CLOSE WINDOW

H770: སྟོང་ཆེན་མོ་རབ་ཏུ་འཇོམས་པ་ལས་གསུངས་པའི་སྨོན་ལམ་
Wyliee-texts based on the ACIP/ALL Input

གསང་བའི་སྙིང་པོའོ། །སྔགས་སྙིང་བཞི་འབྱུང་བ་དང་། སྨོན་ལམ་དང་། ཚིགས་སུ་བཅད་པ་དང་། སྔགས་སུ་བཅད་པ་རྫོགས་སོ།། །།དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །འཇིག་རྟེན་འདིའམ་གང་དག་འདས་པ་དང་། །མཐོ་རིས་དག་ན་རིན་ཆེན་མཆོག་ཡོད་པ། །དེ་བཞིན་གཤེགས་པ་ལྷ་ཡི་ལྷར་གྱུར་བ། །མི་ཡི་མཆོག་དང་འདིར་ནི་མཚུངས་པ་མེད། །དེ་བས་འདིར་ནི་རིན་ཆེན་མཆོག་ཏུ་གསུངས། །བདེན་པ་དེ་ཡིས་འདིར་ནི་དགེ་བར་ཤོག་།ཟད་པ་ཆགས་བྲལ་བདུད་རྩི་འདུས་མ་བྱས། །ཤེས་པས་ཤཱཀྱ་ཐུབ་དེས་རབ་ཏུ་ཕྱེ། །བདུད་རྩི་ཞི་བ་འདུས་བྱས་མ་ཡིན་པ། །ཆོས་དེ་དང་ནི་མཚུངས་པ་གང་ཡང་མེད། །དེ་བས་འདིས་ནི་རིན་ཆེན་མཆོག་ཏུ་གསུངས། །བདེན་པ་དེ་ཡིས་འདིར་ནི་དགེ་བར་ཤོག་། མཆོག་ཏུ་གང་འདོད་ཚུལ་བཞིན་རབ་བསྟན་པ། །སྟོན་པའི་རྣལ་འབྱོར་བླ་མེད་རྟག་སྒྲུབ་པ། །རྡོ་རྗེ་ལྟ་བུའི་མིག་གཉིས་ལམ་མཐོང་བ། །ཏིང་འཛིན་དེ་དང་མཉམ་པ་ཡོད་མ་ཡིན། །དེ་བས་འདི་ནི་རིན་ཆེན་མཆོག་ཏུ་གསུངས། །བདེན་པ་དེ་ཡིས་འདིར་ནི་དགེ་བར་ཤོག་།གང་ཟག་ཆེན་པོ་བརྒྱད་པོ་རབ་བསྔགས་ཤིང་། །གང་ཟག་ཟུང་བཞིར་བརྗོད་པ་དེ་དག་ནི། །དང་སོང་ཆེན་པོ་གང་ཟག་མཚུངས་མེད་པ། །བདེ་བར་གཤེགས་པས་སྦྱིན་པའི་གནས་ཞེས་གསུངས། །དེ་ལ་བྱིན་ན་འབྲས་བུ་ཆེར་འགྱུར་ཏེ། །ཞིང་རབ་གཤིན་ལ་ས་བོན་བཏབ་པ་བཞིན། །འདི་ནི་དགེ་འདུན་རིན་ཆེན་མཆོག་ཏུ་གསུངས། །བདེན་པ་དེ་ཡིས་འདིར་ནི་དགེ་བར་ཤོག་།གང་དག་བསྟན་པའི་ཡིད་ཀྱིས་རབ་བརྩོན་ཞིང་། །གོ་ཏ་མ་ཡི་བསྟན་ལ་འཇུག་བྱེད་པ། །དེ་དག་ཐོབ་ནས་བདུད་རྩི་འཇུག་ཐོབ་སྟེ། །མུན་པ་བསལ་ནས་མྱ་ངན་འདས་ཐོབ་པ། །དེ་བས་དགེ་འདུན་རིན་ཆེན་མཆོག་ཏུ་གསུངས། །བདེན་པ་དེ་ཡིས་འདིར་ནི་དགེ་བར་ཤོག་། ལྟ་བ་འདི་ལ་སྦྱར་མ་ཐག་ཏུ་ནི། །འཇིག་ཚོགས་ལྟ་དང་ཚུལ་ཁྲིམས་བརྟུལ་ཞུགས་དང་། །ཐེ་ཚོམ་དང་ནི་ཉོན་མོངས་གསུམ་པོ་དག་།གཅིག་ཆར་སྤངས་ཏེ་འཕགས་པའི་བདེན་མཐོང་བ། །དེས་ན་དགེ་འདུན་རིན་ཆེན་མཆོག་ཏུ་གསུངས། །བདེན་པ་དེ་ཡིས་འདིར་ནི་དགེ་བར་ཤོག་།ལུས་སམ་ངག་གམ་འོན་ཏེ་ཡིད་ཀྱིས་ཀྱང་། །སྡིག་པ་རྣམ་གསུམ་ནམ་ཡང་མི་བྱེད་ཅིང་། །གློ་བུར་བྱས་ནའང་འཆང་པར་མི་བྱེད་པ། །དེ་ལྟར་དེ་དག་ལྟ་བས་འཛིན་མི་བྱེད། །དེ་བས་དགེ་འདུན་རིན་ཆེན་མཆོག་ཏུ་གསུངས། །བདེན་པ་དེ་ཡིས་འདིར་ནི་དགེ་བར་ཤོག་། ཅི་ལྟང་དབང་པོའི་སྡོང་པོ་སར་བཙུགས་པ། །ཕྱོགས་བཞིའི་རླུང་རྣམས་ཀྱིས་ནི་མི་གཡོ་ལྟར། །འཕགས་པའི་ལམ་གྱི་དམ་པ་མཐོང་བ་ཡི། །གང་ཟག་འཕགས་པའི་དགེ་འདུན་དེ་བཞིན་ནོ། །དེས་ན་དགེ་འདུན་རིན་ཆེན་མཆོག་ཏུ་གསུངས། །བདེན་པ་དེ་ཡིས་འདིར་ནི་དགེ་བར་ཤོག་།ཤེས་རབ་ཟབ་མོས་ཤིན་ཏུ་བསྟན་པ་ཡི། །འཕགས་པའི་བདེན་པ་སུ་དག་རྣམ་སྒོམ་ཞིང་། །ལུས་ཀྱང་སྦྱིན་པར་ཡིད་ལ་བྱས་པ་ནི། །དེ་དག་འཇིགས་པ་བརྒྱད་དང་ཕྲད་མི་འགྱུར། །དེས་ན་དགེ་འདུན་རིན་ཆེན་མཆོག་ཏུ་གསུངས། ། བདེན་པ་དེ་ཡིས་འདིར་ནི་དགེ་བར་ཤོག་།ཅི་ལྟར་མེ་ནི་རླུང་གི་རབ་གཏོར་བ། །ལག་ཏུ་བླངས་ཏེ་བགྲང་དུ་མེད་པ་ཉིད། །དེ་ལྟར་ཀུན་ཏུ་སྦྱོར་བ་རབ་བཏང་བ། །སངས་རྒྱས་སྲས་རྣམས་བསྟན་དུ་མེད་པར་འགྲོ་། དེས་ན་དགེ་འདུན་རིན་ཆེན་མཆོག་ཏུ་གསུངས། །བདེན་བ་དེ་ཡིས་འདིར་ནི་དགེ་བར་ཤོག་།སེམས་ཅན་གང་དག་འགྲོ་དང་མི་འགྲོ་བ། །དེ་དག་ཐམས་ཅད་འདིར་ནི་བདེར་གྱུར་ཅིག་། སྟོན་མཆོག་ལྷ་དང་མིས་ནི་མཆོད་འོས་པ། །སངས་རྒྱས་ཕྱག་འཚལ་དེང་འདིར་དགེ་བར་ཤོག་།སེམས་ཅན་གང་དག་འགྲོ་དང་མི་འགྲོ་བ། །དེ་དག་ཐམས་ཅད་འདིར་ནི་བདེར་གྱུར་ཅིག་། ཞི་བ་ཆགས་བྲལ་ལྷ་མིས་མཆོད་འོས་པ། །ཆོས་ལ་ཕྱག་འཚལ་དེང་འདིར་དགེ་བར་ཤོག་།སེམས་ཅན་གང་དག་འགྲོ་དང་མི་འགྲོ་བ། །དེ་དག་ཐམས་ཅད་འདིར་ནི་བདེར་གྱུར་ཅིག་། ཚོགས་ཀྱི་དམ་པ་ལྷ་མིས་མཆོད་འོས་པ། །དགེ་འདུན་ཕྱག་འཚལ་དེང་འདིར་དགེ་བར་ཤོག་།འབྱུང་པོ་གང་དག་འདིར་ནི་ལྷགས་གྱུར་ཏེ། །ས་འམ་འོན་ཏེ་བར་སྣང་འཁོད་པ་དག་། སྐྱེས་དགུ་རྣམས་ལ་རྟག་ཏུ་བྱམས་བྱེད་ཤོག་།ཉིན་དང་མཚན་དུ་ཆོས་ཀྱང་སྤྱོད་པར་ཤོག་།འདི་ནི་རྒྱལ་བ་དགྲ་རྒྱལ་བདེན་གང་གིས།། ཤིན་ཏུ་བདེན་པ་གསུང་ཞིང་བརྫུན་མེད་པ། །བདེན་པ་དེ་ཡིས་འདིར་ནི་དགེ་བར་ཤོག་།དེ་ཀུན་འཇིགས་པ་ཆེ་ལས་ཐར་གྱུར་ཅིག་།སངས་རྒྱས་ཀུན་གྱི་གཟི་བརྗིད་དང་། །རབ་རྒྱལ་དག་གི་གཟི་བརྗིད་དང་། །དགྲ་བཅོམ་དག་གི་མཐུ་དག་དང་། །གསང་སྔགས་འཛིན་པ་ཐམས་ཅད་དང་། །ཤཱ་རིའི་བུ་ཡི་ཤེས་རབ་དང་། །མཽངྒལ་བུ་ཡི་རྫུ་འཕྲུལ་དང་། །མ་འགགས་པ་ཡི་མིག་དང་ནི། །འོད་སྲུང་སྦྱངས་པའི་ཡོན་ཏན་དང་། །ཀཽཎྜའིནྱའི་སྔར་ཐོབ་དང་། །ཀུན་དགའ་བོ་ཡི་ཐོས་པ་དང་། །ཚངས་པ་ཡི་ནི་བྱམས་པ་དང་། །བརྒྱ་བྱིན་གྱི་ནི་དབང་རྣམས་དང་། །འཇིག་རྟེན་སྐྱོང་བའི་ཡུལ་རྣམས་དང་། །དབང་ཕྱུག་ཆེན་པོའི་སྟོབས་དག་དང་། །སྡེ་དཔོན་རྣམས་ཀྱི་མཐུ་དག་དང་། །འཕྲོག་མའི་གཟི་བརྗིད་རྫུ་འཕྲུལ་དང་། །དེ་དག་རྣམས་ཀྱི་མཐུ་དང་གཟིས། ། བདག་གི་དུག་ནི་དུག་མེད་ཤོག་།སྟོང་ཆེན་མོ་རབ་ཏུ་འཇོམས་པ་ལས་གསུངས་པའི་སྨོན་ལམ་རྫོགས་སོ།། །།སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་ཕྱག་འཚལ་ལོ། །རྒྱལ་བ་རྣམ་གཟིགས་མྱ་ངན་འཚང་ལ་གནས།

CLOSE WINDOW