| Wylie |
། མཚོན་ཆའི་འཁོར་ལོ་དུམ་བུ་བཞི་པ་རྫོགས་སོ།། མངྒ་ལཾ།།།། །། བྱང་ཆུབ་ཏུ་སེམས་སྐྱོབ་པ་ཞེས་བྱ་བ་བཞུགས་སོ།། @##།། རྒྱ་གར་སྐད་དུ། བོ་དེ་ཙི་ཏ་མན་ཏྲ་ན་མ། བོད་སྐད་དུ། བྱང་ཆུབ་སེམས་སྐྱོབ་པ་ཞེས་བྱ་བ། སྤྲུལ་པའི་གང་ཟག་འགྲོ་བའི་མགོན་ལ་བཏུད་དེ་ཕྱག་འཚལ་ལོ།། ཁྱེའུ་དུ་སྣང་བ་བསམ་གྱི་མི་ཁྱབ་པ་ལ། སྐྱོབ་པའི་ཡི་གེ་ཞུས་པ། ཨེ་མ་ཧོ་འགྲོ་བ་གཟུང་འཛིན་སྐྱོབ་པ་བླ་ན་མེད། ། ཐུན་མོང་མ་ཡིན་སྐྱོབ་མཛད་སྐྱོབ་པ་དམ་པ་ཁྱོད།། འགྲོ་བ་མ་རིག་མུན་པས་འཐིབས་ཤིང་རྣམ་རྟོག་རླུང་གིས་བསྐྱོད་པ་ལ།། བུ་ཅིག་པ་ལ་མ་བཞིན་ནོར་ལ་ཐུགས་རྗེས་སྐྱབས་ཆེན་གནོད། ། གསང་སྔགས་དོན་གྱི་ངོ་བོ་གང་ལ་བགྱི། གསང་སྔགས་དངོས་པོའི་གནས་ལུགས་ཅི་ལྟ་བུ།། དེ་ཉིད་རྟོགས་ཐབས་གང་གིས་ཅི་ལྟར། རྟོགས་ནས་ཉམས་སུ་བླངས་ན་ཅི་ལྟར་བླང།། བླངས་ནས་འབྲས་བུ་འཐོབ་ཚུལ་ཅི་ལྟར་འཐོབ། ། འབྲས་བུ་ཁྱད་པར་འཕགས་པ་ཅི་ཡིས་འཕགས།། འོག་མ་རྣམས་ལ་སྐྱོན་ནི་ཅི་ཞིག་མཆིས།། སེམས་ཅན་སངས་རྒྱས་ངོ་བོ་གཅིག་མི་གཅིག། གཅིག་ན་འཁོར་འདས་གཉིས་སྣང་ཅི་ལྟར་ལགས། ། མི་གཅིག་འབྲེལ་བ་མེད་པ་ལགས་སམ་ཅི།། སེམས་ཅན་རྣམས་ལ་སྐྱོན་ནི་ཅི་ཞིག་མཆིས།། སངས་རྒྱས་རྣམས་ལ་ཡོད་ཏན་ཅི་ཞིག་མངའ།། སེམས་ཅན་བྱ་བ་གང་དང་གང་ལ་བྱ།། སངས་རྒྱས་བྱ་བའི་ཐ་སྙད་གང་ལ་གདགས། ། སངས་རྒྱས་བསྒྲུབ་ན་བསྒྲུབ་རྫས་ཅི་ལ་བགྱི།། དེའི་ཚེ་ན་འགེག་ཆེན་ཅི་ཡིས་གསལ།། དེའི་ལམ་གྱི་ཆ་སྐྱེན་གང་དང་གང།། ཡུན་ནི་ཅི་སྲིད་ཅིག་གིས་འགྲུབ་པ་ལགས།། གབ་པ་བཅོ་བརྒྱད་དུས་འདིར་འབྱུང་དུ་གསོལ། ། འདོད་པའི་ཆུ་བོ་སྐེམས་མཛད་མེ་ཆེན་ཡེ་ཤེས་དབྱུང་དུ་གསོལ།། མ་རིག་མུན་པ་སེལ་མཛད་འོད་ཆེན་དུས་འདིར་དབྱུང་དུ་གསོལ།། འཁོར་བའི་ཆུ་བོ་སྒྲོལ་མཛད་གྲུ་ཆེན་དུས་འདིར་དབྱུང་དུ་གསོལ། ། རྣམ་རྟོག་རླུང་དམར་ཞི་མཛད་སྐྱབས་ཆེན་དུས་འདིར་དབྱུང་དུ་གསོལ།། གཟུང་འཛིན་ཕུར་པ་འབྱིན་མཛད་དུ་འདིར་དབྱུང་དུ་གསོལ།། དུག་ལྔ་འཇོམས་མཛད་ཐོ་བ་དུས་འདིར་དབྱུང་དུ་གསོལ། བདག་འཛིན་སྒྱུ་མཁན་དུག་ཆེན་སེལ་མཛད་སྨན་ཆེན་དུས་འདིར་དབྱུང་དུ་གསོལ།། ཞེས་པ་ལ་སོགས་པའི་ཚིག་མང་པོ་དང། འགྲོ་དཔལ་མགོན་པོ་ཡོན་ཏན་ཐམས་ཅད་འབྱུང་བའི་གནས།། མ་རིག་སེལ་མཛད་འོད་ཆེན་སྣང་བ་ཐམས་ཅད་འབྱུང་བའི་གནས། ། མགོན་པོ་ཁྱོད་འདྲ་ཐུགས་རྗེས་གཟིགས་མི་གཟིགས།། འཁོར་བའི་ཐར་མཐའ་མེད་པའི་སྡུག་བསྔལ་བཟོད་གླག་མེད་པར་དྲན་གྱུར་ན།། སྡུམ་བུ་བརྔས་པ་བཞིན་དུ་མོད་ལ་རྐམ་པའི་བཟོད་པ་མི་ཐོབ་པའི་སེམས་ཅན་ལ། ། སྐྱོབ་པའི་དཔལ་ཞིག་གཞག་ནས་མ་ནོར་ན།། འགྲོད་དཔལ་ཐུགས་རྗེ་ཅན་གྱི་གཟིགས་སུ་གསོལ།། ཞེས་བསྟན་ཅིང་སྨྲེ་བའི་ཚིག་མང་པོ་དང་བཅས་ནས། ། བསྐོར་བ་བྱེད་ཅིང། ཉིན་མཚན་དུ་རིན་པོ་ཆེ་ལ་སོགས་ཏེ། གསེར་དངུལ་གྱིས་སྐུ་མི་མངོན་ནུབ་པར་ཕུལ་པས།། ཨེ་མ་འོ་འགྲོ་བའི་དོན་ལ་ཐུགས་རྗེས་སྟོན་པའི་བྱང་ཆུབ་སེམས་དཔའ་ཁྱོད།། དང་དང་བརྩོན་འགྲུས་བརྟུལ་ཞུགས་དྲག་པོས་འགྲོ་བའི་དོན་དུ་གསོལ་འདེབས་ན། ། སངས་རྒྱས་དགོངས་པ་ཉག་ཅིག་བསྟན་དཀའ་བ།། རྒྱ་ལ་བསྟན་ཀྱང་སྐལ་མེད་མི་མོས་ན།། འཇིགས་ཤིང་སྡངས་ནས་དམྱལ་བའི་རྒྱུར་འགྱུར་ཡང། ། འཇམ་དཔལ་བཤེས་གཉེན་ཁྱོད་ལ་ངས་བསྟན་གྱིས།། གཞན་ཡོལ་སྐལ་མེད་མྱ་བར་བསྟན་ན་ནི།། ཁོད་ཀྱང་ཚེ་འདིར་མཁའ་འགྲོས་བོར་གྱུར་ནས།། དེ་ཕྱིར་རྡོ་རྗེ་དམྱལ་བར་ནམ་ཀྱང་འགྲོ།། རབ་ཏུ་བརྟགས་ནས་བསྐལ་ལྡན་རེ་རེ་ལས།། གཞན་དུ་མ་ཡོལ་ལུས་ངག་ཐུང་ལ་ཉོན།། དང་པོ་གསང་སྔགས་དོན་གྱི་ངོ་བོ་ནི།། སྐྱོབ་པའི་དོན་གྱི་གསང་སྔགས་དོན་ཡིན་ཏེ།། གཟུང་འཛིན་གཉིས་ལ་སྐྱོབ་པའི་གསང་སྔགས་ཡིན། ། གནས་སྐབས་སྐྱོབ་པས་གསང་སྔགས་མ་ཡིན་ནོ།། ཅི་སྟེ་གཟུང་འཛིན་འཁོར་བའི་མཚན་ཉིད་ལས།། མ་འདས་སྐྱོབ་པའི་ཐ་སྙད་གྱི་འདའ་ཙམ།། ཅི་སྲིང་གཟུང་འཛིན་ཡོད་ཀྱི་བར་དུ་ནི།། རྡོ་རྗེ་སེམས་དཔས་སྐྱོབ་པར་མ་གསུངས་པ། ། གསང་སྔགས་གཟུང་བ་བྲལ་བས་ཉོན་མོངས་སྒྲིབས་པ་སྐྱོབ།། གསང་སྔགས་འཛིན་པ་བྲལ་བས་ཤེས་བའི་སྒྲིབ་པ་སྐྱོབ།། བཟུང་བ་ཡུལ་མེད་ཆོས་ཀྱི་བདག་མེད་རྟོགས། ། འཛིན་པའི་སེམས་མེད་གང་ཟག་བདག་རྟོགས་སོ།། བསམ་བའི་ཡུལ་མེད་ཡིད་ཀྱི་གཡོ་བ་བྲལ།། སྐྱོབ་པ་བླ་ན་མེད་པར་རྡོ་རྗེ་སེམས་དཔས་གསུངས།། དེ་ནི་གསང་སྔགས་དོན་གྱི་ངོ་བོའོ།། གསང་སྔགས་ཡིན་མིན་གཟུང་འཛིན་ཡོད་མེད་བསྟན། ། དྲང་དོན་གསང་སྔགས་གཟུང་འཛིན་ཡོད་པར་གསུངས། བྱ་བྱེད་ཡོང་སར་ལུས་བྱས་ཡོང་སར་གསུང། ཉན་ཐོས་ངོ་ལ་དགྲ་བཅོམ་མཐར་ཐུག་སྣང། དེ་བཞིན་ཨ་ནུའི་ཐེག་པ་ཡན་ཆད་ཀྱང། རང་རང་ངོ་མཐར་ཐུག་སྣང་མེད་ཀྱི།། བྱ་བྱེད་འབྲས་བུ་འདུས་བྱས་ཡིན་པར་ནི།། རྨོངས་པས་བལྟས་ཀྱང་ཐེ་ཚོམ་ཟ་མི་སྲིད།། དེ་བས་གསང་སྔགས་ཐེག་པ་མ་ཡིན་ནོ།། དེ་འདྲའི་གསང་སྔགས་དོན་གྱི་ངོ་བོ་དེ། ། སློབ་དཔོན་བཀའ་བཅོག་དམ་ཉམས་ལག་ཏུ་ཤོར་ར་རེ།། འགྲོ་ཀུན་ཆོས་སྐུར་འཐུང་ཞིང་ཟན་ཚོལ་ཁྲེལ་མེད་ལག་ཏུ་ཤོར་རེ།། འདོད་པ་མ་ཁྲེལ་བར་དུ་སྲི་ཞུ་ཆེ་ཞིང་འདོད་པ་ཕྲེལ་ནས་ཚག་མོ། འདུ་ཤེས་བསྐྱེད་དེ་རྒྱབ་ཀྱི་ཕྱོགས་པའི་ལག་ཏུ་ཤོར་ར་རེ།། སླད་ཀྱི་སློབ་དཔོན་མཐོང་ན་མི་དགའ་སྐྱེ་བའི་ལག་ཏུ་ཤོར་ར་རེ།། ངོ་རྒ་དྲག་པའི་དབང་གིས་སྣང་འཚོང་བྱེད་པའི་ལག་ཏུ་ཤོར་ར་རེ། མདོར་ན་དཀོན་མཆོག་དབུ་འཕང་སྨད་པའི་ལག་ཏུ་ཤོར་ར་རེ།། སྨྲ་བར་མི་འགྱུར་རི་རབ་ལྟ་བུ་ལ།། ཆོས་སྐྱོང་སྲུངས་མ་དཔང་པོར་བཞག་ལ་སྦྱིན།། བློ་ལྡན་སྐལ་པ་ཅན་དང་ཕྲད་པར་ཤོག། ཅེས་གསང་སྔགས་དོན་གྱི་ཡི་གེ་སྟེ་དང་པོའོ། །།། གསང་སྔགས་ངོ་བོ་རང་གི་དབྱིངས་ལ་ཕྱག་འཚལ་འདུད།། གསང་སྔགས་གནས་ལུགས་ཐིག་ལེ་ཉག་ཅིག་སྟེ།། ཀུན་བྲལ་ཀུན་རྔོས་ཅི་ཡངས་ཅི་མ་ཡངས།། ཐིག་ནི་མི་གཡོ་མི་འགྱུར་མ་ནོར་དྲང་པོ་སྤྲོས་དང་བྲལ། ། ལེ་ནི་ཀུན་རྔོས་ཁྱབ་བརྔལ་ཅིར་ཡང་ཤར།། ཉག་ནི་ཟབ་ཅིང་འཕྲ་སྟེ་བརྟག་པར་དཀའ།། གཅིག་ནི་ཅི་དྲན་ཅི་སྨྲས་ཡུལ་སེམས་བདག་གི་དབྱིངས།། ཀུན་བྲལ་བདག་གི་ངོ་བོ་ཕྱོགས་དང་བྲལ། ། གཅིག་པུ་ཟླ་བྲལ་དང་ཆད་ཡིན་བ་ལ།། ཀུན་དངོས་དེ་རང་གཟུང་འཛིན་བྱུང་བ་ལས།། ཉོན་མོངས་འགྲོ་བ་ལྔ་དང་འབྱུང་ཆེན་ལྔ།། ཇི་ཡངས་གཅིག་ལས་གཡོ་བ་མེད་པའོ།། ཇི་མ་ཡངས་པ་དེ་ཉིད་ཅིར་ཡང་བྱུང། ། ཐིག་ནི་ཆོས་ཉིད་ནམ་མཁའ་ཉིད་ལ་བྱ།། ལེ་ནི་སེམས་ཉིད་ནམ་མཁའ་ཉིད་ལ་བྱ།། ཉག་ནི་འབྱུང་བ་ནམ་མཁའ་ཉིད་ལ་བྱ།། གཅིག་ནི་དབྱེར་མེད་གནས་ལུགས་གདོད་མ་ནས།། གཅིག་སྟེ་སུས་ཀྱང་མ་བྱས་བྱེད་པ་མོད།། ཀུན་བྲལ་ཕྱོགས་རིས་བདག་གཞན་རྒྱུ་འབྲས་སྤྲོས་པ་བྲལ།། ཀུན་རྔོས་རང་ཉིད་མ་རིག་ཅིར་ཡང་ཤར།། ཇི་སྤངས་རང་གིས་རང་རྟོགས་ཐམས་ཅད་རང་དུ་རླག། ཅི་མ་ཡངས་པ་སྣང་སྲིད་མ་བཅོས་རང་སར་གྲོལ། ། གནས་ལུགས་ཆོས་ཉིད་ནམ་མཁའ་གཅིག་པ་ལ།། གཟུང་འཛིན་རང་བྱུང་ནམ་མཁའ་གཉིས་བྱུང་བས།། ཆོས་ཉིད་མ་མཐོང་ནམ་མཁའ་གཉིས་པོ་བསྒྲིབས།། འབྱུང་བ་ལྔ་དང་འགྲོ་བ་རིགས་ལྔ་པོ། ། གཟུང་འཛིན་ཉོན་མོངས་ལྔ་ལས་སྣ་ཚོགས་སྣང།། སྣང་ཡང་ཆོས་ཉིད་རང་བྱུང་གཉིས་པ་མེད།། དཔེར་ན་མེའི་སྲིད་པ་དང་པོ་ཆགས་པ་ཡང།། ལྟོ་བར་ཐིག་ལེ་ཆ་ཤས་མེད་པ་ལས།། ཡན་ལག་ལ་སོགས་མ་རྩལ་རང་ཉི་ཤར།། སྣ་ཚོགས་གཅིག་དང་ཅིག་ཀྱང་ཆ་ཤས་མ་མཐུན་ཏེ། ལྟོ་བའི་ཐིག་ལེའི་ངང་ལས་གཡོས་པ་མེད།། དེ་བཞིན་ཆོས་ཉིད་ནམ་མཁའ་ཅིར་ཡང་ཤར།། ཆོས་ཉིད་ངང་ལས་གཡོས་པ་ཅིའང་མེད། ། དེ་བས་དངོས་པོའི་གནས་ལུགས་ཅིག་ཏུ་གནས་པ་ལ།། གཅིག་པོ་རང་ཉིད་ཅིར་ཡང་འཆར་བ་སྟེ།། གཅིག་གིས་ཀུན་གྱི་རྣམ་པ་འཛིན་ཞེས་གསུངས།། གཅིག་པ་འཁོར་འདས་ཀུན་གྱི་དངོས་གཞི་སྟེ། ། ངོ་བོ་དེ་ཉིད་རྟོགས་དང་མ་རྟོགས་ཀྱི།། བྱེད་པ་མེད་པར་རང་ཉིད་ཅིར་ཡང་ཤར།། དཔེར་ན་ནམ་མཁའི་ངོ་བོ་བྱེད་པ་མི་མངའ་བར།། རང་གིས་ངོ་བོ་འབྱུང་བ་བཞིར་ཡང་ཤར།། འབྱུང་བ་བཞི་ཡང་སྣ་ཚོགས་བསམ་ལས་འདས། ། འདས་ཀྱང་ནམ་མཁའ་མ་གཡོས་བྱེད་བར་ཤར།། སེམས་ཅན་བསམ་བ་སངས་རྒྱས་དགོངས་པ་ཡང།། ཆོས་ཉིད་གཅིག་པུ་གཞན་ནི་ཅི་ཡང་མེད།། དེ་བས་གནས་ལུགས་གཅིག་པུ་བསམ་མི་ཁྱབ། ། དེ་ནི་གསང་སྔགས་གནས་ལུགས་གོ་བར་གྱིས།། གཞན་ནི་གནས་ལུགས་ཐ་དད་ཡིན་པར་འདོད།། དེ་ནི་གནས་ལུགས་གཟུང་འཛིན་ཅན་ཅིན་ཏེ།། གཏན་ལ་ཕེབས་ཀྱང་དགྲོལ་བར་འགྱུར་མི་སྲིད། ། དེ་ནི་སེམས་ཅན་རྣམས་ཀྱི་གནས་ལུགས་ཡིན།། གོང་གི་གནས་ལུགས་ཀུན་གྱི་ཐུན་མོང་མིན། དེ་བས་ཀུན་ལ་དེ་ལྟར་མི་བསྟན་ཏེ། ལོ་བདུན་བར་དུ་མཚན་ཉིད་བརྟག་ལ་ནི། སྐྱོ་བ་རྒྱུན་ཙམ་མེད་ན་བསྟན་པར་བྱ། རང་གི་ལུས་སྲོག་གཏོང་ནས་བསྟན་པར་བྱ། བློ་ཆེན་འཇིགས་པ་མེད་ན་བསྟན་པར་བྱ།། སློབ་དཔོན་སྙིང་ལྟར་བཙོན་བསྟན་པར་བྱ།། སེར་སྣ་ང་རྒྱལ་མེད་ན་བསྟན་པར་བྱ།། དེ་ལྟར་ཁྱོད་ཀྱིས་གཞན་དུ་བསྟན་ན་ནི། ། རྒྱ་མཚོར་དུག་གཡོས་སྡིག་པ་ཆར་མི་ཕོད།། ཀའི་ངས་བསྟན་ཚུལ་བཞིན་ཡེངས་པ་མེད་བར་སྤྱོད།། སློབ་དཔོན་བཀའ་གདམས་ཉམས་པ་བྱོལ་སོང་ཡིན།། ནམས་ཀྱང་འཁོར་བའི་མཐའ་ལས་ཐར་པ་མེད། ། ཞེས་གསུངས་སོ།། དངོས་པོའི་གནས་ལུགས་ཀྱི་ཡི་གེ་སྟེ་གཉིས་པའོ།།།། རང་སེམས་ཆོས་སྐུ་ཆེ་ལ་ཕྱག་འཚལ་ལོ།། གནས་ལུགས་འདི་ཡིས་འདི་ལྟར་རྟོགས་པར་གྱིས།། ལུས་དང་མན་ངག་སྟོབས་ཀྱི་རང་རིག་ངེས་པར་འཆར། ། གསང་སྔགས་དོན་གྱི་ཚད་མ་འདི་ཉིད་ཀྱིས།། ད་ལྟ་ཉིད་དུ་འདི་ཉིད་རྟོགས་པར་གྱིས།། ཕྱྀ་ནང་སྣ་ཚོགས་འཁོར་འདས་སྣོད་བཅུད་ཆོས་ཀུན་ནི།། ངོ་བོ་གཅིག་སྟེ་ཅིག་པོ་དེ་ལྟར་ཤར། ། སུས་རྟོགས་ཅིག་པོར་ཤེས་ཏེ་ཐམས་ཅད་བདག་ཉིད་དོ།། བདག་སྟེ་རྣམ་པར་དག་པས་ཡེ་ཤེས་ཆེན་པོ་ཡིན།། བདག་གཞན་གཉིས་སུ་སྣང་ན་མུ་སྟེགས་འཁྲུལ་པ་མིན།། གཅིག་ཡུལ་གཅིག་གིས་བྱས་པས་གཟུང་འཛིན་རྣམ་རྟོགས་ཡིན། ། བདག་མེད་རྣམ་དག་ཡེ་ཤེས་ཅི་ཕྱིར་ན།། ཡེ་ཤེས་དེ་ལྟར་གནས་པས་ཡེ་ཤེས་ཆེན་པོ་ཡིན།། མ་བསྒྲིབས་མ་ཐོགས་ཡེ་ཤེས་ཆེན་པོ་ཡིན།། ཀུན་གྱི་བདག་ཉིད་འདུས་མ་བྱས་པ་ཡེ་ཤེས་ཆེན་པོ་ཡིན། ། ཐམས་ཅད་གཅིག་ཏུ་རྟོགས་པ་གཅིག་པུས་བསམ་མི་ཁྱབ།། ཐམས་ཅད་བདག་ཏུ་རྟོགས་པས་ཉོན་མོངས་སྐྱེ་ཡུལ་མེད།། བདག་ཉིད་བསམ་མི་ཁྱབ་པས་ཉོན་མོངས་སྐྱེ་མཁན་མེད།། ཉོན་མོངས་ལྔ་རང་ཆོད་སངས་རྒྱས་དགོངས་པ་སྟེ།། སྐུ་གསུམ་མ་བསྒྲུབས་གྲུབ་པས་གསང་སྔགས་འབྲས་བུ་སྟེ།། ལྷུན་གྲུབ་རྫོགས་ཆེན་ཡིན་བར་རྡོ་རྗེ་སེམས་དཔས་གསུངས།། ཐམས་ཅད་གཅིག་ཏུ་རྟོགས་པས་ཅིག་པོ་དཔེ། ། རང་གིས་རང་ལ་དཔྱད་པ་མི་འཇུག་སྟེ།། རང་ཉིད་ལྷུན་གྲུབ་འགྱུར་པས་མི་འགྱུར་སྟེ།། རང་གིས་ངོ་བོ་ལྷུན་གྲུབ་གཅིག་ཡིན་ཡང།། གཅིག་ཏུ་རྟོགས་པས་ཆོག་མོད་ཅོག་གེ་ཞོག། བཅས་བཅོས་བས་བསྡིབ་མངས་ཀྱང་སྡད་མི་ཆོད།། རྒྱལ་ཆོད་ཀྱང་ལྷུན་གྲུབ་བསྒྱུར་དུ་མེད།། ནམ་མཁའ་བསྒྱུར་བས་འགྱུར་བ་མ་ཡིན་བཞིན།། བདག་ཉིད་ཆོས་ཉིད་ཡིན་ཞེས་ཐམས་ཅད་རང་ཉིད་ཤར།། བློ་ཉིད་དངོས་པོར་འགྱུར་དེ་ལ་ཞེས་བྱ། ། སེམས་དང་ཆོས་སུ་འདྲེས་ཞེས་བློ་དངོས་ཕྲད།། སེམས་དེ་ཆོས་ཉིད་འགྱུར་ཞེས་ཀྱང་དེ་ལ་བྱ། ཅི་སྟེ་ཆོས་ཉིད་ཡེ་ནས་དངོས་པོ་གཅིག་པ་ལ།། གཟུང་འཛིན་བློ་ཡིས་ཐ་དད་བློ་ཡི་ཆོས། ། ལུང་དང་མན་ངག་སྟོབས་ཀྱི་ཐམས་ཅད་ཅིག་ཏུ་རྟོགས།། བློ་དངོས་འཕྲད་ཅིང་སེམས་དང་ཆོས་སུ་འདྲེས།། བློ་ཉིད་དངོས་པོར་འགྱུར་ཞེས་རྡོ་རྗེ་སེམས་དཔས་གསུངས།། ཚོགས་གཉིས་རྫོགས་ཤིང་སྒྲིབ་གཉིས་བྱང་ཞེས་བྱ། ། ཡུལ་སེམས་གཉིས་མེད་སངས་རྒྱས་དགོངས་པར་གསུངས།། གཉིས་མེད་རང་གི་ངོ་བོ་གཅིག་པོ་དེ།། འབྱེད་པ་མེད་པར་སྨག་གི་མུན་རུམ་བཞིན།། དམག་གི་མུན་རུམ་འདི་འདྲས་འབྱེད་པ་མེད། ། ཤེས་པ་མེད་པའི་ཤེས་པ་གང་ཡིན་ཏེ།། གནས་པ་མེད་པའི་གནས་ལུགས་རྟོགས་པ་ཡིན།། མཐོང་བ་མེད་པའི་ལྟ་བ་དེ་མཐོང་ན།། ཅི་ཡང་མ་སྤངས་ཅིར་ཡང་རྟོགས་པ་མེད།། རིག་པའི་ཡུལ་མེད་རིག་པའི་མཁན་པོ་མེད། ། ཡུལ་སེམས་གཉིས་མེད་ཡིད་ཀྱི་གཡོ་བ་བྲལ།། རིག་པ་མེད་པའི་རིག་པ་ཤར་བ་ལ།། ཡང་དག་དོན་རྟོགས་རྟོགས་པ་མེད་པར་རྟོགས།། དེ་ལས་གཞན་དུ་ཚོལ་ན་ཐེག་པ་དམན།། བདག་གཞན་འདུ་ཤེས་མ་ལོག་པར། ། བདག་མེད་རྟོག་པར་ཡིན་སྨྲ་ཞིང།། བྱ་བྱེད་འདུ་ཤེས་མ་ལོག་པར།། སངས་རྒྱས་ཐེག་པ་ཡིན་པར་སྨྲ།། དེ་དང་དོགས་པ་མ་ལོག་པར།། ཉོན་མོངས་ལྷོག་པར་འདོད་པ་དང།། སྐུ་གསུམ་བསྒྲུབས་གནས་འགྲུབ་འདོད་ཅིང། ། བདག་གིས་གཞན་ལ་དཔྱོད་ཅིང་རྟོག། སངས་རྒྱས་ཐོག་པར་བགྲང་བ་མིན།། དེ་ནི་སེམས་ཅན་བསམ་པ་སྟེ།། ཁ་ཅིག་ཅི་ཡང་མ་ཡིན་ཟེར།། བློའི་ཡུལ་དུ་བྱས་ནས་ནི། ཁ་ཅིག་གཉིས་སུ་མེད་ཅེས་སྨྲ། ། ཁ་ཅིག་ཡོད་མིན་མེད་མིན་སྨྲ།། ཁ་ཅིག་བསམ་འདས་མཐའ་ལས་སྨྲ།། ཁ་ཅིག་འདུ་ཤེས་མེད་སྨྲ་ཞིང།། ཁ་ཅིག་བསམ་བའི་ཡུལ་མེད་ཟེར།། ལ་ལ་ཀུན་ཡིན་གང་མིན་སྨྲ།། ད་ལྟ་དེའི་དུས་མིན་ཏེ། ། ནམ་ཞིག་སྦྱངས་ནས་འབྱུང་ཞེས་སྨྲ།། དེ་ལ་སྩོགས་པ་མང་སྨྲ་ཡང།། བདག་གཞན་འདུ་ཤེས་མ་ལོག་པར།། སེམས་ཅན་བློའི་ཆོས་ཡིན་ཏེ།། རང་གིས་རང་རིག་མ་རྟོགས་པར།། གཞལ་བྱའི་ཡུལ་ལ་བདག་གིས་ནི། ། འཇལ་བྱེད་ཚད་མས་གཏན་ལ་འབེབས།། ཡིན་མིན་འདུ་ཤེས་ཉོན་མོངས་སྐྱེད།། སྐྱོན་ཡོན་གཉིས་ཀྱི་འདུ་ཤེས་ཀྱིས།། འཁོར་བ་མཐའ་ལས་བྲལ་བར་འདོད།། དེ་ཉིད་འཁོར་བའི་རྒྱ་ཡིན་ནོ།། རང་གི་འབྲས་བུ་མི་བསླུ་ཡང།། ཡང་དག་འབྲས་བུ་དེ་མི་བགྲང།། ཅི་སྟེ་བདག་གཞན་མ་ལོག་པས།། བྱ་བྱེད་ཆོད་པས་འདུས་བྱས་ཆོས།། དེ་ནི་གྲང་བའི་དོན་དུ་གསུངས།། རང་བྱུང་ཡེ་ཤེས་ཅིག་ཉིད་ཀྱང། ། རྟོགས་པའི་ཡེ་ཤེས་མི་སྐྱེ་བས།། ཐ་དད་འདུ་ཤེས་སྐྱེ་བ་དེ།། གྲུབ་མཐའ་བགྲང་བ་མ་ཡིན་གྱིས།། དེ་བས་བློ་ལྡན་སེམས་དཔའ་ཁྱོད།། ཡང་དག་རྟོགས་པ་འདི་ཉོན་ལ།། རང་གི་དམ་ཚིག་ཐུབ་པར་སྲུངས། ། བདུད་ཀྱི་བསླུ་བ་འབྱུང་ང་རེ།། མཁའ་འགྲོའི་སྤྲུལ་པ་འབྱུང་ང་རེ།། དམ་ཅན་ཆད་པ་འབྱུང་ང་རེ།། བསྒྲིམས་ཏེ་བསྒོམ་བ་མ་ཡོ་ཅིག། ཅེས་གསུངས་པའོ།། གསང་སྔགས་ཚད་མས་རྟོགས་པའི་ལྟ་བའི་ཡི་གེ་སྟེ། ། གསུམ་པའོ།།།། ཀཱའི་བུ་ཁྱོད་ཀྱང་ནི་ང་རུང་དུ།། ས་བརྒྱད་ནོན་ཀྱང་ལྷོག་པའི་སྐྱོན་ཡོད་པས།། ད་ཡོང་ཉེན་མེད་ཙམ་དུ་མ་སེམས་པར།། ཤིན་ཏུ་བརྩོན་འགྲུས་བསྐྱེད་དེ་བརྟན་པར་བྱོས།། མངོན་ཤེས་འོང་བ་འདྲ་ན་ཤིན་ཏུ་སྒྲིམས། ། རྫུ་འཕྲུལ་འོང་བ་འདྲ་ན་ཤིན་ཏུ་བསྒྲིམས།། སྐྱེ་བ་དྲན་པ་འདྲ་ན་ཤིན་ཏུ་སྒྲིམས།། མཁའ་འགྲོ་ལུང་སྟོན་འདྲ་ན་ཤིན་ཏུ་སྒྲིམས།། བདེ་བ་འབར་བ་འདྲ་ན་ཤིན་ཏུ་སྒྲིམས།། གཏེར་རམ་ནོར་རྙེད་འདྲ་ན་ཤིན་ཏུ་སྒྲིམས། ། དེ་ཀུན་ཐམས་ཅད་ཡོངས་རྒྱུར་བར་ཆད་ཡིན།། ཁ་ཅིག་དེ་ལས་ཁོངས་པ་སྐྱེས་ནས་ནི།། བདག་ཉིད་ཁྱད་འཕགས་གཞན་ལ་དམན་པར་མཐོང།། ངའི་གདམས་ངག་མ་དྲན་བདུད་ཀྱིས་བསླུས་པ་རེ། ། བདུད་ཀྱིས་བསླུས་ཏེ་གཏན་དུ་འཁོར་བར་འཁྱམ།། བདེ་རུ་རེ་ཞིང་ལས་རྣམས་སྣ་ཚོགས་སྤྱོད།། ཁ་ཅིག་བཟོ་དང་རིག་བྱེད་སྣ་ཚོགས་བྱེད།། ཁ་ཅིག་མཐུ་དང་གྲགས་པ་སྣ་ཚོགས་བྱེད།། ཁ་ཅིག་དམན་པའི་གྲུབ་མཐའ་སྣ་ཚོགས་འཛིན། ། ལ་ལ་འཇིག་རྟེན་བུ་དང་ནོར་ལ་འཆོལ།། ཕལ་ཆེར་ཆ་དང་ལོངས་སྤྱོད་འཕེལ་བར་བྱེད།། དེའི་གདམ་ངག་འདི་དང་བྲལ་བ་ན།། རྣམས་ཀྱང་ཐར་པ་མ་ཡིན་ནོ།། བུ་ཁྱོད་དེ་འདྲའི་སྡུག་བསྔལ་འབྱུང་ང་རེ། ། དེ་བས་འབད་པ་རྟོགས་པ་མ་བྲལ་བར།། སྐྱེས་བུ་ནད་ཀྱི་གདུངས་པ་ཇི་བཞིན་དུ།། རྟོགས་པ་ལྷང་ངེར་གཏན་དུ་མ་བྲལ་ཅིག།།། རྡོ་རྗེ་སེམས་དཔའི་ངོ་བོ་རང་གི་ངང་ལ་ཕྱག་འཚལ་ལོ། ། རང་སེམས་ཀུན་བཟང་ངོ་བོ་ཆོས་ཉིད་རྟོགས་ནས་ནི།། བླང་དུ་མེད་པའི་ཉམས་བླངས་འདི་ལྟ་སྟེ།། གཅིག་ཏུ་རྟོགས་ནས་བློ་རྔོས་རྟོགས་མོས་ན།། ཉམས་སུ་ལེན་པས་སུ་ཡིན་བླང་བ་གང།། བློ་ཉིད་དངོས་པོར་འགྱུར་བར་བྱང་བྱ་མེད། ། སེམས་དེ་ཆོས་ཉིད་དང་དུ་གྱུར་ཙམ་ན།། སྒོམ་མཁན་གང་ཡིན་སྒོམ་དུ་ཅི་ཞིག་བསྒོམ།། ཆོས་ཉིད་ཡེ་འབྱམས་རྟོགས་ནས་མ་ཡེངས་ན།། ཡེ་འཇམ་ཆོས་ཉིད་དགོངས་པ་ཡིན་པར་བཤད། ། དཔེར་ན་ཉི་མ་མཁའ་ལ་ཤར་བ་ཡང།། འཆར་བའི་ཡུལ་ཅིག་ཚད་མར་བློར་བཞག་ནས།། འདིར་འཆར་འདིར་ནི་མི་འཆར།། འཕྱར་མཁན་བདག་ཏུ་དམིགས་པ་ག་ལ་ཡོད།། ཆོས་ཉིད་མཁའ་ལ་རིག་པའི་ཉི་ཤར་བས། ། ཆུ་ལ་ཆུ་བུར་ཐིམ་ནས་གནས་པ་ལ།། འདི་སྒོམ་འདི་མི་སྒོམ་བར་མ་གསུངས་སོ།། སྒོམ་ཡུལ་སྒོམ་མཁན་བཀག་པ་མ་ཡིན་ཡང།། བློ་རྡོས་ཕད་པས་ཆོས་ཉིད་ངང་དུ་གསལ། ། རྟོགས་པས་རང་དབང་མེད་པར་སྒོམ་པའི་ཡུལ་དང་བྲལ།། འདིས་སྒོམ་འདི་སྒོམ་མེད་པས་ཆོས་དང་གང་ཟག་རྟོགས།། སྐྱོན་དང་ཡོན་ཏན་བྲལ་བས་ཉོན་མོངས་དུག་གསུམ་ལོག། དུག་གསུམ་མ་བཅད་ལོག་པས་སྐུ་གསུམ་མ་བསྒྲུབ་གྲུབ། ། དེ་བས་སྒོམ་དུ་མེད་པའི་སྒོམ་བ་ཆེ་བ་མཆོག། སྐྱོན་ཡོན་བྱ་བྱེད་རེ་དགོས་མེད་པས་ཆེ།། དགག་སྒྲུབ་ཡིད་ཀྱི་གཡོ་བ་བྲལ་བས་ཆེ།། ཆེ་བ་ལྔ་དང་ལྡན་པས་ཉོན་མོངས་ལྔ་དང་བྲལ། ། ལྔ་བྲལ་ཉོན་མོངས་བྱ་བའི་མིང་ཡང་མེད།། སྐུ་ལྔ་ལྷུན་གྲུབ་ཡོན་ཏན་མ་ལུས་རྫོགས།། དེ་བས་སྒོམ་དུ་མེད་པའི་སྒོམ་པ་ཆེ།། དེ་ལས་གཞན་དུ་བློ་རྡོས་མ་ཕྲད་དེ།། སེམས་དེ་ཆོས་ཉིད་ངང་དུ་མ་གྱུར་པས།། སྒོམ་མེད་སྐྱོན་ཡོན་ལ་སོགས་གོང་དུ་སྨོས་བཞིན་སྨྲ།། བདག་གཞན་འདུ་ཤེས་ལྷོག་པའི་མཐུ་མེད་པར།། ཐ་མལ་ཚིག་གི་ཐན་པ་ཉོན་མོངས་རྒྱུ།། ཡུལ་སེམས་གཉིས་སུ་མེད་པར་མ་རྟོགས་པར།། ཇི་སྐད་སྨྲས་ཀྱང་གླང་ཆེན་འདམ་ཚུད་འདྲ། ། གྲོལ་བར་འདོད་པས་དེ་རང་ཉིད་ཀྱིས་འཆིང།། འདོད་པ་མེད་པར་འདོད་པ་དེ་རང་འདོད་པ་སྟེ།། ཉོན་མོངས་ཐམས་ཅད་དེ་དུས་ཉིད་དུ་རྫོགས།། བདག་གཞན་འདུ་ཤེས་ཡིད་ཀྱི་བར་དུ་ནི། ། ཅི་ལྟར་འདོད་ཀྱང་འཆིང་སྟེ་མི་འདོད་ན་ཡང་འཆིང།། སྐྱོན་མེད་འདོད་ན་དེ་རང་སྐྱོན་ཡིན་ཏེ། རྣམས་ཀྱང་འཁོར་བའི་མཐའ་ལས་གྲོལ་བ་མེད།། དེ་བས་ཡུལ་སེམས་གཉིས་མེད་རྟོགས་ཙམ་ན།། ཉམས་བླངས་ཅི་ལྟར་བླངས་ཀྱང་གྲོལ་ལོ་ཞེས། ། རྡོ་རྗེ་སེམས་དཔས་ངེས་པར་གསུངས་པ་ཡིན།། བདག་གཞན་འདུ་ཤེས་ངང་གིས་དབེན་པས་ན།། སྣང་སྲིད་རྡོ་རྗེ་སེམས་དཔའི་དགོངས་པ་ཡིན།། ཡེ་ནས་ཡིན་པའི་དོན་དེ་རབ་རྟོགས་ན། ། ཅི་ལྟར་རུང་སྐལ་ལྡན་ཉམས་སུ་ལོང།། ཞེས་སྣང་སྟེ། ཉམས་སུ་བླང་བའི་ཡི་གེ་སྟེ།། བཞི་པའོ།། རྣམ་དག་ཡེ་ཤེས་ངང་ལ་ཕྱག་འཚལ་ལོ།། འབྲས་བུ་སངས་རྒྱས་འདུས་མ་བྱས་ཡིན་ཏེ།། ཆོས་ཉིད་སེམས་ཉིད་ཡེ་ནས་འདུས་མ་བྱས། ། བསྒྲུབས་ནས་གྲུབ་ཅིང་ཐོབ་མ་ཡིན་ཏེ།། ཡེ་ནས་ཡིན་པའི་དོན་དེ་རབ་རྟོགས་ནས།། རྟོགས་པས་བརྟན་པ་དེ་ལས་མི་གཡོ་ཞིང།། རང་བྱུང་ཡེ་ཤེས་ངང་གིས་གནས་པ་ལ། ། རྟོག་པའི་ཡེ་ཤེས་རང་བྱུང་ཤར་བ་བཞིན།། རྟོགས་པའི་ཤུགས་ཀྱི་ཀླུང་དུ་གནས་པ་ལས།། སྟོབས་ཀྱིས་བརྟན་པ་འབྲས་བུའི་མཆོག་ཏུ་བཤད།། ངོ་བོ་རང་བྱུང་ཡེ་ཤེས་འཕེལ་འགྲིབ་མེད།། སངས་རྒྱས་གནས་སྐབས་བཞི་རུ་དབྱེ་བ་ཙམ། ། ཅི་སྟེ་འདུས་མ་བྱས་ཤིང་བདག་གཞན་དབྱེན།། དེ་བས་ཐོབ་ཏུ་མེད་པས་འབྲས་བུ་ཐོབ།། དང་པོའི་གནས་ལུགས་མེད་པའི་གནས་ལུགས་ཏེ།། གཉིས་མེད་རྟག་ཏུ་མེད་པའི་རྟོག་པས་རྟོགས། ། གསུམ་པ་ལྟ་རུ་མེད་པའི་ལྟ་བ་དེ།། བཞི་པ་སྒོམ་དུ་མེད་པའི་སྒོམ་པས་བསྒོམས།། ལྔ་པ་ཐོབ་ཏུ་མེད་པའི་འབྲས་བུ་དེ།། དྲུག་པ་སྒོམ་དུ་མེད་པའི་མཁྱེན་པ་ཤར།། རྡོ་རྗེ་སེམས་དཔས་འབྲས་བུའི་མཆོག་ཏུ་གསུངས། ། འབྲས་བུ་ངོ་བོ་ཡེ་ནས་ཡིན་བས་ན།། རྟོགས་པས་ཐོབ་ཅེས་རྡོ་རྗེ་སེམས་དཔས་གསུངས།། དཔེར་ན་མ་ཧ་ར་ཙའི་བུ་བཞིན་ནོ།། ཐ་གུ་སྤྲུལ་ལ་སོགས་པ་ཅི་བཞིན་ནོ།། ཡེ་ནས་གཟུང་འཛིན་དབེན་ཞིང་འདུས་མ་བྱས། ། ཡིན་པ་ངང་གིས་བཟུང་འཛིན་འདུས་མ་བྱས་འཁྲུལ།། ངང་གིས་གཟུང་འཛིན་དག་ཅིང་འདུས་མ་བྱས་རིག་པས། སྤངས་ནས་ཐོབ་པ་མེད་དེ་འབྲས་བུའི་མཆོག་ཏུ་གསུངས།། དེ་ཡང་སངས་རྒྱས་དེ་མེད་སེམས་ཅན་མེད། ། དེ་རྟོགས་བརྟན་ནས་ཡིན་ཀྱི་གཡོ་བ་བྲལ།། ཐ་སྙད་འདུ་ཤེས་རྡུལ་ཙམ་མི་སྐྱེ་ན།། མཐར་ཐུག་འབྲས་བུ་ཐོབ་ཚུལ་དེ་ལྟར་ཐོབ།། དང་པོ་རྟོགས་པའི་ཡེ་ཤེས་རང་བྱུང་དེ། ། ཉི་མ་ཅིག་ལ་ཆ་བཅུར་གནས་པ་ལ།། ཆ་ཅིག་ཡེ་ཤེས་ཐ་མལ་ཆ་དགུ་སྟེ།། རིམ་གྱིས་མ་སྤངས་མ་བསྒྲུབས་བཅུ་འགག་པ།། གསང་སྔགས་འབྲས་བུ་ཐོབ་ཚུལ་དེ་ལྟར་ཐོབ།། དང་པོ་རྟོགས་པའི་ཡེ་ཤེས་རང་འབྱུང་དེ། ། སྣང་བ་ཤར་ཤས་མུན་པ་རླག་པ་ལྟར།། གཉིས་མེད་རྟོགས་པས་དགག་བསྒྲུབ་ལོག་པ་དང།། ལྷུན་གྲུབ་རྟོགས་པས་བྱ་བ་སྦལ་ལོག་པ་དང།། གཅིག་པུ་རྟོག་པས་རེ་དོགས་ལོག་པ་དང།། མཉམ་ཉིད་རྟོགས་པས་དགག་བསྒྲུབས་ལོག་པ་དང། ། འབྲས་བུ་ཐོབ་ཅེས་རྡོ་རྗེ་སེམས་དཔས་གསུངས།། དེ་ཡང་གཞན་ནམས་ཐོབ་པ་ཅི་ཡང་མེད།། རང་གི་ངོ་བོ་ཡེ་ནས་དེ་ལྟར་གནས།། གནས་པ་རྟོགས་ནས་བརྟན་པ་ཐོབ་པ་ལ། ། མཐར་ཐུག་འབྲས་བུ་ཐོབ་ཚུལ་དེ་ལྟར་ཐོབ།། རང་གི་ངོ་བོ་ཡེ་ནས་དེ་ལྟར་གནས།། གནས་པ་རྟོགས་ནས་བརྟན་པ་ཐོབ་པ་ལ།། མཐར་ཐུགས་འབྲས་བུ་ཐོབ་ཚུལ་དེ་ལྟར་ཐོབ།། རང་རིག་ཤེས་ན་གཞན་ཡང་འདི་ལྟ་སྟེ། ། ཡང་དག་དོན་དེ་སྟོན་པའི་སློབ་དཔོན་དེ།། ལྷན་ཅིག་གནས་ན་སྲི་ཞུ་སྨོས་ཅི་དགོས།། གང་ན་བཞུགས་པའི་ཡུལ་ཕྱོགས་དྲིས་ནས་ཀྱང།། ཕྱོགས་དེར་མཆོད་བྱེད་ཕྱག་འཚལ་མཆོད་པ་བྱེད།། སྔོན་དུ་བཞུགས་པའི་ཁྲིམས་འམ་གནས་ཁང་ལ། ། སྐོར་བ་ལ་སོགས་ཕྱག་འཚལ་སྔོན་དུ་བྱེད།། དྲན་ནམ་མཐོང་ན་ནང་ཉུང་ལུས་ཀྱང་ཡང།། སྔོན་དུ་སྤྱོད་ལམ་དྲན་ན་མོས་པ་སྐྱེ།། ནམ་ཡང་འབྲལ་བའི་བསམ་པ་མི་སྐྱེ་ན། ། དགོན་པར་ཁྲིད་ལ་ཚིག་རེ་ཚིག་རེ་བསྟན།། ཡུན་དུ་བསྲིངས་ལ་བགས་ཀྱིས་བསྟན་པ་ལས།། གདོལ་ཆོས་ལྷུག་པར་ཞུ་ཞིང་བསྟན་པ་མེན།། ངང་གི་སྣོད་དང་སྦྱར་ཞིང་བསྟན་པ་ཡིན།། འབྲས་བུ་ཐོབ་ཚུལ་ཡི་གེ་སྟེ་ལྔ་པའོ། །།། མཉམ་ཉིད་ངང་གི་འགྲོ་ལ་ཕྱག་འཚལ་ལོ།། འབྲས་བུ་ཁྱད་པར་འཕགས་པ་ལྔ་ཡིས་འཕགས།། མ་ཡངས་མི་གནས་མི་ལྟོས་རག་མ་ལུས།། ཐ་སྙད་ཀུན་དང་བྲལ་བའི་འབྲས་བུ་དེ།། རང་བྱུང་ལྷུན་གྲུབ་འདུས་མ་བྱས་པས་ན། ། འབྲས་བུའི་རྒྱལ་པོ་ཁྱད་པར་འཕགས་ཏེ་ཆེ།། བྱ་བྱེད་མེད་པས་ཉོན་མོངས་མེད་པས་འཕགས།། བདག་གཞན་མེད་པས་བཟུང་འཛིན་དབེན་བས་འཕགས།། རྒྱུ་རྐྱེན་མེད་པས་གཉེན་པོས་མི་འཇིགས་དཔག། བློ་རྔོས་འཕྲད་པས་གཉིས་མེད་གསལ་ཏེ་དཔགས།། ཆོས་ཉིད་ཡོངས་འབྱམས་གཉིས་མེད་གནད་དུ་ཆུད།། རང་དབང་རང་གིས་ཐོབ་སྟེ་གཞན་མི་གནས།། ཆེ་བཙན་འགྲན་ཟླ་མེད་པའི་འབྲས་བུ་དེ། ། ཡེ་ཤེས་རྩེ་མོས་ཐམས་ཅད་འཇོམས་ཏེ་དཔགས།། ཡིད་ཀྱིས་མ་བསམ་བློ་ཡིས་མ་བྱས་པས།། རང་དབང་མེད་པའི་འབྲས་བུ་རང་བྱུང་ཆེ།། གང་ནས་མ་བྱུང་གང་དུ་མ་ཕྱིན་པར།། རང་སར་རང་གྲོལ་འབྲས་བུ་བདེ་བའི་མཆོག། ཡིད་ཀྱི་གཡོ་བ་བྲལ་བའི་འབྲས་བུ་དེ།། རྡོ་རྗེ་སེམས་དཔས་འབྲས་བུའི་མཆོག་ཏུ་གསུངས།། ཇི་སྲིད་ཡིད་ཀྱི་གཡོ་བ་མ་བྲལ་བར།། སངས་རྒྱས་འདོད་པས་བསྒྲུབ་པའི་གང་ཟག་དེ། ། འཁོར་བའི་མཐའ་ལས་ཐར་པར་མ་གསུངས་སོ།། དེས་ཀྱང་རྫོགས་ཆེན་འབྲས་བུ་ཁྱད་པར་འཕགས།། ཡིད་ཀྱི་གཡོ་བ་བྲལ་བའི་འབྲས་བུ་དེ།། རྫོགས་པ་ཆེན་པོའི་འབྲས་བུ་ཡིན་པར་བཤད།། ཡིད་ཀྱི་གཡོ་བ་མ་བྲལ་འབྲས་བུ་དེ།། རྫོགས་པ་ཆེན་པོ་མ་ཡིན་བསྐྱེད་རིམས་ཡིན།། བསྐྱེད་རིམ་ཤེས་ཀྱང་དེ་རུ་ཤེས་པར་གྱིས།། རེ་དོགས་མ་ཟད་འབྲས་བུ་བསྐྱེད་རིམ་ཡིན།། གཟུང་འཛིན་ཟད་པའི་འབྲས་བུ་རྫོགས་ཆེན་ཡིན། ། ཨ་ནུ་མན་ཆད་སེམས་ཅན་བློའི་ཆོས།། རྫོགས་ཆེན་སངས་རྒྱས་དངོས་པོའི་ཆོས།། དྲང་དོན་ངེས་དོན་གཉིས་སུ་ཤེས་པར་གྱིས།། དེ་བས་འབྲས་བུ་རྫོགས་ཆེན་དཔགས་ཏེ་ཆེ།། རང་བྱུང་ཡེ་ཤེས་ཡེ་ནས་རྫོགས་པ་ལ། ། རྟོགས་པའི་ཡེ་ཤེས་བསྟན་པ་རྫོགས་ཆེན་ནོ།། ཆོས་ཉིད་དངོས་པོའི་གནས་ལུགས་རྫོགས་པ་ལ།། བློ་ཉིད་དངོས་པོར་གྱུར་པས་ཆེན་པོའོ།། ཡེ་ནས་ཆོས་ཉིད་རྫོགས་ཆེན་ཅིག་པ་ལས།། གཅིག་རྟོགས་གཟུང་འཛིན་བྲལ་བ་ཆེན་པོའོ།། བྱ་བྱེད་བྲལ་ཏེ་ལྷུན་ཀྱིས་གྲུབ་པ་དེ།། རྫོགས་པ་ཡིན་ལ་ཆེན་པོ་ཡིན་པར་བཤད།། བྱ་བྱེད་བསྒྲུབས་ནས་གྲུབ་པའི་འབྲས་བུ་དེ།། རྫོགས་པ་ཡིན་ལ་ཆེན་པོ་མིན་པར་གསུངས། ། སོ་སོ་སྐྱེ་བོ་བློ་ལ་སྣང་བ་དེ།། རྫོགས་པ་ཡིན་ལ་ཆེན་པོ་མིན་པར་དངོས་པོའི་གནས་ལུགས་ཡེ་ནས་གནས་པར།། ཆེན་པོ་ཡིན་ཡང་ཆེན་པོ་མིན་པར་བཤད།། ཅི་སྟེ་རྟོགས་པའི་ཡེ་ཤེས་མ་ལྡན་པས།། དེ་ལྟར་རང་གི་བློ་ལ་གོ་བར་གྱིས། ། ཡང་དག་དོན་གྱི་ཁྱད་པར་དེ་ཙམ་མོ།། རང་གི་ཤེས་རབ་སྩལ་གྱིས་མ་ཆོད་ན།། མང་དུ་སྨྲས་ཀྱང་སླར་ལ་ཚིག་གིས་བསྒྲིབ།། ང་ཡིས་ཁྱོད་ལ་བསྟན་པའི་ཚིག་བཤད་འདི།། སུ་ལ་བསྟན་ཀྱང་མི་རྟོགས་མི་སྲིད་དེ། ། སྐལ་ལྡན་བརྒྱ་ལ་འགའ་དང་ཕྲད་པར་ཤོག། སྐལ་མིན་བརྒྱ་ལས་ཕྲད་པར་འདོད་ན་ཡང།། མཁའ་འགྲོས་བར་ཆད་སྣ་ཚོགས་བྱས་ནས་ཀྱང།། འདི་དང་སྐལ་མེད་ཕྲད་པར་མ་གྱུར་ཅིག། རྫོགས་ཆེན་ཁྱད་འཕགས་ཀྱི་ཡི་གེ་སྟེ་དྲུག་པའོ།།།། ལྷུན་གྲུབ་རྡོ་རྗེ་སྐུ་ལ་ཕྱག་འཚལ་ལོ།། ཨ་ནུ་མན་ཆོད་སྐྱོན་ཡང་འདི་ལྟ་སྟེ།། བདག་གཞན་གཉིས་ཀྱི་འདུ་ཤེས་མ་ལོག་པར།། གཟུང་འཛིན་རྟོག་པར་འདོད་པ་ཤིན་ཏུ་རྨོངས་པ་སྟེ།། བྱ་བྱེད་འདུ་ཤེས་སྒོ་ནས་སངས་རྒྱས་སྒྲུབ་འདོད་པ།། སྐྱེ་བོ་ཕལ་པས་ལྟས་ཀྱང་རྨོངས་པར་སྣང།། ཉོན་མོངས་སྦ་བ་རེ་དོགས་ཡིན་པ་ལ།། རེ་དོགས་ལམ་དུ་ཁྱེར་ནས་བྱང་ཆུབ་སྒྲུབ་པར་འདོད། ཁོང་པར་དུག་ཟོས་ལུས་ལ་བདེ་བར་འདོད།། འདོད་ཀྱང་བདེ་བ་མི་མྱོང་སྡུག་བསྔལ་མྱོང་བར་འགྱུར།། རེ་དོགས་མ་ཟད་བར་དུ་བདེ་བ་ཐོབ་མི་སྲིད།། ཨ་ནུ་དབྱིངས་དང་ཡེ་ཤེས་སྒོར་ཞུགས་ནས། ། གཉིས་མེད་བདེ་བ་ཅི་བཞིན་བློ་འཇོག་འདོད་པ་སྟེ།། དེ་ཡང་ཉོན་མོངས་རྫོགས་ཆེན་མཐོང་བ་མེད།། མཧཱ་ཐབས་དང་ཤེས་རབ་སྒོར་ཞུགས་ནས།། བསྙེན་སྒྲུབ་བཞི་ཡིས་སྐུ་ལྔ་བསྒྲུབ་པར་འདོད། ། དེ་ཡང་ཉོན་མོངས་རྫོགས་ཆེན་མཐོང་བ་མིན།། ཡོ་ག་ཆོ་ག་ལྔའི་སྒོར་ཞུགས་ནས།། འབྲས་བུ་སངས་རྒྱས་འདོད་ཅིང་སྩོལ།། ཨུ་པ་ཡའི་ལྟ་སྤྱོད་ནི།། ཀྲི་ཡ་སྤྱོད་ཅིང་ཡོ་ག་བསྒྲུབས།། འབྲས་བུ་སྐུ་གསུམ་ཡེ་ཤེས་བསྒྲུབ། ། བྱ་བ་བྱེད་པའི་ཀྲི་ཡ་ནི།། དག་པ་རྣམ་གསུམ་སྒོར་ཞུགས་ནས།། རིགས་གསུམ་སངས་རྒྱས་བསྒྲུབ་པར་འདོད།། བྱང་ཆུབ་སེམས་དཔའི་སྤྱོད་པ་ནི།། བདེན་པ་གཉིས་ཀྱི་སྒོར་ཞུགས་ནས།། ཀུན་ཏུ་འོད་ཀྱི་ས་འདོད་པའོ། ། ཤེས་པ་འགོག་པའི་རང་རྒྱལ་ནི།། རྟེན་འབྲེལ་བཅུ་གཉིས་སྒོར་ཞུགས་ནས།། ཡིད་བཞིན་བདེ་བ་མཆོག་ཐོབ་འདོད།། སྡུག་བསྔལ་མྱོང་བའི་ཉན་ཐོས་ནི།། བདེན་པ་བཞིའི་སྒོར་ཞུགས་ནས། ། དགྲ་བཅོམ་འབྲས་བུ་ཐོབ་པར་འདོད།། འདོད་པ་མ་ཟད་བར་དུ་ནི།། ཉོན་མོངས་ཟད་པར་མི་འགྱུར་ཏེ།། ཉོན་མོངས་འབྲས་བུ་ཁམས་གསུམ་ཡིན།། འདུས་བྱས་རྟེན་འབྲེལ་འབྲས་བུ་དེ།། སངས་རྒྱས་ཐེག་པར་བགྲང་བ་མེད་དེ། ། དེ་བས་སྐྱོན་མེད་ཤེས་པར་གྱིས།། སྐྱོན་གྱིས་རྩ་བར་རེ་དོགས་ཡིན།། རེ་དོགས་གཟུང་འཛིན་མ་ཡིན་པའི།། སྐྱོན་ཞེས་བྱ་བ་རྙེད་པར་ནི།། རྡོ་རྗེ་སེམས་དཔའ་མ་གསུངས་སོ།། ཅི་སྲིད་བྱ་བྱེད་རེ་དོགས་ཀྱི། ། འདུ་ཤེས་ལོག་པར་མ་གྱུར་པས།། འབྲས་བུ་སངས་རྒྱས་ཐོབ་པ་ནི།། རྨི་ལམ་ན་ཡང་མཐོང་མེད་ན།། དེ་བས་ཁྱོད་ཀྱིས་དེ་ལྟར་ཤེས་པར་གྱིས།། ཤེས་ནས་ཉོན་མོངས་དབང་གིས་མ་ཡེངས་པར། ། རང་གིས་རྟོགས་པ་ཅི་བཞིན་ཀླུང་དུ་གྱིས།། སྐལ་མེད་མོས་པ་བཟློག་པ་རི་བསྲེ་ལྕི།། སྐལ་ལྡན་བཟློག་གི་བརྒྱ་སྟོང་ཆར་མི་ཕོད།། དེ་བས་གསང་སྔགས་གདམ་ངག། ཚད་གཟུང་ཤིན་ཏུ་དཀའ།། དེ་བས་ཡུན་དུ་བསྲིང་ལ་གང་ཟག་བརྟག། རྟོག་ནས་བརྩོན་འགྲུས་བསྐྱེད་ལ་གདམས་ངག་བསྟན།། ཞེས་འོག་མ་སྐྱོན་གྱིས་རྩ་བ་དང་མ་བྲལ་བའི་ཡི་གེ་སྟེ།། བདུན་པའོ།།། ཆོས་ཉིད་གཡོས་ཤིང་ཐ་དད་ཅི་ཡང་མེད།། དཔེར་ན་ལུས་ཀྱི་ངོ་བོ་ཅིག་པ་ལ།། བྱེད་པ་མེད་པར་ཡན་ལག་སྣ་ཚོགས་ཤར།། ཤར་ཡང་ལུས་ལས་གཡོས་ཤིང་ཐ་དད་མེད།། ངོ་བོ་རྡོ་རྗེ་སེམས་དཔས་ཅིག་པར་གསུངས།། བྱེད་པ་མེད་པར་རང་ཉིད་རང་དུ་ཤར། ། དཔེར་ན་རྒྱ་མཚོ་ཆེན་པོའི་ཚུལ་བཞིན་དུ།། བུ་ཁྱོད་ཅིག་པའི་དོན་ལ་མ་རྨོངས་ཤིག། ཐ་དད་འདུ་ཤེས་ཞུགས་པ་བདུད་ཀྱི་ལས།། དེ་བས་ཅིག་པའི་དོན་ལ་ནན་ཏན་གྱིས།། འདས་པའི་སངས་རྒྱས་ཅིག་པ་ཉིད་དུ་རྒྱས། ། ད་ལྟར་སངས་རྒྱས་ཅིག་པ་ཉིད་དུ་གནས།། སླད་ཀྱིས་གདུང་འཚོ་ཅིག་པའི་ལུང་ཡང་སྟེན།། དེ་བས་ཅིག་པའི་དོན་འདི་རྟོགས་གྱུར་ན།། འཁོར་བའི་ཉོན་མོངས་མ་བཅད་ངང་གིས་ལྡོག། ཀྭའི་བུ་ཁྱོད་མ་ཡེངས་ཤིག། ད་རུང་བདུད་ཀྱི་བསླུ་བ་འབྱུང་ལ་རེ།། ཞེས་སོ།། འཁོར་འདས་ངོ་བོ་ཅིག་པའི་ཡི་གེ་སྟེ། བརྒྱད་པའོ།།།། ཨེ་མ་དོན་ཉིད་མ་སྩལ་རྫོགས་ལ་ཕྱག་འཚལ་ལོ།། གཅིག་པའི་དོན་ལ་འཁོར་འདས་གཉིས་གསུངས་པ། ། རང་བྱུང་ཡེ་ཤེས་ཅིག་ཏུ་གནས་མོས་ཀྱང།། རྟོགས་མ་རྟོགས་ཀྱིས་འཁོར་འདས་གཉིས་སུ་གསུངས།། དཔེར་ན་སྨན་གྱི་རྒྱལ་པོ་ག་ཕུར་ཅིག་པ་ལ།། ཚ་གྲང་རྐྱེན་གྱི་སྨད་དུ་གཉིས་སུ་གནས། ། དེ་བཞིན་ཆོས་ཉིད་ཕྱོགས་དང་བྲལ་བ་ལ།། བྱེད་པ་མེད་པར་འཁོར་འདས་གཉིས་སུ་ཤར།། དེ་ཡང་རྟོགས་མ་རྟོགས་ཀྱི་བྱེ་བྲག་གོ། འཁོར་འདས་རྟོག་མ་རྟོགས་ལས་མེད་པར་གསུངས།། སངས་རྒྱས་བསྒྲུབ་པས་གྲུབ་པར་མ་གསུངས་སོ། ། དཔེར་ན་ཉི་མའི་དཀྱིལ་འཁོར་སྣང་བ་ལ།། ཉི་མའི་ངོ་བོ་གཅིག་ལས་མ་གཡོས་པར།། ཆུ་བུར་ཞིག་ནི་རྐྱེན་གྱིས་མུན་སྣང་གཉིས།། མུན་པ་སྤངས་ནས་སྣང་བ་བསྒྲུབ་པ་མེད། ། དེ་བཞིན་རང་སེམས་རྒྱལ་པོ་ཆོས་ཉིད་དེ།། རྟོགས་ན་སངས་རྒྱས་མ་རྟོགས་སེམས་ཅན་ནོ།། རྟོགས་ན་མི་རྟོགས་མ་རྟོགས་རྣམ་རྟོག་གོ། དུག་ལྔ་ཡེ་ཤེས་ལྔ་ཡང་མ་རྟོགས་མ་རྟོགས།། རྟོགས་མ་རྟོགས་ཀྱང་བྱས་པ་མ་ཡིན་ཏེ། ། རང་གིས་ངོ་བོ་རང་གི་དེ་ལྟར་རོ།། ཆོས་རྣམས་ཐམས་ཅད་རང་གིས་རང་ཤར་ཡང།། ལས་སོ་ཟེར་ནས་རྒྱུ་མཚན་ཚོལ་བ་ན།། བླུན་རྨོངས་དེ་ནི་སངས་རྒྱས་ཐེག་ཆེན་མིན།། ནམས་ཀྱང་འདུས་བྱས་རྐྱེན་ལས་དེ་མི་འདའ། ། ཁྱོད་ཀྱིས་འཁོར་འདས་རང་བྱུང་ཤེས་པར་གྱིས།། གཉིས་ཀྱང་གཅིག་གིས་ངོ་བོར་གྱིས།། གཅིག་ཀྱང་གཉིས་ཀྱི་རང་བཞིན་ཤེས་པར་གྱིས།། རྟོགས་མ་རྟོགས་ཀྱིས་འཁོར་འདས་གཉིས་སུ་གསུངས། དེ་ལས་འཁོར་འདས་གཉིས་ཀྱི་རྒྱུ་མཚན་ནི།། རྡོ་རྗེ་སེམས་དཔའ་རྙེད་པར་མ་གསུངས་སོ།། འཁོར་འདས་གཉིས་ཀྱི་གསུངས་ཚུལགྱི་ཡི་གེ་སྟེ། དགུ་པའོ།།།། བཅོམ་ལྡན་འདས་ཐམས་ཅད་མཁྱེན་པའི་ངང་ལ་ཕྱག་འཚལ་ལོ། ། སངས་རྒྱས་སེམས་ཅན་གཅིག་ཅིང་ཐ་ཡང་དད།། སངས་རྒྱས་གང་ཡིན་སེམས་ཅན་ཡིན།། སེམས་ཅན་གང་ཡིན་སངས་རྒྱས་ཡིན།། སངས་རྒྱས་སེམས་ཅན་ལྷན་ཅིག་མི་གནས་ཏེ། ། སངས་རྒྱས་ཡོད་ན་སེམས་ཅན་མེད།། སེམས་ཅན་ཡོད་ན་སངས་རྒྱས་མེད།། གཅིག་པ་ཆོས་ཉིད་ཡིན་པ་ལ།། མ་རྟོགས་འཁོར་བའི་སེམས་ཅན་ཏེ།། རྟོགས་པས་སངས་རྒྱས་རྫོགས་པ་ཡིན། ། གོང་གིས་མ་རྟོགས་པ་དེ་ཉིད།། ཕྱི་ནས་རྟོགས་པ་དེ་ཉིད་ཡིན།། དོན་གྱི་ངོ་བོ་འཕོ་འགྱུར་མེད།། རེ་ཞིག་གཉིས་སུ་བགྲངས་བ་ཙམ།། དེ་ཡང་འགྲོ་བས་རྟོགས་ཕྱིར།། འཁོར་འདས་ལྷན་ཅིག་མི་གནས་ཏེ། ། མ་རྟོགས་པའི་དུས་ཙམ་ན།། རྟོགས་པ་ཡོད་པར་སྨྲ་བ་མེད།། རེ་ཞིག་ཤེས་ཆེའི་སྒོ་ནས་སྨྲ།། མུན་པ་ཡོད་ན་སྣང་བ་མེད།། སྣང་བ་ཡོད་ན་མུན་པ་མེད།། རེ་ཞིག་གཅིག་ཏུ་བསྟན་པ་ཙམ།། དེ་ཡང་རྟོགས་པར་བྱ་ཕྱིར་རོ། ། འོ་ན་དོན་གྱི་ངོ་བོ་དེ།། བསམ་མི་ཁྱབ་ཏུ་གནས་པ་ཡིན།། སྣང་བ་དོའི་ཙམ་ན་སྟོང་ཡང་བདོའོ།། སྟོང་བདོ་ཙམ་དུ་སྣང་ཡང་བདོའོ།། སྨན་བདོ་ཙམ་ན་དུག་ཀྱང་བདོ།། དུག་བདོ་ཙམ་ན་སྨན་ཡང་བདོ། ། སེམས་ཅན་བདའོ་ན་སངས་རྒྱས་བདའོ།། ཉོན་མོངས་བདོའོ་ན་ཡེ་ཤེས་བདའོ།། གཅིག་དང་ཐ་དད་གྲོལ་བར་གསུངས།། དེ་བས་འཁོར་འདས་འགྲེལ་ཞིང་རྒྱ་མ་ཆད།། མཐའ་རྡོས་མཐའ་བྲལ་ཀུན་དང་བྲལ། ། དེ་བས་ཡང་དག་ལྟ་བ་གཟའ་གཏད་བྲལ།། སེམས་ཅན་སངས་རྒྱས་ངོ་བོ་ཉིད་ཀྱི་འབྲེལ།། མ་རིག་རྐྱེན་གྱིས་འབྲེལ།། མ་རིག་རྐྱེན་གྱིས་ཐ་དད་པར་ཡང་གསུངས།། དེ་འདྲའི་དོན་འདི་སྐྱེས་བུ་སུ་འཆང་བ། དགེ་སྡིག་གཉི་ག་ཆེད་དུ་མི་བྱེད་དེ།། བྱས་ཀྱང་ཆོས་ཉིད་ངང་ལས་གཡོས་པ་མེད།། མི་གཡོ་མི་འགྱུར་ཡུལ་མེད་དབང་པོས་ཏེ།། རྟོགས་པའི་དུས་སུ་མངོན་སངས་རྒྱས།། ཐོབ་བྱའི་འདོད་ཆགས་ངང་གིས་བྲལ།། དེ་མཐོང་ཐམས་ཅད་ཆོས་སྐུ་བས། ། དོགས་ཤིང་བག་ཚའི་ཞེ་སྡང་རྐ་ནས་ངག། ཤུགས་ཀྱིས་དགྲ་ཟིན་འདུ་ཤེས་ལྷོག་པར་སྣང།། ཐམས་ཅད་ངོ་བོ་རང་གིས་དབྱིངས།། འདུ་ཤེས་ཐམས་ཅད་ཟད་པ་འབྱུང།། བྱ་བ་ཐམས་ཅད་ངང་གིས་ལྡོག། དེ་འདྲའི་དྲོད་དང་ལྡན་ཙམ་ན།། བདུད་དུ་ཐུན་མོངས་དངོས་གྲུབ་ཆེ།། ཅི་འདྲའི་ནུས་པ་འབྱུང་འགྱུར་ཀྱང།། བདུད་དེ་ཆོས་ཉིད་ངང་དུ་བསྟིམ།། བར་དེར་ནན་ཏན་ཤིན་ཏུ་འབད། ཁ་ཅིག་དེ་ལ་སྤྲོ་སྐྱེས་ནས། ། ཟག་པ་ཟད་པར་མཐོང་བ་ན།། དེ་ཡང་བློ་ཆུང་འཁོར་བའི་རྒྱུ།། ཁྱོད་ཀྱི་དེ་ལྟར་ཤེས་པར་གྱིས།། འཁོར་འདས་འབྲེལ་པའི་དོན་གྱི་ཡི་གེ་སྟེ།། བཅུ་པའོ།།།། སྤྲོས་བྲལ་ཆོས་ཀྱི་སྐུ་ལ་ཕྱག་འཚལ་ལོ། ། སེམས་ཅན་སྐྱོན་གྱི་སྩ་བ་གཅིག་པུ་བ།། བདག་ཏུ་འཛིན་པའི་དུག་ལྔ་རང་ལས་བྱུང།། སེམས་ཅན་ཞེས་ཀྱང་འཛིན་པས་བཏགས་པ་ཡིན།། ཉོན་མོངས་ཅི་སྙེད་ཐམས་ཅད་འཛིན་པའི་གནས།། བདག་ཏུ་འཛིན་པ་ཐོག་མ་མེད་པ་ནས།། དེའི་བར་དུ་སྡུག་བསྔལ་འདམ་དུ་མནར།། ད་དུང་གཟུང་འཛིན་ཕུར་པ་མ་ཕྱིན་བར།། ཐར་བར་རྡོ་རྗེ་སེམས་དཔས་མ་གསུངས་སོ།། ཆོས་ཉིད་ཅིག་པུ་ཟླ་དང་བྲལ་བ་ལ། ང་དང་གཞན་དུ་བཟུང་བས་གཏན་དུ་འཁྱམས།། ཅི་སྲིད་གཞན་འདུ་ཤེས་ཡོད་ཀྱི་བར།། རྒ་ཅི་སྤྱད་རང་ཉིད་འཆིང་བའི་རྒྱུ།། གྲོལ་བར་འདོད་པས་སླར་ཡང་འཆིང་བའི་རྒྱུ།། སྦུར་པ་བལ་རྡུང་ཆུད་པ་ཙ་བཞིན་ནོ། ། བདག་གཞན་གཉིས་ཀྱི་འདུ་ཤེས་གང་ཞེས་ན།། བདག་གཞན་ཡུལ་དང་སེམས་ལ་བྱ་བ་སྟེ།། དེ་གཉིས་ཡོད་པས་བྱ་བ་བྱེད་པ་དང།། རེ་དང་དོགས་དང་ལེགས་དང་མ་ལེགས་དང།། བཟང་དང་ངན་དང་རྒྱུད་དང་འབྲས་བུ་དང། ། མཐོ་རིས་ངན་སོང་ལ་སོགས་ཐམས་ཅད་ཡོད་པ་ནི།། ཅི་སྲིད་ཡུལ་སེམས་གཉིས་མེད་མ་རྟོགས་པར།། བདག་གཞན་གཉིས་མེད་ཟེ་བའི་དམུས་ལོང་བྱ་ར་མཁན། བདག་དང་གཞན་གྱི་ཤེས་པ་མི་འདྲེ་བར། ། ཡུལ་སེམས་གཉིས་མེད་ཟེར་བའི་རྨོངས་པ་ཡོད།། སྐྱོན་གྱི་སྩ་བ་གཟུང་འཛིན་གཉིས་དང་འགྲོགས། ཁ་ཅིག་གྲུབ་མཐའ་འདི་སྐད་ཟེར་བ་ཡོད།། ང་དང་བདག་ནི་ཡེ་ནས་སོ་སོ་སྟེ།། བདག་གི་སེམས་ཉིད་སྩལ་བའི་མ་རྙེད་པར། ཁ་ཅིག་ཆོས་ཉིད་ཙམ་དུ་ཅིག་པ་ལ། ཆོས་ཉིད་ཐ་དད་པ་རུ་འདོད་པ་ལ། ཁ་ཅིག་སེམས་ཉིད་ཙམ་དུ་འདོད་པ་ལ།། སེམས་ཉིད་ཐ་དད་ཡུལ་སེམས་གཉིས་མེད་ཟེར། ཁ་ཅིག་ཅིག་པོ་དོན་དང་མ་འབྱོར་བས། ། ཡིད་སྤྱོད་ཙམ་དུ་ཅིག་གོ་ཟེར་བ་ཡོད།། ཡོད་ཀྱང་སྐྱོན་གྱི་རྩ་བ་བཟུང་འཛིན་གཉིས་དང་འགྲོགས།། ཉེས་པའི་འབྱུང་ཁུངས་དེ་དང་མ་བྲལ་བས།། འཁོར་བའི་མཐའ་ལས་གྲོལ་བར་གསུངས་པ་མེད། ། དེ་ལྟར་སྐྱོན་གྱི་རྩ་བ་ཤེས་པར་གྱིས།། རྣམ་གྲངས་རྒྱལ་བས་མཁྱེན་པར་མ་གསུངས་སོ།། རེ་ཞིག་བསྡུ་ན་བརྒྱད་ཁྲི་བཞི་སྟོང་ངོ།། དེ་ཡང་བྱེད་པ་མེད་པར་རང་བྱུང་ཆེ་བའི་མཆོག། དེ་ལྟར་ཁྱེད་ཀྱིས་རྟིང་དུ་ཆུད་པར་གྱིས། ། ཡང་དང་ཡང་དུ་ཉེས་པའི་རྩ་བ་ལྟོས།། ཉེས་པའི་རྩ་བ་དེ་དང་མ་བྲལ་ན།། རྫུ་འཕྲུ་མངོན་པརཤེས་ལྡན་ཡང་གྲོལ་ནམ་དུ་མེད།། ཅི་སྟེ་ཤེས་བྱ་ཤེས་བྱེད་ཡོད་པས་ན།། སྐྱོན་གྱི་རྩ་བ་དེ་དང་ཀྲིལ་ལེ་འགྲོགས། ། ཁྱོད་ལ་ང་ཡིས་བསྟན་དུ་ཡོད་པ་ཡང།། ཁྱད་ལ་ང་ཡས་བསྟན་དུ་ཡང་པ་ལ།། རྟོགས་པའི་དུམ་བུར་གནས་པའོ།། ཐམས་ཅད་སྟོང་ཉིད་ངང་དུ་གནས་པས་ཆུ།། ཡང་དག་འབྲས་བུ་སྨིན་པར་བྱེད་པས་མེ། ། རང་གི་ངོ་བོ་བསྟན་པར་བྱེད་པས་ས།། འཁོར་བ་སངས་རྒྱས་སུ་བསྐྱོད་པས་རླུང།། རང་གི་ཆོས་ཉིད་གསལ་བར་བྱེད་པས་མཁའ།། འབྱུང་ཆེན་འདུལ་བའི་མན་ངག་ཐབས་ཆེན་འདི།། སྙིང་དང་འདྲ་བར་ཆོས་ཤིག་ཆར་ར་རེ། ། ཡུན་དུ་བརྟགས་ལ་རྒྱ་ལ་འགལ་སྦྱིན།། འདིའམ་སྣོད་ལྡན་འཛམ་བུ་གླིང་དུ་དཀོན།། སྣོད་མ་རྙེད་ན་མི་དར་གཏེར་དུ་སྦ།། ཞེས་སོ།། སེམས་ཅན་སྐྱོན་གྱི་རྩ་བ་བསྟན་པའི་ཡི་གེ་སྟེ། བཅུ་གཅིག་པའོ།།།། རྣམ་དག་ཡེ་ཤེས་སྐུ་ལ་ཕྱག་འཚལ་ལོ།། སངས་རྒྱས་ལེགས་པའི་འབྱུང་གནས་ཀུན་གྱི་གཞི།། བདག་མེད་གཉིས་མེད་རྟོགས་པ་ཆོས་ཀྱི་སྐུ།། གཟུགས་སྐུ་རྣམ་གཉིས་ལ་སོགས་ཡོན་ཏན་སྐུ། ། མར་མེ་འོད་ཀྱི་ཚུལ་ཏེ་ལོགས་ན་མེད།། དྲང་བའི་དོན་དུ་བྱེ་བྲག་བགྲངས་པ་ཙམ།། བདག་ཏུ་འཛིན་པའི་ཤེས་པ་ལེགས་པ་ཡིས།། སྐྱེ་རྒས་ན་འཆིའི་ཆུ་བ་རྩད་ནས་བཅད།། ཆོས་སུ་བཟུང་བའི་ཡུལ་དེ་ལོག་པ་ཡིས། ། ཉོན་མོངས་དུག་ལྔ་མ་བཅད་རང་ཉིད་ཆད།། སྐུ་བཞི་ཡེ་ཤེས་ལྔ་ནི་ལྷུན་གྱིས་གྲུབ།། སངས་རྒྱས་ཆེ་བའི་ཡོན་ཏན་བསམ་མི་ཁྱབ།། སྐུའི་དངོས་པོ་ཅི་ཡང་མི་མངའ་བར།། སྟོང་གསུམ་མ་ལུས་དབང་སྡུད་ཟིལ་གྱིས་གནོན། ། གསུང་གི་དངོས་པོ་ཅི་ཡང་མི་མངལ་བར།། བསྟན་པ་བུ་སྨིན་པར་བྱེད་པས་མེ།། རང་གི་ངོ་བོ་བསྟན་པར་བྱེད་པས།། འཁོར་བ་སངས་རྒྱས་སུ་བསྐྱོད་པས་རླུང།། རང་གི་ཆོས་ཉིད་གསལ་བར་བྱེད་པས་མཁའ། ། འབྱུང་ཆེན་འདུལ་བའི་མན་ངག་ཐབས་ཆེན་འདི།། སྙིང་དང་འདྲ་བར་ཆོས་ཤིག་ཆར་རེ།། ཡུན་དུ་བརྟགས་ལ་རྒྱ་ལ་འགལ་སྦྱིན།། འདིའི་སྣོད་ལྡན་འཛམ་བུ་གླིང་ན་དཀོན།། སྣོད་མ་རྙེད་ན་མི་ངར་གཏེར་དུ་སྦ།། ཞེས་སོ།། སེམས་ཅན་སྐྱོན་གྱི་རྩ་བ་བསྟན་པའི་ཡི་གེ་སྟེ། བཅུ་གཅིག་པའོ།།།། རྣམ་དག་ཡེ་ཤེས་སྐུ་ལ་ཕྱག་འཚལ་ལོ།། སངས་རྒྱས་ལེགས་པའི་འབྱུང་གནས་ཀུན་གྱི་གཞི། ། བདག་མེད་གཉིས་མེད་རྟོགས་པ་ཆོས་ཀྱི་སྐུ།། གཟུགས་སྐུ་རྣམ་གཉིས་ལ་སོགས་ཡོན་ཏན་སྐུ།། མར་མེ་འོད་ཀྱི་ཚུལ་ཏེ་ལོག་ན་མེད།། དྲང་བའི་དོན་དུ་བྱེ་བྲག་བགྲངས་པ་ཙམ།། བདག་ཏུ་འཛིན་པའི་ཤེས་པ་ལེགས་པ་ཡིས། ། སྐྱེ་རྒས་ན་འཆིའི་ཆུ་བ་སྩད་ནས་བཅད།། ཆོས་སུ་བཟུང་བའི་ཡུལ་དེ་ལོག་པ་ཡིས།། ཉོན་མོངས་དུག་ལྔ་མ་བཅད་རང་ཉིད་ཅད།། སྐུ་བཞི་ཡེ་ཤེས་ལྔ་ནི་ལྷུན་གྱིས་གྲུབ།། སངས་རྒྱས་ཆེ་བའི་ཡོན་ཏན་བསམ་མི་ཁྱབ། ། སྐུའི་དངོས་པོ་ཅི་ཡང་མི་མངའ་བར།། སྟོང་གསུམ་མ་ལུས་དབང་སྡུད་ཟིལ་གྱིས་གནོན།། གསུང་གི་དངོས་པོ་ཅི་ཡང་མི་མངལ་བར།། བསྟན་པ་མ་ལུས་ཐམས་ཅད་རྒྱས་པར་སྒྲོགས། ཐུགས་ཀྱི་དངོས་པོ་ཅི་ཡང་མི་མངའ་བར།། ཐམས་ཅད་རང་གི་ངོ་བོ་ཆོས་སྐུར་མཁྱེན།། མཁྱེན་པ་མེད་པའི་མཁྱེན་པ་ཆེན་པོ་སྟེ།། རྡོ་རྗེ་སེམས་དཔས་མཁྱེན་པ་ཆེན་པོར་གསུངས།། རྣམ་རྟོག་མི་མངའ་ཅིར་ཡང་ས་ལེར་མཁྱེན། ། ང་དང་གཞན་དང་བྱ་བྱེད་ལ་སོགས་པའི།། རྣམ་རྟོག་མི་མངའ་སྣང་སྲིད་ཆོས་སྐུར་ས་ལེར་མཁྱེན།། དེ་ནི་ངེས་དོན་དོན་གྱི་ཐམས་ཅད་མཁྱེན་པ་ཡིན།། དེ་ནི་ཐམས་ཅད་མཁྱེན་པའི་མཆོག་ཏུ་གསུངས། ། སྐུ་གསུང་ཐུགས་ཀྱང་ཅིག་གིས་ངོ་བོར་བཞུགས།། ཐམས་ཅད་ཐིག་ལེའི་ངོ་བོར་བཞུགས་པ་ལ།། གཡོ་བ་མི་མངའ་ས་ལེ་སང་ངེ་བ།། དེ་ནི་ཐམས་ཅད་མཁྱེན་པའི་མཆོག་ཏུ་གསུངས།། དེ་ལས་ཐམས་ཅད་གཞན་དུ་ཐམས་ཅད་མཁྱེན་པའི་བདུད། ། དྲང་དོན་ཨ་ནུ་ཡན་བཅོད་ཐམས་ཅད་མཁྱེན་པ་དེ།། བདག་གིས་གཞན་མཁྱེན་མཁྱེན་བྱ་མཁྱེན་བྱེད་དེ།། བདག་མེད་རྣམ་གཉིས་རྟོགས་པའི་མཁྱེན་པ་དེ།། དེ་ནི་ང་རུང་འདུས་བྱས་གཟུང་འཛིན་ཡིན། ། དེ་ངའི་ཡོན་ཏན་མ་ཡིན་ནོ།། ངའི་ཡོན་ཏན་གོང་དུ་སྨོས་པ་དེ།། ཁྱོད་ཀྱིས་བློའི་གཏིང་དུ་གོ་བར་གྱིས།། དོན་དེ་གོ་བས་རེ་དོགས་ཆེད་པར་ངེས།། དེ་ལྟ་བུའི་ཡོན་ཏན་ཆེན་པོ་དེ། ། སྒྲུབས་གནས་གཞན་ནས་འབྱུང་བ་མ་ཡིན་ཏེ།། རང་གིས་ངོ་བོ་དེ་ལྟར་ཡེ་ནས་གནས།། ཡེ་ནས་གནས་པ་རྟོགས་པ་ལ།། མཐར་ཐུགས་སངས་རྒྱས་དེ་ལ་བྱ་བ་ཡིན།། དེ་ལྟར་རང་གིས་རྟོགས་ནས་བསྟན་པ་ལ། ། ཕྱི་ནང་སྣོད་བཅུད་ངའི་ཡོན་ཏན་ནོ།། ངའི་ཡོན་ཏན་ཕྱོགས་སུ་མ་ཆད་པས།། ཡོན་ཏན་མཆོག་ཏུ་གྱུར་པར་རྒྱལ་བས་གསུངས།། ཡོན་ཏན་ཕྱོགས་ཆད་སངས་རྒྱས་ཡོན་ཏན་མེད།། དེ་ནི་སེམས་ཅན་བློའི་ཡོན་ཏན་ཡིན། ། ཆོས་ཉིད་བསམ་གྱིས་མི་ཁྱབ་པའི།། དོན་རྟོགས་ནས་བརྟན་པ་ཡིན།། སངས་རྒྱས་སྐུ་གསུང་ཐུགས་ཡིན་ནོ།། ཐམས་ཅད་ངའི་དངོས་གཞི་སྐུ།། ང་ཡིས་ཐམས་ཅད་འབྲེལ་པ་གསུང།། ངའི་ངོ་བོ་མི་ཕྱེད་ཐུགས། ། བློ་ཉིད་དངོས་པོར་གྱུར་ཙམ་ན།། སྐུ་གསུང་ཐུགས་ཀྱང་ཕྱེ་བ་མེད།། ཆོས་ཉིད་དོན་གྱི་ངོ་བོ་དེ།། མ་བྱས་སྤྲོས་བྲལ་ཆོས་ཀྱི་སྐུ།། མ་འགགས་རང་བྱུང་ལོངས་སྤྱོད་སྐུ།། ཆོས་ཉིད་ཅིག་པ་མ་གཡོས་པར། ། མཚན་ཉིད་སྣ་ཚོགས་སྤྲུལ་པའི་སྐུ།། སེམས་ཅན་ཆོས་སུ་འདྲེས་པས་ན།། སྐུ་གསུམ་ངོ་བོ་ཕྱེ་བ་མེད།། ཕྱེ་བ་མེད་པའི་ཡོན་ཏན་དེ།། ཡོན་ཏན་མཆོག་ཏུ་རྒྱལ་བས་གསུངས།། བློ་ལྡན་ཁྱོད་ཀྱི་དེ་ལྟར་ཟུངས། ། སྐལ་མེད་གཞན་ལ་བསྟན་གྱུར་ཀྱང།། ཡེ་ཤེས་མི་སྐྱེ་ཐེ་ཚོམ་ཟ།། ཐེ་ཚོམ་ཟོས་ནས་གཞན་ཡང་བཟློག། དེ་བས་དེའི་ཉེས་པ་ནི།། རྒྱ་མཚོ་དུག་གིས་དཀྲུགས་པ་ཡིས།། བྱེ་བའི་ཆར་ཡང་མི་ཕོད་དོ།། རྡོ་རྗེ་དམྱལ་ལམ་ལྷུན་གྲུབ་སྐུ། ། གཞན་གྱིས་རེག་ན་ཕུང་བར་འགྱུར།། བཙན་དུག་བཞིན་དུ་ལེགས་པར་བཙའ།། ཞེས་སོ།། ཡོན་ཏན་ལྷུན་གྲུབ་ཀྱི་ཡི་གེ་སྟེ། བཅུ་གཉིས་པ།།།། བཅོམ་ལྡན་འདས་བྱ་བྲལ་ངང་ལ་ཕྱག་འཚལ་ལོ། ། ཆོས་སྐུ་ཡེ་ནས་རང་དབེན་བས།། བདག་གཞན་དུ་འཛིན་པའི་སེམས་ཅན་དེ།། པའམ་ཅན་ནི་ལྡན་པའི་སྒྲ།། བདག་ཏུ་འཛིན་པས་སེམས་ཞེས་ཏེ།། གཞན་དུ་བཟུང་བས་ཅན་ཞེས་བྱ།། སེམས་སེམས་སུ་འཛིན་པས་ན། ། སེམས་ཞེས་འཛིན་པའི་དོན་གྱིས་སོ།། དེ་ལ་གཟུང་བའི་ཡུལ་བྱུང་བས།། ཡུལ་ལ་ཅན་ཞེས་བཏགས་པའོ།། བདག་དང་གཞན་ཡོད་ཅི་སྲིད་དུ།། བྱ་བྱེད་ཡོད་པར་རྒྱལ་བས་གསུངས།། བྱེད་པའི་ངོས་ནས་སེམས་ཞེས་བྱ།། བྱ་བའི་ངོས་ནས་ཅན་ཞེས་བྱ།། བདག་ཡོད་པས་སུ་ཕན་གནོད་ཡོད།། གདགས་བྱའི་ངོས་ནས་ཅན་ཞེས་བྱ།། འདོགས་བྱེད་ངོས་ནས་སེམས་ཞེས་པའོ།། ཇི་སྲིད་བདག་ཡོད་བར་དུ་ནི། ། གཞན་མེད་ཟེར་བ་བླུན་པ་སྟེ།། ཚུར་ཀ་མེད་པའི་ཕར་ཀ་ནི།། རྨི་ལམ་ན་ཡང་མཐོང་བ་མེད།། བདག་ནི་ཤེས་བྱའི་སྒྲིབ་པ་སྟེ།། ཡུལ་ནི་ཉོན་མོངས་སྒྲིབ་པ་ཡིན།། སྒྲིབ་པ་ཅན་ཞེས་དེ་ལ་བཤད།། སེམས་ཅན་ཞེས་སུ་བསྟན་པ་ཡིན།། ཉན་ཐོས་ཨ་ནུ་མན་ཅོང་དུ།། ཐེག་པའི་བྱེ་བྲག་བསམ་ཡས་ཀྱང།། བསྒྲུབས་ནས་གྲུབ་པའི་འབྲས་བུ་དེ།། སྒྲུབ་བྱ་སྒྲུབ་བྱེད་ཡོད་པས་ན།། དེ་ཡང་ཡུལ་དང་ཡུལ་ཅན་ནོ། ། རེ་དོགས་བླང་དོར་མ་ལོག་པས།། དེ་ཡང་སེམས་ཅན་བློའི་ཆོས།། གོང་གི་ཆོས་ལས་མ་འདས་པས།། བྱ་བྱེད་ཡོད་པ་ཅི་སྲིད་དུ།། སེམས་ཅན་ཡིན་ཞེས་སེམས་དཔས་གསུངས།། གཟུང་འཛིན་མེད་པའི་བྱ་བྱེད་དམ། ། བདག་གཞན་མེད་པའི་གཟུང་འཛིན་ནམ།། བདག་མེད་རྟོགས་པའི་རེ་དོགས་ནི།། སྔར་ཡང་མ་ཐོས་མི་ཐོས་སོ།། ཅི་ཕྱིར་མ་གསུང་མི་གསུང་ཞིང།། གསུང་བར་འགྱུར་བ་མ་ཡིན་ནོ།། དེ་ལྟ་བུའི་ཆོས་ཅན་ནི། ། ཡོད་པར་འོས་པ་མ་ཡིན་ཏེ།། ཕན་གནོད་མེད་པའི་སྨན་དག་ནི།། སྨྲ་བར་ནུས་པ་མ་ཡིན་ནོ།། ཕ་མ་མེད་པའི་བུ་དེ་ཡང།། སྨྲ་བ.རརིག་པ་མ་ཡིན་ནོ།། བདག་གཞན་བཅས་པའི་སངས་རྒྱས་སམ།། བྱ་བྱེད་ཡོད་པའི་སངས་རྒྱས་སམ། ། རེ་དོགས་ཡོད་པའི་སངས་རྒྱས་ཀྱང།། ཀུན་རྫོབ་ཨ་ནུ་མན་ཅོད་དུ།། དྲང་བའི་དོན་དུ་བཏག་ཙམ།། ངེས་པར་སྨྲ་བར་བྱེད་པ་ནི།། རྒྱུ་མཚན་གང་གིས་གང་གི་ཕྱིར།། གལ་ཏེ་སྒྲུབས་ནས་གྲུབ་པ་ན། ། སངས་རྒྱས་རྫས་ཡོད་མི་རྟོག་གོ། དོན་དམ་བསྒྲུབ་ཏུ་མེད་ན་ཡང།། ཁྱོད་རང་ཉིད་དམ་གཞན་ཞིག་ཡིན།། གཞན་ཞིག་ཡིན་ན་འབྲེལ་མ་འབྲེལ།། འབྲེལ་ན་འབྲེལ་པ་རྣམ་གཉིས་བརྟགས།། མ་འབྲེལ་འབད་པ་དོན་མེད་འགྱུར། ། དེས་ན་སེམས་ཅན་ཆོས་ཞེས་གསུངས།། སེམས་ཅན་བྱ་བ་དེ་ལ་བྱ།། མདོར་ན་བྱ་བྱེད་རེ་དོགས་དེ་ལ་བྱ།། ཨ་ནུ་མན་གཅོད་སེམས་ཅན་ཆོས་སུ་ནི།། རྡོ་རྗེ་སེམས་དཔས་དུས་འདི་ཉིད་དུ་གསུངས། ། དེ་བས་ཀུན་གྱི་ཐོས་ནས་སྡང་བ་འདི།། ཁྱོད་ཀྱིས་གཞན་ལ་ཡེལ་བར་མི་བྱའོ།། གལ་ཏེ་ཕེལ་ན་གང་ཟག་སྐལ་མེད་ཀྱིས།། ཀུན་བཟང་དགོངས་པ་འདི་ལ་གཤེས་གྱུར་ན།། ནམ་མཁའ་ཇི་སྲིད་བར་དུ་ནི། ། ཤི་བའི་འོག་ཏུ་དམྱལ་བར་འགྲོ།། ཞེས་གཟུང་འཛིན་སེམས་ཅན་དུ་བསྟན་པའི་ཡི་གེ་སྟེ།། བཅུ་གསུམ་པའོ།།།། བཅོམ་ལྡན་འདས་ཆེ་བཙན་རྒྱལ་བའི་སྐུ་ལ་ཕྱག་འཚལ་ལོ།། བདག་མེད་རྣམ་གཉིས་གཏོགས་པ་སངས་རྒྱས་ཏེ། ། བྱ་བྱེད་རེ་དོགས་བྲལ་བས་སངས་རྒྱས་ཡིན། བདག་གཞན་འཛིན་པ་ཆོས་སྐུའི་ངང་དུས་སངས།། ཤེས་པ་མེད་པའི་ཤེས་པ་བསྟན་པས་རྒྱས།། གཞི་ནི་ཡེ་ནས་བདག་གཞན་དབེན་པས་སངས། ། དེ་བཞིན་རང་གི་རིག་པ་རྒྱས་པར་བཤད།། རང་བྱུང་ཆོས་སྐུ་སྤྲོས་དང་བྲལ་བས་སངས།། སྤྲོས་བྲལ་རྟོགས་པས་སྟེང་དུ་གྱུར་པས་རྒྱས།། རྣམ་རྟོག་བདག་ཏུ་འཛིན་པས་སངས་པས་སངས་རྒྱས། མི་རྟོག་ཡེ་ཤེས་གཉིས་མེད་གསལ་བས་རྒྱས།། གཟུང་འཛིན་བག་ཆགས་མ་ལུས་ཀུན་སངས་ནས།། ཡེ་ཤེས་མཁའ་ལ་ཉི་ཤར་བཞིན་དུ་རྒྱས།། སངས་རྒྱས་ཞེས་ཀྱང་དེ་ལ་གདགས་པ་ཡིན།། རིག་པ་མེད་པའི་རིག་པ་ཤར་ཙམ་ན། ། བསྒོམ་དུ་མེད་པའི་བསྒོམ་པ་བཤུགས་ཀྱིས་འབྱུང་ཐོབ་ཏུ་མེད་པའི་འབྲས་བུ་རང་དབང་བྱེད།། རང་དབང་བྱེད་འབྲས་བུའི་རྒྱལ་པོ་དེ།། རྡོ་རྗེ་སེམས་དཔས་སངས་རྒྱས་ཞེས་སུ་བསྔགས། ། ཡུལ་སེམས་འཁོར་བའི་དུག་ཆེན་སངས།། སྣང་སྲིད་ཆོས་སྐུའི་དང་དུ་རང་སངས་རྒྱས།། དེ་ལ་སངས་རྒྱས་ཞེས་སུ་སེམས་དཔས་གསུངས།། བདག་གཞན་འདུ་ཤེས་ཆོས་ཉིད་ངང་དུ་སངས།། བདག་མེད་རྟོགས་པས་ལྷག་མེད་ཆོས་སྐུར་རྒྱས། ། བདག་གཞན་འདུ་ཤེས་ངང་གིས་ལོག་པ་ན།། ཡིད་ཀྱི་གཡོ་བ་རང་དབང་མེད་པར་ལྷོག། ཡིད་ཀྱི་གཡོ་བ་བྲལ་བ་བརྟན་པ་ལས།། གཞན་དུ་སངས་རྒྱས་སེམས་དཔས་མ་གསུངས་སོ། ། དེ་ལས་གཞན་པའི་སངས་རྒྱས་ཡོད་པར་ནི།། ངེས་རྒྱུད་ཀུན་ཏུ་བཙལ་ཡང་རྙེད་མི་སྲིད།། དྲང་དོན་སངས་རྒྱས་རྣམ་གྲངས་བསམ་མི་ཁྱབ།། དེ་ནི་སེམས་ཅན་མོས་པ་སྐྱེ་ཕྱིར་གསུངས།། དེ་ནི་འཛམ་གླིང་བྱེ་བ་ཕྲག་བརྒྱར་ཡང། ། སྤྲུལ་པ་བསམ་ཡས་མཛད་པར་གསུངས།། སེམས་ཅན་རང་རང་མོས་པ་ཅི་འདྲ་བར།། ཆོས་སྟོན་པ་ལ་སོགས་པ་འཚལ་བར་སྟོན།། དེ་ནི་དྲང་དོན་སངས་རྒྱས་ཡིན་པར་གསུངས།། སངས་རྒྱས་གདགས་གཞི་དང་བཅས་པའི་ཡི་གེ་སྟེ། བཅུ་བཞི་པའོ།།།། རྣམ་དག་སེམས་ཀྱི་དབྱིངས་ལ་ཕྱག་འཚལ་ལོ།། ཡང་དག་སངསརྒྱས་བསྒྲུབ་པའི་བསྒྲུབ་རྫས་སུ།། རྫས་ཀྱི་རྒྱལ་པོ་རང་སེམས་ཁྱད་པར་འཕགས། ། རང་རང་སེམས་རྫས་ཀྱི་རྒྱལ་པོ་འདི་རྟོགས་ན།། ཕྱི་ནང་སྣང་སྲིད་སེམས་ཅན་ཐམས་ཅད་ཀུན།། མ་ལུས་རྫས་སུ་གྱུར་བས་བསྒྲུབ་པ་ཆེ།། བློ་ཉིད་དངོས་པོར་གྱུར་བའི་རྣལ་འབྱོར་པ།། སྣང་བར་བདེ་སྡུག་རྣམ་རྟོག་ཅི་སྐྱེས་ཀྱང། ། ཐམས་ཅད་ངའི་རྫས་ཏེ་གུང་ན་མེད།། རང་བྱུང་ཡེ་ཤེས་ཡེ་གནས་ལ།། རྟོགས་པའི་ཡེ་ཤེས་རྫས་དང་ལྡན།། ངང་ལ་གནས་པས་བསྒྲུབ་པ་ཡིན།། རང་གི་རང་རྫས་རང་ལ་ཆེ།། བྱ་བ་མེད་པའི་ཐབས་དག་དང། ། བྱེད་པ་མེད་པའི་ཤེས་རབ་གཉིས།། གཉིས་མེད་ཡེ་ཤེས་རྟོག་གྱུར་ན།། སྣང་བ་སྐུའི་བསྒྲུབ་རྫས་ཡིན།། སྒྲ་རྣམས་གསུང་གི་བསྒྲུབ་རྫས་ཡིན།། དྲན་རྟོག་ཐུགས་ཀྱི་བསྒྲུབ་རྫས་ཡིན།། ཡེ་ནས་ལྷུན་ཀྱིས་གནས་པ་ལ།། རྟོགས་པས་ནོར་རམ་རྫས་དང་ལྡན།། དེ་ཉིད་རང་གནས་བསྒྲུབ་པ་པོ།། བསྒྲུབ་རྫས་ལྡན་ཞེས་སེམས་དཔས་གསུངས།། གལ་ཏེ་བསྒྲུབ་རྫས་དེ་མིན་ན།། རྫས་རྣམས་ཐམས་ཅད་ཅི་བསོགས་ཀྱང། ། འཁོར་བ་བསྒྲུབ་པའི་རྫས་སུ་གསུངས།། བསྒྲུབ་རྫས་བགྲང་བར་རིགས་པ་མིན།། ཡེ་ནས་ལྷུན་གྲུབ་སྤྲོས་དང་བྲལ།། བསྙེན་པ་ཡིན་ཏེ་སྙེན་པའི་མཆོག། དེ་རྟོགས་ཉེ་བའི་སྙེན་པའོ།། ངང་ལ་གནས་པས་བསྒྲུབ་པའོ། ། མངོན་གྱུར་བསྒྲུབ་པ་ཆེན་པོར་བཤད།། ཡེ་ནས་ལྷུན་གྲུབ་སྤྲོས་བྲལ་དེ།། སེམས་དཔས་རྫས་སུ་གསུངས་པ་ཡིན།། མ་རྟོགས་ནོར་རམ་རྫས་དང་བྲལ།། རྟོགས་ནི་རྫས་དང་ལྡན་ཞེས་བྱ། འཕགས་ཁྱོད་རྫས་ཀྱི་རྒྱལ་པོ་དེ་བསྟེན་ནས།། ཡུན་ཏུ་རྫས་མཆོག་འདི་དང་མ་བྲལ་ཅིང།། གལ་ཏེ་རྫས་མཆོག་འདི་དང་བྲལ་ན་ནི།། བསྐལ་བར་སྡུག་བསྔལ་འཁོར་བར་འཁྱམས་ལ་རེ།། ཞེས་སོ། བསྒྲུབ་རྫས་ཀྱི་ཡི་གེ་སྟེ། བཅོ་ལྔ་པའོ།།།། བདག་མེད་སྤྲོས་བྲལ་ངང་ལ་ཕྱག་འཚལ་ལོ།། ཐིག་ལེ་སྤྲོས་བྲལ་ངང་ལ་ཕྱག་འཚལ་ན།། བདག་གཞན་སྤྲོས་པ་རྣམ་རྟོགས་འགོགས་ཆེན་འདི།། ཕར་ལ་བསལ་བས་སོལ་བ་མ་ཡིན་ཏེ། ། ཐམས་ཅད་ཆོས་སྐུ་ངང་གིས་ངོ་བོར་གཞོམ།། ཐམས་ཅད་ཆོས་སྐུའི་ངོ་བོར་གཅིག་པ་ལ།། བདག་གཞན་བར་ཆད་བགེགས་ཆེན་དེ་བྱུང་བས།། བགེགས་ཆེན་དེ་ཡིས་ཐམས་ཅད་དབང་བསྒྱུར་ནས། ། ཐམས་ཅད་བགེགས་སུ་མ་གྱུར་གང་ཡང་མེད།། དེ་བས་བདག་གཞན་འཛིན་པའི་བགེགས་དེ་ལས།། གཞན་དུ་བགེགས་ན་ནིམས་ཀྱང་ཡོད་མ་ཡིན།། དེ་ཡོད་པས་ན་བགེགས་རྣམས་དེ་ལས་བྱུང།། བདག་གཞན་གཉིས་ཀྱི་བགེགས་ཆེན་དེ།། རང་ལས་བྱུང་ཞིང་རང་གི་བདུད།། བགེགས་དེ་ངེས་པས་འཇོམས་འདོད་ན།། ཐབས་དང་ཤེས་རབ་ལྡན་བྱས་ལ།། གཉིས་ཀྱི་ཡེ་ཤེས་ཆེན་པོ་ཡིན།། མཉམ་ཉིད་ངང་དུ་ལྷུན་གྱི་གཞོམ། ། ནམ་དུ་ལྡང་བར་མི་བྱའི་ཕྱིར།། ངང་ཉིད་དེ་ལས་ལྷག་ཀྱིས་གཞག། གཉིས་མེད་ང་དང་མ་བྲལ་ན།། བགེགས་དེ་ལྡང་བར་ནུས་མ་ཡིན།། དེ་བས་གཉིས་མེད་མ་ཡེངས་པར།། བློ་ལྡན་བགགས་དང་ལྡན་བར་བྱོས། ། གཉིས་མེད་བདེ་ཆེན་དེ་དང་མ་བྲལ་ན།། བགེགས་ལ་སྩོགས་པའི་ཕྱོགས་རྣམས་ཐམས་ཅད་ཀུན།། ནམ་ཡང་འབྱུང་བར་སེམས་དཔས་མ་གསུངས་སོ།། བགེགས་ཞེས་བྱ་བའི་མིང་ཡང་མི་སྲིད་དེ། ། སྣང་སྲིད་ཡེ་ཤེས་ཆེན་པོའི་འོད་དུ་འབར།། ཡེ་ཤེས་མ་ཡིན་པ་ནི་གཅིག་ཀྱང་མེད།། ཐམས་ཅད་ཀུན་ཏུ་བཟང་པོའི་ངང་དུ་གསལ།། ཁྱོད་ཀྱི་དེ་ལྟར་ཁོང་དུ་ཆུད་པར་གྱིས།། གལ་ཏེ་ཐབས་དང་ཤེས་རབ་མ་ལྡན་ནས། ། ཡེ་ཤེས་ཆེན་པོ་གཉིས་མེད་བྲལ་བ་ནི།། རྣམ་རྟོག་བདུད་ཀྱི་བར་དུ་བཅད་ནས་ནི།། འཁོར་བའི་བརྩོན་རའི་ནང་དུ་བཅུག་ནས་ནི།། གཟུང་འཛིན་གཉིས་ཀྱི་ལྕགས་སྒྲོགས་སྩལ་ནས་ཀྱང།། རེ་དོགས་གཉིས་ཀྱི་ཚེར་ལྕགས་ལས་སུ་བྲབ། ། ཟས་སུ་འདོད་ཆགས་ཞེ་སྡང་གཏི་མུག་བྱིན།། ནང་དུ་སྐྱེ་དགའ་ན་འཆི་སྙིང་ལ་ཁོལ།། གཟིགས་མོར་ཁམས་གསུམ་སྣང་བ་སྣ་ཚོགས་བསྟན།། ལས་སུ་སྡུག་བསྔལ་སྣ་ཚོགས་ཐར་མེད་བྱེད། ། ཟོ་ཆུ་ཁྱུད་མོ་བཞིན་དུ་གཅིག་ནས་གཅིག་ཏུ་འཁོར།། གཉིས་མེད་སྐྱབས་ཆེན་དེ་དང་མ་ཕྲད་ན།། ཐར་བའི་དུས་མཐའ་ནམ་ཡང་མི་འབྱུང་ངོ།། དེ་བས་ཐབས་དང་ཤེས་རབ་ལྡན་བར་བྱོས།། བར་ཆད་བགེགས་ཆེན་བདག་གཞན་གཉིས་འཛིན་ཏེ། ། གཉིས་མེད་ཐབས་དང་ཤེས་རབ་མེ་ཡིས་བསྲེག། བློ་ལྡན་ཁྱོད་ཀྱི་ས་དེ་ལྟར་ཤེས་པར་གྱིས།། དེ་ལྟར་ཤེས་ན་བགེགས་དང་བར་ཆད་བརླག། དེ་ལས་གཞན་དུ་བར་ཆད་སེལ་འདོད་པ། ། དེ་ཉིད་བགེགས་ཡིན་པས་བགེགས་རྣམས་ཐམས་ཅད་འབྱུང།། སེམས་དཔས་ཁྱོད་ཀྱིས་གཉིས་མེད་ཡེ་ཤེས་སྟོན།། བློ་ལྡན་ཁྱོད་ཀྱི་བླ་མ་རྣམ་གཉིས་ཟུང།། དཀོན་མཆོག་གསུམ་དང་ནམ་ཡང་མ་བྲལ་བར། ། ཡང་དག་མཆོད་པ་བླ་མེད་མཆོད།། རང་གི་དམ་ཚིག་རྟག་ཏུ་གསུངས།། གྲོགས་སུ་རང་གི་བརྩོན་འགྲུས་སྟེན།། གལ་ཏེ་དེ་ལས་འགལ་གྱུར་ཏེ།། རྡོ་རྗེ་སེམས་དཔའི་དགོངས་པ་འདི། ། ཁོང་ཁྲོ་གདུག་ཅིང་སེར་སྣ་ཆེ།། རིག་པ་སྒྱུ་དང་ཐབས་ཀྱིས་ཚོལ།། རྙེད་ནས་སྲི་ཞུ་རྡུལ་ཙམ་མེད།། ཚིག་དང་བསམ་པ་ཆོ་རོལ་སྨྲ།། ཆོས་ཉིད་དོན་དང་རྟག་ཏུ་འགལ།། དེ་འདྲའི་སྡིག་ཅན་ཏུ་གཏད་གྱུར་ན།། དཀོན་མཆོག་གསུམ་གྱི་དབུ་འཕང་སྨད།། སངས་རྒྱས་བསྟན་པ་གཉན་པོ་བཤིག། ཆོས་སྒོར་ཞུགས་ནས་དམྱལ་བ་བསྒྲུབ།། བདག་གཞན་གཉིས་པོ་གཏན་ནས་བརླག་པར་བྱས།། ཕུང་ཁམས་དེ་དང་མ་སྡོ་ཅིག་ཁམས་གསུམ་དམྱལ་བར་མ་སྤྱོད་ཅིག། རྡོ་རྗེ་རི་བོ་མ་འཇིག་ཅིག། ཅེས་གསུངས་སོ།། བར་ཆད་བགེགས་དང་མཚན་ཉིད་ཀྱི་དམ་སྩལ་ཐབས་ཀྱི་ཡི་གེ་སྟེ། བཅུ་དྲུག་པའོ།།།། བཅོམ་ལྡན་འདས་སྣ་ཚོགས་ཀུན་ཏུ་བཟང་ལ་ཕྱག་འཚལ་ལོ། ། བགྲོད་དུ་མེད་པའི་ལམ་འདིའི་ཆ་རྐྱེན་གང།། བསག་ཏུ་མེད་པའི་སྣང་སྲིད་རང་གི་རྐྱེན།། ཆ་ནི་ཆོས་སྐུ་གཅིག་པ་ལ།། རྐྱེན་ནི་འཁོར་འདས་གཉིས་སུ་སྣང།། ཆ་ནི་རང་བྱུང་ཡེ་ཤེས་ལ། ། རྐྱེན་ནི་རྟོགས་པའི་ཡེ་ཤེས་ཤར།། ཆ་ཉིད་རྐྱེན་དང་ཉིད་ཆ།། སྣང་བ་དང་ནི་སྟོང་པ་དང།། བདེ་བ་དང་ནི་སྡུག་བསྔལ་དང།། མྱ་ངན་འདས་དང་འཁོར་བ་དང། ཡོད་མེད་གཉིས་དང་གཉིས་མེད་དང།། མཐའ་རྣམས་ཀུན་བཟང་དགོངས་པའི་རྐྱེན།། སྤྲོས་དང་སྤྲོས་པ་བྲལ་བའི་ལམ།། གཟུགས་ཀུན་ང་རང་ཉིད་ཀྱི་གཟུགས།། སྒྲ་ཀུན་ང་རང་ཉིད་ཀྱི་སྒྲ།། དྲན་རྟོགས་ང་རང་ཉིད་ཀྱི་སེམས།། ང་རང་ཉིད་ཀྱི་རོལ་པ་ལ། ། ཡང་བླང་ང་རང་རང་ཉིད་ཤར།། བཟང་ངན་ངའི་ལམ་གྱི་གྲོགས།། རང་ཉིད་མ་ཡིན་གཅིག་ཀྱང་མེད།། ཐམས་ཅད་མ་ལུས་སེམས་དཔས་གསུངས།། ཐམས་ཅད་ཡེ་ནས་རང་གི་རྐྱེན།། མཚོན་ཕྱིར་དེ་སྐད་བསྟན་པ་ཙམ། ། ཐམས་ཅད་ངའི་ཆ་རྐྱེན་ཡིན།། གཅིག་མ་ཚང་ན་དོན་མ་གྲུབ།། ཐམས་ཅད་སེལ་བྱེད་ཆ་དང་རྐྱེན།། གང་ཡང་རུང་ངོ་ཅི་ཡང་ཡིན།། ཐམས་ཅད་ཆོས་སྐུར་རང་གི་ངང།། ཀུན་ཀྱང་མཉམ་ཉིད་ཡིན་པ་ལ། ཁ་ཅིག་ཡང་དག་དོན་རྨོངས་པས།། ཡེ་ནས་ཚོགས་པའི་ཆ་རྐྱེན་ལ།། སྟོང་ཀྱི་རྫས་དང་ཆ་རྐྱེན་སོགས།། གཟའ་དང་རྒྱུ་སྐར་དུས་ཚིགས་དང།། གནས་དང་དུས་དང་བདག་ལ་སོགས།། ཚོགས་པས་འབྲས་བུ་འགྲུབ་པར་འདོད། ། བསགས་ནས་ཚོགས་པའི་རྫས་དེ་དང།། བསྒྲུབ་ནས་གྲུབ་པའི་འབྲས་ཀུན་དེ།། སངས་རྒྱས་ཐེག་པར་བགྲང་བ་མེན།། དཔེར་ན་ལུས་ཉིད་གཅིག་པ་ལ།། ཡན་ལག་ལ་སྩོགས་ཆ་སྐྱེན་ཡང།། རང་གི་སྟོབས་ཀྱིས་རང་ལ་རྫོགས།། དེ་བཞིན་སྣང་སྲིད་དཔག་མེད་པས།། ཆོས་ཉིད་ཆ་རྐྱེན་རང་གིས་རྫོགས། ཁམས་གསུམ་སྲིད་གསུམ་དུས་གསུམ་དུ།། ཆོས་སྐུ་རང་གི་ངོ་བོ་ལས།། ཡོད་བར་སེམས་དཔས་མ་གསུངས་སོ། ། གང་ཡང་དྲན་མཐོང་དེ་ཁོ་ན།། སྨན་གྱི་རྒྱལ་པོ་མ་ཡི་ཏས།། གང་ལ་རེག་པ་སྨན་དུ་འགྱུར།། རྟོགས་པའི་གང་ཟག་སྐལ་ལྡན་གྱིས།། སྣང་སྲིད་ཡེ་ཤེས་འོད་དུ་འབར།། འཁོར་བ་བྱ་བའི་མིང་ཡང་མེད། ཁམས་གསུམ་ཉོན་མོངས་གཏན་ནས་ཟད།། རིགས་ལྔ་སངས་རྒྱས་དོན་དང་བྲལ།། སྐུ་གསུང་ཡོན་ཏན་འཕྲིན་ལས་ཀྱང།། བསམ་ལས་འདས་ཏེ་ཐ་སྙད་ཙམ།། རྟོགས་པ་ཙམ་ལས་གདགས་པ་ལས། ། ཕྱོགས་དང་རིས་སུ་བཅད་པ་ནི།། ཀུན་བཟང་ཡོད་པར་མི་གསུང་ངོ།། དེ་འདྲའི་རྟོགས་དང་ལྡན་པ་ལ།། ལམ་དང་ཆ་རྐྱེན་ལྡན་བར་ནི།། རྡོ་རྗེ་སེམས་དཔས་གསུངས་པ་ཡིན།། དོན་དང་ལྡན་པའི་སྐྱེས་བུ་ནི། ། དཀོན་མཆོག་གསུམ་ཡང་ངང་དུ་ཡོང།། འགྲོ་བའི་སྲོག་ཀྱང་ངང་དུ་གཅོད།། དགེ་སྡིག་གཉིས་ཀྱང་ངང་དུ་སྙེམ།། རིག་ཀུན་དང་དུ་བརླག་པར་བྱེད།། རིག་པའི་རྒྱུན་ཡང་ངང་དུ་གཅོད།། འཁོར་འདས་ངང་དང་ངང་དུ་གཅོད། ། བློའི་ཆོས་ཀུན་ཟད་པ་ན།། དོན་དང་ལྡན་ཞེས་ཆ་རྐྱེན་ཚང།། ཁྱོད་ཀྱི་དེ་ལྟར་ཤེས་པར་གྱིས།། མདོར་ན་འདིའི་ཆ་རྐྱེན་དུ།། མ་གྱུར་མི་འགྱུར་མི་སྲིད་དེ།། སྐལ་ལྡན་རྒྱ་ལ་འགུ་ཡིས་རྟོགས།། ཀུན་ཀྱི་ཐུན་མོང་མ་ཡིན་བས། ། རྒྱ་མཚོའི། རྟོགས་པའི་རྫས་མཆོག་དེ་བསྟན་ནས།། རང་གི་ངོ་བོ་རྡོ་རྗེ་སྐུ།། མངོན་དུ་གྱུར་ན་གྲུབ་པ་ཡིན།། རྫས་མཆོག་སྤྱི་ཅིང་དེ་ལྡན་ན།། ལྷ་ཡང་གཞན་ནས་འབོད་མི་དགོས།། སྔགས་དང་ཕྱག་རྒྱ་བསྒྱུར་བ་མེད།། དཀའ་ཐུབ་སྦྱིན་སྲེག་དེ་ཉིད་དོ།། དེ་ཉིད་མཆོད་པ་ཁྱད་པར་གཏིང་དུ་ཕ་བོང་བཞིན།། སྲིད་པ་དཀྲུགས་ཀྱང་ཁར་མི་དབྱུང།། གལ་ཏེ་འདུལ་བའི་དུས་མཐོང་ན།། ཟླ་བ་རེ་ཞིང་ཚིག་བཅད་ཏེ། ། རིམ་ཀྱིས་སྣོད་དང་སྦྱར་ལ་བསྟན།། དེ་ལས་གཞན་དུ་བློ་དམན་གྱིས།། འདོད་པ་བཅུད་ཟད་རང་དོན་དུ།། ཡེ་ཤེས་ན་གཉིས་ཀ་དམྱལ་བར་ལྟུང།། གལ་ཏེ་བརྒྱ་ལས་ཐར་གྱུར་ཀྱང།། རུ་ཏྲ་སྡེ་གསུམ་དག་ཏུ་སྐྱེ། ། དེ་ནས་འཕགས་པའི་ཐུགས་རྗེས་སྐུལ།། སྔོན་གྱི་དམ་ཚིག་རྗེས་སུ་དྲན།། སྔོན་གྱི་གསང་སྔགས་དོན་ལ་འཇུག། གསང་སྔགས་བཀའ་འགོ་ལོག་པ་ཡིན།། ཉོན་མོངས་དུག་གསུམ་རང་ཀ་སྤྱད།། བསྐལ་པ་སྟོང་ཕྲག་བཅུ་གཉིས་སུ།། རྡོ་རྗེ་དམྱལ་བའི་སྡུག་བསྔལ་མྱོང།། དེ་ནས་དེ་ལ་ཐར་བ་ན།། མ་ཏང་ཁ་དང་ཨ་ཀར་ཤ། མགོ་བོ་བརྒྱ་ལ་ལུས་གཅིག་གམ།། མཐུ་དང་རྫུ་འཕྲུལ་བསམ་མི་ཁྱབ།། ཚངས་པའི་འཇིག་རྟེན་མན་ཆད་དུ། ། ཀུན་ལ་གནོད་ཅིང་འཚེ་བ་བྱེད།། དེ་ནས་བཛྲ་ཧེ་རུ་ཀས།། ཤིན་ཏུ་གདུག་ཅིང་གཏུམ་པ་དེ།། ཞི་བས་ཕན་པར་མི་འགྱུར་ཏེ།། ཤེས་རབ་ཐབས་ཀྱི་ངོ་བོ་ཡིས།། ཁྲོ་བོར་དེ་བཞིན་གཤེགས་ཀུན་མཛད། ། དུས་དེར་སྔོན་གྱི་དམ་ཚིག་དྲན།། འཁོར་དང་བཅས་པ་ཞི་བར་འགྱུར།། རང་བཞིན་ཆོས་ཉིད་མ་གྱུར་པས།། སྒྲ་ཕྱིར་འབྲང་བའི་ཉེས་པའོ།། དེ་བས་གོང་གི་དོན་ལ་ལྟོས།། ཞེས་སོ།། ལམ་གྱི་ཆ་སྐྱེན་གྱི་ཡི་གེ་སྟེ། བཅུ་བདུན་པའོ།།།། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ།། ཡེ་ནས་ལྷུན་ཀྱིས་གྲུབ་པའི་འབྲས་བུ་ལ།། ཡུན་དང་འགྲུབ་ཚུལ་བསྟན་པ་མི་འོས་ཀྱང།། རྟོགས་པས་མཉམ་པའི་ནུས་མཐུ་འདི་ལྟ་མོད། ། ཐོགས་མེད་དུས་སུ་གྲུབ་པའི་འབྲས་བུ་ལ།། རྟོགས་ལྡན་ཡེ་ཤེས་གང་ཟག་བཞི་རུ་གསུངས།། ཡང་རབ་རབ་དང་ཐ་མ་འབྲེ་དང་བཞི།། ཡང་རབ་ཕུང་པོ་ལྷག་མ་མི་ལུས་ཏེ། ། གཟུང་འཛིན་དབེན་བའི་རྟོགས་པ་བསྟན་པ་ཡིས།། བདག་གཞན་མཉམ་པོར་རང་གི་ངང་གིས་ན།། ཆོས་སྐུ་མཉམ་ཉིད་ངང་དུ་བན་བུན་པ།། བདག་གཞན་སྣང་སྲིད་ཐམས་ཅད་བན་བུན་པ།། བདག་གཞན་སྣང་སྲིད་ཐམས་ཅད་ཆོས་སྐུར་བན་ཀྱིས་བུན། ། འབྱུང་བ་ལྔའི་དགོངས་པ་ལྷག་གི་ཤར།། ཡང་རབ་འབྲས་བུ་དེ་ལྟར་དེ་ཡིས་འགྲུབ།། རབ་ཀྱིས་ཐུན་མོངས་མ་ཡིན་གཉིས་མེད་དེ།། རྟོགས་ནས་དང་གིས་གཟུང་ངང་དུ་དུལ། ། ལེ་ལོ་ཕྲ་མོས་སྣང་བ་མ་འགྱུར་ཡང།། འཆི་བའི་སྲིད་པ་ངང་གི་གྲོགས་བྱས་ནས།། ས་ཆུ་མེ་རླུང་རྣམ་ཤེས་རང་གསལ་དང།། གཉིས་མེད་ངང་དུ་རིམས་ཀྱིས་འགྱུར།། ལྷུན་གྲུབ་ནམ་མཁའི་དགོངས་པ་ལྷག་གིས་འཆར། ། རང་གི་ངོ་བོ་འགྱུར་བ་མེད་ན་ཡང།། རབ་ཀྱི་འབྲས་བུ་ཐ་སྙད་དེ་ལ་གདགས།། འབྲིང་གིས་ཟླ་བྲལ་གཅིག་ཏུ་རྟོགས་ནས་ནི།། ཐ་དད་འཁྲུལ་པར་ངེས་པ་སྐྱེས་ནས་ནི།། འཁྲུལ་ལ་འཁྲུལ་པར་ངེས་པར་མཐུ་སྟོབས་ཀྱིས། ། བར་མ་དོ་ལ་བར་མདོའི་ཤེས་པ་འབྱུང།། བར་དོར་བར་དོའི་ཤེས་པ་བྱུང་ཙམ་ན།། གོང་གི་དགོངས་པ་ནམ་མཁའ་ལྟ་བུ་དྲན།། དྲན་ལས་དེའི་ངང་ལ་གནས་པ་ལས།། གཟུང་འཛིན་དབེན་བར་སྐྱེ་བ་ལེན་བར་ནི། ། རྡོ་རྗེ་སེམས་དཔས་གསུངས་པ་མ་ཡིན་ནོ།། ཐ་མ་འདིའི་དོན་ལ་ཞུགས་ནས་ནི།། རྟོགས་ཀྱང་བསྟན་པར་བྱ་བའི་སྐལ་མེད་དེ།། འཇིག་རྟེན་འདིའི་ཟང་ཟིང་འཁྲུལ་པ་ལ།། བསླུ་བྱེད་རྨི་ལམ་ཡིན་པར་མ་བསྟན་ཏེ། ། འདོད་པ་ཡོད་པས་སྐྱེ་བ་ཕྱི་མ་ལེན།། མོས་པའི་དབང་གིས་མི་ལུས་བླངས་ནས་ཀྱང།། བླ་མེད་ཐེག་ཆེན་འདི་དང་ཕྲད་འགྱུར་ནས།། དེ་ལ་ཕུང་པོ་མ་ལུས་སངས་རྒྱས་པར།། རྡོ་རྗེ་སེམས་དཔའི་ཞལ་ནས་གསུང་འགྱུར་ཡང། ། ཁྱོད་ཀྱིས་དེ་ལ་རེ་བ་སྐྱེ་འགྱུར་ན།། རྫུ་འཕུལ་མངོན་ཤེས་ལྡན་ཡང་བར་ཆོད་འཁོར་བའི་རྒྱུ།། དེ་བས་ཁྱོད་ཀྱིས་དེ་ལྟར་ཤེས་པར་གྱིས།། ཐེག་པའི་རྒྱལ་པོ་བྱ་བ་བྲལ་བྲལ་ཐབས། ། བཀའི་ཡང་སྙིང་བྱེ་བྲག་ཤེས་རབ་འདི།། ཐབས་དང་ཤེས་རབ་ཟུང་འབྲེལ་སངས་རྒྱས་ཐུགས།། རྒྱུ་འབྲས་འདས་པས་ཆོས་སུ་སེམས་དཔས་གསུངས།། བྱ་བ་བྲལ་བས་ཆོས་སུ་སེམས་དཔས་གསུངས། ། སྐྱེ་བ་ཕྱི་མ་མི་ལེན་པའི་ཆོས།། ཡིན་པར་ཀུན་བཟང་རྡོ་རྗེ་སེམས་དཔས་གསུངས།། དེ་བས་མི་ཡངས་ཕྱི་མར་རེ་བ་ཆོད།། ཀྭའི་བུ་ཁྱོད་ཞུ་བ་དཔའ་བློ་དང་ལྡན་འདྲ་ཡོད།། གཡེ་བའི་དབང་གིས་དོན་ལ་མི་གནས་ན། ། བར་དུ་སྐྱེ་དགའ་ན་འཆི་ལ་སོགས་ཀྱིས།། གཏན་དུ་ཁྱོད་ནི་བརླག་པར་གྱུར་ཏ་རེ།། སྣོད་ངན་འགའ་ལ་ཁྱོད་ཀྱིས་བསྟན་ན་ནི།། ཀུན་བཟང་རྡོ་རྗེ་སེམས་དཔའི་བཀའ་ཉིད་ཁྱོད་བསླུས། ། ངའི་བཀའ་ལས་གལ་ཏེ་འདས་གྱུར་ན།། སྣང་བ་འདི་དག་ཐམས་ཅད་མེར་གྱུར་ནས།། ནམ་མཁའ་གནས་ཀྱི་བར་དུ་ཁྱོད་ཉིད་བསྲེག། སྣང་སྲིད་འདི་ཡང་ཁྱོད་ཀྱི་གཤེད་མར་འགྱུར།། ཆོས་ཀྱི་བསྲུངས་མ་ལ་སོགས་ཐམས་ཅད་ཀྱིས། ། ཁྱོད་ལ་མི་བཟང་པའི་འཆད་པ་བཅད།། ཐར་པའི་དུས་མེད་འོ་འདོད་ཆེན་པོ་འབོད།། དེ་འདྲའི་རྣམ་སྨིན་ས་ལ་མི་སྨིན་པས།། རང་ལ་སྨིན་ཏེ་འོང་གིས་གོ་བར་གྱིས།། ཁྱོད་ཀྱིས་ངའི་བཀའ་ལས་མ་འདས་ན། ། རང་གིས་ཡིད་དམ་ཆོས་ཉིད་མི་གཏོང་ཞིང།། ཀུན་བཟང་རྡོ་རྗེ་སེམས་དཔའི་དགོངས་པ་འདི།། སྣོད་ངན་དམ་ཉམས་ཀུན་ལ་མི་ཡེལ་ཏེ།། དད་པ་རི་རབ་ལྟ་བུར་མི་འགྱུར་ཞིང།། བརྩོན་འགྲུས་ཆུ་དང་རླན་བཞིན་མི་འབྲལ་ཞིང། ། བཟོད་པ་ས་རྡོ་ལྟ་བུ་ཐོབ་པ་ལ།། དམ་བཞག་ནན་ཏན་བྱས་ལ་འགའ་ཙམ་ལ།། གཞན་ལ་མི་ཡེལ་གཏེར་གྱི་ཚུལ་དུ་སྦྱིན།། ཁྱོད་ཀྱིས་ངའི་བཀའ་ལས་མ་འདས་ལ།། རྡོ་རྗེ་མཁའ་འགྲོ་ལ་སོགས་ཕྱི་ནང་སྲུངས་མས་ཀྱང། ། ལུས་དང་གྲིབ་མ་བཞིན་དུ་འགྲོགས་ལ་བར་ཆད་ཞི་བར་མཛོད།། དཀོན་མཆོག་གསུམ་གྱི་ཐུགས་རྗེའི་བྱིན་རླབས་ཆར་བཞིན་ཕོབ།། བདག་གི་མཐུ་ཡང་ངན་སྔགས་རྣོན་པོ་བཞི། ། རྡོ་རྗེ་རྣོ་བས་རྡོ་རྗེ་སེམས་དཔའ་འཚེ་འདིར་འགྱུར།། ཅི་སྲིད་ཀྱིས་འགྲུབ་པའི་ཡི་གེ་སྟེ། བཅོ་བརྒྱད་པ། རྫོགས་སོ།།།། དེ་ནས་འཇམ་དཔལ་བཤེས་གཉེན་གྱིས།། ཁྱེའུ་སྣང་བ་བསམ་གྱིས་མི་ཁྱབ་པ་ལ་ཡིད་རབ་ཏུ་རངས་ཏེ། ། མཧཱ་སུ་ཀ་ཧ་ནི། ཨེ་མ་ཨེ་མ། རྡོ་རྗེ་སེམས་དཔའི་སྐུ་མཆོག་འགྲོ་དཔལ་མགོན་པོའི་ཐུགས་དཀྱིལ་ནས།། བདུད་རྩི་ཆུ་རྒྱུན་བྱང་སེམས་བཅོ་བརྒྱད་བབས།། ཉོན་མོངས་ཀོ་སྐམ་དག་གིས་ཐ་བ་མི་བདས་སྐབས་མེད་འགྲོ་ཀུན་གྲོལ་སྙམ་སེམས། ། བྱང་སེམས་གབ་པ་ཞུས་པའི་ཡི་གེ་འདི།། བདག་གི་གློ་བའི་དཀྱིལ་དུ་ས་མ་ཡི།། བདེར་གཤེགས་བྱིན་རླབས་མ་ལུས་དུས་འདིར་བདག་ལ་འདུས། ། འགྲོ་བ་དུག་ཆེན་སེལ་མཛད་སྨན་ཆེན་མགོན་པོ་སེམས་དཔས་གསུངས།། སྐལ་ལྡན་འགྲོ་བ་གྲོལ་བར་ཐེ་ཚོམ་མེད།། ཀུན་ཏུ་བཟང་པོའི་ཞལ་ཡང་དུས་འདིར་མཐོང།། རྡོ་རྗེ་སེམས་དཔའི་ཞལ་ཡང་དེ་རིང་མཐོང། ། རིགས་གསུམ་མགོན་པོའི་ཞལ་ཡང་དེ་རིང་མཐོང།། བདེ་གཤེགས་ཐུགས་ཀྱི་ཉི་མ་ད་ལྟ་ཤར། ཁམས་གསུམ་འཁོར་བའི་མུན་པ་དེ་རིང་གསལ།། འཁོར་འདས་གཉིས་ཀྱི་ཟམ་པ་དེ་རིང་ཚུགས། ཁམས་གསུམ་སྐུ་གསུམ་ངང་དུ་སྐྱབས་ཆེན་འདེབས།། ཟག་པ་ཟད་ཅིང་བྱས་བ་དེ་རིང་བྱས།། སྡུག་བསྔལ་མེད་ཅིང་འཁོར་བའི་གདོས་དང་བྲལ།། རྡོ་རྗེ་སེམས་དཔའི་ཐུགས་ཀྱི་ཐིག་པ་འདི་བདག་གིས་དམ་པ་ཉིད་དུ་བཟུང་བར་བྱ། མགོན་པོ་ཁྱོད་ཀྱི་བཀའ་ལས་བདག་མི་འདའ། རྡོ་རྗེ་སེམས་དཔའི་བཀའ་ལམ་བདག་མི་འདའ།། མཁའ་འགྲོ་དམ་ཅན་བཀའ་ལས་བདག་མི་འདའ།། རྡོ་རྗེ་སེམས་དཔའ་ཁྱོད་ཀྱིས་བཀའ་སྩལ་ཚུལ་བཞིན་བགྱི། ། ཐུགས་རྗེ་ཅན་གྱིས་བཀའ་བཞིན་བདག་བགྱིད་དོ།། དཀོན་མཆོག་གསུམ་གྱིས་བཀའ་མི་སླུ།། ཉི་ཟླ་ས་ལ་ལྟུང་བ་སྲིད་དུ་རུང། སེམས་དཔའ་ཁྱོད་ཀྱིས་བཀའ་ལས་འདའ་མི་སྲིད། ། ཁྱོད་ཀྱིས་བཀའ་དྲིན་ཡལ་བར་བདག་མི་གཏོང།། དེ་བཞིན་གཤེགས་པའི་དགོངས་པའི་ཡང་སྙིང་འདི། དམ་ཉམས་ཉིད་འཁྲུལ་པའི་དབང་དུ་མ་གྱུར་ཅིག། མཐུ་དང་རྫུ་འཕྲུལ་དབང་དུ་མ་གྱུར་ཅིག། བར་ཆོད་བདུད་ཀྱིས་དབང་དུ་མ་འགྲོ་ཅིག། སྲིད་པའི་མཚོ་ལས་འགྲོ་བ་འདོན་པར་ཤོག། རྫོགས་སོ།།།། འགུ་ཧེ།། འཇམ་དཔལ་ནམ་མཁའ་ཁྱེའུ་བཟངས་ཀྱིས། འཇམ་དཔལ་བཤེས་གཉེན་ལ་གདམས་ཤིང་གཏད་པ་ས་མ་ཡ་སོ་ཕག་ཤི་ཐམ། ། མངྒལཾ།། ཤུབྷཾ།།།། རྒྱ་གར་གྱི་མཁན་པོ་བེ་མ་ལ་མི་ཏྲ་དང། ཞུ་ཆེན་གྱིས་ལོ་ཙྭ་བ་དྲན་པའི་ཡེ་ཤེས་ཀྱི་སྒྱུར་ཅིང། ཞུས་ཏེ་བསྟན་ལ་ཕབ་ནས། ཉང་ཏིང་འཛིན་ལ་གདམས། དེས་རྦ་མོ་རྒྱལ་མཚོ་གདམས། དེས་སྔ་བློ་གྲོས་དབང་ཕྱུག་ལ་གདམས།། དེས་འབྲོམ་ཡེ་ཤེས་བྱམས་ལ་ལ་གདམས། དེས་སྲས་རྒྱལ་བའི་ཤེས་རབ་ལ་གདམས། དེས་ཉང་དར་མ་ཡེ་ཤེས་ལ་གདམས། དེས་ཤངས་ལ་ལྕེ་ཆུང་པ་ཡེ་ཤེས་རྒྱལ་མཚན་ལ་གདམས། དེས་ཤུད་སྐྱེ་སྟོན་པ་མི་འཇིག་པ་ལ་གདམས། དེས་ལྕེ་སྟོམ་རྡོ་རྗེ་བཟུང་ལ་གདམས་སོ།། སྙན་རྒྱུད་ངེས་པའི་ལྡེ་མིག། སྤུ་ཏི་སོ་རུ་མཐིང་ཤོག་ཅན་གྱིས་རྒྱུད་རྫོགས་སོ། །།། དམར་པོ་འདི་ཚོ་ཕན་མི་ཐོགས་པ་ཡིན་ནོ། ། ཁྲེགས་གཅོད་བསྡུས་པ་བཞུགས་སོ།། @##།། རྒྱ་གར་སྐད་དུ། ས་མ་བ་ཏཱ་ན་མ། བོད་སྐད་དུ། ཁྲེགས་གཅོད་བསྡུས་པ་ཞེས་བྱ་བ། བཅོམ་ལྡན་འདས་མཐའ་བཞི་རང་གྲོལ་བའི་མགོན་པོ་རྫོགས་སངས་རྒྱས་པའི་བླ་མ་ལ་ཕྱག་འཚལ་ལོ།
CLOSE WINDOW