Wylie |
དམ་ཚིག་བཀོད་པ་བཞིའི་རྒྱུད་བཞུགས་སོ།། @##།། རྒྱ་གར་སྐད་དུ། ས་མ་ཡཱ་ཨགྲ་ཛཱ་ཏནྟྲ། བོད་སྐད་དུ། དམ་ཚིག་བཀོད་པས་གཞིའི་རྒྱུད་རིན་པོ་ཆེའི་རྒྱན་ཞེས་བྱ་བ། བཅོམ་ལྡན་འདས་དཔལ་ཀུན་ཏུ། ། བཟང་པོ་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན།། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་འོག་མིན་གྱི་གནས་མཆོག་ཆེན་པོ་ན་བཞུགས་པའི་ཚེ། དཔལ་རྡོ་རྗེ་སེམས་དཔས་ཡང་ཏིའི་ཆོས་ཞུས་པས། ཀུན་ཏུ་བཟང་པོས་བཀའ་སྩལ་པ། སྙན་རྒྱུད་ཀྱི་གདམས་ངག་རྣམ་པ་གསུམ་སྟེ། སངས་རྒྱས་ཉག་གཅིག་དང།། དམ་ཚིག་ཐུན་གཅིག་དང། དཔེ་བརྡ་གཅིག་གོ། སངས་རྒྱས་བརྡའི་ལེའུ་སྟེ་དང་པོའོ། །།། རྡོ་རྗེ་སེམས་དཔས་ཞུས་པ། སངས་རྒྱས་ཉག་གཅིག་ནི། རིག་པ་དངོས་མེད་ཡེ་ཤེས་ལ། སྐུ་གསུམ་བཀའ་ནས་མ་གྲུབ་བོ།། ཅི་སྟེ་ལོག་སྣང་མེད་པའི་ཕྱིར། བརྡའ་ནི་མིག་གི་རྣམ་པར་ཤེས་པའོ། ། དོན་ནི་ཡེ་ཤེས་རང་ལ་ལྷུན་གྱིས་གྲུབ་པའོ།། སྒྲ་ནི་ཛྙཱ་ན་ཀཱ་ཡའི་ཨའོ།། སངས་རྒྱས་ཉག་ཅིག་ནི། དགོངས་པ་ལ་ཐུན་མེད་པ་དང། ཆོས་ཉིད་ལ་བར་དོ་མེད་པ་དང། ཡེ་ཤེས་ལ་སྐྱེ་བ་མེད་པ་དང། ཆོས་སྐུ་ལ་སྐད་ཅིག་མ་མེད་པ་དང། སྐུ་གསུམ་ལ་འདུ་འབྲལ་མེད་པ་དང། སྙིང་པོ་ལ་འཕོ་འགྱུར་མེད་པ་དང། ཤེས་རབ་ལ་དགག་སྒྲུབ་མེད་པ་དང། ཐིགས་ལེ་ཉག་ཅིག་ལ་གཉིས་སྣང་མེད་པའོ།། ལུང་ལས་ཀྱང་གཉིས་མེད་གཉིས་སུ་མེད་པར་བསྟོན་ཅེས་བྱ་བ་དང། སངས་རྒྱས་སེམས་ཅན་གཉིས་མེད་དེ། ཅེས་པས་གསལ་ལོ།། བརྡའ་དོན་གྱི་ལེའུ་སྟེ་གཉིས་པའོ།།།། ཀུན་ཏུ་བཟང་པོས་བཀའ་སྩལ་པ། དམ་ཚིག་ཐུན་ཅིག་ནི། ཡང་ཏི་ནག་པོ་གསེར་གྱི་འབྲུ་གཅིག་པ། དཔེར་ན་རིན་ཆེན་གསེར་གྱི་རྡོ་བ་ལ། བྱ་དང་ཁྱི་དང་སྐུ་གཟུགས་རྣམས།། བྱས་ཀྱང་གསེར་ལས་འགྱུར་བ་མེད། བཟང་དུ་མ་སོང་ངན་དུ་མི་འགྲོ་སྟེ། གཟུགས་ཀྱི་རྣམ་པ་ཐ་དད་ཀྱང། ངོ་བོ་གསེར་ལས་འགྱུར་བ་མེད།། དེ་བཞིན་དམ་ཚིག་ཐུན་གཅིག་ནི། ཐིག་ལེ་ཉག་ཅིག་དོན་རྟོགས་ན། བསྲུང་དུ་གཉིས་སྣང་མེད་པའི་ཕྱིར།། བསྲུང་བྱ་བྱུང་ན་ཡང་ཏེ་མིན། བསྲུང་བྱ་བྱུང་ན་ཉག་ཅིག་མིན། གཉིས་སྣང་བྱུང་ན་གཉིས་འཛིན་ཡིན།། སོ་སོའི་སྐྱེ་བའི་ཁྱུ་རུ་གོལ།། གོལ་ཕྱིར་ཡང་ཏིའི་དམ་ཚིག་མིན།། དེ་ཡང་ལུང་ལས་དམ་ཚིག་ཆེན་པོ་དེ་ཉིད་མཁྱེན། དབང་པོའི་བསམ་པ་མཁྱེན་མཆོག་གིས། ། བརྡ་ནི་དུག་ལྔ་རང་གྲོལ་རང་ཤར་བའོ།། སྒྲ་ནི་སཾ་ཡ་ཏྲི་ཀ་ཡའི་ཨེ་ཀའོ།། ཅེས་གསུངས་སོ།། བརྡ་སྒྲ་དོན་གྱི་ལེའུ་སྟེ་གསུམ་པའོ།།།། ཀུན་ཏུ་བཟང་པོས་བཀའ་སྩལ་པ། དཔེ་བརྡ་གཅིག་ནི། རྒྱ་མཚོ་ཆེན་པོ་སྐུ་གསུམ་བརྡ། ནམ་མཁའ་ཆེན་པོ་ཐུགས་རྗེའི་བརྡ།། སྨན་གྱི་རྒྱལ་པོ་ག་བུར་ནི། སྨན་དང་དུག་དང་ཁ་ཟས་བརྡ། དེ་ནི་ཕྱིའི་བརྡ་གསུམ་ཡིན།། ངོ་བོ་རང་བཞིན་ཐུགས་རྗེའི་བརྡ། དེ་ནི་འཁྲུལ་པ་གཞི་ཡི་བརྡ། ། མ་ནིང་རྣམ་གསུམ་སེམས་ཅན་བརྡ།། སྣང་བ་རྣམ་གསུམ་འཁྲུལ་པའི་བརྡ།། དེ་ནི་ནང་གི་བརྡ་བཞི་ཡིན།། འདོད་ཆགས་ཞེ་སྡང་གཏི་མུག་ནི།། དེ་ནི་ཐིག་ལེ་ཉག་ཅིག་བརྡ།། དུག་ལྔ་ཡེ་ཤེས་ལྔ་ཡིས་བརྡ། ། འགྲོ་དྲུག་རང་བྱུང་ཡེ་ཤེས་བརྡ།། གཟུང་འཛིན་རིག་པ་ཡེ་ཤེས་བརྡ།། དེ་ནི་གསང་བའི་བརྡ་བཞི་ཡིན།། སྒྲ་ཡི་དོན་ནི་འདི་ལྟ་སྟེ།། ཡེ་ཤེས་སྒྲ་ལ་ཡི་གེ་ཧ།། དབྱིངས་ཀྱི་སྒྲ་ལ་ཡི་གེ་མ།། རོལ་པའི་སྒྲ་ལ་ཡི་གེ་འ། ། དེ་ནི་སྒྲ་ཡི་ཆོས་ཉིད་དོ།། དོན་ཉིད་རྟོགས་པའི་རྣལ་འབྱོར་ལ།། རབ་དང་འབྲིང་དང་ཐ་མ་བསྟན།། དབང་པོ་ཡང་རབ་རོལ་པ་ལ།། སངས་རྒྱས་ཆོས་དང་མྱ་ངན་འདས།། དངོས་པོའི་ཆོས་དང་གནས་ལུགས་ཏེ། ། བར་དོ་མེད་པར་རང་གྲོལ་ལོ།། འབྲིང་དང་ཐ་མའི་ཆོས་ཉིད་ནི།། ད་ལྟ་ངོ་སྤྲོད་བར་དོར་སངས་རྒྱས་ཏེ།། རྫོགས་ཆེན་ལམ་པའི་ཆོས་ཉིད་དོ།། སེམས་ཅན་འཁོར་བའི་བློའི་སྣང་ལུགས་ཏེ།། འབྲིང་དང་ཐ་མ་བར་དོར་གྲོལ་ཅེས་འབྱུང་ངོ། ། ཡང་ཏི་དྲང་དོན་དུ་བཤད་པའོ།། བརྡ་འགྱུར་སྒྲ་འགྱུར་དོན་དུ་བསྟན་པའོ།། ཚིག་གསུམ་རྒྱུད་པས་སངས་རྒྱས་ཀྱི་ཆོས་རྒྱུད་པ་བར་མ་ཆོད་པ་རྫོགས།།།། མངྒལམ། །། ཀུན་བཟང་རྫོགས་པའི་སངས་རྒྱས་ཀྱིས།
CLOSE WINDOW