Wylie |
བྱང་ཆུབ་སེམས་དཔའ་གསང་བའི་ཐེག་པའི་རྒྱུད་ཅེས་བྱ་བ་བཞུགས་སོ།། !་རྒྱ་གར་སྐད་དུ། བོ་དྷི་ཙིཏྟ་ཨ་ཏི་བྷྲ་མ་ཧཱ་མ། བོད་སྐད་དུ། བྱང་ཆུབ་སེམས་དཔའ་གསང་བའི་ཐེག་པ་ཞེས་བྱ་བ། བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། ། བདག་མེད་གཉིས་མེད་ཡེ་ཤེས་སངས་རྒྱས་པས།། ཞེན་པ་བཟློག་ཕྱིར་རྐྱེན་བཤད་བསམ་ཡས་ཀྱང།། ཆོས་ཉིད་ངང་ལ་བརྗོད་བྱ་རྗོད་བྱེད་མེད།། རྟོག་དང་ལྟ་སྒོམ་ལ་སོགས་པའི། ། བསླབ་པ་མ་ལུས་ཀུན་འཇིག་པ།། གསང་བའི་བསླབ་པ་ཡིན།། རྟོག་པ་ལ་སོགས་སུ་འདོད་པ།། དེ་ལ་དེ་གསོག་ནམ་ཡང་མེད།། སྐྱེས་ན་འགག་ཅིང་འགག་ན་སྐྱེ།། དེ་ནི་བདག་བཅས་འཁྲུལ་པའི་བློ། ། བདག་མེད་གང་སྐྱེ་སྐྱེ་རྒྱུ་ཅིང།། མི་སྐྱེ་མི་འགག་ཅིར་མི་རིག། བུས་པ་མ་རབས་རྟོགས་པར་འདོད།། གང་གིས་གང་རྟོགས་ཇི་ལྟར་རྟོགས།། རྟོག་པ་བདག་མེད་སྐྱེ་མེད་ཅིང།། བདག་སྐྱེ་འཁོར་བ་ཅི་ཕྱིར་མིན། ། བློ་དང་བློ་ཡུལ་མ་ཡིན་པའི།། འཁོར་བ་སྐྱེ་འགག་རྒྱུ་ཅི་ཞིག། དེ་བས་རྟོགས་པས་འཁོར་བར་འཆིངས།། ཤེས་རྟོགས་ལྟ་བུའི་སྡིག་པ་ནི།། སྟོང་གསུམ་མ་ལུས་སྲོག་གཅད་པས།། སྡིག་པས་དེ་བརྟུལ་ཆར་མི་ཕོད། ། ལྟ་སྒོམ་འབྲས་བུ་དེ་དང་མཚུངས།། རྟོག་བྱ་རྟོག་བྱེད་གཉིས་མེད་ཅིང།། རྟོགས་ལྟ་ལ་སོགས་མི་སྐྱེ་ན།། དགོས་ཆེད་རྐྱེད་དུ་དེ་བསོགས་གསུངས།། མ་རྟོགས་མ་བསྒོམས་མ་ཤེས་ན།། རྡོ་རྗེ་ཀུན་ཏུ་བཟང་པོ་ཡིན། ། བདག་མེད་དམིགས་དང་རྣམ་ཤེས་ཇི་ལྟར་སྐྱེད།། དྲན་བྱ་དྲན་བྱེད་མེད་དེ་ཤེས་དང་མི་ཤེས་བྲལ།། རྟོགས་བྱ་རྟོགས་བྱེད་མེད་དེ་དགོས་ཆེད་དེ་རྟོགས་བརྗོད།། རྟོགས་པ་མ་སྐྱེས་པ་ནི་རྟོགས་པའི་མཆོག། འཆིང་གྲོལ་མེད་པ་གྲོལ་བའི་དམ་པ་ཡིན།། བཅིངས་ན་གྲོལ་ཞིང་གྲོལ་ན་འཆིང།། ཡུལ་སེམས་གཉིས་སུ་མེད་པ་ནི།། བྱང་ཆུབ་སེམས་ཞེས་བདེ་གཤེགས་གསུངས།། ཡུམ་སེམས་གཉིས་སུ་འདོད་པ་དང། ། ཡུལ་མེད་སེམས་ལ་གསལ་སྟོང་དང།། ཡོད་མེད་རྟག་ཆད་འཁྲུལ་པའི་སེམས།། འཁྲུལ་དང་མ་འཁྲུལ་གཉིས་མེད་ལ།། མ་འཁྲུལ་དགོས་ཆེད་གཉིས་ཡོད་འཁྲུལ།། དེ་དེ་ཉིད་དེ་དགོས་ཆེད་ཀྱིས།། དེ་མཚོན་འཁྲུལ་པ་བློ་བུར་དང།། མེད་པ་དང་ནི་ཅིར་མི་རུང།། སྐབས་ཀྱི་རེ་ཤིག་བརྗོད་པར་ཟད།། ཡུལ་སེམས་གཉིས་སུ་མེད་པ་ན།། དེ་མིན་ཆོས་མེད་གཉིས་སུ་མེད།། སྣོད་བཅུད་རབ་འབྲིང་ཐ་མ་ཡིས།། བཤད་དུ་ཡོད་དང་བཤད་དུ་མེད།། བཤད་བྱ་བཤད་བྱེད་གཉིས་སུ་མེད།། རྟོགས་སུ་ཡོད་དང་རྟོགས་སུ་མེད།། རྟོགས་བྱ་རྟོགས་བྱེད་གཉིས་སུ་མེད།། སྒོམ་སྤྱོད་འབྲས་བུ་ལ་སོགས་མཚུངས།། བྱ་བ་མེད་པས་གྲོལ་བ་གྲོལ། ། བྱ་མེད་ལྷུན་གྲུབ་རྫོགས་པ་ཆེ།། རྟོག་སྒོམ་འབྲས་བུ་འདོད་པ་དང།། ཐར་པ་འདོད་པའི་ཡིད་ཅན་ལ།། བྱང་ཆུབ་ནམ་ཡང་ཡོད་མ་ཡིན།། རྡོ་རྗེ་སེམས་དཔའི་གསང་བའི་ཐིགས་པ་འདི།། དགའ་རབ་རྡོ་རྗེའི་ཐུགས་ལ་དབྱེར་མེད་ཐིམ། ། ཞེས་ལྟ་བ་ལྷག་པ་བྱང་ཆུབ་སེམས་ཀྱི་གསང་པའི་ཐིགས་པ་ཞེས་བྱ་བ་སྟེ། ལེའུ་དང་པོའོ།།།། བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ།། འཁོར་འདས་རྣམ་པ་གཉིས་ལ་ཡང། ། ཆོས་ཅན་རྟོགས་དང་ཆོས་ཉིད་རྟོགས།། བྱ་བ་ཡོད་དང་ལྷུན་གྱིས་གྲུབ།། དོན་རྟོགས་རྟག་རྟོགས་འདུས་མ་བྱས།། བྱང་ཆུབ་སེམས་དང་འཕྲུལ་པའི་སེམས།། རང་བྱུང་རྟེན་བྱུང་ལ་སོགས་ཀྱིས། ། འཁོར་འདས་གཉིས་སུ་ཤེས་མེད་ཤེས།། སྨན་རྡོ་ཙམ་ན་དུག་སྦང།། སྨན་རྡོ་ཙམ་ན་དུག་མི་གནས།། སྨན་རྡོ་ཙམ་ན་དུག་ཀྱང་མེད།། སྨན་རྡོ་ཙམ་ན་དུག་མ་སྤངས།། དེ་བཞིན་ཆོས་རྣམས་ཐམས་ཅད་ཀྱང། ། སྣང་རྡོ་ཙམ་ན་སྟོང་རྡོ་མེད།། སྟོང་རྡོ་ཙམ་ན་སྣང་མི་གནས།། གཉིས་དང་གཉིས་མེད་ལ་སོགས་དང།། ཀུན་ཡིན་གང་ཡང་མ་ཡིན་དང།། གང་མ་ཡིན་ན་ཀུན་མི་གནས།། ཀུན་ཡིན་ན་ནི་གང་མིན་མེད།། དེ་བས་བྱ་བྲལ་ཤེས་མེད་དང། ། བརྗོད་མེད་ཀུན་བཟང་རྡོ་རྗེ་དགྱེ།། ཤེས་བརྗོད་ལྟ་བུའི་སྡིག་པ་མེད།། བརྗོད་བྱ་བརྗོད་བྱེད་ལ་སོགས་དང།། ཤེས་བྱ་ཤེས་བྱེད་གཉིས་མེད་ན།། ཆད་མེད་ཐམས་ཅད་ལྷུན་གྲུབ་སྐུ།། མཉམ་ཉིད་བསམ་འདས་གཉིས་མེད་དུ།། རང་ཉིད་ཤེས་ཤིང་མ་གྱུར་ན།། ཚིག་ཏུ་ཇི་སྐད་བརྗོད་གྱུར་ཡང།། དབུལ་པོས་ཕྱུག་པོའི་ནོར་བགྲངས་འདྲ།། རང་ལ་མ་ཕན་གདུང་པས་འཛིན།། དེ་བས་རང་ཉིད་གཉིས་མེད་ན། ཤེས་བྱ་ཤེས་བྱེད་ལ་སོགས་མེད།། སྦྱངས་ནས་རྟོགས་ཐོབ་ཕྱིས་འདོད་དང།། རྟོགས་ཐོབ་ཐབས་ལ་རྟེན་པ་དང།། བྱ་བ་མ་བྲལ་ཐབས་ཀྱིས་ཀྱང།། ཡང་དག་འབྲས་བུ་ཐོབ་པ་མེད།། བྱ་མེད་བྱེད་བྲལ་འབྲས་བུ་དེ། ། ཆོས་ཉིད་དོན་རྟོགས་བདེ་ཆེན་འགྲུབ།། འདོད་པ་མ་ཟད་འབྲས་བུ་དང།། འདོད་པས་གྲུབ་པའི་འབྲས་བུ་དང།། འདོད་པ་མེད་པས་ལེན་པ་ནི།། བྱ་བྲལ་ལྷུན་གྲུབ་ཤེས་པར་གྱིས།། མདོར་ན་ཆོས་རྣམས་ཐམས་ཅད་ནི།། འཁོར་དང་མྱ་ངན་འདས་བ་སྟེ།། འཁོར་བའི་སེམས་རིག་འཁྲུལ་པའི་སེམས།། མྱ་ངན་འདས་རིག་བྱང་ཆུབ་སེམས།། སེམས་ཀྱི་ཡུལ་དང་རང་རིག་ཡུལ།། སྤྱོད་ཡུལ་དག་དང་མ་དག་བགྱིས། ། འཁོར་འདས་གཉིས་སུ་རྒྱལ་བས་མངགས། སྤྱོད་ཡུལ་དག་པའི་རྣལ་འབྱོར་ནི།། འཁོར་བར་ནམ་ཡང་མི་འཁོར་ཏེ།། རྟོགས་པ་བསྟན་པར་མ་གྱུར་ནས།། རྟེན་ནི་ཁམས་གསུམ་གནས་གྱུར་ཀྱང།། སེམས་དགོངས་རྣམ་དག་རྫོགས་སངས་རྒྱས།། གལ་ཏེ་བསྟན་པར་མ་གྱུར་ན།། ཚོགས་དྲུག་འཇུག་པ་ལྷོད་པ་ཡིས།། དམྱལ་བའི་གནས་སུ་དེ་མི་སྐྱེ།། ཆོས་ཉིད་རྟོགས་དང་ལྡན་པ་ཡིས།། བྱོལ་སོང་གནས་སུ་དེ་མི་སྐྱེ། ། འདོད་པའི་གདུང་བ་ལྷོད་པ་ཡིས།། ཡི་དྭགས་གནས་སུ་དེ་མི་སྐྱེ།། འདོད་ཡོན་ལྔ་ལ་ཆགས་མེད་ཅིང།། སྤྱོད་ཀྱང་བསྟན་པོར་མ་མཐོང་སྟེ།། འཁྲུལ་ཞིང་རང་བཞིན་མེད་རྟོགས་པས།། ལྷའི་གནས་སུ་དེ་མི་སྐྱེ། ། མིའི་ལུས་ཀྱི་རྟོགས་མཐུ་ཡིས།། གལ་ཏེ་རྟེན་ན་མི་ལུས་ཏེ།། གང་དུ་སྐྱེས་ཀྱང་རྣམ་དག་གསལ།། གང་དུ་གསལ་ཡང་མངོན་སངས་རྒྱས།། དེ་ལ་འཁོར་བའི་མིང་མི་གདགས།། དེ་བས་གསང་སྔགས་བདག་ཉིད་ཆེ། ། དོན་མེད་སྒྲ་ཕྱིར་དེ་འབྲངས་ནས།། དེ་ནི་འཐོམས་ནས་དམྱལ་བར་འགྲོ།། དེ་རྟོགས་དམྱལ་པའི་ས་བོན་ཟད།། དེ་རིང་ཕན་ཆོད་རྒྱལ་བའི་སྲས།། གཟུང་འཛིན་དབེན་པ་རྒྱལ་བ་སྟེ།། དེ་ན་རྟོག་པའི་སྲས་ཞེས་བྱའོ། ། རྟོག་པ་ཟད་ལ་རྟོག་ཞེས་ཏེ།། རྟོག་པ་སྐྱེས་ན་འགག་པར་ངེས།། དེ་ནི་སྐྱེ་འཇིག་འཁོར་བའི་ཆོས།། མངོན་པར་ཤེས་པ་ལ་ཡང་གཉིས།། ཆོས་ཅན་མངོན་པར་ཤེས་པ་དང།། ཆོས་ཉིད་མངོན་པར་ཤེས་པ་སྟེ། ། ཤེས་པར་བྱ་བྱེད་ཅིག་ལས་མེད།། ཅིག་པོའི་དོན་དེ་འདི་ལྟར་སྟེ།། ཤེས་བྱ་ཤེས་བྱེད་གཉིས་ཡོད་ན།། ཆོས་ཅན་ཡིན་དེ་ཆོས་ཉིད་མིན།། དེ་རང་ཉིད་ལ་བྱེ་བྲག་མང།། ཐེག་པ་རེ་ལ་ལྟ་བ་རེ།། དེ་རེ་སྒོམ་རེ་མངོན་ཤེས་ཏེ། ། ཆོས་ཉིད་མངོན་པར་ཤེས་པ་ནི།། ཤེས་དང་ཤེས་བྱ་གཉིས་མེད་ལ།། ཆོས་ཅན་ཤེས་བྱ་ཡང་དག་ལྡན།། དེ་སྤངས་ན་ཡང་དེ་མེད་དེ།། དེ་ཡོད་ན་ཡང་དེ་མེད་དོ།། རྣམ་པ་དག་ན་ལམ་ཆེན་རྙེད།། གཉིས་སུ་མེད་ན་བདེ་ཆེན་ཐོབ།། གཟུང་འཛིན་ངག་ན་ཡེ་ཤེས་ཆེ།། བྱ་བ་བྲལ་ན་རྫོགས་པ་ཆེ།། བྱེད་པ་བྲལ་ན་ལྷུན་གྱིས་གྲུབ།། སེམས་དང་ཆོས་ནི་ཡེ་ནས་གཉིས་མེད་ལ།། རྟོགས་པར་འདོད་པས་ནམ་ཡང་ཐར་པ་མེད། མདོར་ན་སེམས་ཅན་སངས་རྒྱས་ཀྱང།། སེམས་ཆོས་གཉིས་སུ་ཡོད་མེད་ལས།། རྡོ་རྗེ་ཀུན་བཟང་མི་གསུང་ངོ།། སེམས་དང་ཆོས་ནི་གཉིས་མེད་ན།། ལྟ་རྟོགས་ལ་སོགས་གང་གིས་ཀྱང། ། དེ་བས་བྱ་བྲ་ལ་ལྷུན་རྫོགས་མོད།། དེ་བས་སྨན་པའི་ཐེག་ཕྲན་ཀུན།། སེམས་ཀྱིས་ཆོས་རྟོགས་རྟོགས་པས་སྨན།། དེ་བས་བྱ་བྱེད་དྲང་དོན་མོད།། ཅེས་ཆོས་སེམས་གཉིས་སུ་མེད་པའི་གསང་ཐིགས་སྟེ། ། མན་ངག་གཉིས་པའོ།།།། བཅོམ་ལྡན་འདས་ལོག་པར་དད་སེལ་ལ་ཕྱག་འཚལ་ལོ།། རྩོད་དང་གདམས་དང་བཤད་དང་གསུམ།། དབྱེ་བ་འདི་ཡིས་ཤེས་པར་བྱ།། རང་བཞིན་དག་པའི་ཀུན་གཞི་དང།། རྟོགས་པས་དག་པའི་ཀུན་གཞི་དང། ། འཛིན་པས་གསགས་བའི་ཀུན་གཞི་ལ།། འཁོར་བའི་ཀུན་བཞི་འདས་བའི་གཞི།། གཉིས་ཀའི་ཀུན་གཞི་དབྱེ་བ་ཡིས།། འབྱུང་བ་དང་ནི་འབྱུང་ཆེན་དང།། འབྱུང་ཆུང་གཞི་སྟེ་སོ་སོར་དབྱེ། ། འབྱུང་བ་ཆོས་ཉིད་འབྱུང་ཆེན་ནམ་མཁའ་ལ།། འབྱུང་ཆུང་རེ་རེ་ལ་ཡང་ལྔ།། ཆོས་ཉིད་འཁོར་འདས་ཀུན་གྱིས་གཞི།། བྱང་སེམས་འདས་པ་ཀུན་གྱིས་གཞི།། འཁྲུལ་སེམས་འཁོར་བ་ཀུན་གྱིས་གཞི།། སེམས་དང་སེམས་ལས་བྱུང་བ་དང།། སེམས་དང་སེམས་ལས་ཐིམ་པ་དང།། འཁོར་འདས་གཉིས་སུ་མཁས་པར་རིག། ཅིའི་ཕྱིར་ན་སེམས་ཞེས་ན།། སེམས་ཐིམ་པ་ཡི་སེམས་ཞེས་ན།། སེམས་འཛིན་པའི་སེམས་ཞེས་སོ། ། གང་ལྟར་བྱུང་ཡང་དེ་དེ་ཉིད།། དེ་དེ་བསྲེག་ཤང་པར་བུ་བསྣམས།། མ་རིག་མུན་པ་གསལ་བའི་ཕྱིར།། ཆོས་ཀྱི་པུ་ཏི་རབ་ཏུ་བསྣམས།། བཀྲེས་བསྐོམ་སྡུག་བསྔལ་ཞི་བྱའི་ཕྱིར།། རིན་ཆེན་སྒྲོམ་བུ་ཕྱག་ན་བསྣམས། ཚ་གྲང་སྡུག་བསྔལ་ཞི་བྱའི་ཕྱིར།། མེ་ཆུའི་བསིལ་སྒྲོམ་ཕྱག་ན་བསྣམས།། གང་འཐད་ཐེག་པ་དེ་ལ་སྟན།། རྫོགས་པ་ཆེན་པོ་སྙིང་ཁྲིད་མན་ངག་གི་རྒྱུད།། སློབ་དཔོན་དགའ་རབ་རྡོ་རྗེས་ཡི་གེར་བཀོད་པ་རྫོགས་སོ། །།། @##།། ཡང་ཏི་ནག་པོའི་འབྲུ་གཅིག་པ་བཞུགས་སོ།། !་རྒྱ་གར་སྐད་དུ། ཤྲཱི་མན་ཛུ་ཏན་ཏྲ་དུ། བོད་སྐད་དུ། འཇམ་དཔལ་འདུས་པའི་རྒྱུད། འཇམ་དཔལ་ཡེ་ཤེས་སེམས་དཔའ་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། འོག་མིན་དུ་ནི་བཞུགས་ནས་ནི།། སངས་རྒྱས་སེམས་ཅན་རྒྱབ་གྱེས་དུས།། འཁོར་གྱི་རྡོ་རྗེ་སེམས་དཔའ་ལ།། ཡང་ཏི་ནག་པོའི་བསྟན་པ་ཤར།། བསྡུད་བྱེད་རོ་ལངས་བདེ་བས་བསྡུས། ། གླེང་གཞིའི་ལེའུ་སྟེ་དང་པོའོ།།།། དེ་ནས་རྡོ་རྗེ་སེམས་དཔའ་ཡིས།། ཀྱེ་སྟོན་པ་ཀུན་ཏུ་བཟང་པོ་ལགས།། རྫོགས་པ་ཆེན་པོའི་དོན་ཆེན་ལ།། དབང་ལ་བསྐུར་བའི་དོན་རྣམས་དང།། ལམ་སྦྱངས་བགྲོད་ཚོགས་བསགས་པ་དང། ། སྒྲིབ་སྦྱང་དམ་ཚིག་དཀྱིལ་འཁོར་དང།། ལྷ་སྒོམ་སྔགས་བཟླས་ཏིང་འཛིན་དང།། སྦྱིན་དང་ཚུལ་ཁྲིམས་སྨོན་ལམ་དང།། དེ་རྣམས་དོན་ཀྱང་བཤད་དུ་གསོལ།། ཅེས་ཞུས་སོ། ། འཇམ་དཔལ་འདུས་པའི་རྒྱུད་ལས།། ཞུས་པའི་ལེའུ་སྟེ་གཉིས་པའོ།། !།། ཀུན་ཏུ་བཟང་པོས་བཀའ་སྩལ་པས།། ཉོན་ཅིག་རྡོ་རྗེ་སེམས་དཔའ་ཆེ།། དབང་ལ་བསྐུར་མི་དགོས་པ་ནི།། བུམ་པ་ཐབས་དང་གསང་དབང་དང། ། ཚིག་གི་དབང་དུ་ཐམས་ཅད་འདུས།། རང་ལུས་བུམ་པར་ཤེས་པ་ནི།། དེ་ནི་དབང་བསྐུར་དང་པོ་ཡིན།། རིག་སྣང་གཉིས་སུ་སྦྱོར་བ་ནི།། དེ་ནི་དབང་མཆོག་གཉིས་པ་ཡིན།། ཡེ་ཤེས་སྐུའི་དོན་ཆོད་པས། ། དེ་ནི་དབང་བསྐུར་གསུམ་པ་ཡིན།། ཚིག་རྣམས་ཐམས་ཅད་དོན་ལ་བསྡུས།། དེ་ནི་དབང་བསྐུར་བཞི་པ་ཡིན།། དབང་རྫས་རང་ལ་རབ་རྫོགས་པས།། སྣང་བ་རྫས་ཀྱི་ཁར་མ་ལུས།། ཅེས་གསུངས་སོ།། འཇམ་དཔལ་འདུས་པའི་རྒྱུད་ལས།། དབང་གི་ལེའུ་སྟེ་གསུམ་པའོ།།།། ལམ་སྦྱང་མི་དགོས་པའི་དོན་འདིའོ།། འབྱུང་བ་ལྔ་ལ་ལོངས་སྤྱད་པས།། དེ་ནི་ཚོགས་ཀྱི་ལམ་པའོ།། དེ་ཉིད་འོད་གསལ་ཉིད་དུ་ཤར། ། དེ་ནི་མཐོང་པའི་ལམ་པ་ཡིན།། གཉིས་སྣང་མེད་པའི་ཡེ་ཤེས་གསལ།། དེ་ནི་སྦྱོར་བའི་ལམ་པ་ཡིན།། དེ་ཉིད་རིག་པ་རང་ཡིན་པས།། དེ་ནི་སྒོམ་པའི་ལམ་པའོ།། དེ་རྣམས་གཉིས་སུ་མེད་པར་གནས། ། དེ་ནི་མཐར་ཕྱིན་ལམ་པའོ།། ཅེས་གསུངས་སོ།། འཇམ་དཔལ་འདུས་པའི་རྒྱུད་ལས།། ལམ་གྱི་ལེའུ་སྟེ་བཞི་པའོ།།།། ས་རྣམས་མི་བགྲོད་དོན་འདིའོ།། ས་རྣམས་མི་བགྲོད་རང་ལ་རྫོགས།། མཉམ་པར་ཤེས་ནས་ས་རྣམས་ཀུན་དང་མཉམ།། བགྲོད་མེད་དོན་ལ་གང་གནས་པ།། དེ་ནི་ས་རྣམས་ནོན་པ་སྟེ།། གང་ཞིགས་རྣམས་བགྲོད་འདོད་པ།། ཕྱིན་པའི་དུས་མེད་ནོན་པའི་ཐབས་མེད་ཏེ།། དཔེར་ན་རི་དྭགས་སྨིག་རྒྱུ་སྙེགས་དང་མཚུངས། ། ཞེས་གསུངས་སོ།། འཇམ་དཔལ་འདུས་པའི་རྒྱུད་ལས།། སའི་ལེའུ་སྟེ་ལྔ་པའོ།།།། ཚོགས་རྣམས་མི་སོག་དོན་འདིའོ།། ཚོགས་སོག་དོན་ལ་རྣམ་གཉིས་ཏེ།། རྒྱུའི་ཚོགས་དང་འབྲས་བུའོ། ། རྒྱུ་ནི་ཐིག་ལེ་ལྷུན་གྲུབ་པལ།། འབྲས་བུ་ཐམས་ཅད་མཁྱེན་པ་ཡེ་ཤེས་སོ།། གཉིས་སུ་མེད་པའི་ཆོས་སྐུ་ལ།། ཚོགས་ཉིད་རྣམ་པ་གཉིས་རྫོགས་པས།། ཚོགས་རྣམས་མི་སོག་ཡེ་ནས་རྫོགས།། གཉིས་སྣང་མེད་པས་བསག་ཏུ་མེད།། ཅེས་གསུངས་སོ།། འཇམ་དཔལ་འདུས་པའི་རྒྱུད་ལས།། ཚོགས་ཀྱི་ལེའུ་སྟེ་དྲུག་པའོ།།།། སྒྲིབ་པ་སྦྱང་བའི་དོན་འདིའོ།། སྒྲིབ་པ་ལ་ཡང་རྣམ་བཞི་སྟེ།། རིག་པ་སྤྲུལ་པའི་སྐུར་གྲུབ་པས། ། ཤེས་བྱའི་སྒྲིབ་པ་དེ་ལ་མེད།། སྣང་པ་རང་སྣང་ལོང་སྐུ་ལ།། ཉོན་མོངས་སྒྲིབ་པ་སྦྱང་དུ་མེད།། གཉིས་སྣང་མེད་པའི་ཐིག་ལེ་ལ།། ལས་ཀྱི་སྒྲིབ་པ་སྦྱང་དུ་མེད།། ཆགས་པ་རང་འབྱུང་ཡེ་ཤེས་ལ།། བག་ཆགས་སྒྲིབ་པ་སྦྱང་དུ་མེད།། ཐམས་ཅད་ཐིག་ལེ་ཆོས་སྐུ་ལ།། སྒྲིབ་པ་བཞི་པོ་གང་དུ་སྦྱང།། སྦྱང་བའི་ས་དང་སྦྱང་བའི་རྒྱུ།། གཉིས་སྤྱོད་ཕྱིར་ན་ཡང་ཏི་མིན།། ཇི་སྙེད་ཐེག་པ་འོག་མར་གོལ།། གོལ་ས་བཅད་ཕྱིར་དོན་འདི་བསྟན། ། ཅེས་གསུངས་སོ།། འཇམ་དཔལ་འདུས་པའི་རྒྱུད་ལས།། སྒྲིབ་པ་སྦྱང་བའི་ལེའུ་སྟེ་བདུན་པའོ།།།། དམ་ཚིག་བསྲུང་དུ་མེད་པའི་དོན་འདིའོ།། ཆོས་སྐུ་ཁྱབ་པས་ཅིག་པའི་ཕྱིར། ། བསྲུང་བའི་དམ་ཚིག་ས་མ་ཡ།། འབུམ་སྡེ་བཀོད་པའི་ཚིག་ཡིན་ཏེ།། ཚིག་ལ་མི་རྟེན་རང་བྱུང་བས།། དེ་རྣམས་ཐིག་ལེར་འདུས་བས་ན།། ཐམས་ཅད་བསྲུངས་བྱ་གང་ཡང་མེད།། བསྲུང་བྱ་བསྲུང་བྱེད་གཉིས་བྱུང་ན། ། དེ་ནི་ཡང་ཏི་ནག་པོ་མིན།། ཡུལ་དང་ཡུལ་ཅན་ཡིན་པའི་ཕྱིར།། ཐེག་པ་འོག་མའི་ཁྱུ་རུ་གོལ།། དེ་ཕྱིར་ཡེ་སྲུངས་དོན་འདི་སྟན།། ཞེས་གསུངས་སོ།། འཇམ་དཔལ་འདུས་པའི་རྒྱུད་ལས།། དམ་ཚིག་བསྲུང་བའི་ལེའུ་སྟེ་བརྒྱད་པའོ། །།། དཀྱིལ་འཁོར་བསྐྱེད་དུ་མེད་པའི་དོན་འདིའོ།། ལྟེ་བ་མུ་ཁྱུད་འཁོར་ལོ་འཕགས།། ཟླ་ཁམ་རིན་ཆེན་ཟུར་གསུམ་རྣམས།། རང་ལས་སྣང་པ་ཕྱིར་དུ་ཤར།། དེ་ལ་དམ་པར་འཛིན་པ་ནི། ། ཐེག་པ་འོག་མའི་འདོད་གཞུང་ངོ།། ཡང་ཏི་ནག་པོ་འདི་ལྟར་འདོད།། ཕྱིའི་དཀྱིལ་འཁོར་རང་སྣང་ཡིན།། ནང་གི་དཀྱིལ་འཁོར་རང་བྱུང་ཡིན།། གསང་བའི་དཀྱིལ་འཁོར་གཉིས་མེད་ཡིན།། ཡང་ཏིའི་དཀྱིལ་འཁོར་བསྟན་པ་ནི།། ཐམས་ཅད་ཡེ་ནས་སངས་རྒྱས་ཡིན།། ཡིན་པར་ཤེས་པས་བསྐྱེད་དུ་མེད།། ཅེས་གསུངས་སོ།། འཇམ་དཔལ་འདུས་པའི་རྒྱུད་ལས།། ཡང་ཏི་ནག་པོའི་དཀྱིལ་འཁོར་གྱི་ལེའུ་སྟེ་དགུ་པའོ། ། !།། ལྷ་ལ་སྒོམ་དུ་མེད་པའི་དོན་བསྟན་པ།། དབྱིངས་ཕྱུག་ལ་སོགས་ཡུམ་རྣམས་ནི།། རང་སྣང་ཡུལ་དུ་བཟུང་བས་འཁྲུལ།། ཧེ་རུ་ཀ་སོགས་ཡབ་རྣམས་ནི།། རང་ཤར་རྟགས་ཏེ་ཡབ་ཏུ་བཟུང།། ཐུགས་ལས་སྐྱེས་པའི་སྲས་མཆོག་ནི།། ཡབ་ཀྱི་རང་བྱུང་ཆ་ལས་བཟུང།། དེའི་ཡུམ་རྣམས་ཐམས་ཅད་ཀྱིས།། ཡུམ་གྱི་སྣང་བའི་ཆ་ལས་བཟུང།། གཉིས་མེད་ཟེར་གྱིས་གཉིས་སུ་སྒྲུབ།། དེས་ན་སྒྲུབ་པའི་གོལ་ས་ཡིན། ། ཡང་ཏི་ནག་པོའི་ལྷ་སྒོམ་ནི།། རིག་པའི་ཡེ་ཤེས་ཐམས་ཅད་ལྷ།། རིག་པའི་ལྷ་ལ་མདུན་རྒྱབ་མེད།། ཡབ་ཡུམ་གཉིས་སུ་ཕྱི་ནང་མེད།། ཕྱི་ནང་མེད་པའི་ཐིག་ལེའོ།། དེ་ཡི་དོན་ནི་དཀྱིལ་འཁོར་ཡིན།། ཞེས་གསུངས་སོ། ། འཇམ་དཔལ་འདུས་པའི་རྒྱུད་ལས།། ལྷ་སྒོམ་པའི་ལེའུ་སྟེ་བཅུ་པའོ།།།། གསང་སྔགས་བཟླས་སུ་མེད་པ་ནི།། མི་གསུང་མཉམ་པར་ཤེས་པ་ནི།། དེ་ནི་སྔགས་ཀྱི་ཏིང་འཛིན་ཡིན།། ཐིག་ལེ་གཅིག་ཏུ་གནས་པ་ནི། ། དེ་ནི་སྔགས་ཀྱི་འཕྲོ་འདུའོ།། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཤར།། དེ་ནི་སྔགས་ཀྱི་གྲངས་ཚད་དོ།། ལྷུན་གྱིས་གྲུབ་ནས་རང་ལ་རྫོགས།། དེ་ནི་སྔགས་ཀྱི་འབྲས་བུའོ།། ཟླས་པའི་དུས་དང་གྲངས་རྣམས་དང། ། དངོས་གྲུབ་གཞན་ནས་རེ་བ་ནི།། དེ་ནི་ཡང་ཏི་ནག་པོ་མིན།། བརྗོད་མེད་དོན་ལ་གང་གནས་པ།། གསང་སྔགས་ཀུན་གྱི་བདག་པོའི་མཆོག། ཅེས་གསུངས་སོ།། འཇམ་དཔལ་འདུས་པའི་རྒྱུད་ལས། ། སྔགས་བཟླས་པའི་ལེའུ་སྟེ་བཅུ་གཅིག་པའོ།།།། སྨོན་ལམ་གདབ་ཏུ་མེད་པ་ནི།། ཐམས་ཅད་ཡང་ཏི་ནག་པོ་ལ།། ཤིས་པར་ཡུལ་བརྗོད་ག་ལ་ཡོད།། ཐམས་ཅད་བཀྲ་ཤིས་ཆེན་པོ་ཡིན།། ཡེ་ནས་ཤིས་པའི་འདུག་ཚུལ་ལ།། ད་བརྡོདཤིས་པ་བརྗོད་མི་དགོས།། ཡེ་ནས་ལྷུན་གྲུབ་ཆོས་སྐུ་ལ།། ད་ལྟ་སྨོན་ལམ་གབ་ཏུ་མེད།། ཡིན་ཕྱིར་སྨོན་ལམ་གདབ་མི་དགོས།། མིན་པར་བཏབ་བས་དགོས་པ་མེད།། ཅི་སྟེ་ནམ་མཁའི་མེ་ཏོག་འདྲ། ། ཞེས་གསུངས་སོ།། འཇམ་དཔལ་འདུས་པའི་རྒྱུད་ལས།། སྨོན་ལམ་དང་ཤིས་པ་བརྗོད་མེད་བསྟན་པའི་ལེའུ་སྟེ་བཅུ་གཉིས་པའོ།།།། ཚུལ་ཁྲིམས་བསྲུང་དུ་མེད་པའི་དོན་བསྟན་པ། ། ཚུལ་ཁྲིམས་དུས་རྣམས་ཐམས་ཅད་དུ།། མ་སྲུང་མ་ཉམས་ཡེ་ནས་སྲུངས།། ཡེ་སྲུངས་གདེང་དང་ལྡན་པ་ལ། ད་བསྲུངས་ཞེས་ནི་གང་འཆད་པ།། དེ་ནི་ཉན་ཐོས་སྡེ་པར་གོལ།། ཡང་ཏི་ནག་པོའི་ཚུལ་ཁྲིམས་ནི། ། ལྷུན་གྲུབ་ཐིག་ལེ་ཆོས་སྐུ་ལ།། སྲུང་དུ་མེད་སྣང་མེད་པའི་ཕྱིར།། ཐམས་ཅད་ཡེ་སྲུངས་ཆེན་པོར་འདུག། དེ་ནི་ཚུལ་ཁྲིམས་ཆེན་པོ་ཡིན།། དམ་ཚིག་ཆེན་པོ་དེ་ཡིན་ནོ།། ཞེས་གསུངས་སོ།། འཇམ་དཔལ་འདུས་པའི་རྒྱུད་ལས། ། ཚུལ་ཁྲིམས་དང་དམ་ཚིག་བསྲུངས་པའི་ལེའུ་སྟེ་བཅུ་གསུམ་པའོ།།།། སྦྱིན་པ་སྦྱིན་ས་མེད་པར་བསྟན་པ་ནི།། སྦྱིན་པ་ཀུན་གྱི་རྩ་བ་ནི།། སྣང་བ་འོད་གསལ་དོན་རྟོགས་པས།། ལོངས་སྐུའི་སྦྱིན་པ་ཆེན་པོ་ཐོངས། ། རིག་པ་རང་བྱུང་སྤྲུལ་སྐུ་ལ།། སྦྱིན་པ་ལེན་པའི་ཡུལ་ཀྱང་རྫོགས།། སྣང་བ་མེད་པའི་ཆོས་སྐུ་ལ།། རང་གི་རིག་པ་སྦྱིན་པ་རྫོགས།། སྣང་བྱ་སྣང་བྱེད་གཉིས་མེད་ཅིང།། བཏང་བྱ་སྟོང་བྱེད་གཉིས་མེད་པས། ། ཡང་ཏི་ནག་པོའི་སྦྱིན་པ་རྫོགས།། གྲགས་སྣང་གཞན་གྱི་སྦྱིན་པ་རྫོགས།། ཡུལ་དང་ཡུལ་ཅན་སྦྱིན་པ་སྟོངས།། གཉིས་མེད་གཉིས་སུ་བཏང་པས་གོལ།། ཞས་གསུངས་སོ།། འཇམ་དཔལ་འདུས་པའི་རྒྱུད་ལས། ། སྦྱིན་པ་ཡོངས་སུ་བཏང་བར་བསྟན་པའི་ལེའུ་སྟེ་བཅུ་བཞི་པའོ།།།། དེ་ནས་རྡོ་རྗེ་སེམས་དཔས་བཀའ་སྩལ་ཏེ།། དངོས་པོའི་གནས་ལས་བྱུང་བ་ཡི།། ཡང་ཏི་ནག་པོའི་དོན་རྫོགས་པས།། སེམས་ཅན་དབང་པོ་སྨན་པ་དང། ། རང་གི་ཤེས་རབ་ཆུང་བ་དང།། གྲོལ་བའི་ཐབས་ཆེན་བསྟན་དུ་གསོལ།། ཞེས་གསུངས་སོ།། ཀུན་ཏུ་བཟང་པོས་བཀའ་སྩལ་པ།། སེམས་ཅན་དབང་པོ་ཞན་པ་ལ།། ངོ་སྤྲོད་བཞི་ཡང་སྐྱོར་དུ་ཆུག། འཁྲུལ་པའི་རྩ་བ་གཏིང་ནས་ཐོན།། ལྷག་མཐོང་རིག་པའི་འཁོར་ལོ་བསྐོར།། དེ་ནི་ངོ་སྤྲོད་གཉིས་པའོ།། ཡིད་ཕུང་ཐག་ནག་པོ་རྩད་ནས་ཆོད།། རིག་པ་གོས་དང་དབྲལ་བའོ།། དེ་ནི་ངོ་སྤྲོད་བཞི་པའོ།། ཡང་ན་བར་དོའི་རྐྱེན་གསུམ་སྟོན། ། སྣང་པ་ངོ་སྤྲོད་བླ་མའི་ངག། རིག་པ་གཅེར་བུ་བཟུང་བ་དང།། རིག་པ་གོས་དང་དབྲལ་བ་དང།། གཟུང་འཛིན་ཞགས་པ་བཅད་པའོ།། འབྲིང་དང་ཐ་མའི་མན་ངག་གོ། རབ་ཀྱི་དབེན་དབང་རྣམ་པ་གསུམ་སྟེ། ། རྒྱ་མཚོ་སྦུ་བ་ནམ་མཁའི་སྤྲིན།། ཨུཏྤལ་ཡི་མདོག་བཞིན་ནོ།། ཡང་ན་དཔེ་ཅིག་འདི་ལྟ་སྟེ།། བ་ན་སེའི་འབྲས་བུ་བཞིན།། གཞི་ལས་འདས་པ་མེད་པའོ།། ཞེས་གསུངས་སོ། ། འཇམ་དཔལ་འདུས་པའི་རྒྱུད་ལས།། གནས་ལུགས་ལ་ངོ་སྤྲད་པ་དང་མ་གྲོལ་བ་གྲོལ་བར་བྱ་བའི་ལེའུ་སྟེ་བཅོ་ལྔ་པའོ།།།། དེ་ནས་རྡོ་རྗེ་སེམས་དཔའ་ཡིས།། བཅོམ་ལྡན་ཀུན་ཏུ་བཟང་པོ་ལ།། ལེགས་སོ་ཞེས་ནི་རབ་བསྟོད་ནས།། བདག་ཅག་ཤིན་ཏུ་ཡིད་རང་སྟེ།། རྒྱུད་ཆེན་འདི་ལ་མིང་འདོགས་ཞུ།། ཞེས་གསུངས་སོ།། ཀུན་ཏུ་བཟང་པོས་བཀའ་སྩལ་པ།། ངའི་བྱིན་བཤད་རྒྱུད་ཆེན་འདི།། འཇམ་དཔལ་ཡེ་ཤེས་འདུས་པར་ཟུང། ། ཐམས་ཅད་གང་ཡང་མ་ལུས་རྫོགས།། ཐམས་ཅད་འདུས་པའི་རྒྱུད་དུ་ཟུང།། སངས་རྒྱས་རང་འཁྲུངས་བསྟན་པས་ན།། སངས་རྒྱས་འདུས་པའི་རྒྱུད་དུ་ཟུང།། ཡེ་ཤེས་རང་ལ་བསྟན་པས་ན། ། ཡེ་ཤེས་ཁོང་ཤར་རྒྱུད་དུ་ཟུང།། ལྟ་སྒོམ་སྤྱོད་པ་སུན་འདོན་པས།། ལྷུན་གྲུབ་རང་ཆས་རྒྱུད་དུ་ཟུང།། ཞེས་གསུངས་སོ།། ཞུ་བ་པོ་རྡོ་རྗེ་སེམས་དཔས་ཞུས།། སྡུད་པ་པོ་རོ་ལངས་བདེ་བས་བསྡུས།། འཇམ་དཔལ་འདུས་པའི་རྒྱུད་ལས།། མཚན་མའི་ལེའུ་སྟེ་བཅུ་དྲུག་པའོ།།།། ཡང་ཏི་ནག་པོའི་འབྲུ་ཅིག་པ་རྫོགས་སོ།།།། དགེའོ།།།།
CLOSE WINDOW