞིའི་སྒོ་ནས་འགྲོ་བ་རིས་དྲུག་གི་སེམས་ཅན་རྣམས་ཀྱི་གནས་སུ་འཕྲོས་པས། སོ་སོའི་ལས་ཀྱི་སྡིག་སྒྲིབ་སྦྱངས། སྡུག་བསྔལ་མེད་པར་བྱས་ཏེ་ཐར་པ་དང་ཐམས་ཅད་མཁྱེན་པ་ལ་བཀོད། ཕྱོགས་བཅུའི་སངས རྒྱས་དང། བྱང་ཆུབ་སེམས་དཔའ་རྣམས་ལ། མཆོད་པའི་སྨིན་ཆེན་པོས་མཆོད། ཐུགས་དམ་གྱི་རྒྱུད་བསྐུལ། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་བསགས་ནས་སླར་ཚུར་འདུས་ནས་ཟླ་བའི་སྟེང་གི་གཟུངས་ལ་ཐིམ། གཟུངས་ཟླ་བ་དང་བཅས་པ ཡོངས་སུ་གྱུར་པ་ལས་བདག་ཉིད་བཅོམ་ལྡན་འདས་དཔལ་རྡོ་རྗེ་རྣམ་པར་འཇོམས་པ། ཞལ་གཅིག་པ། ཕྱག་གཉིས་པ། སྐུ་མདོག་སྔོན་པོ། ཕྱག་གཡས་ཀྱིས་རྡོ་རྗེ་རྒྱ་གྲམ་ལས་རྭ་ཕྱོགས་གཅིག་མེད་པ་བསྣམས་པ་ཐུགས་ཀར་འཛིན་པ། གཡོན་པ་རྡོ་རྗེ་ཁུ་ཚུར་དཀུར་བརྟེན་པ། །ཅུང་ཟད་ཁྲོ་བོ་ལ་སྒེག་ཅིང་འགྱིད་བདག་དང་བཅས་པ། དབུ་བརྒྱན་རྩེ་ཕྲན་དང། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། རིན་པོ་ཆེའི་ཁྲི་སྟེངས་ན་རྒྱལ་པོ་རོལ་བའི་ཚུལ་དུ་བཞུགས་པར་བསྒོམ་མོ། །གཟུངས་ཀྱི་ལྟ་བསྒོམ པ་རྫོགས་སོ། ། །།དེ་ནས་ལག་པ་གཉིས་ཐལ་མོ་སྦྱར་ཏེ། སྲིན་ལག་གཉིས་ནང་དུ་བཅུག་ལ། གུང་མོ་གཉིས་བསྒྲེང་ལ། མཛུབ་མོ་གཉིས་གུང་མོའི་རྒྱབ་ཏུ་ནས་གང་ཙམ་གྱིས་མ་འབྱར་བར་བྱས་ལ། ཐེ་བོང་གཉིས་མཐེའུ་ཆུང་གཉིས བསྒྲེང་སྟེ། ཁྲོ་བོའི་རྡོ་རྗེ་རྩེ་ལྔ་པ་ལྟར་བྱས་ལ། ཨོཾ་བཛྲ་ཛཝ་ལ་ཡ་ཡ་ཏྭ་ཞེས་བརྗོད་ཅིང། སྙིང་ག་དང། ལྐོག་མ་དང། སྤྱི་བོ་དང། དཔུང་པ་གཡས་གཡོན་དུ་བཏུགས་ཏེ་བྱིན་གྱིས་བརླབ་བོ། །དེ་ལྟར་བྱས་ནས། སྔར་ཀུན་བརྟགས་ཀྱི་ལྷ་ཡིན་པ བལ། དེས་གཞན་དབང་གི་ལྷ་རྒྱུ་རྐྱེན་ལས་གྲུབ་པའི་ལྷ་དངོས་ཅིག་ཏུ་བསམ་མོ། །ཕྱག་རྒྱའི་ལྷ་རྫོགས་སོ།། །།དེ་ནས་སྐུ་མདོག་དང་ཕྱག་མཚན་གསལ་བར་ཡང་དང་ཡང་དུ་བསྒོམ་པ་ནི། ཏིང་འཛིན་གྱི་ལྷའོ། ཏིང་འཛིན་གྱི་ལྷ བསྒོམ་པ་རྫོགས་སོ། ། །།ད་ལྟར་ན་ཀྲི་ཡ་ལུས་ཀྱི་ལྷ་དྲུག་སྒོམ་པ་རྫོགས་སོ།། །།ཡང་ན་འདི་ལྟར་བྱ་སྟེ། ཕྱག་རྒྱ་ཞེས་བྱ་བ་ནི། མཚན་མ་ཡང་ཟེར་ལ། ལག་པའི་འདུ་བྱེད་ལ་ཡང་ཕྱག་རྒྱ་ཟེར་ཏེ། དེ་ལྟར་གཉིས་སུ་ཡོད་པ་ ལས། འདིའི་སྐབས་སུ་མཚན་མའི་དབང་དུ་བྱས་ནས་ཕྱག་རྒྱའི་ལྷ་ལྔ་ལ་གཉིས་པའི་སྐབས་སུ་བསྒོམ་པར་བྱ་སྟེ། བདག་དང་ལྷའི་དེ་ཁོ་ན་ཉིད་བསྲེ་བ་ཡན་ཆད་འདྲའོ། །བདག་དང་ལྷའི་དེ་ཁོ་ན་ཉིད་བསྲེས་པའི་རྗེས་ལ། བདག་ཉིད་ཀྱི་སེམས་དོན་དམ་པར་བྱང་ཆུབ་ཀྱི་སེམས་ལས། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ཟླ་བའི་དཀྱིལ་འཁོར་དུ་བསམ་མོ་དེའི་སྟེང་དུ་ཡི་གེ་ཧཱུཾ་མཐིང་ག་གཅིག་བསམ། དེ་ལས་འོད་ཟེར་འཕྲོས་འདུས་པ་ལས། ཁྲོ་བོ་རྡོ་རྗེ་རྩེ་ལྔ་པ་རྩ་མོ་གྱེས་བ་ཅིག ནག་པོ་ཞིག་ཏུ་བསམ་མོ། །དེའི་སྟེ་བ་ལ་ཟླ་བའི་དཀྱིལ་གྱི་སྟེང་དུ་གཟུངས་རིངས་སམ། ཡང་ན་སྙིང་ངམ། རིགས་ཀྱི་སྙིང་པོ་བཀོད་ལ། དེ་ནས་བདག་ཉིད་ཀྱི་སེམས་སྒྲའི་རྣམ་པར་གྲགས་པར་བསམས་ཏེ། ནམ་མཁའ་ལ་ལ་ན་མོ་རཏ་ན་ཏྲ་ཡཱ་ཡ བྱ་བ་ནས། ཨ་མྲི་ཏེ་ཧཱུཾ་ཕཊ་བྱ་བའི་བར་དུ། སྒྲའི་རྣམ་པར་གྲགས་པར་བསམ་མོ། །སྒྲའི་ལྷ་བསྒོམ་པ་རྫོགས་སོ།། །།དེའི་རྗེས་ལ་བདག་ཉིད་ཀྱི་སེམས་དེའི་ལྟེ་བའི་སྟེང་ན་གཟུངས་སྔགས་ཡི་གེའི་རྣམ་པར་གསལ་བར་སྣང་བ་ནི་ཡི གའི་ལྷའོ། །གཟུངས་ཀྱི་ལྷ་གོང་དང་འདྲའོ། །བར་འདིར་ཡང་ཕྱག་རྒྱ་གནས་ལྔར་བྱིན་གྱིས་བརླབ་གསུང་ངོ། །དེ་ལྟར་བྱས་པས། ལྷ་བདུན་དུ་ཞེན་མ་ཡིན་ཏེ་ཕྱག་རྒྱར་ངོ་བོ་གཅིག་པའི་ཕྱིར་རོ། །རྣམ་པར་རྟོག་པའི་ལྷ་ཡང་སྔ་མ་དང་འདྲའོ། ཕྱག་རྒྱ་དང་ཏིང་ངེ་འཛིན་གྱི་ལྷ་ནི། སྤྱིའི་རྒྱུད་ལས་ཁ་བསྐངས་བ་ལས་བྱེ་བྲག་གི་རྒྱུད་འདི་ནས་ནི་མ་བཤད་དོ། །ཀྲི་ཡའི་དོན་གྱི་ལུགས་རྫོགས་སོ།། །།ཡང་འདི་ལྟར་བྱ་སྟེ། འདི་ནི་ཤིན་ཏུ་ཡང་ལགས་ཏེ། བླ་མ་ཡང་གསུང། རང་གི་འདོད པ་དང་ཡང་མཐུན་པར་འདུག་པས་ན། དེས་ན་འདི་ལྟར་བསྒོམ་པར་བྱ་སྟེ། བཅོམ་ལྡན་འདས་སྐད་ཅིག་གིས་མདུན་གྱི་ནམ་མཁར་བསམས་ཏེ། རང་ཡི་དམ་ལྷ་གང་ཡིན་པ་དེའི་ལུས་སུ་བྱིན་གྱིས་རློབ་པར་གསོལ་བ་གདབ་པར་བྱའོ། །དེ་ལ་གསོལ་བ གདབ་བ་ནི་འདི?་ཡིན་ཏེ། བཅོམ་ལྡན་འདས་བདག་གི་ལུས་ལྷ་གང་ཡང་རུང་བར་བྱིན་གྱིས་བརླབ་ཏུ་གསོལ་བྱས་ལ། སྙིང་ག་དང་ངག་དང། མིག་དང། དཔྲལ་བ་དང། སྤྱི་བོར། ཨ་དང། བྷི་དང་ར་དང། ཧཱུཾ་དང། ཁཾ་སྟེ། དཔའ་བོ་འབྲུ་ལྔར་བྱིན་གྱིས་བརླབས་པར བྱའོ། །ཡང་ན་ཨོཾ་ཨཱབྱ་བའི་རྒྱུད་ཀྱི་ལུགས་སོ། །དེ་ལྟར་བྱས་ནས་བདག་ཉིད་ལྷ་གང་ཡང་རུང་བའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་ཞིག་བསམ། དེའི་སྟེང་དུ་ཧཱུཾ་མཐིང་ནག་ཞིག་བསམ། དེ་ལས་འོད་ཟེར་འཕྲོས་འདུས་པ་ལས། ཁྲོ་བོའི་རྡོ་རྗེ་རྩེ་ལྔ་པ་གདེངས་པ་ནག་པོ་ཅིག་ཏུ་བསམ་མོ དེའི་ལྟེ་བ་ལ་ཟླ་བའི་སྟེང་དུ་ས་བོན་གྱི་ཡི་གེ་བཀོད་ལ། ཁྲོ་བོའི་རྡོ་རྗེ་དེ་ལ་དམིགས་པ་རྩེ་གཅིག་ཏུ་སེམས་གཏད་དེ་ཅུང་ཞིག་མཉམ་པར་བཞག་པ་དེ་ནི་རྡོ་རྗེའི་ཏིང་ངེ་འཛིན་ཏོ། །དེ་ནས་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ་ཞེས་གསུངས་སོ། ། འོ་ན་གལ་ཏེ་བདག་ཉིད་ལྷ་གཞན་ཞིག་ཏུ་བསྒོམས་ནས། མདུན་དུ་ལྷ་གཞན་ཞིག་བསྒོམས་ནས་བཟླས་བརྗོད་བྱེད་པ་ནི་འགལ་ལམ་ཞེ་ན། དེ་ནི་འགལ་བ་མེད་དེ། མི་གཡོ་བའི་རྟོག་པ་ལས་ཀྱང་བདག་ཉིད་ཁྲོ་བོ་མི་གཡོ་བར་བསྒོམས་ལ། མདུན་དུ ཤཱཀྱ་ཐུབ་པ་བསྒོམས་ལ། དེ་གཉིས་ཀྱི་ཐུགས་ཀར་ཡི་གེ་འབྲུ་བཅུ་པའི་སྔགས་བཀོད་ལ་བཟླས་བརྗོད་བྱའོ་ཞེས་གསུངས་པ་དང། ངན་སོང་སྤྱོད་བའི་རྒྱུད་ལས་ཀྱང། བདག་ཉིད་ཡི་གེ་བ་ལས་ཤཱཀྱ་ཐུབ་པར་བསྒོམས་ལ། མདུན་དུ་ངན་སོང་ཡོངས་སུ སྦྱོང་བའི་གཟི་བརྗིད་ཀྱི་རྒྱལ་པོ་བསྒོམས་ལ། དེའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་ལ་ཤོ་དྷ་ན་ལ་སོགས་པའི་སྔགས་བསམས་ལ། འོད་ཟེར་འཕྲོ་འདུས་བཟླས་བརྗོད་བྱའོ། །ཞེས་གསུངས་པ་དང། གཅེས་པ་བསྡུས་པ་ལས་ཀྱང་ཆོ་ག་འདི བཞིན་དུ་རྫོགས་པར་བྱ་བར་མི་བདེན་ཡང། རང་གི་ལྷ་ཉིད་ཀྱི་ཏིང་ངེ་འཛིན་བསྒྱུར་བ་ལས་དགོངས་པ་མཉམ་པར་བྱ་སྟེ། མཆོད་རྟེན་དང་མཆོད་པའི་ཆ་བྱད་ལ་སོགས་པ་ཐམས་ཅད། རང་བཞིན་གྱིས་ཆོས་ཀྱི་དབྱིངས་ཀྱི་རྣམ པར་དགོངས་ཏེ། མཆོད་རྟེན་ལ་ཡང་ཆོ་ག་རྒྱས་པར་བྱ་བ་དང་འགལ་བ་མེད་དོ་ཞེས་གསུངས་པ་དང་འདྲ་བར་འགལ་བ་མེད་དོ། །དེ་ལྟར་བདག་གི་ཆོ་ག་ཡན་ལག་དྲུག་གིས་ལྷར་བསྐྱེད་པ་རྫོགས་ནས། གཞལ་ཡས་ཁང་སྐྱེད་པ་དང་བུམ་པའི་ནང དུ་གདན་བསྐྱེད་པ་དང། ཡེ་ཤེས་སེམས་དཔའ་སྤྱན་དྲང་བ་དང། དེ་ནས་ལྷའི་ཕྱི་ནས་འོངས་པའི་བགེགས་དང་ཀཱི་ལི་ཀཱི་ལི་སྔགས་ཀྱིས་བསྐྲད་པ་དང། རིག་པས་མཉེས་པར་བྱ་བའི་ཕྱིར་དམ་ཚིག་གི་ཕྱག་རྒྱ་བསྟན་པ་དང། གདན་བསྟན་པ་དང། བྱེ་བྲག་ཏུ་སྤྱན་དྲང་གམ་འཁྲུལ་བར་བྱ་བའི་ཕྱིར་ཉིད་ཀྱི་རྩ་བའི་ཕྱག་རྒྱ་བསྟན་པ་དང། དེ་ནས་མཆོད་པ་རྣམ་པ་རིམ་པ་བཞིན་དུ་དབུལ་བ་དང། དེ་ནས་བགེགས་དང་ཕྱོགས་སྐྱོང་ལ་གཏོར་མ་བྱིན་ནས། དེ་ནས་བཟླས་པ་བྱས་ཏེ། བསྙེན་པའི དུས་སུ་སྒྲ་ལ་གནས་པའི་བསམ་གཏན་བྱའོ། །སྒྲུབ་པའི་དུས་སུ་བཟླས་བརྗོད་དམིགས་པ་གསུམ་དང། ཡན་ལག་བཞིས་བྱའོ། དེ་ཡང་ནོར་བུ་ལག་པ་གཡས་པས་བླངས་ལ། སྙིམ་པར་བཅུག་ལ། བདུད་རྩི་ཐབ་སྦྱོར་བའི་སྔགས བཟླས་ལ། དེའི་འོག་ཏུ་ཡུམ་གྱི་སྔགས་བཟླས་སོ། །ནོར་བུ་རེ་རེ་ནས་དྲང་ཞིང་མགོ་འཇུག་ཏུ་ཡང་ཕྱག་བྱའོ། །རང་གི་སྙིང་ཀ་ན་གནས་པའི་ཟླ་བའི་དཀྱིལ་འཁོར་དང། ལྷའི་ཐུགས་ཀའི་ཟླ་བའི་དཀྱིལ་འཁོར་ལ། རང་གིས་བཟླས་པར་བྱའོ།། སྔགས་ཀྱི་ཡི་གེ་རིམ་བཞིན་དུ་བཀོད་ནས། མངོན་སུམ་དང་འདྲ་བར་བལྟས་ཏེ། རྡོ་རྗེའི་ཚིག་གམ། ཤུ་བུའི་སྦྱོར་བས། ཧ་ཅང་མི་མྱུར་མེད་ལ་བར་སྔགས་ཀྱི་ཡི་གེ་བརྗོད་ཅིང་བཟླས་བརྗོད་བྱའོ། །དེ་ཡང་རྩ་བའི་རྒྱུད་ལས་འདི་སྐད ཅེས། །བློ་ལ་སྐྱོན་མེད་བྱས་ནས་སུ། །སྔགས་ཀྱི་ཡི་གེ་དག་པ་ལ། །མཉམ་པར་བཞག་པས་རྩེ་གཅིག་ཏུ། །བཟླས་བརྗོད་དུས་གསུམ་དག་ཏུ་བྱ་ཞེས་གསུངས་སོ། །དེ་ལ་འདི་ནི་ཚིག་ཡིན་ཏེ། སོ་དང་མཆུ་ནི་ལེགས་སྦྱར་ཏེ། །ལྕེ་རྩེ་ཧ་ཅང་མི་བསྐྱོད པར། །སྒྲ་སྤངས་པ་ནི་རྡོ་རྗེའི་ཚིག་།ཆོ་ག་ཀུན་ལ་སྦྱར་བར་བྱའོ། །ཤུབ་བུའི་བཟླས་བརྗོད་ནི། འདི་ལྟར་བདག་ཉིད་སྔགས་ཀྱི་ཡི་གེ་འདོན་པ་ན། དྲུང་ན་འདུག་པ་སུས་ཀྱང་མི་ཐོས་པ་ཙམ་དུ་བྱའོ། །རྟོག་པ་དྲན་པ་རྣམས་བསལ་ཏེ། །ཡིད་ཀྱིས་གསང་སྔགས མཚན་ཉིད་ནི། །ཡང་ནས་ཡང་དུ་མངོན་བསམས་ཏེ། མཁས་པས་བཟླས་བརྗོད་བརྩམ་པར་བྱ། །བཟླས་བརྗོད་བྱེད་ཚེ་མིང་ལ་མི་མྱུར་ཞིང། །སྒྲ་ཆེ་མ་ཡིན་ཧ་ཅང་ཆུང་པའང་མིན། །སྨྲ་བཞིན་མ་ཡིན་གཞན་དུ་ཡེངས་བཞིན་མིན། །གུག་སྐྱེད་ཀླད་ཀོར ཚེག་དྲག་པར་ཉམས་མིན། །ཚུལ་ནི་དེ་ལྟར་བྱས་ན་ཡོན་ཏན་ནི། །བཟླས་བརྗོད་མེ་ལ་ཚུལ་ཁྲིམས་རླུང་གིས་སྦར། །བརྩོན་འགྲུས་ཆེན་པོའི་མེ་ལྕེས་བསྐལ་པའི་སྡིག་དཔུང་བསྲེག་།བསྐལ་པ་གྲངས་མེད་འདས་པའི་སྔོན་རོལ་ནས། །མཚམས་མེད་ལྔ ལ་སོགས་ཏེ་མི་དགེ་བཅུ་སྤྱད་པའི། །སྡིག་པ་གང་ཡིན་བཟླས་བརྗོད་བྱས་པས་འབྱང་པར་བྱེད་ཅེས་འབྱུང་ངོ། །གསང་སྔགས་དངོས་སུ་བདག་ཉིད་འདོན་ཀྱང། ལྷའི་སྐུས་འདོན་པར་བསམ་མོ། །བཟླས་བརྗོད་ཚར་རེ་ཞིང་སྤྲོ་བསྡུས་སེམས་ཅན་གྱི དོན་བྱེད་ཅིང་བཟླས་སོ། །ཡང་ན་རྡོ་རྗེའི་ལྟེ་བའི་ས་བོན་ལ། འོད་ཟེར། ཁ་དོག་ལྔ་དང་ལྷའི་སྐུ་དཔག་ཏུ་མེད་ཅིང་བསམ་གྱིས་མི་ཁྱབ་པར་སྤྲོས་པས། བགེགས་དང་ལོག་འདྲེན་ཐམས་ཅད་དང། མངོན་པར་ཞེན་པ་ཐམས་ཅད་བསྲེགས་པར?་བསམ་ཞིང་ལྷའི སྐུ་དེ་ཚོའི་ཞལ་ནས་གསང་སྔགས་འདོན་ཙམ་ན། དེ་རྣམས་ཀྱི་རྣ་བར་རྒྱོབ་རྒྱོབ་སོད་སོད་ཟེར་བར་ཐོས་པར་བསམ་མོ། །དེ་ལྟར་བཟླས་བརྗོད་ཟིན་ནས། བསྟོད་པའི་རྒྱལ་པོ་གང་ཡང་རུང་བར་བསྟོད་དོ། །དེ་ནས་ཁྲུས་ལ་སོགས་པ་ཁྲུས་ཀྱི་ཆོ་ག་ལས ཤེས་པར་བྱའོ། །དེ་ནས་ཡེ་ཤེས་སེམས་དཔའ་གཤེགས་སུ་གསོལ་ལ། རང་ལྷའི་ང་རྒྱལ་གྱིས་གནས་པར་བྱའོ། །སྤྱི་རྒྱུད་ཐམས་ཅད་ཀྱི་སྒོམ་པའི་ལུགས་རྫོགས་སོ།། །།སྤྱིའི་རྒྱུད་ཀྱི་རྣམ་པར་བཞག་པ་དང། མངོན རྟོགས་ལམ་གྱི་རིམ་པ་རྫོགས་སོ། ། །།དང་པོར་བདག་ཉིད་ཆོས་དྲུག་གི་ལྷར་བསྐྱེད་པའི་སྔོན་དུ་ཇི་ལྟར་བྱིན་གྱིས་བརླབས་པའི་གསོལ་བ་གདབ་པའི་ཐབས་བསྟན་པ་ནི། བཅོམ་ལྡན་འདས་ཞེས་པ་ནི། མཚན་གྱི་དོན་གྱི་སྐབས་སུ་བཤད་པ་དང འདྲའོ། །རྡོ་རྗེ་ལ་བཞུགས་ཞེས་པ་ནི། དེ་བཞིན་གཤེགས་པའི་གནས་དེ་ལ་རྡོ་རྗེ་ཞེས་པ་ནི། དཔེར་ན་རྡོ་རྗེ་ཕ་ལམ་ལ། འབྱུང་བ་ཆེན་པོ་ལྔས་གནོད་པར་བྱ་བར་མི་ནུས་པ་དེ་བཞིན་དུ་དེ་ལ་མེ་བདུན་ཆུ་གཅིག་གིས་བཤིག་པར་མི་ནུས་པས་ན། རྡོ་རྗེ ཞེས་གསུངས་སོ། །རྡོ་རྗེ་ལ་བཞུགས་ཏེ་ཞེས་བྱ་བ་ནི། ཀྲི་ཡ་སྤྱིའི་རྒྱུད་ལས་བཞུགས་ཚུལ་གསུམ་སྟེ། བཀྲ་ཤིས་པའི་སྐྱིལ་ཀྲུང་དང། པདྨའི་སྐྱིལ་ཀྲུང་དང་རྡོ་རྗེའི་སྐྱིལ་ཀྲུང་དང། གསུམ་ལས་འདི་ནི་རྡོ་རྗེའི་སྐྱིལ་ཀྲུང་དུ་བཞུགས་པའོ། །ཡང་ན་རྡོ རྗེ་ལ་བཞུགས་ཏེ་ཞེས་བྱ་བ་ནི། བཞུགས་པ་རྣམ་པ་བཞི་སྟེ། སྤྱོད་ལམ་གྱིས་བཞུགས་པ་དང། འཆད་པས་བཞུགས་པ་དང། སྙོམ་པར་འཇུག་པས་བཞུགས་པ་དང། ནང་དུ་ཡང་དག་འཇོག་གིས་བཞུགས་པའོ། །སྐུའི་ཕྲིན་ལས་སུ་བགྲངས་པ གང་ཡང་རུང་སྟེ། དེ་དག་ཐམས་ཅད་ནི་སྤྱོད་ལམ་གྱིས་བཞུགས་པའོ། །གསུང་གི་ཕྲིན་ལས་གང་ཅི་ཡང་རུང་བ་དེ་དག་ཐམས་ཅད་ནི་ཆོས་འཆད་པས་བཞུགས་པའོ། །ཐུགས་ཀྱི་ཕྲིན་ལས་གང་ཅི་ཡང་རུང་བ་དེ་དག་ཐམས་ཅད་ནི་དེ་དག་ལས བཞུགས་པ་གཉིས་ཏེ། རྟག་ཏུ་མཉམ་པར་བཞུགས་པའི་ཕྱིར་ཏིང་ངེ་འཛིན་དང། སྙོམས་པར་འཇུག་པའི་བཞུགས་པའོ། །ནང་དུ་ཡང་དག་འཇོག་གིས་བཞུགས་པ་ནི། ཐུགས་རྗེ་ཆེན་པོས་འཇིག་རྟེན་ལ་གཟིགས་པ་དང། ལྷ་ལ་སོགས་པ འོད་བ་ནི་ནང་དུ་ཡང་དག་འཇོག་གིས་བཞུགས་པའོ། །ཞེས་པ་ནི་གདན་དེ་ལ་བཞུགས་ཏེ། གཟུངས་འདིས་བདུད་བཏུལ་ནས་ཆོས་ཀྱི་འཁོར་ལོ་བསྐོར་བ་ལ་སོགས་པ་བྱེད་ཅེས་པའི་དོན་ཏོ། །བདུད་ཇི་ལྟར་བཏུལ་ན། བཅོམ་ལྡན་འདས་ཀྱིས་སྲོད་ལ་བདུད བཏུལ་ནས། ཕྱག་གཡས་པ་ལན་གཉིས་སུ་མཉམ་བཞག་གི་ཕྱག་རྒྱ་བཤིག་སྟེ། ལན་ཅིག་བདུད་ཀྱི་དམག་བྱུང་སྟེ། ཕྱག་སྤྱི་བོ་ལ་བསྐོར་བས་རལ་གྲི་མེ་ཆེན་པོ་མཆེད། རབ་ཏུ་མཆེད་ཀུན་ཏུ་མཆེད་པ་ཅིག་ཏུ་བདུད་རྣམས་ཀྱིས་མཐོང་སྟེ་བདུད་ཀྱི དམག་ཕམ་བར་བྱས་སོ། །ལན་ཅིག་བདུད་ཀྱིས་ངན་སྨྲས་བྱས་ནས། ཁྱོད་ཡང་དག་པར་སངས་རྒྱས་མ་ཡིན་ཏེ། བརྫུན་བོའི་སངས་རྒྱས་ཡིན་ཏེ། སངས་རྒྱས་པ་ལ་བསྐལ་པ་གྲངས་མེད་པ་གསུམ་གྱི་བར་དུ་ཚོགས་རྣམ་པ་གཉིས་ཀྱང བསག་དགོས་ལ། ས་བཅུ་ཡང་མཐར་ཕྱིན་དགོས་སོ་ཟེར་རོ། །དེ་ལྟར་བྱས་སོ་གསུངས་པས་འོ་ན་ཁྱོད་ལ་ཆེ་བཞི་དང། དཔང་པོ་སུ་ཡོད་ཟེར། དེའི་ཚེད་ལ་ཆེ་བཞི་དང་དབང་པོ་ས་ཆེན་པོ་འདི་ཡོད་ཞེས་གསུངས་ཏེ། ཕྱག་གཡས་པས་ལན་ཅིག བརྡབས་པས། ས་བསེབས་ནས་སའི་ལྷ་མོ་སྐུ་ལྟེ་བ་ཡན་ཆད་འཐོན་ཏེ། བཅོམ་ལྡན་འདས་མེད་དོ། །བདེ་བར་གཤེགས་པ་མད་དོ། །བརྫུན་གྱི་སངས་རྒྱས་མ་ཡིན་ཏེ། ཡང་དག་པའི་སངས་རྒྱས་ཡིན་ཏེ། ས་ཆེན་པོ་འདིའི་སྟེང་དུ་ཚོགས རྣམ་པ་གཉིས་ཀྱང་བསགས་སོ། །བསྐལ་པ་གྲངས་མེད་པ་གསུམ་གྱི་བར་དུའོ། །ས་བཅུ་ཡང་རིམ་གྱིས་བགྲོད་དེ། མཐར་ཕྱིན་པར་བྱས་ཟེར་རོ། །དེས་ན་བཅོམ་ལྡན་འདས་ས་གནོན་གྱི་ཕྱག་རྒྱ་ཅན་ཅིག་བསམ་མོ། །སངས་རྒྱས་ཀྱི་མཐུས་ཞེས པ་ནི། བྱིན་གྱིས་བརླབས་ཀྱིས་སོ། །ལག་ན་རྡོ་རྗེ་ཞེས་པ་ནི། ལག་ན་རྡོ་རྗེ་ཐོགས་པས་ན་ལག་ན་རྡོ་རྗེའོ། །དེ་ཡང་ཡེ་ཤེས་རྣམ་པ་ལྔ་གསང་བའི་ཐིག་ལེས་འཛིན་པས་ན་རྡོ་རྗེར་བཤད་དོ། །ཡང་ན་ལག་ན་རྡོ་རྗེ་ཞེས་བྱ་བ་ནི། ཀུན་ཏུ་བཟང་པོ ལ་གསང་བ་དང། མིང་གི་དབང་བསྐུར་བའི་དོན་དུ། ལྷོ་ཕྱོགས་ཀྱི་གྲོང་ཁྱེར་ཆེན་པོ་རུ། རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་གཞལ་ཡས་ཁང་ཆེན་པོ་ཞིག་མངོན་པར་སྤྲུལ་ཏེ། བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོས་ཕྱོགས བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་དང་ཐབས་གཅིག་ཏུ་མོས་ཏེ། ཕྱོགས་བཅུའི་དེ་བཞིན་གཤེགས་པའི་ཡེ་ཤེས་ཐམས་ཅད་གཅིག་ཏུ་བསྡུས་ཏེ། ཡེ་ཤེས་ཀྱི་རྡོ་རྗེ་རྩེ་ལྔ་པ་ཞིག་ཏུ་བྱིན་གྱིས་བརླབས་ཏེ། ཀུན་ཏུ་བཟང་པོའི་ལག་ཏུ་གཏད་པ་ཙམ གྱིས་གསང་བའི་དབང་ཐོབ་སྟེ། དེ་བཞིན་གཤེགས་པའི་སྐུ་གསུང་ཐུགས་ཀྱིས་གསང་བ་དཔག་ཏུ་མེད་ཅིང། བསམ་གྱིས་མི་ཁྱབ་པ་བསྟན་མི་དགོས་པར་དུས་གཅིག་ཏུ་སྐད་ཅིག་ལ་རྟོགས་པས་གསང་བའི་དབང་ཐོབ་བོ། །དེའི་མོད་ལ་བརྒྱ བྱིན་ལ་སོགས་པའི་གནས་སུ། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་ནི་ཕྱག་ན་རྡོ་རྗེར་གྱུར་ཏོ། །ཞེས་བྱ་བའི་སྒྲ་བྱུང་སྟེ། དེའི་མོད་ལ་དེ་རྣམས་ཀྱིས་ཀྱང། མཆོད་པའི་ཚོགས་ཆེན་པོ་ཁྱེར་ནས་འོངས་ཏེ། མཆོད་པ་ཆེན་པོས་མཆོད་དོ། །དེས་མིང གི་དབང་ཐོབ་པའི་རྟགས་སུ་ལག་ཏུ་རྡོ་རྗེ་གཏད་བས་ཀྱང་ལག་ན་རྡོ་རྗེ་ཞེས་བཤད་དོ། །ལུས་ཐམས་ཅད་ཅེས་བྱ་བ་ནི། དེའི་དུས་ནའོ། །ད་ལྟར་ནི་སྒྲུབ་པ་པོ་འམ་ལས་ཀྱི་རྡོ་རྗེ་སེམས་དཔའ་འམ། ཡི་དམ་གྱི་ལྷ་གང་ཡང་རུང་བར་རྡོ་རྗེར་བྱིན གྱིས་བརླབས་ནས་ཞེས་པ་ནི་སྟོང་པ་ཉིད་དུ་བྱིན་གྱིས་བརླབས་ནས། རྣམ་པར་མི་རྟོག་པའི་ལྷ་བསྒོམ་མོ་ཞེས་པའི་དོན་ཏོ། །དེས་ནི་ཆོ་ག་ཡན་ལག་དྲུག་གིས་བདག་ཉིད་ལྷར་བསྐྱེད་པའི་སྔོན་དུ་ཇི་ལྟར་བྱིན་གྱིས་རློབ་པའི་གསོལ་བ་གདབ་པའི ཐབས་བསྟན་པའོ། །ད་ནི་བདག་གི་དེ་ཁོ་ན་ཉིད་རྣམ་པར་མི་རྟོག་པའི་ལྷ་བསྒོམ་པའི་ཞར་ལ་འབྱུང་བ་ལྡང་བའི་ཐབས་དང་བཅས་པ་བསྟན་ཏེ། དེ་ཡང་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །ཞེས་གསུངས་ཏེ། ཞེས་པ་ནི་ཆོས ཀྱི་སྐུ་སྟོང་པ་ཉིད་དོ། །ཏིང་ངེ་འཛིན་ཞེས་བྱ་བ་ནི། སྟོང་པ་ཉིད་ཀྱི་དམིགས་པ་སེམས་རྩེ་གཅིག་ཏུ་ཡང་ནས་ཡང་དུ་གཏོད་པར་བྱེད་པས་ཏིང་ངེ་འཛིན་ཏེ། །རྡོ་རྗེའི་ཏིང་ངེ་འཛིན་ཞེས་གསུངས་པ་ནི། སྟོང་པ་ཉིད་ཀྱིས་ཏིང་ངེ་འཛིན་དེ་ལ་མངོན་པར་ཞེན་པས། དབྱེར་མི་ཕྱེད་པས་རྡོ་རྗེའི་ཏིང་ངེ་འཛིན་ཏོ། །ཡང་ན་སྟོང་པ་ཉིད་དང་བདག་ཉིད་ཀྱི་ཡང་དབྱེར་མེད་པས་ན་ཡང་རྡོ་རྗེའི་ཏིང་ངེ་འཛིན་ཏོ། །དེ་ཡང་རྡོ་རྗེའི་ཏིང་ངེ་འཛིན་ཞེས་བྱ་བ་ནི། བཤད་ལུགས་དང་པོ་དང་གཉིས་པའི་སྐབས་སུ་ནི། རྣམ་པར་མི་རྟོག་པའི་ལྷ བསྒོམ་པ་ལ་བྱའོ། །བཤད་ལུགས་ཐ་མའི་སྐབས་སུ་རང་ལྷ་གང་རུང་དུ་བསྐྱེད་པའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། ཧཱུཾ་ཡིག་བལྟས་ཏེ་དེ་འཕྲོ་འདུ་ལས། ཁྲོ་བོའི་རྡོ་རྗེ་རྩེ་ལྔ་པ་ལྟེ་བ་ལ་ཧཱུཾ་གིས་མཚན་པ་ཞིག་བསམས་ལ། དེ་ལ དམིགས་པ་རྩེ་གཅིག་ཏུ་ཡང་ནས་ཡང་དུ་སེམས་གཏད་ནས། ཅུང་ཞིག་མཉམ་པར་བཞག་པ་ནི་རྡོ་རྗེའི་ཏིང་ངེ་འཛིན་ཏོ། །སྙོམས་པར་ཞུགས་སོ། །ཞེས་བྱ་བ་ནི་སྟོང་པ་ཉིད་བསྒོམས་པའི་གནས་སྐབས་ན། བྱིང་རྒོད་ཀྱི་རྙོག་མ་དང་བྲལ་ནས་འདོད་ཆགས པའི་ཉོན་མོངས་རྣམས་མི་འབྱུང་བར་རྒྱ་མཚོ་ཆེན་པོ་ལྟར་དང་སྟེ། མ་སྙོམས་པ་མེད་དེ། སྙོམས་པར་གནས་སོ། །དེ་ནས་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །ཞེས་གསུངས་སོ། །དེ་ནས་ཞེས་པ་ནི། སྟོང་པ་ཉིད་བསྒོམས་པའི་རྗེས དེ་ནས་ཞེས་པའོ། །ལག་ན་རྡོ་རྗེ་ཞེས་པ་ནི། གོང་དང་མཐུན་ནོ། །སངས་རྒྱས་ཀྱིས་མཐུས་ཞེས་པ་ནི། དངོས་སུ་འོད་ཟེར་རམ། ཕྱག་གིས་རེག་པ་འམ། སེ་གོལ་གྱི་བརྡས་བླང་བའོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བྱིན གྱིས་བརླབས་ཀྱིས་ཞེས་པ་ནི། དེ་གཉིས་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པའི་དབང་ངམ་སྟོབས་ཀྱིས། བདག་ཉིད་ཏིང་ངེ་འཛིན་ལས་བསླང་པའོ། །དཔེར་ན་ས་བཅུའི་བྱང་ཆུབ་སེམས་དཔའ་སྟོང་པ་ཉིད་ཀྱིས་བདེ་བ་ལ་ཆགས་པས། སེམས ཅན་གྱི་དོན་བྱ་བ་མི་ནུས་པས། ཕྱོགས་བཅུའི་དེ་བཞིན་གཤེགས་པ་རྣམས་ཀྱིས་འོད་ཟེར་གྱིས་བསྐུལ་ནས། སྟོང་པ་ཉིད་ལས་བསླང་ནས་སེམས་ཅན་གྱི་དོན་བྱེད་དུ་བཅུག་པ་བཞིན་ནོ། །རྡོ་རྗེ་ཁྲོ་བོ་ཞེས་པ་ནི་སྟོང་པ ཉིད་ཀྱི་ཏིང་ངེ་འཛིན་ལ་རྡོ་རྗེ་ཁྲོ་བོ་ཞེས་བཏགས་ནས་བཤད་དོ། །འོ་ན་སྟོང་པ་ཉིད་དེ་ལ་རྡོ་རྗེ་ཁྲོ་བོ་ཞེས་བཏགས་པ་ཅིའི་ཕྱིར་ཞེ་ན། དེ་ནི་དེ་དང་ཆོས་མཐུན་པ་ཡོད་དེ། འདོགས་པའི་རྒྱུ་མཚན་ནི་འདྲ་བ་རྒྱུ་མཚན་དུ་བྱས་ནས། ཆོས་ཀྱི་སྐུ་སྟོང་པ་ཉིད ལ་རྡོ་རྗེ་ཁྲོ་བོ་ཞེས་བཤད་དོ། །ཡང་ན་ཁྲོ་བོ་རྡོ་རྗེ་དངོས་ལ་ཁྲོ་བོ་ཞེས་བཤད་དོ། །དེ་ཡང་དཔེར་ན་རྡོ་རྗེ་རིན་པོ་ཆེ་ཕ་ལམ་དེས་ཕར་ལ་ནི་རིན་པོ་ཆེ་ཐམས་ཅད་འབིགས་ཤིང་འཇོམས་ལ་ཚུར་ལ་ནི་གནོད་པར་མི་ནུས་པ་དང། ཁྲོ་བོ་རྡོ་རྗེ་གཤིན རྗེ་གཤེད་ལ་སོགས་པས་ཀྱང་ཕར་ལ་ནི་དངོས་པོ་དང་མཚན་མའི་རྣམ་པར་རྟོགས་པ་ཐམས་ཅད་འཇིག་ཅིང་འཇོམས། ཚུར་ལ་ནི་གང་གིས་ཀྱང་གནོད་པར་མི་འགྱུར་བ་བཞིན་དུ་ཆོས་ཀྱི་སྐུ་སྟོང་པ་ཉིད་དེས་ཀྱང་ཕར་ལ་དངོས་པོ་དང། མཚན་མར་འཛིན་པའི མཛའ་དང་བདག་དང་གཞན་གྱི་མཛའ་དང། རྟག་པ་དང་ཆད་པའི་མཛའ་དང། གཟུང་བ་དང་འཛིན་པའི་མཛའ་དང། ཡོད་པ་དང་མེད་པའི་མཛའ་ཐམས་ཅད་འཇིག་ཅིང་འཇོམས་ལ། ཚུར་ལ་ནི་གང་ཆོས་ཀྱི་སྟོང་པ་ཉིད་ལ་གང་གིས་ཀྱང་བཤིག་ཅིང འཇོམས་པར་མི་ནུས་པས་ན་ཁྲོ་བོ་ཞེས་བཤད་དོ། །དེ་ཡང་བཤད་ལུགས་དང་པོའི་སྐབས་སུ། སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ལ་རྡོ་རྗེ་ཁྲོ་བོ་ཞེས་བཤད་དོ། །བར་པའི་སྐབས་སུ་ཐུགས་མཚན་རྡོ་རྗེ་ཁྲོ་བོ་ཞེས་བཤད་དོ། །བཤད་ལུགས་ཐ་མའི སྐབས་སུ་ནི། བདག་ཉིད་ཐུགས་ཀར་ཡི་གེ་ཧཱུཾ་གི་སྤྲོ་བསྡུ་ལས། ཁྲོ་བོའི་རྡོ་རྗེ་རྩེ་གཅིག་པ་བསམ་པ་ལ། རྡོ་རྗེ་ཁྲོ་བོ་ཞེས་བཤད་དོ།། །།ལས་བྱུང་བ་ཞེས་པ་ནི་དང་པོའི་སྐབས་སུ། དེ་ཁོ་ན་ཉིད་བསྲེ་བ་ལ་སོགས པ་སྟེ། སྔ་མའི་སྟོང་པ་ཉིད་ལ་མཉམ་པར་བཞག་པའི་སེམས་ལས། སྟོང་པ་ཉིད་སྤྱོད་པ་དང་བཅས་པའི་སེམས་བདག་དང་ལྷའི་དེ་ཁོ་ན་ཉིད་བསྲེ་བའི་སེམས་ཕྱི་མ་བྱུང་བའོ། །བར་པའི་སྐབས་སུ་སྒྲའི་ལྷ་བསྒོམ་པ་ལ་སོགས་པ་བྱུང་བའོ། །ཐ་མའི་སྐབས་སུ བདག་ཉིད་ཀྱིས་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པས་ཉེ་བར་ལེན་པའི་རྒྱུ་བྱས་ནས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཨི་བྱིན་གྱིས་བརླབས་ཀྱིས་ལྷན་ཅིག་བྱེད་པའི་རྐྱེན་བྱས་ཏེ། ཁྲོ་བོ་རྡོ་རྗེ་ལྟེ་བའི་ཡི་གེ་ལས། འོད་ཟེར་ཁ་དོག་སྣ་ལྔ་པ་དང ལྷའི་སྐུ་དཔག་ཏུ་མེད་ཅིང་བསམ་གྱིས་མི་ཁྱབ་པ་ནམ་མཁའ་ཨི་ཁམས་ཁེངས་པ་བྱུང་ངོ། །བྱུང་ནས་ཅི་མཛད་ཅེ་ན་འཕགས་པ་མཆོད་པ་དང། སེམས་ཅན་གྱི་དོན་བྱེད་དོ། །དེས་ན་བདག་གི་དེ་ཁོ་ན་ཉིད་རྣམ་པར་མི་རྟོག་པའི་ལྷ་བསྒོམ་པ། ལྡང་བའི་ཐབས་དང བཅས་པ་བཤད་ཟིན་ཏོ། ། །།ད་ནི་ལྷ་དྲུག་གི་ཡོན་ཏན་རང་དང་གཞན་གྱི་དོན་ཕུན་སུམ་ཚོགས་པ་བསྟན་པའི་རྗེས་ལ། བདག་དང་ལྷའི་དེ་ཁོ་ན་ཉིད་བསྲེས་པ་ལས། ལྷ་དྲུག་གི་ཡོན་ཏན་ཕུན་སུམ་ཚོགས་པ་གང་ཐོབ་པ་བསྟན་ཏེ། ཡོན་ཏན ནི་གཉིས་ཏེ་རང་གི་དོན་ཕུན་སུམ་ཚོགས་པ་རྡོ་རྗེའི་ཆོས་བདུན་དང་གཞན་གྱི་དོན་ཕུན་སུམ་ཚོགས་པ་མཛད་པ་རྣམ་པ་བཞི་བསྟན་པའོ། །དེ་ཡང་རྡོ་རྗེ་སྙིང་པོས་རབ་ཏུ་སྨྲས་ཏེ་ཞེས་པ་ནི། སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པ་ལ་བྱ་སྟེ། རྡོ་རྗེ་ནི་སྟོང་པ ཉིད་དོ། །སྙིང་པོ་ནི་སྙིང་རྗེ་ཆེན་པོས་སེམས་ཅན་ལ་ཆགས་ནས་མྱ་ངན་ལས་འདས་པའི་མཛའ་ལ་མི་གནས་པའོ། །ཡང་ན་སྙིང་པོ་ཞེས་བྱ་བ་ནི། རིམ་པ་དུ་མའི་ནང་ན་འདུག་པ་ལ་ཡང་ཟེར་ལ། འབྲས་བུར་གྱུར་པ་ལ་ཡང་ཟེར་ལ། མཆོག་ཏུ གྱུར་པ་ལ་ཡང་ཟེར་བ་ལས། འདིར་ནི་མཆོག་ཏུ་གྱུར་པས་ན་སྙིང་པོ་ཞེས་གསུངས་ཏེ། ཇི་ལྟར་མཆོག་ཏུ་གྱུར་ན། ཞི་བས་མི་ཐུལ་བའི་འགྲོ་བ་རྣམས་ལ། ཁྲོ་བོའི་སྐུར་སྤྲུལ་ནས་ཀྱང་འདུལ་བར་བྱེད་དོ། །དེ་ཡང་རྒྱུད་ལས། ཤིན་ཏུ་ཁྲོ་ཞིང གཏུམ་པ་ལ། །ཞི་བས་ཕན་པར་མི་འགྱུར་ཏེ། །ཤེས་རབ་ཐབས་ཀྱི་རྣལ་འབྱོར་ལས། །ཁྲོ་བོར་དེ་བཞིན་གཤེགས་ཀུན་མཛད་ཅེས་གསུངས་སོ། །ཡང་ན་མཆོག་ཏུ་གྱུར་པ་ནི། རིག་སྔགས་དང་གསང་སྔགས་གཞན་ཁོ་ན་ལས་མཆོག ཏུ་གྱུར་ཏེ། གསང་སྔགས་ཀྱི་མཐུ་ཆེན་པོ་འདིས་ནི་རིག་སྔགས་ལ་སོགས་པ་གཞན་ཐམས་ཅད་བཅད་པ་དང། མནན་པར་ཡང་ནུས་ལ་རིག་སྔགས་ལ་སོགས་པ་གཞན་གྱིས་གཅད་པ་ལ་སོགས་པ་བྱས་པ་ལས་ཀྱང་གྲོལ་བར་བྱེད་པ་དང། བདག ཉིད་ལ་རིག་སྔགས་གཞན་གྱིས་གཅད་པ་ལ་སོགས་པ་བྱ་བར་མི་ནུས་པས་ན་ཡང། མཆོག་ཏུ་གྱུར་པའོ། །འོ་ན་རྡོ་རྗེ་སྙིང་པོས་སྨྲས་སོ་མི་གསུང་བར་སྨྲས་ཏེ། གསུངས་པ་འགུལ་ལམ་ཞེས་ན། ཏེ་ཞེས་ནི་སྒྲ་རྣམ་པ་གཉིས་ལ་འཇུག་པ་ལས། འདིར་ཚིག་གི་ལྷག་མ་ལུས་པའི་སྒྲ་ཡིན་ཏེ། ཚིག་གི་ལྷག་མ་གང་ཡིན་ཞེ་ན། ཚིག་གི་ལྷག་མ་ནི་ཡོན་ཏན་ཕུན་སུམ་ཚོགས་པ་རྣམ་པ་གཉིས་སྟོན་པའི་སྒྲའོ། །ཡོན་ཏན་རྣམ་པ་གཉིས་པ་ནི། རང་གི་དོན་ཕུན་སུམ་ཚོགས་པ་རྡོ་རྗེའི་ཆོས་བདུན་དང། གཞན་གྱི་དོན་ཕུན་སུམ་ཚོགས་པ་མཛད་པ་རྣམ་པའིའོ། །རྡོ་རྗེའི་ཆོས་བདུན་ནི་མི་ཆོད་པར་བྱ་བ་ནས། ཐམས་ཅད་དུ་མ་ཕམ་པ་བྱ་བའི་བར་དུའོ། །མཛད་པ་རྣམ་པ་བཞི་ནི། དྲག་པོ་དང། དབང་དང། རྒྱས་པ་དང། ཞི་བའོ། །དེའི་དང་པོ་དྲག པོའི་མཛད་པ་ནི། སེམས་ཅན་ཐམས་ཅད་སྐྲག་པར་བྱེད་པ་དང། བྱ་བ་ནས། གདོན་ཐམས་ཅད་རླག་པར་བྱེད་པ། བྱ་བའི་བར་དུ་ཚིག་རྐང་བརྒྱད་ཀྱིས་བསྟན་ཏོ། །དབང་གི་མཛད་པ་ནི་འབྱུང་པོ་ཐམས་ཅད་འགུགས་པར་བྱེད་པ། རིག སྔགས་ཀྱི་ལས་ཐམས་ཅད་བྱེད་དུ་འཇུག་པ་ཞེས་པའི་ཚིག་རྐང་གཉིས་བསྟན་ཏོ། །རྒྱས་པའི་མཛད་པ་ནི། མ་གྲུབ་པ་ཐམས་ཅད་གྲུབ་པར་བྱེད་པ། བྱ་བ་ནས། རྒྱས་པ་བྱ་བའི་ཚིག་རྐང་པ་བཞིས་བསྟན་ཏོ། །ཞི་བའི་མཛད་པ་ནི། སེམས་ཅན ཐམས་ཅད་སྲུང་བ། ཞི་བར་བྱ་བའི་བར་དུ་ཚིག་རྐང་གཉིས་ཀྱིས་བསྟན་ཏོ། །རྨུགས་པར་བྱེད་པ་དང། རེངས་པར་བྱེད་པ་གཉིས་ནི་སྔ་མའི་བརྒལ་ལན་གྱི་སྒོ་ནས་བཤད་པ་ཡིན་ནོ། །ཡང་རྒོལ་ཏེ། གསང་སྔགས་སྤྱིའི་རྒྱུད་ཀྱི་ལུགས་ཀྱིས རྣམ་པར་མི་རྟོག་པའི་ལྷ་བསྒོམ་པའི་རྗེས་ལ། སྒྲའི་ལྷ་བསྒོམ་པ་ལ་སོགས་པ་སྟོན་པ་ཡིན་ནོ། གཟུངས་འདིའི་ནང་དུ་རྣམ་པར་མི་རྟོགས་པའི་ལྷ་སྒོམ་པའི་རྗེས་ལ། སྒྲའི་ལྷ་སྒོམ་པ་མི་སྟོན་པ། ལྷ་དྲུག་གི་ཡོན་ཏན་ཕུན་སུམ་ཚོགས པ་གསུངས་པ་ཅི་ལས་དགོངས་ཤེ་ན། དེ་ལྟར་གསུངས་པའི་དགོངས་པ་ནི། རྣམ་པར་མི་རྟོགས་པའི་ལྷ་དེ་ཡོན་ཏན་ཕུན་སུམ་ཚོགས་པ་གཉིས་དང་ལྡན་པ་བཞིན་དུ། སྒྲའི་ལྷ་ན་མོ་རཏན་ཏྲ་ཡཱ་ཡ། བྱ་བ་ལ་སོགས་པ་གཞན་ཡང་ཡོན་ཏན ཕུན་སུམ་ཚོགས་པ་གཉིས་དང་ལྡན་པར་ཤེས་པར་བྱ་བའི་དོན་རྣམ་པར་མི་རྟོག་པའི་ལྷ་བསྒོམས་པའི་རྗེས་ལ། ལྷ་དྲུག་གི་ཡོན་ཏན་ཕུན་སུམ་ཚོགས་པ་རྣམ་པ་གཉིས་གསུངས་ཀྱི་སྒྲའི་ལྷ། ན་མོ་རཏན་ཏྲ་ཡཱ་ཡ། བྱ་བ་ལ་སོགས པ་ལྷ་གཞན་བསྒོམ་པ་ལ་སོགས་པ་ནི། དེ་ལ་དགོངས་པའོ། །ཡང་ན་བདག་དང་ལྷའི་དེ་ཁོ་ན་ཉིད་བསྲེས་པ་ལས། ལྷ་དྲུག་ལ་ཡོན་ཏན་གཉིས་དང་ལྡན་པ་དེའི། བདག་གི་དེ་ཁོ་ན་ཉིད་ལ་ལྡན་པར་ཤེས་པར་བྱ་བའི་དོན་དུ། རྣམ་པར་མི རྟོག་པའི་ལྷ་བསྒོམས་པའི་རྗེས་ལ། ལྷ་དྲུག་གི་རང་དང་གཞན་གྱི་ཡོན་ཏན་རྣམ་པ་གཉིས་གསུངས་ཀྱི། སྒྲའི་ལྷ་ལ་སོགས་པ་མ་གསུངས་པ་ནི། དེ་ལ་དགོངས་པའོ། །དེ་ལ་རྡོ་རྗེའི་ཆོས་བདུན་ནི། མི་ཆོད་པ་བྱ་བ་ནས། མ་ཕམ པ་བྱ་བའི་བར་དུ། ཚིག་རྐང་བདུན་གྱིས་བསྟན་ཏེ། ཆོས་ཀྱི་སྐུ་སྟོང་པ་ཉིད་དེ་ལ་སྐྱེ་བའི་སྡུག་བསྔལ་གྱིས་མི་གནོད་པས་ན། མི་ཆོད་པ་ཞེས་གསུངས་སོ། །རྒས་པའི་སྡུག་བསྔལ་གྱིས་མི་གནོད་པས་ན་མི་ཤིགས་པ་ཞེས གསུངས་སོ། །ན་བའི་སྡུག་བསྔལ་གྱིས་མི་གནོད་པས་ན། བདེན་པ་ཞེས་གསུངས་སོ། །འཆི་བའི་སྡུག་བསྔལ་གྱིས་མི་གནོད་པས་ན་སྲ་བ་ཞེས་གསུངས་སོ། །ཆོས་ཀྱི་སྐུ་སྟོང་པ་ཉིད་དེ་ལ་དུས་དང། གནས་སྐབས་ཐམས ཅད་འཁོར་བ་དང། སྡུག་བསྔལ་གྱིས་མི་གནོད་པས་ན། བརྟན་པ་ཞེས་གསུངས་སོ། །མཚན་མ་འམ་དངོས་པོ་ཐམས་ཅད་འཇོམས་པས་ན། ཐམས་ཅད་དུ་ཐོགས་པ་ཞེས་གསུངས་སོ། །ཆོས་ཀྱི་སྐུ་སྟོང་པ་ཉིད་དེ་ལ་འཁོར་བའི་སྡུག བསྔལ་གྱིས་མི་གནོད་པ་ལ། དངོས་པོར་ལྟ་བའི་མཚན་མ་ཐམས་ཅད་འཇོམས་པས་ཐམས་ཅད་དུ་མ་ཕམ་པ་ཞེས་གསུངས་སོ། །དེས་ནི་རང་གི་དོན་ཕུན་སུམ་ཚོགས་པ་རྡོ་རྗེའི་ཆོས་བདུན་བཤད་ཟིན་ཏོ། །ད་ནི་གཞན་གྱིས་དོན ཕུན་སུམ་ཚོགས་པ་བཞིའི་མཚན་ཉིད་བཤད་པར་བྱ་སྟེ། དེ་ཡང་དང་པོ་དྲག་པོའི་མཚན་ཉིད་བཤད་དེ། སེམས་ཅན་ཐམས་ཅད་དང་ཅེས་པ་ནི་རྒྱ་གར་གྱི་སྒྲ་ལས་གྲངས་ནས། སརྦ་མ་ནུ་ཤཱ་ཞེས་བྱ་བ་སྟེ། སྣོད་ཀྱི་འཇིག་རྟེན་ཇི ཙམ་ཁྱབ་པ་ཐམས་ཅད། བཅུད་ཀྱི་འཇིག་རྟེན་གྱིས་ཀྱང་ཁྱབ་པས་སྐྱེ་འགྲོའི་སྲོག་གིས་བསྡུས་པའི་སེམས་ཅན་ཐམས་ཅད་ལ་བྱའོ། །སྐྲག་པར་བྱེད་པ་ཞེས་བྱ་བ་ནི། གསང་སྔགས་བདག་མེད་ཀྱི་དོན་སྟོན་པ་འདི་བསྒྲགས་པས། སེམས་ཅན་ཐམས་ཅད་འཇིགས་པ་དང། བག་ཚ་བ་དང། སྤུ་ཟིང་ཞེས་བྱ་བ་དང། ཡིད་མི་དགའ་བ་ལ་སོགས་པ་བྱས་པའི་སྒོ་ནས། སངས་རྒྱས་ཀྱི་བསྟན་པ་ལ་འཛུད་དོ། །དཔེར་ན་བདུད་རྣམས་བསྟན་པ་ལ་འཛུད་པའི་དོན་དུ བཅོམ་ལྡན་འདས་ཀྱིས་ཕྱག་ན་རྡོ་རྗེ་ལ་བཀའ་བསྒོ་སྟེ། བཅོམ་ལྡན་འདས་དང་ཕྱག་ན་རྡོ་རྗེ་རི་རབ་རིའི་རྩེ་མོ་ཁང་བུ་རྩེགས་པའི་ནང་དུ། ཕྱེད་ཀྲུང་དུ་བཞུགས་པའི་ཞབས་གཡས་པའི་མཐེ་བོང་དང། སྨིན་མཚམས་གཉིས ནས། ཁྲོ་བོ་ཤིན་ཏུ་གཏུམ་པ་གསུམ་སྤྲུལ་ཏེ། བདུད་ཀྱི་ཁང་པར་བཏང་སྟེ། ཁྲོ་བོ་དེ་གསུམ་གྱིས་བ་སྤུའི་བུ་ག་ནས་འོད་ཟེར་བཀྱེ་སྟེ། དེ་རྣམས་ཀྱི་ཁང་པར་མེ་རབ་ཏུ་འབར་ཀུན་ཏུ་འབར། ཤིན་ཏུ་འབར་བར་བྱས། དེ་རྣམས་ཀྱི་ལུས་ཤིན་ཏུ་ཉམ་དམད པར་བྱས་ནས། སྡུག་བསྔལ་ཆེན་པོ་དང་ལྡན་པར་བྱས་པས། དེ་རྣམས་ན་རེ་རྒྱུ་དང་རྐྱེན་མེད་པར་གཞལ་མེད་ཁང་འདི་དག་མི་གཡོན། འདི་སུའི་རྫུ་འཕྲུལ་དང། ཆོ་འཕྲུལ་ཡིན། བདག་ཅག་གིས་བལྟ་གོར་མ་ཆགས་སྙམ་སྟེ། བལྟས་པས ལྷའི་བུ་དེ་རྣམས་ལ་མངོན་པར་ཤེས་པ་ཡོད་པས་གཽ་ཏ་མས་ཁང་བུ་རྩེགས་པའི་གཟུངས་གསུངས་པའི་ཆོ་འཕྲུལ་ཡིན་པར་མཐོང་སྟེ། གཽ་ཏ་མ་ཐུགས་རྗེ་ཆེན་པོ་དང་ལྡན་པ་ཡིན། དེ་ལ་སྐྱབས་ཚོལ་དུ་འདོད་ཟེར་ཏེ། གཽ་ཏ་མའི་དྲུང་དུ་འདོད ཟེར་ནས། གཽ་ཏ་མའི་དྲུང་དུ་ཕྱིན་ཏེ། ཐུགས་རྗེ་ཆེན་པོ་དང་ལྡན་པས་བདག་བསྐྱབ་ཏུ་གསོལ་བྱས་པས། ངས་བསྐྱབ་པར་མི་ནུས་པས་ཕྱག་ན་རྡོ་རྗེ་ལ་སྐྱབས་སུ་སོང་ཞིག་གསུངས་པ་དང། དེ་རྣམས་ཀྱིས་དེའི་དྲུང་དུ་ཕྱིན་ཏེ། བདག་ཅག་བསྐྱབ་ཏུ གསོལ་བྱས་པས། ངས་བསྐྱབ་པར་མི་ནུས་པས། ངས་སྤྲུལ་པའི་ཁྲོ་བོ་གསུམ་ཡོད་པས། དེའི་དྲུང་དུ་སོང་ཞིག་གསུངས་པ་དང། དེ་གསུམ་གྱི་དྲུང་དུ་ཕྱིན་པ་དང། བདག་ཅག་ལ་བསྐྱབ་ཏུ་གསོལ་ཞེས་ཞུས་པ་དང། ངས་བསྐྱབ་པར་ག་ལ ནུས་ཀྱིས། དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་ཞིག་།སངས་རྒྱས་ཀྱི་བསྟན་པ་ལ་བར་གཅོད་པ་མི་བྱེད་པར་ཁས་ལོང་ཞིག་།བྱང་ཆུབ་ཏུ་སེམས་བསྐྱེད་ཅིག་།སྡུག་བསྔལ་ལས་ཐར་བར་འགྱུར་རོ། །བྱས་པ་དང། དེ་རྣམས་ཀྱིས་མགྲིན ཅིག་ཏུ་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་ཡང་བྱས། སངས་རྒྱས་ཀྱི་བསྟན་པ་ལ་བར་ཆད་མི་བྱེད་པར་ཁས་བླངས་སོ། །བྱང་ཆུབ་ཏུ་ཡང་སེམས་བསྐྱེད་དོ། །དེ་ལྟར་བྱས་པས་སྡུག་བསྔལ་ལས་ཐར་རོ། །དེ་ལྟར་བྱས་པའི་སྒོ་ནས བསྟན་པ་ལ་གཙུད་པ་བཞིན་དུ། ཐམས་ཅད་སྐྲག་པར་བྱེད་པའི་སྒོ་ནས། སེམས་ཅན་གྱི་དོན་བྱེད་དོ། །ཡང་ན་གསང་སྔགས་ཀྱི་མཐུ་ཆེན་པོ་འདིས་ལས་སྔགས་དང་སྦྱར་ཏེ། དྲག་པོའི་ལས་ལ་སྦྱོར་བས་ན། སེམས་ཅན་ཐམས་ཅད སྐྲག་ཅིང་འཇིགས་པ་དང། སྡངས་པར་འགྱུར་ཏེ། དཔེར་ན་གཅན་གཟན་གྱི་རྒྱལ་པོས་སྒྲ་བསྒྲགས་པས་གཅན་གཟན་ཕྲ་མོ་ཐམས་ཅད་སྐྲག་པར་བྱེད་པ་སེམས་ལྟ་བུའོ། །སེམས་ཅན་ཐམས་ཅད་འཇིལ་བར་བྱེད་པ་ཞེས་པ་ནི། བདག་ཉིད་ལ་རྒྱལ་པོའི ཆད་པ་དང། བདུད་དང་ལོག་འདྲེན་གྱི་གནོད་པ་བྱེད་དུ་འོང་བའི་སྦྱོར་བ་བརྩམས་པ་ཐམས་ཅད་རྩེ་འཇིལ་བར་བྱེད་པའོ། །ཡང་ན་གསང་སྔགས་ཀྱི་མཐུ་ཆེན་པོ་འདིས་ལས་སྔགས་དང་སྦྱར་ཏེ། དྲག་པོའི་ལས་སྦྱོར་བྱས་ནས། རྒྱལ་པོའི་ཆད་པ་ལ་སོགས པ་དང། བདུད་དང་མུ་སྟེགས་ཀྱི་དོན་ལ་བྱ་བར་སེམས་པའི་ཤེས་པ་ཐམས་ཅད་ཕྱིར་ནུར་ནས། ཤེས་པ་རྩེ་འཇིལ་བར་འགྱུར་བ་སྟེ། དཔེར་ན་དེ་བཞིན་གཤེགས་པའི་འོད་ཀྱིས་ལྷ་རྣམས་ཀྱིས་འོད་མོག་མོག་པོར་བྱས་ཏེ། རྩེ་འཇིལ་བལྟ་བཱུམ། འཁོར ལོ་ས་སྒྱུར་བའི་རྒྱལ་པོའི་དམག་གི་དཔུང་འཇོམས་པ་ལྟ་བུའོ། །རིག་སྔགས་ཐམས་ཅད་ཅེས་པ་ནི། །ལྷ་མོའི་སྐུ་མདོག་དང། གཟུགས་དང། དབྱིབས་ཀྱི་ལྷ་དང། དེའི་སྟོན་པའི་སྒྲ་དང། ཕྱག་རྒྱ་ལ་སོགས་པའོ། །གཅོད་པར་བྱེད་པ་ཞེས་པ་ནི། དེ་སྦྱིན་སྲེག་གི་སྒོ་ནས་གཅོད་པར་བྱེད་པ་སྟེ། དེ་ཡང་གཞན་གྱི་རིག་སྔགས་གྲོ་ག་འམ་ཤིང་ཤུན་ལ་བྲིས་ཏེ། ཐབ་ཁུང་གྲུ་གསུམ་མཛའ་མ་ཟླུམ་པོ་ནག་པོ་བྱས་ལ། དེའི་ནང་དུ་ཚེར་མ་ཅན་གྱི་ཤིང་ལ་མེ་བཏང་ལ། མེ་ལྷ་ཤིན་ཏུ་ཁྲོ་བ་ཞིག་སྤྱན་དྲངས ཏེ། དེ་ལ་གཞན་གྱི་རིག་སྔགས་ལ་སོགས་ཕུལ་ལ། དེའི་ཐུགས་ཀར་ལྷའི་ཕོ་བྲང་བཅས་ལ། མེའི་ལྷ་ཁན་མར་ལ་བརྒྱུད་ནས་ལྷ་ལ་ཕུལ་ཏེ། གཞན་གྱི་རིག་སྔགས་དབུར་མོའི་རལ་གྲིས་གཏུབས་ཏེ། དུག་ཆུར་ནས་མེ་རུ་བསྲེག་ཅིང། ཨོཾ་བཛྲ་ཛྲ་ལཱ་ན ཡཱ་ཆེ་གེ་མོའི་རིག་སྔགས་ཙྪིནད་ཙྪིནད། མཱ་ར་ཡ་ཧཱུཾ་ཕཊ། ཅེས་བརྗོད་ཅིང་མེའི་ནང་དུ་བསྲེག་གོ་།དེ་ལྟར་ལན་ཉི་ཤུ་རྩ་གཅིག་གམ། ལན་བརྒྱ་རྩ་བརྒྱད་དུ་སྦྱིན་སྲེག་གི་ལས་བྱས་ན། གཞན་གྱི་རིག་སྔགས་བཅད་པར་འགྱུར་རོ། །ཡང་ན་གསང་སྔགས་ཀྱི་མཐུ ཆེན་པོ་འདིས། ལས་སྔགས་དང་སྦྱར་ཏེ། དྲག་པོའི་ལས་སྦྱིན་སྲེག་བྱས་ན། གང་བཅད་པར་བྱ་བ་དེ་ཐམས་ཅད་ཉེ་བར་གྲུབ་པར་འགྱུར་ཏེ་དཔེར་ན། སྐྱེས་བུས་མཚོན་རྣོན་པོ་ལ་ལེགས་པར་མ་གཟུང་བ་ལྟ་བུའོ། །རིག་སྔགས་ཐམས་ཅད་ཅེས་པ་ནི། གོང དང་འདྲའོ། །གནོད་པར་བྱེད་པ་ཞེས་པ་ནི། རིག་སྔགས་མནན་པར་བྱ་བའི་དོན་ཏེ། དེ་ཡང་རིག་སྔགས་གྲོ་ག་ལ་སོགས་པ་ལ་ལྡོང་རོས་ཀྱིས་བྲིས་ཏེ། དྲིལ་ལ་སྐུད་པ་སེར་པོས་དཀྲིས་ཏེ། རྡོ་ལེབ་གཉིས་ལ་རྡོ་རྗེ་རྒྱ་གྲམ་རེ་རེ་བྲིས་ལ། དེ་གཉིས་ཀྱི་བར་དུ་བཅུག་ལ། རི རབ་ལྕོག་བརྒྱད་དང་བཅས་པ་ཞིག་གིས་མནན་ཞིང་སྔགས་ཀྱི་འཇུག་ལ། ཆེ་གེ་མོའི་རིག་སྔགས་སྟཾ་བྷ་ཡ་སྟཾ་བྷ་ཡ་ནན་ཧཱུཾ་ཕཊ། ཅེས་བརྗོད་ཅིང་མནན་ན། རིག་སྔགས་ཐམས་ཅད་མནན་པར་འགྱུར་རོ། །དེ་གཉིས་ནི་མཚོན་པ་ཙམ་ཡིན་ཏེ། བཅིངས་པ་དང། གདབ་པར་ཡང་བྱའོ། གསུངས་ངོ། །རིག་སྔགས་བཅིང་པར་འདོད་ན། བུ་མོ་གཞོན་ནུ་མ་དམ་ཚིག་དང་ལྡན་པ། གྲོང་བའི་ཆོས་ཀྱིས་མ་ཕོག་བཞིག་ལ། མཚོན་སྣ་ལྔའི་སྐུད་པ་འཁལ་དུ་བཅུག་ལ། གཅིག་ཏུ་བསྒྲིམས་ཏེ། རྡོ་རྗེའི་མདུད་པ་རྒྱབ་ཅིང། གཞན གྱི་རིག་སྔགས་བྲིས་པ་དེ་རུ་གཞུག་ཅིང། སྔགས་ཀྱི་མཇུག་ཏུ་ཆེ་གེ་མོའི་རིག་སྔགས་བནདྷ་བནདྷ་ཧཱུཾ་ཕཊ་ཅེས་བརྗོད་ཅིང། མདུད་པའི་བར་དུ་བཅུག་པས་རིག་སྔགས་ཐམས་ཅད་བཅིངས་པར་འགྱུར་རོ། །ཕུར་བུས་གདབ་པར་འདོད་ན་གཞན་གྱི་རིག་སྔགས ཀྱི་གཟུགས་སྤྲ་ཚིལ་ལ་བྱས་ཏེ། དེའི་སྙིང་ག་ལ་སོགས་པའི་གནས་རྣམས་སུ་ཕུར་བུས་གཟུགས་ཏེ། སྔགས་ཀྱི་མཇུག་ལ་ཆེ་གེ་མོ་ལྷའི་གཟུངས་ཀཱི་ལི་ཀཱི་ལཱ་ཡ་ཧཱུཾ་ཕཊ། ཅེས་བརྗོད་ཅིང་སྙིང་གར་བཙུགས་ན་རིག་སྔགས་ཐམས་ཅད་ཕུར་བུས་བཏབ་པར འགྱུར་རོ། །རིག་སྔགས་ནི་ཉེ་བར་མཚོན་པ་ཙམ་དུ་ཟད་དེ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་རིག་སྔགས་དང། གསང་སྔགས་དང། སྒྲུབ་པ་པོའི་ངག་དང་ལྷའི་གཟུགས་ལ་སོགས་པ་ཐམས་ཅད་པ་ལ་ཡང་བཅད་པ་ལ་སོགས་པ་བྱ་གསུང ངོ། །ཡང་གསང་སྔགས་ཀྱི་མཐུ་ཆེན་པོ་འདིས་སྔགས་དང་སྦྱར་ཏེ་མནན་པའི་ལས་བྱས་ན། གང་མནན་པར་འདོད་པ་དེ་ཐམས་ཅད་ཉེ་བར་མནན་པར་འགྱུར་ཏེ། དཔེར་ན་རི་རབ་ལྟ་བུའོ། །ལས་ཐམས་ཅད་ཅེས་པ་ནི་ཕྲིན་ལས་རྣམ་པ་བཞིའོ། །འཇོམས པར་བྱེད་པ་ཞེས་པ་ནི། གསང་སྔགས་ལ་ཡོད་པའི་ཡོན་ཏན་གྱི་བདག་ལ་གནོད་པར་བྱེད་དུ་འོང་བ་རྣམས་འཇིག་པར་བྱེད་དོ། །ཡང་ན་གསང་སྔགས་ཀྱི་མཐུ་ཆེན་པོ་འདིས། ལས་སྔགས་དང་སྦྱར་ཏེ་དྲག་པོའི་ལས་སྦྱོར་བྱས་ནས། མི་མ་ཡིན གྱི་གནོད་པ་གང་འཇོམས་པར་འདོད་པ་དེ་ཐམས་ཅད་ངེས་པར་འཇོམས་པར་བྱེད་པ་སྟེ། དཔེར་ན་ཆོམ་རྐུན་གྱི་རྩར་བ་ལྟ་བུའོ། །གཞན་གྱི་ལས་ཐམས་ཅད་འཇིག་པར་བྱེད་པ་ཞེས་པ་ནི། སྒྲུབ་པ་པོ་ལ་ཡོད་པའི་ཡོན་ཏན་གྱིས། བསྐྲད་པ ཙམ་དང་རྡོ་རྗེས་བྱབས་པ་ཙམ་གྱིས། བདག་ཉིད་བཅད་པ་ལ་སོགས་པ་ཐམས་ཅད་ཀྱིས་མི་ཚུགས་པས་ན། གཞན་གྱི་ལས་ཐམས་ཅད་འཇིག་པར་བྱེད་པ་ཞེས་གསུངས་སོ། །ཡང་ན་གསང་སྔགས་ཀྱི་མཐུ་ཆེན་པོ་འདིས། ལས་སྔགས་དང བྱ?་བ་དེ?་དྲག་པོའི་ལས་སྦྱོར་བྱས་ནས། སྒྲུབ་པ་པོ་གཞན་གྱི་ལས་ཐམས་ཅད་འཇིག་པར་འགྱུར་ཏེ། དཔེར་ན་འདམ་བུའི་ཁྱིམ་ལ་གླང་པོ་ཆེས་འཇིག་པར་འགྱུར་བ་ལྟ་བུའོ། །གདོན་ཐམས་ཅད་ཅེས་པ་ནི། །གདོན་ཆེན་པོ་བཅོ་བརྒྱད་ལ་སོགས པའོ། །རླག་པར་བྱེད་པ་ཞེས་པ་ནི་བདག་ཉིད་ལ་གནོད་པར་བྱེད་དུ་འོང་བ་ཐམས་ཅད་འདིས་འཇོམས་པར་བྱེད་པའོ། །ཡང་ན་གསང་སྔགས་ཀྱི་མཐུ་ཆེན་པོ་འདི་ལས་སྔགས་དང་སྦྱར་ཏེ། དྲག་པོའི་ལས་སྦྱོར་བྱས་ན་བི་ནཱ་ཡ་ཀ་ལ་སོགས པའི་གདོན་ཐམས་ཅད་ལ་བསད་པའི་ལས་བྱས་ན། ངེས་པར་ལུས་ངག་རྡུལ་ཕྲན་བཞིན་དུ་བརླག་པར་འགྱུར་ཏེ། དཔེར་ན་གྲོང་ཁྱེར་ཆེན་པོ་ལ་མེ་ཤོར་བ་ལྟ་བུའོ། །གདོན་ཐམས་ཅད་ཅེས་པ་ནི་གྲོང་གི་ཚེའོ། །ཐར་པར་བྱེད་ཅེས་པ་ནི། གང་ཟག་འབའ་ ཞིག་ལ་གནོད་དེ་ཆོས་བརླབས་ལ་ཡིན་ན། འདིའི་བསྟེན་པ་མངོན་དུ་སོང་བས་འདིའི་དཀྱིལ་འཁོར་བྱས་ཏེ། ཕྱག་ན་རྡོ་རྗེའི་སྐུ་གཟུགས་ཀྱི་དྲུང་དུ། ཁྲུས་ཀྱི་ཆོ་ག་འདི་བྱས་ཏེ། བསྐྲད་པ་ཙམ་དང། རྡོ་རྗེ་བྱབས་པ་ཙམ་གྱིས་ཐར་པར་འགྱུར་རོ། །ཡང་ན གསང་སྔགས་ཀྱི་མཐུ་ཚེན་པོ་འདིས། ལས་སྔགས་དང་སྦྱར་ཏེ། དྲག་པོའི་ལས་སྦྱོར་བྱས་ན། བསྐྲད་པ་ཙམ་དང། རྡོ་རྗེས་བྱབས་པའི་ལས་བྱས་ན་གང་གདོན་གྱིས་ཟིན་པ་དེ་ལས་ངེས་པར་ཐར་པར་འགྱུར་ཏེ། དཔེར་ན། བཙོན་ར་དང། ཁྲི་མོན་དང། ལྕགས་སྒྲོག་དང། ཤིང་སྒྲོག་ལས་ཐར་བ་བཞིན་ནོ། །དེ་ཚོས་ནི་དྲག་པོའི་མཚན་ཉིད་བཤད་ཟིན་ཏོ།། །།ད་ནི་དབང་གི་མཚན་ཉིད་བཤད་དེ། འབྱུང་པོ་ཐམས་ཅད་ཅེས་པ་ནི་ཚོགས་བདག་གླང་པོ་ཆེའི་སྣ་ཅན་ལ་སོགས་པའོ། །ཐམས ཅད་ཅེས་པ་ནི་མང་པོ་ཡོད་པས་ན་ཐམས་ཅད་དོ། །འགུགས་པར་བྱེད་པ་ཞེས་པ་ནི། དབང་དུ་བྱ་བའི་དོན་ཏེ། བདག་ཉིད་ནག་པོ་ཆེན་པོ་འགུགས་པར་འདོད་ན། བདག་ཉིད་མཚན་མོ་དུར་ཁྲོད་དུ་སོང་སྟེ། འབྲས་ཐུག་པོ་ཆེའི་གཏོར་མ་བྱ་སྟེ། ཁྱིའི ཤ་ཁྲག་དང། རའི་ཤ་ཁྲག་དང། དམ་རྫས་རྣམས་བསགས་ཏེ། བདག་ཉིད་ལྷའི་ང་རྒྱལ་དང་ལྡན་པར་བྱས་ཏེ། གསང་སྔགས་ཀྱི་མཇུག་ལ་དེའི་སྲོག་སྙིང་བཏགས་ཏེ་གྲངས་ན། དེ་ཉིད་ཨ་ཅི་བྱ་ཟེར་ནས་བདག་ཉིད་ཀྱི་དྲུང་དུ་འོང་བར་འགྱུར་རོ། ། ངེས་དེ་ལ་ཁྱོད་འདི་ཁྱེར་ཟོ་ལ། སངས་རྒྱས་ཀྱི་བསྟན་པ་བཤིག་པ། དཀོན་མཆོག་གསུམ་གྱི་དབུ་འཕང་སྨེད་པ། དམ་ཉམས་པའི་ཆེ་གེ་མོ་ཞེས་བྱ་དཀོན་མཆོག་གསུམ་གྱི་ཁ་ཐབས་སུ་མ་གཏང་བར། དུས་འདི་ཙམ་ལས་མི་འདའ་བར་ཚེའི་འདུ་བྱེད སྐུ་ལ་ཅིག་ཅེས་བསྒོའོ། ངེས་དེའི་བཀའ་མཉན་ནས་བྲན་བཞིན་དུ་ལས་བྱེད་པར་འགྱུར་རོ། །དེ་བཞིན་དུ་དཔལ་ལྷ་མོ་ལ་སོགས་པ་ལ་ཡང་གཏོར་མ་དང། དམ་རྫས་དང། སྲོག་གི་སྙིང་པོ་ལ་སོགས་པ་ལ་ཡང། དྲངས་པ་ཡང ལས་བྱེད་པར་འགྱུར་རོ། །ཡང་ན་གསང་སྔགས་ཀྱི་མཐུ་ཆེན་པོ་འདིས། ལས་སྔགས་དང་སྦྱར་ཏེ། དགུག་པའི་ལས་སྦྱོར་བྱས་ན་ཉེ་བར་ལྷ་དང། ཀླུ་དང། རྒྱལ་པོའི་བུ་མོ་ལ་སོགས་པ་ལ་ཡང། ཉེ་བར་ཁུགས་པར་འགྱུར་བ་སྟེ། དཔེར་ན་འཁོར་ལོ་སྒྱུར་བའི རྒྱལ་པོ་སྦྱིན་བདག་གི་དྲུང་དུ་སྐྱེ་བོ་སློངས་མོ་བ་རྣམས་འདུ་བ་ལྟ་བུའོ། །བཀུག་ནས་ཅི་བྱེད་ཅེ་ན། རིག་སྔགས་ཀྱི་ལས་ཐམས་ཅད་ཅེས་པའི་ཕྲིན་ལས་རྣམས་བསྟན་ཏོ། །བྱེད་དུ་འཇུག་པ་ཞེས་པ་ནི། བདག་ཉིད་ཀྱི་སྒྲ་ལ་གནོད་སྦྱིན་དང་སྲིན་པོ་རྣམས ཀྱང་བྲན་བཞིན་དུ་བསྒོ་བ་ལྟར་དག་ཉན་ཏེ། རང་དབང་མེད་པར་ལས་བྱེད་པར་འགྱུར་ཏེ། བསད་པ་དང། འགུགས་པ་ལ་སོགས་པ་བྱེད་དུ་འཇུག་པའོ། །ཡང་ན་གསང་སྔགས་ཀྱི་མཐུ་ཆེན་པོ་འདི་ལས་སྔགས་དང་སྦྱར་ཏེ། དབང་དུ་བྱ་བའི་ལས སྦྱོར་བྱས་ན། དེ་རྣམས་ཀྱི་དབང་དུ་བྱས་པའི་ལས་ཐམས་ཅད་དང་ངེས་པར་བྱེད་པར་འགྱུར་ཏེ། དཔེར་ན་འཁོར་ལོ་སྒྱུར་བའི་རྒྱལ་པོ་བཏང་སྙོམས་སུ་འདུག་ཅིང། བཀའ་ཐོབ་པའི་བློན་པོ་ལས་ཀུན་བྱེད་པ་ལྟ་བུའོ། །དེས་ནི་དབང་གི་མཚན་ཉིད་བཤད་ཟིན ཏོ། ། །།ད་ནི་རྒྱས་པའི་མཚན་ཉིད་བཤད་པར་བྱ་སྟེ། མ་གྲུབ་པ་རྣམས་ཞེས་པ་ནི་བདག་ཉིད་ཀྱི་ཡི་དམ་གྱི་ལྷ་ལ་སོགས་པ་བསྒྲུབས་པས། གཞན་གྱི་རིག་སྔགས་བཅད་པ་ལ་སོགས་པ་བྱས་པས་མ་གྲུབ་པའོ། །གྲུབ་པར་བྱེད་ཅེས་པ་ནི གཞན་གྱི་རིག་སྔགས་ཀྱིས་བདག་གི་རིག་སྔགས་ལ་སོགས་པ། བཅད་པ་ལ་སོགས་པ་བྱས་པ་ཡིན་ན། བདག་ཉིད་ཀྱི་རིག་སྔགས་ལ་སོགས་པ། གྲོ་ག་འམ། ཤིང་ཤུན་ནམ། རས་ལ། གུར་གུམ་འམ། གི་ཝང་གིས་བྲིས་ཏེ། འདིའི་བསྙེན པ་སྔོན་དུ་སོང་བས། འདིའི་དཀྱིལ་འཁོར་བྱས་ཏེ། ཕྱག་ན་རྡོ་རྗེའི་སྐུ་གཟུང་སྔོན་དུ་བདག་སྟེ། དེ་ལ་མར་ཁུ་འམ། འོ་མས་ཁྲུས་ཞག་བདུན་དུ། ཉིན་ལན་གསུམ་མཚན་ལན་གསུམ་ཁྲུས་བྱས་ན། རིག་སྔགས་ལ་སོགས་པས་བཅད་པ་ལ་སོགས་པ་བྱས་པ ལས་ཐར་པར་འགྱུར་རོ། །དེ་ལྟར་བྱས་ནས་བསྒྲུབས་ནས་མ་གྲུབ་ན། བདག་ཉིད་ཀྱི་ལྷ་ལ་ཕུར་བུས་བཏབ་པ་ཡིན་པས་ན། དེའི་ཆོ་ག་ནི་ས་གཙང་མ་ལྷའི་སྐུ་མདོག་དང། ཕྱག་མཚན་ལ་སོགས་པ་བྱས་ལ། འདིའི་དཀྱིལ་འཁོར་བྱས་ལ། ཕྱག་ན་རྡོ་རྗེའི སྐུ་གཟུགས་ཀྱི་མདུན་དུ་བཞག་སྟེ། མར་ཁུ་འམ། འོ་མས་ཁྲུས་ཞག་བདུན་དུ་ཉིན་ལན་གསུམ་མཚན་ལན་གསུམ་དུ་བྱས་ན། ཕུར་པ་བཏབ་པ་ལས་གྲོལ་བར་འགྱུར་རོ། །དེ་བྱས་ནས་བསྒྲུབས་ཀྱང་མ་གྲུབ་ན། བདག་ཉིད་ཀྱི་དག་ཅིང་བ་ལ་སོགས པ་བྱས་པ་ཡིན་པས། སྒྲུབ་པ་པོའི་བདག་ཉིད་ཀྱི་དག་བཅིངས་ན། འདིའི་བསྙེན་པ་སྔོན་དུ་སོང་བས་འདིའི་དཀྱིལ་འཁོར་བྱས་ཏེ། ཕྱག་ན་རྡོ་རྗེའི་སྐུ་གཟུགས་ཀྱི་མདུན་དུ་བདག་ཉིད་ལ་ཁྲུས་འདི་བྱས་པས། བདག་ཉིད་ཀྱི་དག་བཅིང་བ་ལ་སོགས་པ བྱས་པ་ལས་གྲོལ་བར་འགྱུར་རོ། །གཞན་གྱིས་བདག་ཉིད་ཀྱིས་རིག་སྔགས་བཅང་བ་ལ་སོགས་པ་བྱས་ཀྱང། དེ་ལྟར་བྱས་ནས་བསྒྲུབས་ན། འགྲུབ་པར་འགྱུར་རོ། །ཡང་ན་གསང་སྔགས་ཀྱི་མཐུ་ཆེན་པོ་འདི་ལས་སྔགས་དང་སྦྱར་ཏེ་རྒྱས་པའི་ལས སྦྱོར་བྱས་ན། གང་མ་གྲུབ་པ་རྣམས་ངེས་པར་འགྲུབ་པར་འགྱུར་ཏེ་དཔེར་ན་འཁོར་ལོ་སྒྱུར་བའི་རྒྱལ་པོའི་སྐྱེས་བུ་བརྒྱད་པ་ལྟ་བུའོ། །གྲུབ་པ་རྣམས་ཆུད་མི་ཟ་བར་བྱེད་པ་ཞེས་པ་ནི། བདག་ཉིད་ཀྱི་ལྷ་འགའ་ཞིག་བསྒྲུབ་པས་གྲུབ་པའི་སྒོ་ནས། དངོས གྲུབ་སྟེང་བར་བྱེད་པ་སྟེ། མི་མ་ཡིན་པ་ལ་སོགས་པས་དངོས་གྲུབ་འཕྲོག་ཏུ་འོང་བ་ལ་འདི། ཁྲུས་ཀྱི་ཆོ་ག་འདི་བྱས་པས་འཕྲོག་པར་མི་ནུས་སོ། །དེས་ན་གྲུབ་པ་རྣམས་ཆུད་མི་ཟ་བར་བྱེད་པ་ཞེས་གསུངས་སོ། །ཡང་ན་གསང་སྔགས་ཀྱི་མཐུ་ཆེན པོ་འདི་ལས་སྔགས་དང་སྦྱར་ཏེ། རྒྱས་པའི་ལས་སྦྱོར་བྱས་ན། གང་བསྒྲུབས་པ་རྣམས་ཆུད་མི་ཟ་བར་བྱེད་པ་སྟེ། དཔེར་ན་འགྲོ་བ་བཟང་མོ་ལྟ་བུའོ། །དེ་ལྟར་བྱས་པས་ཅི་འབྱུང་ཞེ་ན། འདོད་པ་ཐམས་ཅད་རབ་ཏུ་སྦྱིན་པ་ཞེས གསུངས་ཏེ། འདོད་པ་ཐམས་ཅད་ཅེས་པ་ནི་བདག་ཉིད་ཀྱི་བསམ་པ་ལ་ཅི་དང་ཅི་འདོད་པའོ། །སྦྱིན་པ་ཞེས་པ་ནི་ཐུན་མོང་དང་ཐུན་མོང་མ་ཡིན་པའི་དངོས་གྲུབ་སྟེར་བར་བྱེད་དོ། །ཡང་ན་གསང་སྔགས་ཀྱི་མཐུ་ཆེན་པོ་འདི་ལས་སྔགས་དང་སྦྱར་ཏེ། རྒྱས་པའི་ལས་སྦྱོར་བྱས་ན། ཡིད་ལ་ཅི་དང་ཅི་འདོད་པ་ཐམས་ཅད་འབྱུང་བར་འགྱུར་ཏེ། དཔེར་ན་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལྟ་བུའོ། །རྒྱས་པ་ཞེས་པ་ནི། འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་ཕུན་སུམ་ཚོགས་པ་ཐམས ཅད་རྒྱས་པའོ། །ཡང་ན་གསང་སྔགས་ཀྱི་མཐུ་ཆེན་པོ་འདི་ལས་སྔགས་དང་སྦྱར་ཏེ། རྒྱས་པའི་ལས་སྦྱོར་བྱས་ན། ཚེ་དང་ཡེ་ཤེས་དང་ལོངས་སྤྱོད་དང། བསོད་ནམས་མཉེས་པར་རྒྱས་པར་འགྱུར་ཏེ། དཔེར་ན་ལྷའི་དྲི རྒྱས་པ་ལྟ་བུའོ། །དེས་ནི་རྒྱས་པའི་མཚན་ཉིད་བཤད་ཟིན་ཏོ།། །།དེ་ནི་ཞི་བའི་མཚན་ཉིད་བཤད་པར་བྱ་སྟེ། སེམས་ཅན་ཐམས་ཅད་ཅེས་པ་ནི། འགྲོ་བ་རིགས་ལྔའོ། །བསྲུང་བ་ཞེས་པ་ནི། དེ་དག་ལ་མི་མ་ཡིན་པ་འགའ་ཞིག གནོད་པ་བྱེད་དུ་འོང་བ་ལ། རྡོ་རྗེ་རྣམ་པར་འཇོམས་པ་འདིའི་བསྙེན་པ་སྔོན་དུ་སོང་བས། དཀྱིལ་འཁོར་བྱས་ཏེ། ཁྲུས་དང། བྱབ་པ་དང། བསྐྲད་པ་དང། བསྲུང་བ་ལ་སོགས་པ་བྱས་ནས། དེ་ལ་མི་མ་ཡིན་ལ་སོགས་པས་གནོད་པ་བྱ་བར་མི་ནུས་སོ།། དེས་ནི་སེམས་ཅན་ཐམས་ཅད་བསྲུང་བ་ཞེས་གསུངས་སོ། །ཡང་ན་གསང་སྔགས་ཀྱི་མཐུ་ཆེན་པོ་འདི་ལས་སྔགས་དང་སྦྱར་ཏེ། ཞི་བའི་ལས་སྦྱོར་དབང་བསྐུར་བ་དང། བྱབ་པ་དང། བསྲུང་བ་བྱས་ན་གང་ཟག་ལ་གདོན་གྱིས་མི་ཚུགས་པར་འགྱུར་ཏེ། དཔེར ན་རྩི་མ་གིའི་ནུས་པའི་མཐུ་ལྟ་བུའོ། །ཞི་བ་ཞེས་པ་ནི། དེ་དག་ལ་མི་མ་ཡིན་པ་ལ་སོགས་པས་གནོད་པ་བྱས་ནས། ལུས་སེམས་སྡུག་བསྔལ་བར་གྱུར་ཡང་འདིའི་དཀྱིལ་འཁོར་བྱས་ལ། ཁྲུས་ཀྱི་ཆོ་ག་བྱས་པས། ཕྱི་ནང་གི་བགེགས་ཐམས་ཅད་ཉེ་བར་ཞི་བར འགྱུར་རོ། །ཡང་ན་གསང་སྔགས་ཀྱི་མཐུ་ཆེན་པོ་འདི་ལས་སྔགས་དང་སྦྱར་ཏེ། ཞི་བའི་ལས་སྦྱར་ཁྲུས་དང། བྱབ་པ་དང། བསྲུང་བ་དང། བསྐྲད་པའི་ལས་བྱས་ན། གང་ཟག་གི་གདོན་དང། ཉོན་མོངས་པ་ངེས་པར་ཞི་བར་འགྱུར་ཏེ། དཔེར་ན་ཚ་བའི རིམས་ལ་སོགས་པ་ལ། ག་པུར་ལ་སོགས་པའི་བསིལ་སྨན་གསལ་བ་ལྟ་བུའོ། །ཞི་བའི་མཚན་ཉིད་བཤད་ཟིན་ཏོ།། །།ད་ནི་མཛད་པ་རྣ་བ་གཉིས་སྔ་མའི་རྒལ་ལན་དུ་བསྟན་པ་ནི། དེ་ཡང་དང་པོའོ། །འོ་ན་འདི་དག་ཐམས་ཅད་འཇོམས་པར་བྱེད་ན། དེ་ལ་གཞན་གྱི་རིག་སྔགས་དང། གསང་སྔགས་ལ་སོགས་པས། གནོད་པར་བྱ་བར་མི་ནུས་སམ་ཞེ་ན། མ་ཡིན་ཏེ། གཞན་གྱི་རིག་སྔགས་དང། གསང་སྔགས་ཀྱི་སྒོ་ནས། ལུས་ཀྱི་གནོད་པ་བྱེད་དུ་འོང་བའི་ལུས་ཀྱི་ཀུན་ཏུ་སྦྱོར་བ་ངེས་པར་བྱེད་དོ། དག་གིས་གྱིས་ལ་ཤོག་ཟེར་བའི་ངག་གི་ཀུན་ཏུ་སྤྱོད་པར་རེངས་པར་བྱེད་དོ། །འོ་ན་སེམས་ལ་དབང་ཐོབ་པས་གནོད་པར་བྱ་བར་མི་འགྱུར་མ་ཞེ་ན། སེམས་རྨུགས་པར་བྱེད་དོ། །རྨུགས་པར་བྱེད་ན། དེའི་སེམས་ནུས་པ་ཁྱད་པར་ཅན་དུ་མི་འབྱུང ངོ། །ལུས་དང་ངག་རེངས་པར་བྱེད་པས་ན། སེམས་ཅན་ཐམས་ཅད་རེངས་པར་བྱེད་པ་ཞེས་གསུངས་སོ། །ཡང་ན་གསང་སྔགས་ཀྱི་མཐུ་ཆེན་པོ་འདི། ལས་སྔགས་དང་སྦྱར་ཏེ་རེངས་པར་བྱེད་པའི་ལས་སྦྱོར་བྱས་ན། ངེས་པར་རེངས་པར་འགྱུར་བ་སྟེ། དཔེར་ན་མི་ཐུབ་པ་ནང་ཕྲད་པ་ལྟ་བུའོ། །དེ་ལ་ངག་རེངས་པར་བྱ་བར་འདོད་པས། ཕ་རོལ་པོའི་གཟུགས་ཕྲ་ཚིལ་ལ་བྱས་ཏེ། ཁ་ཚེར་མས་བཀང་སྟེ། ངག་ཅིང་བའི་ཆོ་ག་བྱས་ན་ཕ་རོལ་པའི་ངག་རེངས་ནས་སྨྲ་བ་ལ་ལན་མི་ཐེབས་པར་འགྱུར་རོ། །ཕ རོལ་པོའི་ལུས་རེངས་པར་འདོད་ན། རྣལ་འབྱོར་པའི་འདུག་ས་གང་ཡིན་པའི་སར་རང་གི་ཆག་གང་བརྐོས་པའི་གཏིང་ནས། ས་རློན་པ་བླངས་ནས་གུ་གུལ་ནག་པོས་འདུགས་ལ། སྔགས་རེ་རེ་ལ་ཡུངས་ཀར་རེ་རེ་བསྣུན་པར བྱའོ། །དེ་ལྟར་སྔགས་སྟོང་རྩ་བརྒྱད་རྫོགས་པ་དང། ས་དེ་ཁམ་པོར་སྲུབས་མེད་པའི་ནང་དུ་བླུགས་ལ། ཕུར་བུའི་དཀྱིལ་འཁོར་བཅུག་ལ་སྨྱུག་མ་ཤོནད་ཙམ་ཅིག་བཅུག་ལ། དེའི་ནང་ད་ཡུངས་ཀར་སྟོང་ལ་སྔགས་དེ་ཐེམ་པ་དང། དེ་ཤིང གདུག་པ་ཅན་གྱིས་བསྐོར་ལ་བསྲེག་གོ་། ནང་གིས་དང་ཡུངས་ཀར་ཚིག་ཅིང་མདོག་འགྱུར་བ་དང། དེ་ཕྱུང་སྟེ་སྣོད་གཙང་མའི་ནང་དུ་བླུགས་ལ། ཇག་པ་དང་ཆོམ་རྐུན་བྱུང་བའི་དུས་སུ། རྐང་པའི་འོག་ཏུ་ས་དང་བསྲེས་ནས་བརྟོར་ན། དེ་རྣམས་རེངས ཤིང་ལྡོངས་པར་འགྱུར་རོ། །སེམས་རྨོངས་པར་བྱེད་པས་ན་རྨུགས་པར་བྱེད་པ་ཞེས་གསུངས་སོ། །ཡང་ན་གསང་སྔགས་ཀྱི་མཐུ་ཆེན་པོ་འདི་ལས་སྔགས་དང་སྦྱར་ཏེ། རྨུགས་པར་བྱ་བའི་ལས་སྦྱོར་བྱས་ན། ངེས་པར་མྱོས་པར་འགྱུར་ཏེ། དཔེར ན་རིམས་ནད་ཆེན་པོས་བཏབ་པ་ལྟ་བུའོ། དེ་ལ་དེའི་དྲན་པ་ཉམས་པར་འདོད་ན། ཕ་རོལ་པའི་ལིང་ག་བྱས་ཏེ། ད་དུ་རའི་ཁུ་བ་དང། དུག་སྣ་ཚོགས་དང། ཆང་གིས་ཁ་ཕྲུ་བཏབ་པ་ན་ཡིད་དྲན་པ་ཉམས་མྱོང་བར་འགྱུར་རོ། །གསང་སྔགས་ཀྱི་ཞེས་པའི་ངོ་བོ ནི། ལྔ?་པའི་གཟུགས་དང། ཕྱག་རྒྱ་དང། ཚིག་དང། ཡི་གེ་དང། སྒྲ་དང། རྣམ་པ་དང་བཅས་པའོ། །གསང་སྔགས་ཀྱི་ངེས་པའི་ཚིག་དང། བཅོམ་ལྡན་འདས་ཀྱིས་མཛད་པ་ནི། འདིས་ཉོན་མོངས་པ་རྣམས་འཇོམས་པ་དང། ཕུན་སུམ་ཚོགས པ་འཐོབ་པའམ། དངོས་པོ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རིག་པས་ན། རིག་པ་སྟེ། ལྷ་རྣམས་དྲུག་གི་རང་བཞིན་ལ་ཡང་གསང་སྔགས་ཞེས་བྱའོ། །ཡང་ན་རྒྱ་གར་གྱི་སྒྲ་ལས་དྲངས་ན། མནྟ་ཞེས་བྱ་སྟེ། ཤེས་པ་དང། སྐྱོབས་པའི་དོན་གྱིས ན། གསང་སྔགས་ཞེས་བྱའོ། །ཡང་ན་ཤེས་པ་དང་ལྡན་པས་ན་འམ་གསུངས་ཏེ་རྗོད་པའི་ཕྱིར་གསང་སྔགས་ཏེ། གསང་སྔགས་ནི། ཆོས་གསང་བ་ཉིད་ཀྱིས་གྲུབ་པར་ཤེས་པར་བྱའོ། །རྒྱ་གར་གྱི་ཡུལ་ན་དངོས་གྲུབ་འཕྲོག་པའི་ཆོ་ག་ཡོད་ད། བསྒྲུབ་པར་བྱ་བའི་ལྷ དེའི་ཕྱག་རྒྱ་དང། གསང་སྔགས་མི་ཤེས་ན་འཕྲོག་ཏུ་མི་ཚུགས་པས་ན་གསང་ངོ། །མཐུ་ཆེན་པོ་འདི་ཞེས་པ་ནི། གཟུངས་རིངས་སྟོང་པ་ཉིད་ཀྱི་སྙིང་པོར་བྱུང་བ་འདིས། བདག་གི་དོན་ཡང་སྒྲུ་པར་ནུས་ལ། གཞན་གྱི་དོན་ཡང་བྱ་བར་ནུས་པས་ན་མཐུ་ཆེན པོའོ། །ཡང་ན་གང་ཟག་ཕ་རོལ་པོ་རྗེས་སུ་གཟུང་སྟེ། གསེ་བ་ཐུན་མོང་མ་ཡིན་པའི་ལས་སྒྲུབ་པ་ལ། གང་ཟག་ཕ་རོལ་པོ་ཚར་བཅད་པ་དེ་བསད་པ་ཐུན་མོང་མ་ཡིན་པའི་ལས་ཀྱང་གྲུབ་པས་ན་ཡང་མཐུ་ཆེན་པོ་འདི་ཞེས་གསུངས་སོ། །འོན་ཏེ་གང་སུའི མཐུས་སྨྲས་ན། སངས་རྒྱས་ཀྱི་མཐུས་སྨྲས་སོ་ཞེས་གསུངས་སོ། །སངས་རྒྱས་ཞེས་པ་ནི་གོང་དུ་བཤད་ཟིན་ཏོ། །འོ་ན་དེ་གང་གིས་སྨྲས་ན། ལག་ན་རྡོ་རྗེས་རབ་ཏུ་སྨྲས་སོ་ཞེས་གསུངས་སོ། །ལག་ན་རྡོ་རྗེ་ཞེས་པ་ཡང་གོང་དུ་བཤད་ཟིན་ཏོ། །འོ་ན གང་སྨྲས་ཤེ་ན། གསང་སྔགས་ཀྱི་མཐུ་ཆེན་པོ་འདི་རབ་ཏུ་སྨྲས་སོ་ཞེས་གསུངས་སོ། །གསང་སྔགས་ཞེས་པའང་གོང་དུ་བཤད་ཟིན་ཏོ། །འོ་ན་ཡོན་ཏན་དུ་དང་ལྡན་པ་ཅིག་སྨྲས་ཤེ་ན། བདག་དང་གཞན་གྱི་ཕུན་སུམ་ཚོགས་པའི་ཡོན་ཏན་རྣམ་པ གཉིས་དང་ལྡན་པ་ཅིག་སྨྲས་སོ། །དེ་ཡང་བཤད་ཟིན་ཏོ། །དེས་ནི་ལྷ་དྲུག་གི་ཡོན་ཏན་ཕུན་སུམ་ཚོགས་པ་བཤད་ཟིན་ཏོ། །ད་ནི་སྒྲ་དང་ཡི་གེའི་མཚན་ཉིད་བཤད་དེ། ན་མོ་རཏན་ཏྲ་ཡཱ་ཡ་ཞེས་པ་ནས་ཨ་མྲི་ཏ་ཧཱུཾ་ཕཊ་ཅེས་པའི་བར་གྱིས། སྒྲ་དང་ཡི གེའི་ལྷ་གཉིས་ཀ་སྟོན་ཏོ། །སྔགས་དོན་རྣམ་པར་དབྱེ་བ་ནི་འདིར་ཡང་མ་བཤད་དེ། དེའི་དོན་མི་འཆད་པ་ནི། ནུས་པ་ཆུང་བར་འགྱུར་བའི་ཕྱིར་དང། སློབ་དཔོན་བི་མ་ལ་མི་ཏྲས་མཛད་པའི་སྔགས་དོན་རྣམ་པར་འབྱེད་པའི་འགྲེལ་པ་ལས ཤེས་པར་བྱའོ། །དེས་ནི་སྒྲ་དང་ཡི་གེ་གཅིག་ཏུ་བསྡུས་ཏེ་བཤད་ཟིན་ཏོ། །དེ་ནི་འོད་ཟེར་སྤྲོ་བསྡུ་ལས་གཟུགས་ཀྱི་ལྷ་བསྐྱེད་པའི་མཚན་ཉིད་བཤད་པར་བྱ་སྟེ། དེ་ཡང་སྡིག་པ་ཐམས་ཅད་བྱང་བྱས་ནས། ཞེས་བྱ་བ་ལ་སོགས པ་གསུངས་ཏེ། དེ་ཡང་སྡིག་པ་ཞེས་པ་ནི་རྒྱ་གར་གྱི་སྒྲ་ལས་དྲངས་ན་པཱ་པཾ་ཀ་ལས་དྲངས་ན་སྡིག་པ་ཞེས་བྱ་སྟེ། སྡིག་པའི་ངོ་བོ་ནི། མི་མཛེས་པར་འདུག་པའོ། །ངེས་པའི་ཚིག་ནི་ཅི་ཕྱིར་སྡིག་པ་ཞེ་ན། རྣམ་པར་སྨིན་པ་ཡིད་དུ་མི་འོང་བ་འབྱིན་པ བྱེད་པས་ན། སྡིག་པའོ། །ཡང་ན་སྡིག་པ་ཞེས་བྱ་བ་ནི། ལུས་ལ་སོགས་པ་ལས་བྱུང་བ་མི་འདོད་པའི་བག་ཆགས་སེམས་ལ་ཡོད་པར་བྱའོ་ཞེས་གསུངས་སོ། །ཡང་ན་སྡིག་པ་ཞེས་བྱ་བ་ནི། སྡུག་བསྔལ་གཅིག་ནས་གཅིག་ཏུ་བརྒྱུད་དེ། རབ་ཏུ བྱུང་བ་ཉིད་ཀྱིས་ཤིན་ཏུ་འཇོམས་པ་ཉིད་ཡིན་པའི་ཕྱིར་ན། སྡིག་པ་ཞེས་གསུངས་སོ། །ཡང་ན་སྡིག་པ་ཐམས་ཅད་ཅེས་པ་ནི། སེམས་ཅན་གྱི་ཉོན་མོངས་པ་ཐམས་ཅད་དོ། །བྱང་ནས་ཞེས་པ་ནི་ཟླ་བའི་དཀྱིལ་འཁོར་གྱི་གཟུགས་ཀྱི་སྟེང་གི་གཟུགས ལས་འོད་ཟེར་དང། ལྷའི་སྐུ་བསམ་གྱིས་མི་ཁྱབ་ཅིང། དཔག་ཏུ་མེད་པ་འཕྲོས་པས། སེམས་ཅན་ཐམས་ཅད་ཀྱི་སྡིག་བསྒྲིབ་སྦྱངས་ནས། ཐར་པ་དང་ཐམས་ཅད་མཁྱེན་པ་ལ་བཀོད་པའོ། །དཔེར་ན་མེ་ཡིས་རྦ་བསྲེག་པ། །རུང་གི་ཐལ་བ་མྱུར་དུ་དེད། དེ་བཞིན་ཚེ་རབས་སྔ་མ་ལ། །བསགས་པའི་སྡིག་པ་ཐམས་ཅད་བསྲེགས། །དཔེར་ན་ཆར་པ་བབ་གྱུར་ཏེ། །རི་ལས་འབབ་ཆུ་འབབ་པ་ཡིས། །ས་ཡི་སྟེང་གི་ཕྱག་དར་དང། །ཉལ་ཉིལ་ཐམས་ཅད་འདོད་པར་འགྱུར། དེ་བཞིན་གཟུངས་འདི་མཐོང བ་དང། །ཐོས་པ་ཙམ་གྱིས་སྡིག་འབྱང་ཞེས་གསུངས་སོ། སྡུག་བསྔལ་ཞེས་བྱ་བའི་ངོ་བོ་ནི། ལུས་དང་སེམས་ལ་གནོད་པའི་མཚན་ཉིད་བཀྲེས་པ་དང། སྐོམ་པ་དང། བསད་པ་དང། ཡིད་མི་བདེ་བ་ལ་སོགས་པའི་རང་བཞིན་ནོ།། ངེས་པའི་ཚིག་ནི་ཅིའི་ཕྱིར་ཞེ་ན། སྡུག་བསྔལ། ལུས་སེམས་ངལ་ཞིང་དུབ་པས་ན་སྡུག་བསྔལ་ལ། །ཐམས་ཅད་ཅེས་པ་ནི་སྡུག་བསྔལ་གསུམ་མམ། བརྒྱད་ལ་སོགས་པ་ལ་བྱའོ། །སྡུག་བསྔལ་གསུམ་ནི་སྡུག་བསྔལ་གྱི་སྡུག་བསྔལ་དང། འགྱུར་བའི སྡུག་བསྔལ་དང། འདུ་བྱེད་ཀྱི་སྡུག་བསྔལ་ལོ་།སྡུག་བསྔལ་བརྒྱད་ནི། སྐྱེ་བའི་སྡུག་བསྔལ་དང། རྒས་པའི་སྡུག་བསྔལ་དང། ན་བའི་སྡུག་བསྔལ་དང། འཆི་བའི་སྡུག་བསྔལ་དང། དགྲ་སྡང་བ་དང་ཕྲད་ཀྱི་དོགས་པའི་སྡུག་བསྔལ་དང། གཉེན་བྱམས་པ་དང་བྲལ་གྱི་དོགས་པའི་སྡུག་བསྔལ་དང། འདོད་པ་བརྩལ་གྱིས་མི་རྙེད་པའི་སྡུག་བསྔལ་དང། ཡོད་པ་བརླག་གིས་དོགས་པའི་སྡུག་བསྔལ་ལོ། །མེད་པར་བྱེད་ཅེས་པ་ནི། རྒྱུ་ཉོན་མོངས་པ་མེད་པར། འབྲས་བུ་སྡུག་བསྔལ་མི་འབྱུང་ངོ། རྒྱུད་དོ་ཅོག་གི་རྩ་བ་སྟེ། དཔལ་ཀུན་གྱིས་ལེགས་པར་བརྒྱན། །འོད་ཟེར་དང་ལྷའི་སྐུ་འཕྲོས་པ་ཚུར་འདུས་པའི་དོན་ཏོ། །རྒྱུད་དོ་ཅོག་ཅེས་པ་ནི་འོད་ཟེར་དང་ལྷའི་སྐུའི་རྒྱུད་ཐམས་ཅད་ཀྱིས་ནམ་མཁའ་ཨི་ཁམས་གང་བས་ན། རྒྱུད་དོ་ཅོག་གསུངས་སོ། །ཀྱི ཞེས་པ་ནི་དྲུག་པ་འབྲེལ་པ་སྟོན་པར་བྱེད་པའི་སྒྲ། སྐྱེས་བུའིའོ། །རྩ་བ་ཞེས་པ་ནི་ཟླ་བའི་སྟེང་གི་གཟུགས་རིངས་སོ། །སྟེ་ཞེས་པ་ནི་ལྷག་མ་ལུས་པའི་ཚིག་སྟེ། ཡང་འོད་ཟེར་དང་ལྷའི་སྐུ་སླར་ལ་ཚུར་འདུས་པའོ། །དེས་ན་རྒྱུད་དོ་ཅིག་གི་རྩ་བ་སྟེ་ཞེས གསུངས་སོ། །དཔལ་ཀུན་ཞེས་པ་ནི། འོད་ཟེར་དང་ལྷའི་སྐུ་ཡིས་སེམས་ཅན་གྱི་དོན་བྱས་པ་དང་འཕགས་པ་མཆོད་པས་བསོད་ནམས་དང། ཡེ་ཤེས་ཀྱི་ཚོགས་བསགས་པའོ། །གྱིས་ཞེས་པ་ནི་དྲུག་པ་འབྲེལ་བར་བྱེད་པའི་སྒྲ། ལེགས་པར་བརྒྱན་ཅེས་པ་ནི ཟླ་བའི་སྟེང་ན་གཟུགས་ཚོགས་གཉིས་ཀྱི་ཡོན་ཏན་དང་ལྡན་པ་འམ། མཛེས་པར་བྱས་པ་ནི། དཔལ་ཀུན་གྱིས་ནི་ལེགས་པར་བརྒྱན་ཅེས་གསུངས་སོ། །དེས་ནི་འོད་ཟེར་སྤྲོ་བསྡུ་ལས། གཟུགས་ཀྱི་ལྷ་བསྐྱེད་པ་བསྟན་ཏེ། བཤད་ཟིན་ཏོ། །ཡང རྒོལ་ཏེ་གསང་སྔགས་སྤྱིའི་རྒྱུད་ཀྱི་ལུགས་ཀྱིས། ལྷའི་སྐུ་སྒོམ་པས་སྐྱོན། བཟླས་བརྗོད་བྱ་བ་སྟོན་པ་ཡིན་པ་ལ། གཟུངས་འདིའི་ནང་དུ་ལྷའི་སྐུ་བསྒོམས་པའི་རྗེས་ལ། བཟླས་བརྗོད་བྱ་བ་ཅི་སྟོན་པར། འོད་ཟེར་སྤྲོ་བསྡུ་དང། བཟླས་བརྗོད་དང། བསྙེན་སྒྲུབ་གང་གི་དོན་དུ་བྱ་བའི་གང་ཟག་སྟོན་པ་ཅི་ལས་དགོངས་ཤེ་ན། དེ་ལྟར་གཟུངས་ཀྱི་དགོངས་པ་ནི། འོད་ཟེར་སྤྲོ་བསྡུ་ཡང་སེམས་ཅན་དབང་པོ་ཉམས་པ་ལ་སོགས་པའི་གང་ཟག་འདི་དག་གི་དོན་དུ་བྱས པའི་ཕྱིར་དང། འོད་ཟེར་སྤྲོ་བསྡུ་དང། བསྙེན་སྒྲུབ་བྱ་བ་ཡང་གང་ཟག་འདི་རྣམས་ཀྱི་དོན་དུ་བྱེད་པ་ཡིན་པའི་ཕྱིར་ན། ལྷའི་སྐུ་བསྒོམས་པ་གསུངས་པའི་རྗེས་ལ། ལྷའི་སྐུ་བསྒོམས་ནས། འོད་ཟེར་སྤྲོ་བསྡུ་དང། བཟླས་བརྗོད་དང་། བསྙེན་སྒྲུབ་གང་གི་དོན་དུ་བྱ་བའི་གང་ཟག་བསྟན་གྱི། བཟླས་བརྗོད་བྱ་བ་དང། བསྙེན་བསྒྲུབ་བྱ་བ་མ་གསུངས་པ་ནི། དེ་ལ་དགོངས་པའོ། །ཡང་ན་ཚིག་ཚོགས་ཆུང་བར་བྱ་བའི་ཕྱིར་རོ། །ང་ནི་འོད་ཟེར་སྤྲོ་བསྡུ་གང་གི་དོན་དུ་བྱ་བའི་འདུལ བྱ་བཤད་པར་བྱ་སྟེ། འོ་ན་སྡིག་པ་ཐམས་ཅད་བྱང་བྱས་ན། སྡུག་བསྔལ་ཐམས་ཅད་མེད་པར་བྱེད་ཅེས་གསུངས་ཏེ། གང་གི་སྡིག་པ་བྱང་བར་བྱས་ནས། སྡུག་བསྔལ་མེད་པར་བྱེད་ཅེ་ན། སེམས་ཅན་དབང་པོ་ཉམས་པ་དང། བྱ་བ ལ་སོགས་པ་དེ་དག་གི་སྡིག་པ་བྱང་ནས། སྡུག་བསྔལ་མེད་པར་བྱེད་དོ། །སེམས་ཅན་ཞེས་པ་ནི་འགྲོ་བ་རིགས་དྲུག་ཐམས་ཅད་དོ། །དབང་པོ་ཞེས་པ་ནི་མིག་ལ་སོགས་པའི་དབང་པོ་དྲུག་དང། དད་པ་ལ་སོགས་པའི་དབང་པོ་ལྔའོ། །ཉམས་པ ཞེས་པ་ནི། གདོན་ཆེན་པོ་བརྒྱད་ལ་སོགས་པས་བྱིན་གྱིས་བརླབས་པའོ། །དེ་ལ་དབང་པོ་དྲུག་ཉམས་པ་ནི། མིག་ཏུ་ལིང་ཐོག་ཞུགས་པ་དང། རྣ་བ་འོན་པ་ལ་སོགས་པའོ། །འོག་མ་ལྔ་ཉམས་པ་ནི། སྔར་དད་པ་ཆེ་བ་ལ། ཕྱིས་ཆུང་བར་སོང བ་དང། སྔར་བརྩོན་འགྲུས་ཆེ་བ་ལ་ཕྱིས་ཆུད་དུ་སོང་བ་དང། སྔར་དྲན་པ་གསལ་བ་ལ་ཕྱིས་བརྗེད་པར་སོང་བ་དང། སྔར་ཏིང་ངེ་འཛིན་བཟང་པོ་ཡོད་པ་ལ། ཕྱིས་ངན་པར་སོང་བ་དང། སྔར་ཤེས་རབ་རྣོན་པོ་ལས། ཕྱིས་ཤེས་རབ་རྟུལ་དུ་སོང་བའོ། དེ་ཚེ་ཐམས་ཅད་ཀྱང་གདོན་གྱིས་བྱས་པར། དཔུང་བཟང་དང། རིག་པ་མཆོག་ལས་གསུངས་སོ། །དེ་ཆོ་གང་ཉམས་ཀྱང་འདིའི་བསྙེན་པ་སྔོན་དུ་སོང་བས། འདིའི་དཀྱིལ་འཁོར་བྱས་ཏེ་ཁྲུས་དང། བྱ་བ་དང། བསྐྲད་པ་དང། བསྲུང་པ་ལ། སོགས་པ་བྱས་ནས་གྲོ་བར་འགྱུར་རོ། །བསྙེན་སྒྲུབ་རྣམ་པ་གཉིས་ནི་འདི་དག་ཐམས་ཅད་ལ་སྦྱར་བར་བྱའོ། །ཚེ་ཟད་པ་དང། ཞེས་པ་ནི། སྔོན་གྱི་རྣམ་སྨིན་གྱིས་ཚེ་ཟད་པ་ལ་ཆོ་ག་འདི་བྱས་ཏེ། བསྐྲད་པ་དང། རྡོ་རྗེས་བྱས་པ་ཙམ་གྱིས་དེའི་ཚེ་ཡོངས་སུ ཟད་པ་ལས་ཀྱང་རྣམ་པར་འཕེལ་ཏེ། རིང་དུ་བདེ་བར་འཚོ་བར་འགྱུར་རོ། །ཚེ་ཉམས་དང་ཞེས་པ་ནི། སྔོན་གྱི་རྣམ་སྨིན་གྱིས་ཚེ་མ་ཟད་ཀྱང་འཕྲལ་གྱི་རྐྱེན་གྱིས་སྲོག་གི་བར་ཆད་དུ་འགྱུར་བ་ལ་ཡང། འདིའི་ཆོ་ག་བྱས་ན་ཚེའི་བར་ཆད་དང། དུས་མ ཡིན་པར་འཆི་བ་བརྒྱད། རྣམ་པ་ཐམས་ཅད་དུ་མི་འབྱུང་ངོ། །འབྱུང་བར་མི་འགྱུར་རོ། དཔེར་ན་སྐམ་པོར་འགྲེ་ལྡོག་ཉ། །ཆུ་དང་བྲལ་བས་འཆི་སྒོར་འགྲོ། ལ་ལས་སླར་ཡང་ཆུ་བོར་ན། །དེ་ན་གནས་ཤིང་ཡང་རྩེའོ། །དེ་བཞིན་དྲན་པ་ཙམ་གྱིས ཀྱང། །མི་རྣམས་ཚེ་ནི་ཟློག་པར་བྱེད་ཅེས་གསུངས་སོ། །ཕུན་སུམ་ཚོགས་པ་ནི། བཀྲ་ཤིས་པ་འམ། བསམ་པ་ཐམས་ཅད་ཡིད་བཞིན་དུ་གྲུབ་པ་སྟེ། དེ་ལས་བཟློག་པ་སྟེ། ཕུན་སུམ་ཚོགས་ན་ཞེས་གསུངས་སོ། །གང་ཆགས་དང་ཞེས་པ་ནི། གང་ཟག་དེའི་རྒྱུད་ལ་བཀྲ་མི་ཤིས་པ་ཐམས་ཅད་དང་ལྡན་པའོ། །ལྷ་རྣམས་ཞེས་པ་ནི། འཇིག་རྟེན་པའི་ལྷ་དང། ཡེ་ཤེས་ཀྱི་ལྷ་དང་པོ་ཡོད་པས་ན་ལྷ་རྣམས་ཞེས་གསུངས་སོ། །རྒྱབ་ཀྱིས་ཕྱོགས་པ་དང་ཞེས་པ་ནི། བདག་ཉིད་ཀྱི་སྐུ་གསུང་ཐུགས ཀྱི་དམ་ཚིག་ཉམས་པའི་དབང་གིས། ལྷ་གཉིས་པོ་དེ་མ་དགྱེས་ཏེ། བདག་ལ་མགོན་སྐྱབས་དང། དཔུང་གཉེན་མི་བྱེད་པ་དང། སྐྱབས་བྱིན་ལ་སོགས་པ་མི་བྱེད་པའོ། །འཇིག་རྟེན་པའི་ལྷ་རྒྱབ་ཀྱིས་ཕྱོགས་པ་ནི། འཕངས པ་སྟེ་བདག་གི་སྟོང་གྲོགས་མི་བྱེད་པའོ། །འཇིག་རྟེན་ལས་འདས་པའི་ལྷ་རྒྱབ་ཀྱི་ཕྱོགས་པ་ནི། དབང་བསྐུར་བའི་དུས་སུ། སློབ་དཔོན་གྱི་སྔགས་དང། ཕྱག་རྒྱ་དང། ཏིང་ངེ་འཛིན་གྱིས། ཡེ་ཤེས་སེམས་དཔའ་བསྟིམས་ནས་བཞག་པ བདག་ཉིད་ཀྱིས་དམ་ཚིག་ཉམས་པའི་དབང་གིས་སྙིང་ཁར་དྲལ་ཏེ་གཤེགས་པའོ། །དེ་ལྟར་གྱུར་ན་ཡང། བདག་ཉིད་ལ་ཁྲུས་ཀྱི་ཆོ་ག་འདི་བྱས་པས། དམ་ཚིག་ཉམས་པ་ལས་སྐོངས་ཏེ། བྱིན་གྱིས་བརླབ་པ་ལ་སོགས་བྱེད་པར་འགྱུར་རོ འཇིག་རྟེན་པའི་ལྷ་རིང་དུ་འཕངས་ཀྱང་ཁུགས་ཏེ། དཔུང་གཉེན་ལ་སོགས་བྱེད་པར་འགྱུར་རོ། །མཛའ་བའི་སྐྱེའོ་ཞེས་པ་ནི། ཕེབས་པར་སྨྲ་བ་འམ། ཡིད་བཅུགས་པ་ལ་སོགས་པ་བྱེད་པའོ། སྡུག་པའི་སྐྱེ་བོ་ཕེབས་པར་སྨྲ་བ་ལ་སོགས་པ མ་ཡིན་གྱི་ཕན་ཚུན་གཅིག་ལ་གཅིག་ཡིད་དུ་འོང་བ་དང། སྙིང་དུ་སྡུག་པའོ། །སྡང་བ་ཞེས་པ་ནི། བདག་ཉིད་ཀྱིས་ཉེས་པ་ཅི་ཡང་མ་བྱས་པར། དེ་གཉིས་བདག་ལ་སྔར་བར་གྱུར་པ་ཡང། གདོན་གྱིས་བྱས་པར་རིག་པ་མཆོག་གི་བརྒྱུད ལས་གསུངས་སོ། །བྲན་སོགས་ཤེས་པ་ནི་རང་གི་འཁོར་དང་གཡོག་ལ་སོགས་པའོ། །བཟའ་ལ་སོགས་ཤེས་པ་རང་གི་བུ་དང་ཆུང་མ་ལ་སོགས་པའོ། །གཅེས་པ་དང་ཞེས་པ་ནི། དེ་ལ་དེ་ཚོ་གནོད་པར་བྱེད་པའོ། །ཕན་ཚུན་མཐུན་པ་མ ཡིན་དང། ཞེས་པ་ནི། སྐྱེ་བོ་ནང་ཕན་ཚུན་གནོད་པ་དང། རྣམ་པར་རྩོད་པའོ། །རྩོད་པ་ནི་ཅིག་དང་ཤགས་འགྱེད་པའོ། །རྣམ་པར་རྩོད་པ་ནི། གཡུལ་བཤམས་ནས་འཐབ་པའོ། །ནོར་འགྲིབ་པས་ནི་གནོད་པ་དང་ཞེས་པ་ནི། བདག ཉིད་སྔར་ཕྱུག་པ་ལས། ཕྱིས་དབུལ་པོར་གྱུར་པ་འམ། ཚོང་བྱས་ཀྱང་ལེགས་པར་མི་འོང་བ་དང། སོ་ནམ་བྱས་ཀྱང་འབྲས་བུ་ལ་སོགས་པ་མང་པོ་མི་འབྱུང་ངོ། །མྱ་ངན་ལས་བྱུང་བའི་གནོད་པ་ཞེས་བྱ་བ་ནི། དཔེར་ན་རྒན་མོ་ཞིག་གི་བུ་གཅིག་པ་ཤི་སྟེ། ཡིད་ལ བུའི་ཁ་དོག་དང། དབྱིབས་ཀྱི་རྣམ་པ་ཡིད་ལ་བྱས་ཤིང། ངག་དུ་བུ་བུ་ཞེས་བརྗོད་པས། བུ་ལ་སེམས་ཟིན་ནས་བུ་ཤི་བའི་གཟུགས་མིག་སྔར་བྱུང་བས། ངའི་བུ་ཁྱེར་བའི་འདྲེ་བྱུང་ངོ་ཟེར་བའི་ལོག་པའི་ཤེས་པ་ལ་བརྟེན་ནས། གདོན་ལ་སོགས་འཇུག་གོ་། ངལ་བ་ལས་བྱུང་བའི་གནོད་པ་དང་ཞེས་པ་ནི། བདག་ཉིད་ཀྱི་ལུས་དང་སེམས་དུབ་པར་གྱུར་ནས་ཡིད་འཕྲུལ་ནས། འདྲེ་ལ་སོགས་པས་ཁྱེར་བ་ཡིན་ནམ་སྙམ་པའི་ལོག་པའི་ཤེས་པ་ལ་བརྟེན་ནས། གདོན་ལ་སོགས་པ་འཇུག་པར་འགྱུར་རོ། །འཇིགས པ་དང་ནི་ཞེས་པ་ནི། སྤྲུལ་དང་གླང་པོ་ཆེའི་འཇིགས་པ་ལ་སོགས་པ་བརྒྱད་ཡོད་དོ། །ཡང་ན་དམྱལ་བའི་འཇིག་རྟེན་མཛའ་ཡས་པ་དང། ཡི་དགས་ཀྱི་འཇིག་རྟེན་མཛའ་ཡས་པ་དང། དུད་འགྲོའི་འཇིག་རྟེན་མཛའ་ཡས་པ་དང། གཤིན་རྗེ་འཇིག རྟེན་མཛའ་ཡས་པ་དང། བགྲོད་དཀའ་ཨི་འཇིག་རྟེན་མཛའ་ཡས་པ་དང། སྐྱེ་བའི་འཇིག་རྟེན་པ་མཛའ་ཡས་པ་དང། ན་བའི་འཇིགས་པ་མཛའ་ཡས་པ་དང། འཆི་བའི་འཇིགས་པ་མཛའ་ཡས་པའོ། །ཕོངས་པ་དང་ཞེས་པ་ནི། བདག་ཉིད་དང་པོ་ནས དབུལ་བར་གྱུར་པའོ། །གཟང་དང་ཞེས་པ་ནི་གཟའ་ཆེན་པོ་རཱ་ཧུ་ལ་ལ་སོགས་པ་བརྒྱད་དོ། །རྒྱུ་སྐར་ཞེས་པ་ནི་སྨིན་དྲུག་ལ་སོགས་ཉི་ཤུ་རྩ་བརྒྱད་དོ། །གཟའ་སྐར་ངན་པ་ལ་ན་བ་དང། ཤི་བ་དང། སྐྱེས་པ་ལ་སོགས་བྱུང་ན། ཡང་འདིའི་ཆོ་ག བྱས་ན་ངེས་པར་ཞི་བར་འགྱུར་རོ། །བྱད་སྟེམས་དང་ཞེས་པ་ནི། ཁྲུལ་འཁོར་ལ་སོགས་པར་བདག་གི་མིང་རུས་ལ་སོགས་པ་བཅུག་པ་འམ། མི་ཟད་གདོན་གྱིས་ཞེས་པ་ནི་ལྷའི་གདོན་ལ་སོགས་པ་གདོན་ཆེན་པོ་བཅོ་བརྒྱད་ལས་དགེ་སློང་དང། རྒྱལ པོ་ལ་འཛིན་པོའི་གདོན་ལ་སོགས་པའི་གདོན་བཞིའོ། །ཉེན་པ་ཞེས་པ་ནི། སེམས་ཅན་གྱི་ལུས་སམ། སེམས་ལ་ཞུགས་པའོ། །མྱ་ངན་ངལ་ནས་བྱུང་བ་ཡི། །རྨི་ལམ་སྡིག་ག་མཐོང་ན་ཡང། ཞེས་པ་ནི། གོང་གི་རང་གི་རྨི ལམ་དུ་བྱུང་བ་སྟེ། རྨི་ལྟས་ངན་པ་སུམ་ཅུ་རྩ་གཉིས་པོ་གང་བྱུང་ཡང་འདིའི་ཆོ་ག་བྱས་ན་བཟློག་གོ་།སྡིག་པ་མཐོང་ན་ཡང་ཞེས་པ་བཀྲ་མི་ཤིས་པའི་མཚན་མ་ལ་སོགས་པ་མཐོང་བའོ། །དེ་ཚོ་གང་བྱུང་ཡང་བཟླས་བརྗོད་བྱས་པའི་སྒོ་ནས། འོད་ཟེར་སྤྲོ་བསྡུ་དང། ཁྲུས་ཀྱི་ཆོ་ག་བྱས་པས། དེ་དག་ཐམས་ཅད་ལས་གྲོལ་བར་འགྱུར་རོ། །དེས་ནི་བསྙེན་སྒྲུབ་གང་གི་དོན་དུ་བྱ་བའི་གདུལ་བྱ་བསྟན་ཏོ། །ད་ནི་བསྙེན་པའི་དུས་ན་སྒྲཝ་ལ་གནས་པའི་བསམ་གཏན་བསྟན་ཏེ། དེ་ལ་གསུམ སྟེ། སྦྱོར་བའི་ཆོ་ག་སྔོན་དུ་བྱ་བ་དང། སྒྲ་ལ་གནས་པའི་བསམ་གཏན་དངོས་དང། དེ་བྱ་བའི་ཕན་ཡོན་ནོ། །དང་པོ་ནི་རབ་བཀྲུས་གཙང་མ་ཡིན་བྱ་བ་དང། གང་དག་ཡིད་དག་སེམས་དྲང་ཞིང། གཙང་མའི་གོས་ཀྱི་རབ་བརྒྱན་ཏ།། བྱ་བའི་ཚིག་རྐང་གསུམ་གྱིས་སོ། །མདོ་སྡེ་དམ་པ་མཉན་པར་བྱ། །ཟབ་མོ་སངས་རྒྱས་སྤྱོད་ཡུལ་བ། །མདོ་སྡེ་འདི་ནི་ཉན་བྱེད་ན། ཞེས་པའི་ཚིག་རྐང་གསུམ་གྱི་ནི་དངོས་གཞི་བསྟན་ཏོ། །མདོ་སྡེ་འདི་ཡི་གཟི་བརྗིད་ཀྱི་ཤེས་པ་ནས། སྡིག་པ ཀུན་ལས་རྣམ་པར་ཐར་ཞེས་པའི་ཚིག་རྐང་བདུན་གྱི་ཕན་ཡོན་བསྟན་ཏོ། །སྔོན་དུ་བྱ་བ་ནི། དེ་ཡང་སུ་སིདྡྷི་ཀ་ར་ལས། །ལུས་དང་ངག་གི་གཙང་སྦྲ་དང། །གསུམ་པ་ཡིད་ཀྱི་གཙང་སྦྲ་སྟེ། །གཞི་པ་བདེན་པར་སྨྲ་བའོ། །ལྔ་པ་ཕྱི་ཡི་གཙང སྦྲར་བཤད་ཅེས་གསུངས་སོ། །དེས་ནི་ཞེས་པས་ནི་སྒྲུབ་པ་པོར་བསྟན་ཏོ། །རབ་བཀྲུས་ཞེས་པ་ནི། ཕྱིའི་གཙང་སྦྲ་སྟེ། ས་དང་ཆུའི་ཁྲུས་དང། འཐོར་འཐུང་ཉེ་རེག་གི་བར་དུའོ། །གཙང་མ་ཞེས་པ་ནི། མི་གཙང་བདག་པའི་གནས་སྐབས་སོ། ཡིད་ཅེས་པ་ནི། དག་པར་བྱས་ནས་སྒྲ་ལ་གནས་པའི་བསམ་གཏན་བ་བྱ་འདིས་མཚོན་ཏེ། ཆོ་ག་ཡན་ལག་དྲུག་གི་ལྷ་བསྐྱེད་པའི་སྔོན་དུ་ཡང། ཁྲུས་དང་གཙང་སྦྲ་ལ་སོགས་པ་བྱའོ། །གང་དག་ཡིད་དགེ་ཞེས་པ་ནི་ཡིད་ཆེས་པའི་དད་པས་ཀུན་ནས་བསླངས ལུས་ངག་ཡིད་གསུམ་གྱི་སྒོ་ནས་སྡིག་པ་ནི་དགེ་བ་མི་བྱེད་པའོ། །སེམས་དང་ཞིང་ཞེས་པ་ནི། དད་པ་རྣམ་པ་གསུམ་ལས་ལས་དང་པའི་དད་པ་སྟེ། བདག་ཉིད་ཀྱི་སེམས་ཉོན་མོངས་པའི་རྙོག་མ་དང་མི་ལྡན་པའོ། །གཙང་མའི་གོས་ཞེས་པ་ནི་སྔགས པས་ཐང་གོས་དཀར་ལ་ཤིན་ཏུ་འཇམ་པ་ལ། དུས་གསུམ་དུ་བཀྲུ་བ་དང། ཡང་གུ་གུལ་གྱི་དུད་པས་བདུག་ཅིང་སྔགས་བཟླས་སོ། །ཡང་ན་བསང་གཏོར་བྱའོ། །དེ་ཡང་སུ་སིདྡྷི་ཀ་ར་ལས། སྔགས་པས་ཐང་གོས་མི་སྤང་ཞིང། །དཀར་ལ་ཤིན་ཏུ འཇམ་པོ་དེ། །ཉིན་གཅིག་བཞིན་དུ་བསང་བར་བྱ་ཞེས་གསུངས་སོ། །རབ་བརྒྱན་ཏེ་ཞེས་པ་ནི། སྔགས་གོས་ཀྱི་སྔགས་པ་ཤིན་ཏུ་མཛེས་པར་བྱས་པའོ། །སྒྲ་ལ་གནས་པའི་བསམ་གཏན་གྱི་སྦྱོར་བའི་ཆོ་གའི་སྔོན་དུ་བྱ་བ་བཤད་ཟིན་ཏོ།། །། ང་ནི་སྒྲ་ལ་གནས་པའི་བསམ་གཏན་གྱི་དངོས་གཞིའི་ཆོ་ག་དངོས་བསྟན་ཏེ། མདོ་སྡེ་ཞེས་པ་ནི། མཚན་ཉིད་མདོར་བསྡུས་ནས་བསྟན་དུ་རུང་བ་དང། གཉེན་པོ་རྣམ་པར་འགལ་བའི་སྒོ་ནས་སྤོངས་བས་ན་མདོ་སྡེའོ། །དམ་པ་ཞེས་པ་ནི། བསྐྱེད་རིམས་གསུམ་ཀ བྱ་བར་འཐད་པས་ན། དམ་པ་ཞེས་གསུངས་སོ། །ཡང་ན་མཚན་ཉིད་ཀྱི་ཐག་པ་ལས་མཆོག་ཏུ་གྱུར་པས་ན། དམ་པ་ཞེས་བྱའོ། །ཇི་ལྟར་མཆོག་ཏུ་གྱུར་ནས་མཚན་ཉིད་ཀྱི་ཐེག་བས་ཁྲུས་དང་གཙང་སྦྲ་དང། དཀའ་ཐུག་ལ་སོགས་པའི སྒོ་ནས་དངོས་གྲུབ་ཀྱང་ཚེ་འདི་ལ་མཁའ་སྤྱོད་ཀྱི་དངོས་གྲུབ་ལ་སོགས་པ་མི་ཐོབ་ལ། གཟུངས་འདིས་ནི་ཚེ་འདིས་མཁའ་སྤྱོད་ལ་སོགས་པའི་དངོས་གྲུབ་ཐོབ་པར་འགྱུར་བས་ན། དམ་པ་ཞེས་གསུངས་སོ། །མཉན་པར་བྱ་ཞེས་པ་ནི་ངག་གི་བརྗོད བྱ་བརྗོད་བྱེད་ཀྱི་ཚིག་སྤངས་ཏེ། བདག་ཉིད་ཀྱི་སེམས་སྒྲ་སྤྱིའི་རྣམ་པར་སྣང་བའོ། །ཟབ་མོ་ཞེས་པ་ནི། སྒྲུབ་པ་པོའི་སྒྲ་ལ་གནས་པའི་བསམ་གཏན་བྱེད་པ་དེ། ཐ་མལ་པའི་སོ་སོའི་སྐྱེ་བོས་མི་རྟོགས་པས་ན་ཟབ་མོ་ཞེས པའོ། །འོ་ན་སྒྲ་ལ་གནས་པའི་བསམ་གཏན་སུས་རྟོགས་ཞེ་ན། སངས་རྒྱས་སྤྱོད་ཡུལ་བ་ཞེས་པ་གསུངས་ཏེ། སངས་རྒྱས་ཉག་གཅིག་ཁོ་ནའི་སྤྱོད་ཡུལ་ཡིན་པས་དེས་མཁྱེན་ཏོ། །མདོ་སྡེ་འདི་ནི་ཉན་བྱེད་ན་ཞེས་པ་ནི་སྒྲ་ལ་གནས་པའི བསམ་གཏན་འདི་བྱེད་ན་ཞེས་པའི་དོན་ཏོ། །སྒྲ་ལ་གནས་པའི་བསམ་གཏན་གྱི་མཚན་ཉིད་བཤད་ཟིན་ཏོ། །ད་ནི་སྒྲ་ལ་གནས་པའི་བསམ་གཏན་གྱི་ཕན་ཡོན་བཤད་པར་བྱ་སྟེ། མདོ་སྡེ་འདིའི་གཟི་བརྗིད་ཀྱིས་ཞེས་པ་ནི། སྒྲ་ལ་གནས པའི་བསམ་གཏན་གྱིས་ཕན་ཡོན་གྱིས་ཞེས་པའི་དོན་ཏོ། །སྲོག་ཆགས་དག་ནི་ཐམས་ཅད་ཀྱིས་ཤེས་པ་མི་འགྲོ་བའི་རིས་ལྔའོ། །མི་ཟད་པའི་ནད་རྣམས་ཀུན་ཞེས་པ་ནི། མཛའ་ཨི་ནང་ལ་སོགས་པའོ། །དེ་དག་ཐམས་ཅད་ཞི་བར་ལྷ་ཞེས་པ་ནི། མི་ཟད་པའི་ནང་ཆེན་པོ་ལས་ཐར་པར་བྱེད། ཅེས་པའི་དོན་ཏོ། །ཚེ་དང་བསོད་ནམས་འཕེལ་བར་འགྱུར་ཞེས་པ་ནི་སྔོན་གྱི་རྣམ་པར་སྨིན་པ་ལས་ཆེ་སླར་ནུར་ཏེ་རིང་པོར་ཐུབ་པའོ། །དཔེར་ན་བཅུད་ལེན་གྱི་སྨན་སྦྱོར་ལྟ་བུའོ། །བསོད་ནམས་འཕེལ བར་འགྱུར་ཞེས་པ་ནི། བདག་གི་ཕུན་སུམ་ཚོགས་པ་ཐམས་ཅད་རྒྱས་པར་འགྱུར་པའོ། །དཔེར་ན་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ལ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་གླེགས་བམ་དུ་འབྲི་འམ། བྲིས་ནས་འཛིན་ཏམ། འཆད་དམ། གློག་གམ། ཀུན ཆུབ་པར་བྱེད་པ་ལ་སོགས་པ་བྱས་ནས་མེ་ཏོག་ལ་སོགས་པས་མཆོད་པ་དང། རིམ་གྲོ་ལ་སོགས་པ་བྱས་ན། དེ་དང་དེའི་བསོད་ནམས་འཕེལ་བར་འགྱུར་བ་ལྟ་བུ་འམ། ས་ཆེན་པོ་ལ་ས་བོན་བཏབ་ནས་རྒྱུ་རྐྱེན་ཚོགས་པར་གྱུར་ནས། རྣམ པར་འཕེལ་བར་འགྱུར་བ་ལྟ་བུའོ། །སྡིག་པ་ཀུན་ལས་རྣམ་པར་ཐར་ཞེས་པ་ནི། ཡིད་དུ་མི་འོང་བ་ཐམས་ཅད་མི་འབྱུང་བའོ། །ཡང་ན་མི་དགེ་བ་བཅུ་དང། ལས་ཀྱི་སྒྲིབ་པ་གདོན་མི་ཟ་བར་མྱོང་མི་འགྱུར་བ་ཐམས་ཅད་སྤངས་པའོ། །དཔེར་ན་མི་དགེ་བ་བཅུ སྤངས་ནས། དགེ་བ་བཅུ་སྤྱོད་པའི་གང་ཟག་ལྟ་བུའོ། །སྒྲ་ལ་གནས་པའི་བསམ་གཏན་བྱ་བར་འདོད་ན། བསམ་གཏན་གྱི་ཕྱི་མ་ལས་ཀྱང། གསང་སྔགས་ལ་གནས་དངོས་གྲུབ་སྟེར། །སྒྲ་གནས་རྣལ་འབྱོར་སྟེར་བར་དྲན། །སྒྲ་མཐར་ཐར་པ་སྟེར་བ་ཉིད གསུམ་པ་ཡིན་ཞེས་གསུངས་སོ། །སྒྲ་ལ་གནས་པའི་བསམ་གཏན་ནི། །བདག་ཉིད་ལྷར་སྐྱེད་པ་མི་དམིགས་པར་བསམས་ལ་བདེ་བའི་རྗེས་ལ། བདག་ཉིད་ཀྱི་སེམས་སྟོང་པ་ཉིད་ཀྱི་ངང་ལས། ནམ་མཁའ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་ན། གཟུངས་སྔགས་ལ་སོགས་པ་དཀར་ཤར་རེ་ཡོད་པར་བསམ་ལ། ཡི་གེ་དེའི་འོད་ཟེར་མེ་འབར་བ་ལྟ་བུར་བསམས་ཏེ། ཕྱི་ནས་དེ་ཚོ་ཡང་མི་དམིགས་པར་བསམས་ལ། བདག་ཉིད་ཀྱི་སེམས་ན་མོ་རཏན་ཏྲ་ཡཱ་ཡ་བྱ་བ་ནས། ཨ་མྲི་ཏ་ཧཱུཾ་ཕཊ་བྱ་བའི བར་དུ་ཡི་གེའི་རང་སྒྲ་སྒྲོགས་པ་དེ་ཡང་དཔེར་ན་དྲིལ་བུའི་སྒྲ་དང་འདྲ་བར་རྒྱུན་མ་ཆད་པར་བདག་ཉིད་ཀྱི་སེམས་སྒྲའི་སྤྱིའི་རྣམ་པར་གྲག་པར་བསམ་མོ། །དེ་ནི་སྒྲ་ལ་གནས་པའི་བསམ་གཏན་ནོ། །དེ་མི་བྱེད་ན་དམིགས་པ་གསུམ་གྱིས་བྱ་བ་འམ ཡན་ལག་བཞིས་བྱས་ཏེ། དམིགས་པ་གསུམ་ནི། སྒྲ་དང་སེམས་དང་གཞི་ལ་གཞོལ། །གསང་སྔགས་ཡི་གེ་གཞི་ལ་གནས། ཞེས་བསམ་གཏན་ཕྱི་མ་ལས་གསུངས་སོ། །གསང་སྔགས་ཀྱི་ཡི་གེ་དང། དེའི་གདན་ཟླ་བའི་དཀྱིལ་འཁོར་དང། དེ་བཞིན་གཤེགས་པའི་སྐུའོ། །དང་པོ་ནི་གཟུགས་ལ་དམིགས། དེ་ནས་ཟླ་བའི་དཀྱིལ་འཁོར་ལ་དམིགས། དེ་ནས་བཅོམ་ལྡན་འདས་ལ་དམིགས་སོ། །ཡན་ལག་བཞི་ནི། བཅོམ་ལྡན་འདས་བུམ་པའི་ནང་ན་བཞུགས་པ་དང། བདག་ཉིད ལྷ་རུ་བསྐྱེད་པ་དང། དེ་གཉིས་ཀྱི་ཐུགས་ཀ་ནས་ཟླ་བའི་དཀྱིལ་འཁོར་རེ་རེ་ཡོད་པ་དང། དེའི་སྟེང་ན་གཟུངས་རིངས་སམ། ཡང་སྙིང་ངམ། རིགས་ཀྱི་སྙིང་པོ་གང་རུང་གནས་པར་བསམ་མོ། །འོ་ན་ལྷ་ནི་གཉིས་སུ་བཤད ལ། སྔགས་དང། ཟླ་བ་གཉིས་གཉིས་གཉིས་སུ་མི་འཆད་པ་ཅིའི་ཕྱིར་ཞེ་ན་ནང་དུ་བསྡུས་ཙམ་ན་གསུམ་ལས་མེད་པས་དེ་རུ་ཡང་འདྲ་གསུངས་སོ། །ཡང་ན་སྔགས་དང་བཟླས་པ་གཉིས་ནི་རིགས་མི་མཐུན་ཡང། རྣམ་པར་བཅད་པའི ལྡོག་པ་ཚུངས་པ་ཡང་སྲིད་པས་ན། ལྷ་ལ་གཉིས་སུ་བཤད་པ་སྔགས་དང་བཟླ་བ་གཉིས་ལ་རིགས་འདྲ་བས་རེ་རེར་མ་བཤད་དོ། །བཟླས་བརྗོད་བྱེད་པའི་ཟློས་ལུགས་ནི་གཉིས་ཏེ། རྡོ་རྗེའི་ཚིག་གམ། ཤུབ་བུའི་སྦྱོར་བས་ཧ་ཅང་མི་ངལ་མི་མྱུར་བར། སྔགས་ཀྱི་ཡི་གེ་བརྗོད་ཅིང་བཟླས་བརྗོད་བྱའོ། །དེ་གཉིས་ཀྱི་གྲངས་ནི། གཙོ་འཁོར་ཡོད་ན། གཙོ་བོ་ལ་འབུམ་ཕྲག་གཅིག་།འཁོར་རྣམས་ལ་ཁྲི་ཕྲག་རེ་རེ་བྱའོ། །ཡི་གེའི་གྲངས་ཀྱིས་བྱེད་ན་བཅོ་ལྔ་མན་ཆད་ཀྱི་ཡི་གེ་རེ་རེ་ཞིང་འབུམ་ཕྲག་རེ་བྱེད་དོ། བཅུ་དྲུག་ཡན་ཆད་ནས། སུམ་ཅུ་རྩ་གཉིས་མན་ཆད་ལ་ནི། འབུམ་ཕྲག་གསུམ་བྱའོ། །དེ་ཡན་ཆད་ལ་ནི་འབུམ་ཕྲག་གསུམ་བྱའོ་གསུངས་སོ། །འདིར་ནི་བཅོམ་ལྡན་འདས་རྡོ་རྗེ་རྣམ་པར་འཇོམས་པ། སྒྲ་ལ་གནས་པའི་བསམ་གཏན་ལ་མཆོག་ཏུ མཉེས་པས། བསྙེན་པའི་དུས་སུ་དེ་བྱའོ། །བུམ་པ་ལ་བྱེད་ན་གཅིག་བྱའོ། །བསྙེན་པ་དང་སྒྲུབ་པའི་བར་དུ་བཟླས་བརྗོད་བྱེད་པ་ནི་གཉིས་ཀའི་ཤེས་པར་བྱའོ། །ད་ནི་སྒྲུབ་པའི་ཆོ་ག་བསྟན་ཏེ། འོ་ན་སྒྲུབ་པའི་ཆོ་ག་བསྟན་ཏེ། འོ་ན་སྒྲུབ་པའི་ལུགས་ཀྱིས དཀྱིལ་འཁོར་གྱིས་ཆོ་ག་དགོས་པ་ཡིན་ན་བྱེ་བྲག་གི་རྒྱུད་འདི་རུ་དཀྱིལ་འཁོར་གྱི་ཆོ་ག་མི་སྟོན་པ་ཅིའི་སླད་དུ་ཞེ་ན། བུམ་པའི་ཆོ་ག་ནི་དཀྱིལ་འཁོར་ལ་རག་ལས་པ་ཡིན་པས། དེ་བསྟན་པས་དཀྱིལ་འཁོར་ཡང་ཤུགས་ཀྱིས་ཤེས་པ་ཡིན་ནོ། བུམ་པའི་ཆོ་ག་ནི་དཀྱིལ་འཁོར་ལ་རག་ལས་པས་ནི། དཔུང་བཟང་གྱི་རྒྱུད་ལས་གསུངས་ཏེ། དཀྱིལ་འཁོར་འཁོར་ཡུག་བུམ་པ་བཞག་པར་བྱ་ཞེས་གསུངས་པ་དང། བུམ་པ་བརྒྱད་ཡོད་ན་བུམ་པ་སྒོ་བཞིའི་ལོགས་སུ་བཞག་པ་དང། བཅུ་གཉིས་ཡོད་ན་ཟུར་བཞིར་ཡང བཞག་གསུང་ངོ། །གསང་བ་སྤྱི་རྒྱུད་ལས་ཀྱང། སྒྲ་དང་སྒོ་ནི་མ་ལུས་བར། །བུམ་པ་དག་ཀྱང་བཞག་ནས་ནི། །བར་སྒོ་ཆེན་པོར་གཉིས་གཉིས་ཤིག་།ཁྱད་པར་དུ་ནི་བཞག་པར་བྱ། །བུམ་པ་གཅིག་ནི་ཕྱི་སྒོ་ཡི། །དྲུང་དུ་མངོན་པར་བཞག་པ་བྱ་ཞེས གསུངས་སོ། །འོ་ན་འདི་རུ་དཀྱིལ་འཁོར་བསྟན་ལ་བུམ་པའི་ཆོ་ག་སྤྱི་རྒྱུད་དུ་ཁ་མི་སྐད་བ་ཅིའི་ཕྱིར་ཞེ་ན། དེ་ནི་མི་འདྲ་སྟེ། དཀྱིལ་འཁོར་གྱི་ཆོ་ག་དང་བྲི་བ་ཙམ་དུ་ཁྱད་མེད་ལ། བུམ་པའི་ཆོ་ག་ལ་ནི་བྱེ་བྲག་ཡོད་པས། །རྡོ་རྗེ་རྣམ་པར་འཇོམས་པའི་བུམ པའི་རྫས་ཐུན་མོངས་མ་ཡིན་པ་དགོས་ཏེ། ཡུངས་ཀར་དང། རྩཝ་དུརྦ་དང། རྡོ་རྗེ་ཕ་ཡམ་དང་མེ་ཏོག་དམར་པོའི་ཕྲེང་བ་རྣམས་སོ། །དེ་ནས་དཀྱིལ་འཁོར་གྱི་ཆོ་ག་ལ་ནི་ཁྱད་པར་མེད་པས་འདིར་མ་གསུངས་ཏེ། རྡོ་རྗེ་རིགས་ཀྱི་སྤྱི་རྒྱུད་ལས་ཤེས་པར་བྱའོ། བུམ་པའི་ཆོ་ག་ལ་ནི་བྱེ་བྲག་ཡོད་པས་འདིར་གསུངས་སོ། །དེས་ན་དཀྱིལ་འཁོར་འདིར་མ་བསྟན་པ་ལ་འགལ་བ་མེད་དོ། །ད་ནི་སྒྲུབ་པའི་དུས་ན་བུམ་པའི་མཚན་ཉིད་བཟླས་བརྗོད་ཀྱི་གྲངས་ངེས་པར་ཁྲུས་བྱ་བ་དང་བཅས་པ་བསྟན་པ་ལ་གསུམ་སྟེ། བུམ་པ་རྫས དང་བཅས་པའི་མཚན་ཉིད་བསྟན་པ་དང། དེ་ལ་བཟླས་བརྗོད་ཇི་ལྟར་བྱ་བའི་གྲངས་བསྟན་པ་དང། གདུལ་བྱ་ཉེ་བར་མཚོན་པ་དང་བཅས་པར་བསྟན་པའོ། །དེ་ལ་དང་པོར་བུམ་པའི་མཚན་ཉིད་བཤད་དེ། ནོར་བུ་ཞེས་པ་ནི་སྤྱིའི་མིང་དུ་སྨོས་ཏེ། བྱེ བྲག་དུ་མ་ཕྱེ་བ་དང། ཨཻནྡྲ་ནཱི་ལ་དང། པདྨ་རཱ་ག་ལ་སོགས་པའོ། །ཡུངས་ཀར་ཞེས་པ་ནི་བུམ་པའི་ཁ་ཆོད་པའི་དོན་དུ་གསེར་ལ་སོགས་པའི་སྣོད་གཙང་མའི་ནང་དུ། ཡུངས་ཀར་བླུགས་པའི་གཙང་མ་འཇོམས་པའི་དོན་ཏོ། །ཡུངས་ཀར་དེ རྣམས་ཀྱང་རྡོ་རྗེ་རྩེ་གཅིག་པར་བསམ་པ་འམ། ཡང་ན་ཁྲོ་བོ་རེ་རེ་བསམ་མོ། །དཱུརྦ་ཞེས་པ་ནི་མགུལ་ཆིངས་ཀྱིས་བཅིངས་པའི་སྣ་ལ་མདུད་པ་རྒྱབ་པ་དང། བའི་ལྕི་བས་རྒྱས་བཏབ་པའི་ཚུལ་དུ་སྨན་ལ་དེའི་སྟེང་དུ་རྩ་དུརྦ་ཉག་མ བདུན་བཙུགས་ཏེ། བགེགས་ལ་སོགས་པ་མི་འཇུག་པའི་དོན་དུའོ། །རིན་ཆེན་ཞེས་པ་ནི་ལྔ་སྟེ་རིན་པོ་ཆེ་དང། བྱི་རུ་དང་གསེར་ས་ལེ་སྦྲམ་དང། མུ་ཏིག་དང་ཤེལ་ལོ། །རྦ་མེད་ཅེས་པ་ནི་གས་ཆག་མེད་ཅིང་རྒྱན་གྱི་བྱ་བ་བྱེད་ནུས་པའོ། །ཙན་དན་ཞེས པ་ནི་དྲི་ལྔ་སྟེ། ཙན་དན་དང། ག་བུར་དང། གུར་གུམ་དང། ཛཾ་ཏེ་ཕ་ལ་དང། གླ་རྩི་ཡང་བླ་མ་ན་རོ་གཞུག་གསུང། ཀྲི་ཡ་ལས་ནི་སྲོག་ཆགས་ཡན་ལག་འབྱུང་མི་ཤིས་ཞེས་གསུངས་སོ། །ཀླུ་གནོད་ན་གླ་རྩི་བཅུག་ན་ནུས་པ་འབྱུང་གསུང་ངོ། །བཅས ཞེས་པ་ནི། སྨན་ལྔ་དང། འབྲུ་ལྔ་དང། སྙིང་པོ་ལྔ་བསྡུས་ཏེ། སྨན་ལྔ་ནི། བྱང་ཀྲི་དང། སེང་ཀྲི་དང། གི་ལི་གརྞི་ཀ་དང། ཧ་ས་དང། ཧ་ས་དེ་བའོ། །འབྲུ་ལྔ་ནི། འབྲས་ཀྱི་སོ་བ་དང། མོན་སྲན་གྲེའུ་དང། ནས་དང། གྲོ་དང། ཏིལ་དང་ལྔའོ། །སྙིང པོ་ལྔ་ནི། སའི་སྙིང་པོ་ཏིལ་དང་ཆུའི་སྙིང་པོ་ལན་ཚ་དང། རྩི་ཐོག་གི་སྙིང་པོ་མར་དང། ཤིང་ཏོག་གི་སྙིང་པོ་བུ་རམ་དང། མེ་ཏོག་གི་སྙིང་པོ་སྦྲང་རྩིའོ། །ཤེལ་དང་ཞེས་བྱ་བ་ནི་དངོས་སོ། །རྡོ་རྗེ་ཞེས་པ་ནི་རིན་པོ་ཆེ་ཕ་ལམ་མོ། །དེ་མེད་ན ཤེལ་ཀུན་ནས་ལྕིམ་ཤོག་ཟུར་གསུམ་བརྒྱད་པ་ཅིག་གཞུག་གསུང་ངོ། །མེ་ཏོག་ཅེས་པ་ནི་མེ་ཏོག་དམར་པོ་དྲི་ཞིམ་པོ་ལ་ཕྲེང་བ་བྱས་ལ་བུམ་པའི་མགུལ་ལ་བརྒྱན་པར་བྱའོ། །ཆུ་ཡིས་ཞེས་པ་ནི་བླངས་པའི་ཆུ་གཙང་མ་སྲོག་ཆགས་མེད་པར དགང་བའོ། །དྲི་ཞིམ་པོའི་ཆུ་ཡང་བླུག་གོ་།གསེར་རམ་ཡང་ན་ནི། དངུལ་གྱི་བུམ་པ་ཞེས་པ་ནི་བུམ་པའི་རྒྱུ་བསྟན་པའོ། །ཚད་ལ་སོགས་པ་ནི་ཁྲུས་ཀྱི་ཆོ་གར་ཤེས་པར་བྱའོ། །དག་ཅེས་པ་ནི་ཟངས་ལ་སོགས་པ་བསྟན་ནོ། །ཀྱང་ཞེས་པ་ནི བསྡུ་བའི་དོན་ཏོ། །དབུལ་པོ་རྣམས་ཀྱིས་མི་རྙེད་པས། །རྫ་ལ་སོགས་པའི་བུམ་པ་སོ་བཏང་བའི་ཉེས་པ་ནག་པོར་རི་མེད་པ་དང། དཀྱིལ་འཁོར་གཞན་དུ་ལོངས་མ་སྤྱད་པ་ལ་བྱའོ། །གཙང་མའི་གོས་ཀྱིས་བཀྲི་ཞིང་ཞེས་པ་ནི་མགུལ་པ་བཀྲི་བ་སྟེ། རས་ཁ་ཚར་དང་ཕུན ཚར་མ་ཉམས་པ། གཞན་དུ་ལོངས་མ་སྤྱད་མ་མི་གཙང་པས་མ་སྤགས་པའི་རས་དཀར་བོའོ། །བོ་དྷི་སཏྭ་ས་ནི། འདིའི་འགྲེལ་པ་ཕྱི་མ་ལས་སྲོག་ཆགས་ཀྱི་རྒྱུད་ལས་མ་བྱུང་བ་ལས་གཙང་མ་ཞེས་བྱའོ། །ཞེས་བཤད་དོ། །ཞེས་པ་ནི་རྫས་དེ་རྣམས་ཀྱི་བུམ་པའི ནང་དག་ཏུའོ། །དེས་ནི་རྒྱུ་དང། རྫས་དང་མཚན་ཉིད་བསྟན་ཏོ། །ད་ནི་སྒྲུབ་པའི་དུས་ཀྱི་བཟླས་བརྗོད་བྱ་བའི་གྲངས་ཀྱི་ཚད་བསྟན་པ་ནི། གཟུངས་རིངས་ཉི་ཤུ་རྩ་གཅིག་བྱ། ཡང་སྙིང་ངམ། རིགས་ཀྱི་སྙིང་པོ་བརྒྱ་རྩ་བརྒྱད་ཟློས་པས་ན། ལན་གྲངས་ཉི་ཤུ་རྩ གཅིག་གམ། ཡང་ན་ལན་གྲངས་བརྒྱ་རྩ་བརྒྱད་ཅེས་གསུངས་སོ། །ཐུན་མཚམས་སུ་འམ། བུམ་པ་རེ་རེ་ལ་གྲངས་འདི་ཙམ་རེ་རེ་བྱའོ། །དེས་ནི་བཟླས་བརྗོད་བྱ་བ་བསྟན་ཏོ། །ད་ནི་གདུལ་བྱ་ཉེ་བར་མཚོན་པ་བསྟན་ཏེ། རྡོ་རྗེ་རྣམ་འཇོམས་བཟླས་ན་ནི། བཟླས་བརྗོད་བྱ་བའི་འོག་ཏུ་ཁྲུས་ཀྱི་གང་ཟག་བསྟན་པའི་དོན་ཏོ། །རྒྱལ་པོ་ཞེས་བྱ་བའི་རིགས་བྱེ་བྲག་ཏུ་ཤེས་པར་བྱའོ། །རྟག་ཏུ་ཞེས་པ་ནི་དུས་ཐམས་ཅད་དུ་འམ། ཉིན་དང་མཚན་ཐམས་ཅད་དུའོ། །རྒྱལ་པོ་ཞེས་པ་ནི་ཁྲུས་བྱ་བའི་གང་ཟག མཚན་པ་ཙམ་དུ་ཟད་དེ། རིགས་བྱིན་པོ་གསུམ་ལ་ཡང་བྱའོ། །འོ་ན་རིགས་བཞི་ག་ལ་བྱེད་ན། འདིར་རྒྱལ་པོ་གཅིག་ཏུ་སྨོས་པ་ཅིའི་སླད་དུ་ཞེ་ན། དེ་ནི་གཙོ་བོ་ཙམ་སྨོས་པ་ཡིན་ཏེ། དེ་བདེ་ན་ཐམས་ཅད་བདེ་བར་འགྱུར། དེ་སྡུག་བསྔལ་ན་ཐམས་ཅད སྡུག་བསྔལ་བར་འགྱུར་རོ། །དེའི་ཕྱིར་གཙོ་བོ་ཙམ་སྨོས་སོ་ཞེས་གསུངས་སོ། །དེས་ནི་རྡོ་རྗེ་རྣམ་པར་འཇོམས་པའི་དོན་མ་ལུས་པར་རྒྱས་པར་བཤད་པའོ། །རྡོ་རྗེ་རྣམ་པར་འཇོམས་པའི་འགྲེལ་པ་འདི་བྱས་པས། དེ་རང་བདག་གིས་དགེ་བ་གང ཞིག་ཐོབ་པར་གྱུར་པ། ཟླ་འོད་གསལ་དང་མུ་ཏིག་དོ་ཤལ་དྲི་མེད་དཀར་པོ་འདྲ་བ་དེས། །ཉོན་མོངས་མི་ཤེས་སྒྲིབ་པའི་བློ་བུར་གྱུར་པ་སྤང་ཕྱིར་སེམས་ཅན་བྱང་ཆུབ་ཡིད་གྱུར་ཅིག་།ཡང་དག་རྟོགས་པའི་གཏམ་འདི་ཡེ་ཤེས རྡོ་རྗེས་སྨྲས་པས་སེམས་ཅན་རྣམས་ཀྱིས་ཉོན། །རྡོ་རྗེ་རྣམ་པར་འཇོམས་པའི་གཟུངས་ཞེས་བྱ་བའི་རིམ་པར་ཕྱེ་བ། རྒྱ་ཆེར་འགྲེལ་པ་གསལ་བའི་སྒྲོན་མེ་ཞེས་བྱ་བ་སློབ་དཔོན་ཡེ་ཤེས་རྡོ་རྗེས་མཛད་པ་རྫོགས་སོ།། །།དབང་ཕྱུག དམ་པའི་མངའ་བདག་། རྒྱལ་པོ་ཆེན་པོ་དཔལ་ལྷ་བཙན་པོའི་བཀའ་ལུང་གིས། རྒྱ་གར་གྱི་མཁན་པོ་ཆེན་པོ་ཐེག་པ་ཆེན་པོ་གསང་སྔགས་ལ་མཁས་པ། སློབ་དཔོན་བུདྡྷཱ་གུ་ཧཡ་དང། བོད་ཀྱི་ཞུ་ཆེན་གྱི་ལོཙྪ་བ་བནདེ་སྐ་བ་དཔལ བརྩེགས་རཀྵི་ཏས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ་ལས། སླད་ཀྱིས་རྒྱ་བར་གྱི་མཁན་པོ་ཆེན་པོ། ཤདྡྷ་ཀ་ར་བརྦ་དང། བོད་ཀྱི་ལོ་ཙཱ་བ་མཁས་པ་ཆེན་པོ་རིན་ཆེན་བཟང་པོས་རྒྱ་དཔེ་དང་གཏུགས་ནས་བཅས་སོ། །རྫོགས་སོ།། །། (ཀུན་ནས་སྒོར་འཇུག་པའི་འོད་ཟེར་གཙུག་ཏོར་དྲི་མ་མེད་པའི་གཟུངས་ཀྱི་འགྲེལ་པ་བཞུགས་སོ།

CLOSE WINDOW