CLOSE WINDOW

Gpb052.019: དམ་ཚིག་ལས་ཀྱི་རྒྱལ་པོའི་རྒྱུད་ཅེས་བྱ་བ
Wylie

ས་མ་ཡ་ཀརྨ་རཱ་ཛ་ཏནྟྲ། བོད་སྐད་དུ། དམ་ཚིག་ལས་ཀྱི་རྒྱལ་པོའི་རྒྱུད་ཅེས་བྱ་བ། དཔལ་ཐུགས་རྗེ་རང་བྱུང་གི་བདག་པོ་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། རྒྱ་མཚོ་ཆེན་པོ་རང་བཞིན་གྱིས་ལྷུན་གྱིས་གྲུབ་པའི་གནས། འདོད་པའི་ལོངས་སྤྱོད་ཡོན་ཏན་ཕུན་སུམ་ཚོགས་པ་ཐམས་ཅད་རང་ལས་བྱུང་བ། པདྨ་རིན་པོ་ཆེའི་གཞལ་ཡས་ཁང། རྒྱ་ཁྱོན་དཔག་ཏུ་མེད་པའི་ནང་ན། ཀླུའི་རྒྱལ་པོ་ཡིད་བཞིན་འཛིན་པ་ཞེས་བྱ་བ། ལོངས་སྤྱོད་ཀུན་གྱི་བདག་པོར་བཞུགས་ཏེ། གདུག་པ་འཛིན་བྱེད་ཀྱི་ཏིང་ངེ་འཛིན་ལ་གནས་སོ།། དེའི་ཁམས་གསུམ་གྱི་སེམས་ཅན་ལ་དོན་བྱེད་ཀྱི་ལས་དང་ཐུགས་རྗེའི་བསོད་ནམས་མེད་དེ། གནམ་ལ་སྤྲིན་མེད་པས་ས་ལ་རྩི་མ་འཁྲུངས། སྡུག་བསྔལ་གྱི་ལས་དང་རང་ཤ་ལ་རང་ཟ། རང་ཁྲག་ལ་རང་འཐུང། རང་གིས་སྡུག་བསྔལ་ལ་རང་སྤྱོད་པར་གནས་སོ།། དེའི་ཚེ་དཔལ་ཀུན་ཏུ་བཟང་པོ་བྱིན་བརླབས། ཆོས་ཉིད་དབྱིངས་ཀྱི་དཀྱིལ་འཁོར་ནས། དཔལ་ཐུགས་རྗེ་རང་བྱུང་གི་བདག་པོས། སེམས་ཅན་ཀུན་ལ་ཐུགས་རྗེའི་འོད་ཀྱིས་གཟིགས་ནས་ཀྱང། མཁའ་ལྡིང་རྒྱལ་པོར་སྐུ་སྤྲུལ་ཏེ། རི་རབ་ཀྱི་ཁར་བྱོན་ཏེ། དམ་ཚིག་ལས་ཀྱི་ཕྱག་རྒྱ་བཅས་ལ། ཐུགས་ཡེ་ཤེས་མེ་དཔུང་འབར་བའི་འཁོར་ལོ།། ཏིང་ངེ་འཛིན་སྐད་ཅིག་མས་གདུག་པ་འཛིན་བྱེད་ཀྱི་ལུས་ལ་བསྐོར་བས། རྒྱ་མཚོ་ཁོལ། སྲིད་པ་གཡོས། རི་རབ་ཀྱང་རབ་ཏུ་གཡོས། རི་རབ་ཀྱི་སྲག་དཔག་བསམ་གྱི་ཤིང་ལ་མེ་འབར་ཏེ། འཇིག་རྟེན་སྟོངས་ལ་ཁད་དོ།། དེའི་ཚེ་ཀླུའི་རྒྱལ་པོ་ཡིད་བཞིན་གྱི་འཛིན་གདུག་པའི་སེམས་ལ་དྲན་པའི་དབང་མེད་པར་སྡུག་བསྔལ་བཟོད་ཐབས་མེད་པར། ལུས་ཀྱི་ཉམས་སུ་མྱོང་ངོ།། དེའི་ཚེ་ཀླུའི་ཡིད་བཞིན་འཛིན། སྡུག་པའི་སེམས་ལ་འགྱོད་པའི་སེམས་ལ་འགྱོད་པའི་སེམས་དྲག་པོ་སྐྱེས་པས་ཐུགས་རྗེ་ཆེན་པོའི་བྱིན་བརླབས་ཀྱིས། སྡུག་བསྔལ་གྱི་ལས་སེམས་ཉིད་བདེ་བ་ཆེན་པོ་ཡིས། ངང་དུ་ཞི་སྟེ་སངས་རྒྱས་ཀྱི་ཞལ་གཟིགས་ཏེ། དཔལ་ཀུན་ཏུ་བཟང་པོའི་ས་ནོན་ནོ།། དེའི་ཚེ་འབྲས་བུ་ཡང་དག་པའི་དོན། ཆོས་ཉིད་བདེན་པའི་དོན་མཐོང་ནས། ཐུགས་རིན་པོ་ཆེ་པདྨའི་གཞལ་ཡས་ཁང་ནས། ཡེ་ཤེས་དུ་གྱུར་པའི་གཞལ་ཡས་ཁང། སེམས་ཉིད་དོན་རང་བྱུང་ལས་ཀྱི་སྙིང་པོ། ཡིད་བཞིན་གྱི་ཐུགས་ལས་སེམས་ཅན་དོན་བྱེད་པ་ལས་ཀྱི་ཀླུ་ཆེན་པོ་བརྒྱད། ས་བདག་འཁོར་དང་བཅས་པར་སྐུ་སྤྲུལ་ཏེ། འགྲོ་བ་སེམས་ཅན་གྱི་དོན་གྱིས་ཅིག་པར་བཀའ་སྩལ་ཏོ།། དེའི་ཚེ་དེའི་དུས་སུ་ས་ཆེན་པོ་རབ་ཏུ་གཡོ་བ་དང། བར་སྣང་ལ་སྒྲ་སྙན་རབ་ཏུ་སྒྲོག་པ་ཡང་བྱུང་སྟེ། ཀུན་ཏུ་ཡང་ཉམས་དགའ་ཡིད་ལ་སྤྲོ་བ་ཡང་བྱུང་སྟེ། ཁམས་གསུམ་གྱི་སེམས་ཅན་འདོད་པའི་ལོངས་སྤྱོད་རྣམ་པ་ལྔ་ཕུན་སུམ་ཚོགས་ཏེ། འགྲོ་བ་སེམས་ཅན་གྱི་དོན་བྱེད་པ་རྒྱུན་དུ་འབྱུང་ངོ།། དེའི་ཚེ་སེམས་ཅན་གྱི་བསོད་ནམས་ཐམས་ཅད་ཀུན་ལ་ཐོགས་པ་མེད་དེ། མཐར་རྒྱས་སོ།། དེ་ནས་ཀླུ་ཆེན་པོ་བརྒྱད་ས་བདག་འཁོར་དང་བཅས་པ་རྣམས་ཀྱིས།། བསམ་འཕེལ་གྱི་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ཀླུའི་རྒྱལ་པོ་ལ་ཕུལ་ནས། བསྐོར་བ་དང་ཕྱག་མཛད་ནས། ཀླུའི་རྒྱལ་པོ་དགའ་བོས་ཞུས་པ། ཨེ་མ་ཧོ། རང་བཞིན་ལྷུན་གྱིས་གྲུབ་པའི་གནས་མཆོག་ནས།། ཡིད་བཞིན་ཐུགས་ལས་སྤྲུལ་མཛད་ཀླུ་རྒྱལ་ངོ་མཚར་ཅན། ། བདག་ཅག་སེམས་ཅན་དོན་བྱེད་པས།། ལས་ཀྱི་རྒྱལ་པོ་རྒྱུ་ཅིག་ཞུ།། ཞེས་གསོལ་བ་བཏབ་པས། ཀླུའི་རྒྱལ་པོ་རང་བྱུང་བཞིའི་དོན་རྟོགས་པར་བྱ་བའི་ཕྱིར། མདོ་དོན་རྩ་བའི་སྙིང་པོ་ལ་དགོངས་ནས་བྱིན་གྱིས་བརླབས་ཏེ། བཀའ་སྩལ་པ། རང་བཞིན་ཐུགས་ལས་སྤྲུལ་པའི་ཀླུ་ཆེན་བརྒྱད།། ས་བདག་འཁོར་དང་བཅས་པ་རྣམས།། སེམས་ཅན་ལས་ཀྱི་དོན་བྱེད་པ།། རྒྱུད་ཀྱི་རྒྱལ་པོ་ཞུ་བ་ལེགས།། དམ་ཚིག་ཆེན་པོ་ང་ཡིས་བཤད། ། ཀླུ་རྒྱལ་དགའ་བོ་གུས་པས་ཉོན།། གཞན་ཡང་དད་པ་ཅན་གྱི་འཁོར།། ལུས་ངག་ཡིད་གསུམ་གུས་པས་བཏུད།། ཅེས་བཀའ་སྩལ་ཏོ།། དམ་ཚིག་ལས་ཀྱི་རྒྱལ་པོའི་རྒྱུད་ལས། གླེང་གཞིའི་ལེའུ་སྟེ་དང་པོའོ། །།། དེ་ནས་ཡང་འཁོར་རྣམས་ཀྱིས་ཞུས་པ། ཨེ་མ་ངོ་མཚར་རྨད་བྱུང་བྱིན་རླབས་ཅན།། ཆོས་ཉིད་ལྷུན་གྲུབ་བྱིན་རླབས་རྫོགས་པའི་ཐུགས།། རང་བྱུང་སྙིང་པོ་བྱིན་བརླབས་དབང་གི་སྐུ།། ཡོན་ཏན་ཅིར་ཡང་འཕེལ་མཛད་ཀླུ་རྒྱལ་ཆོས་ཀྱི་བདག། དམ་ཚིག་ལས་ཀྱི་རྒྱལ་པོ་སྒྲུབ་པའི་ཕྱིར། ཁམས་གསུམ་འཁོར་བའི་སེམས་ཅན་རྣམས།། ཐབས་ཀྱིས་རྒྱལ་པོ་ཇི་ལྟར་དྲང།། ཞེས་ཞུས་པས། བཀའ་སྩལ་པ། སེམས་ཅན་ལས་ཀྱི་དོན་བྱེད་གྲུབ་པ་ལ།། ཐབས་ཀྱྀ་རྒྱལ་པོ་སྙིང་རྗེ་མཆོག་གིས་དྲང།། སྙིང་རྗེ་མེད་ན་དོན་བྱེད་ཅི་ལ་ནུས།། དཔེར་ན་ཉིན་གཅིག་གིས་འཛམ་གླིང་བཞིའི་དོན་བྱེད་གསལ་བ་བཞིན།། སྙིང་རྗེའི་དོན་རྟོགས་དོན་རྣམས་ཅི་ཡང་ནུས། ། ཆོས་ཉིད་དོན་ལྡན་ཡེ་ཤེས་གསལ་བ་ཡིན།། དཔེར་ན་ཉི་མའི་སྙིང་པོས་མུན་པ་འཇོམས་པ་བཞིན།། རང་བྱུང་ཡེ་ཤེས་སྙིང་རྗེའི་སྙིང་པོ་གཅིག་གིས་སྲིད་པ་གསུམ་གྱི་དོན་བྱེད་རྒྱུན་དུ་གནས། ། སྙིང་རྗེ་མེད་ན་སྲིད་པ་ཅི་ལ་གནས།། དེ་ཕྱིར་སྲིད་པ་ཐུགས་ཀྱི་འཁོར་ལོ་བསྟན།། སྲིད་པའི་འཁོར་ལོ་རང་བྱུང་སྟེ།། སྙིང་རྗེ་ཐབས་ཀྱི་རྒྱལ་པོར་དྲང།། ཞེས་དམ་ཚིག་ཆེན་པོ་ང་ཡིས་བཤད།། དེ་ནས་ཡང་དག་བཤད་བྱ་བ། ། ཕྱག་རྒྱ་ལུས་ཀྱི་དམ་ཚིག་གིས།། སྲིད་པ་སྒྲོལ་བྱེད་ཐུགས་ཀྱི་འཁོར་ལོ་བསྐོར།། ཡེ་ཤེས་ཐུགས་ཀྱིས་བདུད་རྣམས་བསྲེག། རང་བྱུང་ཐུགས་ཀྱིས་སྲིད་གསུམ་བསྒྲལ།། བྱིན་རླབས་བརྟུལ་ཞུགས་ཀྱིས་ས་བཅུ་ལམ་ལྔ་བགྲོད། ། སྙིང་རྗེའི་ལས་ཀྱིས་ཕ་རོལ་བསྒྲལ།། ཤེས་རབ་སྟོབས་ཀྱིས་འབྲས་བུ་བསྒྲུབ།། ཐེག་པའི་ཐབས་ཀྱིས་དབང་རྣམས་བསྐུར།། དེ་ཕྱིར་དབང་རྣམས་རིམ་གྱིས་བསྐུར། ། ཞེས་དམ་ཚིག་ཆེན་པོ་ང་ཡིས་གསུངས།། བྱིན་རླབས་མེད་ན་ཐུགས་རྗེ་ཅི་ལ་འབྱུང།། དེ་ཕྱིར་སྙིང་རྗེ་བྱིན་གྱིས་བརླབས་པའི་རྒྱུད།། དགོངས་རྒྱུད་ཕལ་གྱི་ཐུན་མོང་མིན།། བྱིན་བརླབས་དབང་བསྐུར་རྒྱལ་པོ་རྒྱུད། ། ལས་རྒྱུད་ཕལ་གྱི་ཐུན་མོང་མིན།། དམ་ཚིག་ལས་ཀྱི་རྒྱལ་པོ་རྒྱུད།། ནམ་མཁའ་བཞིན་དུ་ཀུན་ལ་ཁྱབ།། རྒྱ་མཚོ་བཞིན་དུ་རླབས་ཀྱིས་དབང།། བྱ་ཁྱུང་བཞིན་དུ་རླབས་ཀྱིས་གཅོད། ། སེང་གེ་བཞིན་དུ་ཤུགས་ཀྱིས་མཆོང།། དེ་ཕྱིར་རྒྱུད་ཀྱི་རྒྱལ་པོ་འདི།། ཡིད་བཞིན་འཛིན་གྱི་དངོས་གྲུབ་བྱིན་རླབས་ཕུན་སུམ་ཚོགས་པར་འབྱུང།། ཞེས་དམ་ཚིག་ཆེན་པོ་ང་ཡིས་བཤད།། རྒྱུད་ཀྱི་མཚན་ཉིད་ཆེ་བར་བསྟན་པའི་ལེའུ་སྟེ་གཉིས་པའོ། །།། དེ་ནས་ཡང་ཀླུ་རྒྱལ་མཐའ་ཡས་ཀྱིས་ཞུས་པ།། ཨེ་མ་ངོ་མཚར་སྙིང་པོའི་ཐུགས།། རང་བཞིན་རྣམ་དག་སྐྱེ་བ་མེད་པའི་སྐུ།། བྱིན་རླབས་རྒྱུད་ལ་སྤེལ་མཛད་འགྲོ་བའི་མགོན། ། དམ་ཚིག་ལས་ཀྱི་རྒྱལ་པོ་སྒྲུབ་པའི་ཕྱིར།། རྩ་བའི་དམ་ཚིག་ཇི་ལྟར་ལགས།། ལས་ཀྱི་ཁོག་པ་ཇི་ལྟར་རྒྱའི།། ལས་ཀྱི་གཞུང་དེ་ཇི་ལྟར་བསྒྲུབ།། ལས་ཀྱི་གཞི་དེ་གང་གིས་ཇི་ལྟར་གཟུང།། ཞེས་ཞུས་པས། དོན་ཀུན་འགྲོ་བ་ལ་དགོངས་ནས་གསུངས་པ།། སེམས་ཅན་དོན་བྱེད་ལས་ཀྱི་གླུ།། དམ་ཚིག་ཆེན་པོ་ང་ཡིས་བཤད།། འཁོར་རྣམས་གུས་པས་ཡིད་ལ་ཉོན།། ལས་ཀྱི་རྒྱལ་པོ་བསྒྲུབ་པ་ལ།། རྩ་བའི་དམ་ཚིག་སྐུ་གསུང་ཐུགས། ། ལས་ཀྱིས་ཁོག་པ་བྱིན་བརླབས་དབང་གི་རྒྱལ་པོས་བསྒྲུབ།། ལས་ཀྱི་བསྒྲུབ་བསྙེན་བསྒྲུབ་སྦྱོར་བཀའ་གསུམ་གྱིས་བསྒྲུབ།། ལས་ཀྱི་བཞི་མདོ་དོན་རྩ་བའི་སྙིང་པོས་གཟུངས།། དེ་ནས་ཡང་དག་བཤད་བྱ་བ། ། ལས་ཀྱི་རྒྱལ་པོས་བསྒྲུབ་པའི་ཕྱིར།། རྩ་བ་བྱང་ཆུབ་སེམས་ཉིད་ལས།། ལམ་གྱི་ཡན་ལག་སྙིང་རྗེ་བསམ།། འཕྲིན་ལས་སྐུ་གསུང་ཐུགས་ཀྱིས་སྦྱར།། ཡོན་ཏན་ཐེག་པའི་ས་ལམ་བགྲོད།། འབྲས་བུ་མངོན་པར་རྫོགས་པར་སངས་རྒྱས་ཏེ། ། དབང་བསྐུར་རྫོགས་ནས་ཕྱིར་མི་ལྡོག་པར་བཤད།། ལས་ཀྱི་ཁོག་དོན་བསྟན་བའི་ལེའུ་སྟེ་གསུམ་པའོ།།།། དེ་ནས་ཡང་དག་བཤད་བྱ་བ།། རྩ་བ་བྱང་ཆུབ་སེམས་ཀྱི་ལས། ། གཉིས་མེད་ཐིག་ལེ་ཡང་དག་བསྒྲུབ།། རྟོག་མེད་མཉམ་ཉིད་དངོས་གཟུང་མེད་པའི་ལམ།། རྫོགས་པའི་སངས་རྒྱས་ས་ལ་གནས།། འབྲས་བུ་ཕྱག་རྒྱ་ཆེན་པོའི་རིགས་འཛིན་ཐོབ།། ཅེས་དམ་ཚིག་ཆེན་པོ་ང་ཡིས་བཤད། ། རྩ་བ་བྱང་ཆུབ་ཆེན་པོ་སེམས་ཀྱི་ལ།། ཏིང་འཛིན་འདུ་འབྲེལ་མེད་པས་བསྒྲུབ།། མི་འགྱུར་ཡེ་ཤེས་མཐོང་བའི་ལམ།། བསམ་གཏན་བྱང་ཆུབ་མཐོང་བའི་ས།། འབྲས་བུ་དེ་བཞིན་གཤེགས་པ་ཐོབ། ། ཅེས་གསུངས། རྩ་བ་བྱང་ཆུབ་སེམས་ཀྱི་ལམ།། སྐུ་གསུང་ཐུགས་ཀྱི་སྦྱོར་བར་སྒྲུབ།། ཚོགས་ལམ་སྐྱེད་པའི་སྦྱོར་བ་སྟེ།། སྦྱོར་ལམ་ཏིང་འཛིན་རིམས་ཀྱིས་འཇུག། སྒོམ་ལམ་ཡེ་ཤེས་དམིགས་པ་སྟེ། ། མཐོང་ལམ་འཕྲོ་འདུའི་བྱིན་རླབས་ཅན།། ཐར་ལམ་སྟོང་ཉིད་བསྒོམ་པའོ།། རྗེས་སུ་འཇུག་པ་སྤྱོད་པ་ཡིས།། འབྲས་བུ་རིགས་འཛིན་རྣམ་གསུམ་རིམས་ཀྱིས་ཐོབ།། ཅེས་བཤད། རྩ་བ་བྱང་ཆུབ་སེམས་ཀྱི་ལས། ། རང་བྱུང་ཡེ་ཤེས་སྙིང་པོས་བསྒྲུབ།། རྩོལ་བྲལ་ཉག་གཅིག་སེམས་ཀྱི་ལམ།། རང་རིག་མངོན་དུ་གྱུར་པའི་ས།། འབྲས་བུ་ཀུན་ཏུ་བཟང་པོའི་ས་ནོན།། དམ་ཚིག་ཆེན་པོ་ང་ཡིས་བཤད།། དེ་ནས་ཡང་དང་བཤད་བྱ་བ། ། རྩ་བ་བྱང་ཆུབ་སེམས་ཀྱི་གཞི།། ཀུན་གཞི་བྱང་ཆུབ་སེམས་ཀྱིས་བསྒྲུབ།། ཡོན་ཏན་ཅིར་ཡང་འབྱུང་བའི་ལམ།། འཕྲིན་ལས་རང་བྱུང་རྟོགས་པའི་ས།། འབྲས་བུ་ལྷུན་གྲུབ་རིགས་འཛིན་ཐོབ་ཅེས་བསྟན། ། རྩ་བ་བྱང་ཆུབ་སེམས་ཀྱི་གཞི།། བྱིན་བརླབས་དབང་གི་རྒྱལ་པོས་བསྒྲུབ།། ཐུགས་རྗེ་བྱིན་གྱིས་བརླབས་པའི་ལམ།། ཐུགས་བསྒྲུབ་བྱིན་བརླབས་འབྱུང་བའི་ས།། འབྲས་བུ་ས་བཅུ་ནོན་ནས་ཐོབ་པར་བཤད། ། རྩ་བ་བྱང་ཆུབ་སེམས་ཀྱི་ལམ།། ཐབས་ཀྱི་ཡན་ལག་ཐབས་ཀྱི་བསྒྲུབ།། ཤེས་རབ་རིག་པ་ཐོབ་པའི་ས།། འབྲས་བུ་ཕ་རོལ་ཕྱིན་པ་ཐོབ།། རྩ་བ་བྱང་ཆུབ་སེམས་ཀྱི་འབྲས་བུ།། བཅུད་ལེན་རྣམ་པ་ལྔ་ཡིས་བསྒྲུབ། ། རྣལ་འབྱོར་འཁོར་འདས་ཡངས་པའི་ལམ།། རྫོགས་ཆེན་རང་ས་ནོན་པ་ཡི།། འབྲས་བུ་མི་སྐྱེ་མི་འགག་གྲོལ་ཚུལ་ཐོབ།། ཅེས་དམ་ཚིག་ཆེན་པོ་ང་ཡིས་བཤད།། ལྟ་སྒོམ་སྤྱོད་པ་འབྲས་བུའི་སྒྲུབ་པ་བསྟན་བའི་ལེའུ་སྟེ་བཞི་པའོ། །།། དེ་ནས་ཡང་དག་བཤད་བྱ་བ།། ལས་ཀྱི་འབྲས་བུ་སྒྲུབ་པའི་ཕྱིར།། གཞི་དང་ལམ་དང་འབྲས་བུ་གསུམ།། བསྒྲུབ་པའི་མདོ་རྩ་སྙིང་པོར་བསྟན།། གཞི་ནི་ཀུན་གཞི་བྱང་ཆུབ་སེམས། ། ལམ་ནི་རྟོག་པའི་རིན་ཆེན་ལ།། འབྲས་བུ་བརྩལ་མེད་ལྷུན་གྲུབ་སྟེ།། མདོ་རྩ་སྙིང་པོས་བསྒྲུབ་པར་བྱ།། དེ་ཡི་རང་བཞིན་བདག་ཉིད་གསུམ།། ངོ་བོ་གནས་ལུགས་ཐིག་ལེ་གསུམ།། ངོ་བོ་ཀུན་གཞི་བྱང་ཆུབ་སེམས། ། གནས་ལུགས་རང་བྱུང་ཡེ་ཤེས་དེ།། ཐིག་ལེ་བྱང་ཆུབ་སེམས་སུ་འཆར།། དེ་ཡི་འཕྲིན་ལས་བསྟན་པ་ནི།། སྐུ་གསུང་འདུ་འབྲལ་མེད་པར་འབྱོར།། དེ་ཡི་ཡོན་ཏན་བསྟན་པ་ནི།། དུས་གསུམ་འགྱུར་བ་མེད་པར་གནས། ། དེའི་འབྲས་བུ་བསྟན་རྩ་བའི་དོན་རྟོགས་ཅིང།། རིག་པས་འཁྲུལ་གཞི་རྩད་ཆོད་ནས།། འབྲས་བུ་མི་འགྱུར་བའི་དོན་རྟོགས་ནས།། བསམ་གཏན་གྱི་ལམ་མཐར་ཕྱིན་པར་བསྟན་པ་གཉིས། ། མདོའི་དོན་རྟོགས་ནས་ཡེ་ཤེས་ཀྱི་ངོས་གཟུང་ནས་ལས་མཐར་ཕྱིར་པར་བཅངས་ཏེ། འབྲས་བུ་ཕྱག་རྒྱ་ཆེན་པོར་གནས་པ་གསུམ་མོ།། ལས་ཀྱི་འབྲས་བུ་ཐོབ་ལུགས་བསྟན་པའི་ལེའུ་སྟེ་ལྔ་པའོ། །།། དེ་ནས་ཡང་དག་བཤད་བྱ་སྟེ།། ལས་ཀྱི་རྒྱལ་པོས་བསྒྲུབ་པའི་ཕྱིར།། མདོ་དོན་རྩ་བའི་སྙིང་པོའི་དོན་རྟོགས་བཤད།། སྙིང་པོ་རང་བྱུང་ཡེ་ཤེས་ཏེ།། འབྲས་བུ་རྒྱལ་པོ་བསྐྱེད་ཅིང་འཛིན།། རྩ་བའི་ཆོས་ཀྱི་རྒྱལ་པོ་སྟེ། ། ལས་ཀྱི་རྒྱལ་པོ་འཕྲིན་ལས་ཡོན་ཏན་ཐུགས་ཀྱིས་འགྱུར།། ཞིང་ས་དང་ལམ་ནི་སྦྱོང་ཞིང་བགྲོད།། མདོ་ནི་ཕྱག་རྒྱའི་དཀྱིལ་འཁོར་ཏེ།། ཐུགས་རྗེའི་ཐབས་ཀྱི་སྦྱོར་བ་ཡིན།། དེ་ཕྱིར་མདོ་རྩའི་སྙིང་པོར་བཤད། ། སྣང་སྲིད་ཕྱག་རྒྱའི་དཀྱིལ་འཁོར་ལ།། དྲན་རྟོགས་ཐམས་ཅད་ཐུགས་ཀྱི་སྤྲུལ་པ་ཡིན།། བརྗོད་པ་ཐམས་ཅད་གསུང་གི་སྙིང་པོར་གནས།། དེ་ཡི་གྲུབ་རྟགས་བསྟན་པ་ནི།། སྣང་སྲིད་གྲུབ་ན་ཆོས་སྐུར་རྟོགས། ། དྲན་རྟོགས་གྲུབ་ན་ཡེ་ཤེས་འཆར།། བརྗོད་པ་གྲུབ་ན་ཡེ་ཤེས་འཆར།། དེ་ཡི་འཕྲིན་ལས་བསྟན་པ་ནི།། ཕྱག་རྒྱ་ལུས་ཀྱི་དཀྱིལ་འཁོར་ལ།། སྟོང་ཉིད་རིག་པས་ལས་བྱེད་དེ།། དངོས་པོ་མེད་པར་སྦྱོར་བ་ཡིན། ། དྲན་རྟོགས་ཐུགས་ཀྱི་ཆོ་འཕྲུལ་ལ།། སྣང་སྟོང་གསལ་བྱེད་ལས་བྱེད་དེ།། ཡེ་ཤེས་སྙིང་པོ་སྦྱོར་བ་ཡིན།། བརྗོད་པའི་སྙིང་པོ་ལ་ལས་ཀྱི་རྒྱལ་པོས་ལས་བྱེད་དེ།། བྱིན་བརླབས་རྒྱལ་པོས་དབང་སྐུར་རྒྱལ་པོས་སྦྱོར་ཞེས་བཤད། ། དེ་ཡི་ཡོན་ཏན་འབྲས་བུ་བསྟན་པ་ནི།། ཕྱག་རྒྱ་ཡི་དམ་ལུས་ཀྱི་འབྲས་བུ་བསྟན་པ་ནི།། སྲིད་པ་ལྷ་ཚོགས་ལུས་ལ་གནས།། དྲན་རྟོག་ཡིད་ཀྱི་འཛིན་ཕུར་ཏེ།། དམིགས་པའི་འབྲས་བུ་གང་ཡང་སྦྱོར། ། བརྗོད་པ་ཐུགས་ཀྱི་དམ་པ་སྟེ།། ཡེ་ཤེས་ཀྱི་འབྲས་བུ་སྐྱེད་ཅིང་འཕེལ་བ་བྱེད།། ཅེས་ཐམས་ཅད་དམ་ཚིག་ཆེན་པོ་ང་ཡིས་བཤད།། ལས་ཀྱི་སྒྲུབ་ཐབས་བསྟན་པའི་ལེའུ་སྟེ་དྲུག་པའོ། །།། དེ་ནས་ཡང་ཞུས་པ། ཨེ་མ་ཧོ། སྣང་སྲིད་ཆོས་ཀྱི་རྒྱལ་པོ་སྙིང་པོ་ངོ་མཚར་ཅན།། ཡེ་ཤེས་སྟོབས་ཀྱིས་འབྲས་བུ་ཐོབ་པའི་ཀླུ་རྒྱལ་ལགས།། ལས་ཀྱི་རྒྱལ་པོ་སྒྲུབ་པའི་ཕྱིར།། སྲིད་པ་ལྟ་བྱེད་ཇི་ལྟར་ལགས། ། དེ་ཡི་སྙིང་པོ་མདོ་རྩ་སྙིང་པོ་རྣམས།། ཡོན་ཏན་འབྲས་བུ་འཕྲིན་ལས་རྣམས།། མན་ངག་མདོ་བསྡུས་དུང་སྐྱོང་བཤད་དུ་གསོལ།། ཅེས་གསོལ་བ་བཏབ་སྟེ་ཞུས་པས། ཆོས་ཉིད་ཀྱི་གནས་ལུགས་དགོངས་པ་མཛད་ནས་གསུངས་པ། ། སྲིད་པ་ཐུགས་ཀྱི་མེ་ལོང་སྟེ།། ལྟ་བྱེད་རིག་པའི་རྒྱལ་པོའོ།། དེ་ཡིས་མདོ་རྩ་སྙིང་པོ་ནི།། མདོ་ནི་སྐུ་ལ་རྩ་བ་ཐུགས།། སྙིང་པོ་རང་བྱུང་ཡེ་ཤེས་སོ།། མན་ངག་མདོར་བསྡུས་བཤད་པར་བྱ། ། ལུས་ངག་ཡིད་གསུམ་དད་པས་ཉོན།། ཅེས་བཀའ་སྩལ་ཏོ།། སྐུ་ཡི་ལས་བྱེད་ཐུགས་ཀྱིས་འགྱུར།། སྙིང་པོ་འབྲས་བུ་འཛིན་པར་གསུང།། དེ་ཡི་དབང་ཐོབ་བྱིན་རླབས་འདི་ལྟར་འབྱུང།། སྐུ་ཡི་འཕྲིན་ལས་ཐམས་ཅད་ཡོངས་སུ་རྫོགས་པ་སྟེ། ཕྱག་རྒྱ་ཆེན་པོའི་ཐུགས་དང་གཉིས་མེད་དུས་གསུམ་ཀུན་ཏུ་སྦྱོར། ཐུགས་ཀྱི་འཕྲིན་ལས་ཡེ་ཤེས་ཀུན་ཏུ་སྦྱོར།། ས་བཅུ་ལམ་ལྔ་ཐབས་ཀྱི་རིམ་པས་སྦྱོར།། ཅེས་གསུངས། སྙིང་པོས་འབྲས་བུ་ཕ་རོལ་ཕྱིན་པ་སྟེ། འཇིགས་པའི་བདུད་རྣམས་བསྒྲལ་ཏེ། མངོན་པར་རྫོགས་པར་སངས་རྒྱས་ཞེས་དམ་ཚིག་ང་ཡིས་བཤད། དེ་ནས་ཡང་དག་བཤད་བྱ་བ།། འབྲས་བུ་ཡེ་ཤེས་རྟོགས་པར་བྱ་བའི་ཕྱིར། ། སྲིད་པ་ལྟ་བྱེད་རྒྱལ་པོ་བསྟན།། དེ་ལྟར་སྙིང་རྗེ་དམིགས་དང་ལྡན།། ཡེ་ཤེས་སྤྱན་ཅིག་ཀུན་ཏུ་གཟིགས། ཁམས་གསུམ་ལ་ནི་རྣམ་པར་འབྱེད་ཅིང་ལྟ།། སྙིང་རྗེ་ཁྱེད་ཀྱིས་ཐེག་པར་བྱེད། ། ཐེག་པ་ཀུན་གྱི་འབྲས་བུ་རྣམས།། ཐེག་པ་ཆེན་པོས་དབང་དུ་བསྡུས།། ཞེས་དམ་ཚིག་ཆེན་པོ་ང་ཡིས་བཤད།། དེ་ནས་ཡང་ཞུས་པ། ཨེ་མ་ཧོ། འབྲས་བུ་ངོ་མཚར་སྙིང་པོའི་དོན།། རྫོགས་པའི་སངས་རྒྱས་ཐུགས་རྗེ་ཅན། ། བྱིན་རླབས་ཐུགས་ལ་འཆར་བ་བྱང་ཆུབ་སེམས་དཔའི་ཀླུ། སྙིང་རྗེ་བྱིན་རླབས་ཐུགས་ལ་ཐོས་པའི་ཀླུ་རྒྱལ་ངོ་མཚར་ཅན། བདག་ཅག་བྱང་ཆུབ་བསྒྲུབ་པའི་ཕྱིར།། འབྲས་བུ་ཡེ་ཤེས་ཀྱི་ངང་ངོ་བོ་རང་བཞིན་ཇི་ལྟར་དུ་གནས། ། འཕྲིན་ལས་ཡོན་ཏན་མན་ངག་ཇི་ལྟར་དུ་གནས།། མདོར་བསྡུས་དུང་སྐྱོང་བདག་ལ་བཤད་དུ་གསོལ།། ཅེས་གསོལ་བ་བཏབ་སྟེ་ཞུས་པ་དང། ཐེག་པ་ཀུན་གྱི་ཁྱད་པར་ལ་དགོངས་ནས་གསུངས་པ། བྱང་ཆུབ་བསྒྲུབ་པའི་ཀླུ་རྒྱལ་དུང་སྐྱོང་དད་པ་ཅན། བྱང་ཆུབ་སེམས་དཔས་བཤད་ཀྱིས་ཉོན།། འབྲས་བུ་ཡེ་ཤེས་ཀྱི་ངང་ཐིག་ལེ་ཉག་གཅིག་ངོ་བོ་མཉམ་པ་ཉིད། རང་བཞིན་ཐུགས་རྗེ་ཆེན་པོའི་བྱིན་བརླབས་ཀུན་ལ་མཉམ་པར་གནས་སོ། ། དེ་ཡི་མན་ངག་མདོར་བསྡུས་ནི།། ངང་དང་ངོ་བོ་རང་བཞིན་གསུམ།། ཡེ་ཤེས་ཅིག་པས་གཟུགས་སྐུ་ཅིར་ཡང་འཆར།། དཔེར་ན་ཟླ་བ་ཆུ་དང་ཆུ་ཟླ་བཞིན། ། ཡེ་ཤེས་གཅིག་ལས་གཟུགས་ཀྱི་བྱེ་བྲག་སྣ་ཚོགས་འབྱུང།། དཔེར་ན་གཟུགས་དང་གཟུགས་བརྙན་མེ་ལོང་བཞིན།། མེ་ལོང་གསལ་བས་གཟུགས་བརྙན་སྣང་བ་ཡིན།། གཟུགས་བརྙན་སྣང་བས་གཟུགས་སྐུ་གསལ་བ་ཡིན། ། གཟུགས་སྐུ་གསལ་བས་སྙིང་པོ་ཤར་བ་ཡིན།། སྙིང་པོ་རང་བྱུང་ཡེ་ཤེས་ཏེ།། དཔེར་ན་ཀླུ་ཡི་རྒྱལ་པོ་ང་མེད་ན།། འཇིག་རྟེན་འདི་རུ་ཆར་ཆུ་ཅི་ལས་བྱུང།། ཆར་ཆུ་མེད་ན་མེ་ཏོག་ཅི་ལ་འཁྲུང། ། མེ་ཏོག་མེད་ན་འབྲས་བུ་ག་ནས་འབྱུང།། འབྲས་བུ་མེད་ན་སྙིང་པོ་ཅི་ལ་གདགས།། འབྲས་བུ་དེ་ནི་ཀླུ་རྒྱལ་ང་ཡི་བྱིན་རླབས་སོ།། འབྲས་བུ་ཡེ་ཤེས་མེད་ན་སྙིང་པོ་ཅི་ལ་འཆར།། སྙིང་པོ་མེད་ན་གཟུགས་སྐུ་ཅི་ལ་སྣང། ། གཟུགས་སྐུ་མེད་ན་འབྲས་བུ་ཅི་ལ་གྲུབ།། འབྲས་བུ་མེད་ན་སྙིང་པོ་ཅི་ལ་གདགས།། དེ་ཕྱིར་དམ་ཚིག་ཆེན་པོ་ང་ཡིས་བཤད།། ཆོས་ཉིད་དོན་གྱི་གནས་ལུགས་འདི་བཞིན་ཏེ།། སྙིང་རྗེ་ཆེན་པོ་ཐེག་པའི་མཆོག། འགྲོ་དོན་གཞན་ལ་དམིགས་པས་བྱང་ཆུབ་མཆོག་གི་ལམ།། ལམ་གྱི་ཡན་ལག་ཐབས་ཀྱིས་སྤྱད།། དེ་བཞིན་རྟོགས་པས་རྣལ་འབྱོར་པས།། དང་པོ་ཚོགས་ལམ་སྐྱེད་པ་ནས།། ཐར་ལམ་སྟོང་ཉིད་མན་ཆད་དུ། ། འགྲོ་དོན་གཞན་ལ་དམིགས་པས་སྤྱད།། དེ་ཡི་ཐེག་པའི་ཁྱད་ཕྱེ་ནས།། ཐེག་པ་ཀུན་གྱི་འབྲས་བུ་རྣམས།། ཐེག་པ་ཆེན་པོས་དབང་དུ་སྡུད།། འབྲས་བུ་ཐར་པ་འཐོབ་པར་བཤད།། དེ་ནས་ཡང་དག་བཤད་སྡུད། ། འབྲས་བུ་ཐར་པ་འཐོབ་པར་བཤད།། དེ་ནས་ཡང་དག་བཤད་བྱ་བ།། རྩ་བ་བྱང་ཆུབ་སེམས་ཀྱི་ལས།། སྙིང་རྗེ་མཆོག་དང་མ་ལྡན་ན།། དོན་བྱེད་གྲུབ་པར་ངས་མ་གསུངས།། ཐེག་པ་ཆེན་པོའི་སྙིང་རྗེ་སྤྱི་དོན་ཡོངས་ལ་དགོངས་པ་སྟེ། ། ངོ་བོ་སྟོང་ཉིད་དག་པ་ལ།། སྙིང་པོ་ཡེ་ཤེས་ཅིར་ཡང་འཆར།། རང་བཞིན་ཐུགས་རྗེ་ཆེན་པོ་ལ།། བྱིན་རླབས་ཐུགས་རྗེ་བྱང་ཆུབ་སེམས་ཀྱིས་ཁྱབ།། གནས་ལུགས་ཐིག་ལེ་ཉག་གཅིག་ལ། ། ཡོན་ཏན་འཕྲིན་ལས་ཐམས་ཅད་རྫོགས།། ཞེས་གསུངས། དངོས་གཞི་བྱང་ཆུབ་སེམས་ཀྱི་ལམ།། སྙིང་པོར་གནས་པས་བྱང་ཆུབ་སེམས་གཟུགས་སྐུར་སྤྲུལ་པ་ཡིན།། དངོས་གཞི་བྱང་ཆུབ་སེམས་ཀྱི་གཞི། ། ངོ་བོ་བདག་པས་ཡེ་ཤེས་གསལ་བ་ཡིན།། དངོས་གཞི་བྱང་ཆུབ་སེམས་ཀྱི་དངོས་གཞི་ནི།། སྙིང་རྗེ་ཤར་བས་ཐེག་པའི་ཆོ་གཅེས་བྱ།། དམ་ཚིག་ཆེན་པོ་ང་ཡིས་གདམས།། སྲིད་པ་ལྟ་བྱེད་ཐུགས་ཀྱི་མེ་ལོང་བསྟན་པའི་ལེའུ་སྟེ་བདུན་པའོ། །།། དེ་ནས་འཁོར་རྣམས་ཀྱིས་ཞུས་པ། ཨེ་མ་ངོ་མཚར་སྙིང་པོའི་དོན།། ཆོས་ཉིད་བདེན་པའི་དོན་མཐོང་ཀླུ་རྒྱལ་དབང་གི་མཆོག། དམ་ཚིག་ལས་ཀྱི་རྒྱལ་པོ་བསྒྲུབ་པའི་ཕྱིར། ། བསྙེན་བསྒྲུབ་ལས་ཀྱི་སྦྱོར་ཀ་ལས་ཀྱི་འབྲས་བུ་རྣམས།། འཁོར་རྣམས་ཀུན་ལ་བཤད་དུ་གསོལ།། ཅེས་ཞུས་པས། ལས་ཀྱི་དོན་བྱེད་པ་ལ་དགོངས་ནས་གསུངས་པ།། ཨེ་མ་ཧོ། དོན་བྱེད་ཐུགས་ལས་སྤྲུལ་པའི་ཀླུ་ཆེན་བརྒྱད། ། བསྙེན་བསྒྲུབ་ལས་སྦྱོར་བཤད་ཀྱིས་ཀུས་པར་ཐུད།། ཅེས་བཀའ་སྩལ་ཏོ།། བསྙེན་པས་རང་རྒྱུད་སྦྱོར་བ་སྟེ།། ཐུགས་ཀྱི་བསྒྲུབ་པ་ཤིན་ཏུ་གཅེས།། སྒྲུབ་པས་ལས་ཀྱི་བདག་པོ་དབང་དུ་སྡུད་པ་སྟེ། ། བྱིན་རླབས་དབང་རྣམས་རྫོགས་པ་གཅེས།། ལས་ཀྱི་སྦྱོར་ཀས་ལས་ཀྱི་འབྲས་བུ་སོ་སོར་བྱེད་པ་སྟེ།། དམིགས་པའི་སྙིང་རྗེས་ཟིན་པ་གཅེས།། དེ་ཡི་སྒྲུབ་ཐབས་བཤད་པ་ནི། ། བཅས་དང་བཟླས་ལུགས་སྒོམ་ཐབས་གསུམ།། བཀའ་ཡི་འཁྲུལ་འཁོར་མན་ངག་ལྔ་རུ་བསྡེབས།། བསྙེན་པའི་བཅས་ལ་གཉིས་སུ་བཤད།། མཆོད་རྟེན་བཅའ་དང་འཁོར་ལོ་བསྐོར།། འཁོར་ལོ་དག་ལ་གསུམ་དུ་བཤད། ། སྲིད་པ་སྐུ་ཡི་འཁོར་ལོ་དང།། བརྗོད་པ་གསུང་གི་འཁོར་ལོ་དང།། ཡེ་ཤེས་ཐུགས་ཀྱི་འཁོར་ལོའོ།། དེ་ཡི་བསྐོར་ཐབས་འདི་བཞིན་ཏེ།། སྲིད་པ་སྐུའི་འཁོར་ལོ་གཟུགས་སུ་བསྐོར།། གཟུགས་དང་གཟུགས་བརྙན་ཚུལ་དུ་འཁོར། ། བརྗོད་པ་གསུང་གི་འཁོར་ལོ་སྙིང་པོ་སྔགས་ཀྱི་ཚིག་གིས་བསྐོར།། སྙིང་པོ་དང་འབྲས་བུ་བཞིན་དུ་འཁོར།། ཡེ་ཤེས་ཐུགས་ཀྱི་འཁོར་ལོ་བྱང་ཆུབ་སེམས་ལ་འཁོར།། སྦྱོར་བ་ཐབས་ཀྱི་ཤེས་རབ་ཚུལ་དུ་འཁོར། ། དེ་ཡི་ཡོན་ཏན་བསྟན་པ་ནི།། དཔེར་ན་ནོར་བུ་རིན་ཆེན་འདྲ།། དགོས་དགུ་སེམས་ཀྱི་འདོད་དགུ་འབྱུང་ཞེས་བཤད།། མཆོད་རྟེན་བཅའ་བ་ལས་ཀྱི་བསྒོམ་ཐབས་བཞིན།། བཟླས་ལུགས་དག་ལ་རྣམ་པ་བཞི། ། ཡེ་ཤེས་ཐིག་ལེའི་བཟླས་པ་དང།། ཐུགས་རྗེ་བསྐྱེད་པའི་བཟླས་པ་དང།། ཆོས་ཉིད་གསལ་བའི་བཟླས་པ་དང།། འབྲས་བུ་བསྡུད་པའི་བཟླས་པའོ།། དེ་ཡི་ཡོན་ཏན་བསྟན་པ་ནི། ། རི་རབ་གླིང་བཞིའི་ཆས་པ་འདྲ།། བྱེད་པ་སེམས་ཅན་ཀུན་དོན་བྱེད།། བསྒོམ་ཐབས་དག་ལ་རྣམ་པ་གཉིས།། རང་རྒྱུད་སྦྱོར་བའི་ཏིང་འཛིན་དང།། ཡེ་ཤེས་ཐིག་ལེ་རྒྱས་པའི་སྒོམ་པའོ།། དེ་ཡི་ཡོན་ཏན་སྟོབས་མཆོག་གླང་ལ་ཁལ་བཀལ་འདྲ། ། ཐེག་པའི་ཁྱད་པར་སྙིང་རྗེས་འབྱེད།། བསྒྲུབ་པའི་བཅས་ལ་གཉིས་སུ་བཤད།། དཀྱིལ་འཁོར་བྲི་དང་གཉིས་སུ་མཆོད་པའི་བསྟན།། དཀྱིལ་འཁོར་དག་ལ་གསུམ་དུ་བསྟན། ། མཎྜལ་འཁོར་གྱི་དཀྱིལ་འཁོར་དང།། ཕྱག་རྒྱ་ལུས་ཀྱི་དཀྱིལ་འཁོར་དང།། རིག་པ་སེམས་ཀྱི་དཀྱིལ་འཁོར་དང།། དེ་ཡི་བྲི་ཐབས་འདི་བཞིན་ཏེ།། མཎྜལ་ཚོན་གྱི་དཀྱིལ་འཁོར་ནི།། དམ་ཚིག་གཙང་བའི་སྔགས་པས་བྲི། ། ཕྱག་རྒྱ་ལུས་ཀྱི་དཀྱིལ་འཁོར་ནི།། བྱིན་བརླབ་དབང་བསྐུར་རྫོགས་པས་བྲིས།། རིག་པ་སེམས་ཀྱི་དཀྱིལ་འཁོར་ནི།། སེམས་དབང་ཐོབ་པའི་བླ་མའི་བྱིན་བརླབས་ཞུགས་པས་བྲི།། དེ་ཡི་ཡོན་ཏན་བསྟན་པ་ནི། ། མུན་ནག་ནང་དུ་མེ་སྒྲོན་བཏེག་པ་འདྲ།། བྱིན་བརླབས་ཐོབ་པས་བར་གཅོད་སེལ།། མཆོད་རྟེན་དག་ལ་རྣམ་པ་གཉིས།། དམིགས་པ་རྟེན་གྱི་མཆོད་པ་དང།། རྟེན་མེད་སེམས་ཀྱི་མཆོད་པའོ། ། དེའི་ཡོན་ཏན་ཞིང་ལ་ཆུ་ལུད་བརྟེན་པ་འདྲ།། ཐབས་དང་ལྡན་པས་བྱིན་གྱིས་བརླབས།། བཟླས་ལུགས་དག་ལ་རྣམ་པ་གསུམ།། དམ་ཚིག་རྗེས་དྲན་སྲོག་གི་བཟླས་པ་དང།། ལས་ལ་ཞུགས་པའི་བཟླས་པ་དང། ། མགོ་འདྲེན་སྙིང་རྗེའི་བཟླས་པའོ།། དེ་ཡི་ཡོན་ཏན་བསྟན་པ་ནི། ཁྲག་སྤྱང་གཟན་ལ་གདུང་བ་འདྲ།། ལས་ཀྱི་རང་གཤེད་རང་ལ་དབབ་པའོ།། བསྒོམ་ཐབས་དག་ལ་གསུམ་དུ་བསྟན།། གཉེན་པོ་སྟོབས་ཀྱིས་སྒོམ་པ་དང། ། ལས་མཁན་བདག་པོར་སྒོམ་པ་དང།། དམིགས་པ་གཤེད་ལ་དབབ་པའི་སྒོམ་པའོ།། དེ་ཡི་ཡོན་ཏན་སྐྱེས་བུ་ལས་ལ་ཞུགས་པ་འདྲ།། ལས་ཀྱི་བྱིན་རླབས་སོ་སོར་འབྱུང།། སྦྱོར་ཀའི་བཅས་དང་བཟླས་ལུགས་སྒོམ་ཐབས་གསུམ། ། འཕྲིན་ལས་བཞིའི་བསྒྲུབ་པ་སྟེ།། བི་ཤྭ་ཀར་མའི་བཟོ་འདྲ་དགོས།། དེ་ཡི་ཡོན་ཏན་བསྟན་པ་ནི།། ཡིད་བཞིན་ནོར་བུ་རིན་པོ་ཆེ།། རྒྱལ་མཚན་རྩེ་བཏགས་མཆོད་པ་འདྲ། ། དགོད་འདོད་ཐམས་ཅད་དེ་ལས་འབྱུང།། ཞེས་དམ་ཚིག་ཆེན་པོ་ང་ཡིས་བཤད།། བསྐྱེད་བསྒྲུབ་ལས་ཀྱི་གཞུང་བསྟན་པའི་ལེའུ་སྟེ་བརྒྱད་པའོ།།།། དེ་ནས་ཡང་དག་བཤད་བྱ་བ།། ལས་ཀྱི་རྒྱལ་པོ་བསྒྲུབ་པ་ལ། ། མདོ་རྩ་སྙིང་པོའི་སྒོར་ལུགས་བསྟན།། རྩ་བ་བྱང་ཆུབ་སེམས་ཀྱི་ལས།། མདོ་རྩ་སྙིང་པོ་འདི་བཟླས་ན།། ཉི་མ་ཤར་གནས་ལ་ཤར་བ་འདྲ།། ཨོཾ་ག་རུ་ཌ་ཙ་ལེ་ཙ་ལེ་ཧཱུཾ་ཕཊ། ལས་ཀྱི་རྒྱལ་པོ་ཐུགས་རྗེར་འཆར། ། ཡེ་ཤེས་སྐུ་སྟེ་རང་འབྱུང་བ།། ཕྱོགས་བཅུར་སངས་རྒྱས་ཐམས་ཅད་ཀྱི།། ཡོན་ཏན་འབྲས་བུའི་བསྒྲུབ་པ་ཡིན།། ཐུགས་རྗེ་ཆེན་པོའི་རང་བཞིན་སངས་རྒྱས་ཐུགས་ཀྱི་སྒྲུབ་པའོ།། དེ་ཕྱིར་སྙིང་པོ་དེ་ལ་བྱོས། ། ཧཱུཾ་ནཱ་ག་རཱ་ཛ། ས་མ་ཡ་ཛ། མདོ་རྩ་སྙིང་པོ་དེ་ལ་དྲངས་པས་ན།། བི་ཤོ་ཀར་མའི་ལག་ཏུ་བཟོ་གཏད་ན།། ལས་ཀྱི་རྒྱལ་པོ་རང་ལ་སྟོན།། ཀར་མ་ལས་མཁན་གྲུབ་པ་སྟེ།། ལས་བྱེད་སྤྲུལ་པའི་ཀླུ་རྟགས་ཏེ། ། ཡིད་བཞིན་འཛིན་གྱི་ཐུགས་སྤྲུལ་ཀླུ།། ཀླུ་ཡི་རྒྱལ་པོའི་ཐུགས་བསྒྲུབས་ཏེ།། བྱིན་རླབས་ཕུན་སུམ་ཚོགས་དོན་འབྱུང།། ཞེས་བཤད། དེ་ན་དེ་ལ་ནན་ཏན་བྱོས།། དེ་ནས་ཡང་དག་བཤད་པར་བྱ།། ལས་ཀྱི་རྒྱལ་པོ་སྒྲུབ་པའི་ཕྱིར། ། སྐུ་གསུང་ཐུགས་དང་ཡོན་ཏན་འཕྲིན་ལས་ལྔའི་མདོ་རྩ་སྙིང་པོ་བཤད། འཁོར་རྣམས་གུས་པའི་ཡིད་ལ་ཟུང།། ཞེས་བཀའ་སྩལ་ཏོ།། དམ་ཚིག་མཁའ་ལྡིང་རྒྱལ་པོའི་བཀའ་ལས་འདས་ན་ཀླུ་རྣམས་བསྲེགས། ། དེ་ནས་དམ་ཚིག་མཁའ་ལྡིང་རྒྱལ་པོ་ལ།། དམ་ཚིག་གཞུང་དུ་བལྟ་བར་བྱ།། དམ་ཚིག་མཁའ་ལྡིང་རྒྱལ་པོ་ཡང།། རྩ་བ་བྱང་ཆུབ་སེམས་ཀྱི་དོན།། དེ་ཡི་མན་ངག་མདོར་བསྡུས་འདི་བཞིན་ནོ། ། ག་རུ་ཎ་ཙ་ལེ་ཙ་ལེ་ཧཱུཾ་ཕཊ། ཐུགས་ཀྱིས་སྙིང་པོ་དགུ་པའོ།། འདི་ནི་གདུང་གི་དྲག་སྔགས་སོ།། ཨོད་ཀཾ་ཨོད་ཀཾ་ཁྱུང་ཀ་ར་ཁྱུང་ཀ་ར། བཛྲ་དབྱིག་དུ། མ་ཧཱ་ཀྲོ་ཏ་ཧཱུཾ་ཕཊ། འདི་ནི་སྐུའི་སྙིང་པོའོ།། ཨོཾ་བཛྲ་བྷ་ཏི་གྷ་རུ་རུ་ཧཱུཾ་ཧཱུཾ་བཛྲ་བཛྲ་རཱ་ཛ་ཏྲི་ཛ་ཧཱུཾ་ཕཊ། དེ་བཟླས་འཕྲིན་ལས་ཡོངས་སུ་སྦྱོར།། ཞེས་གསུངས་སོ།། ཧ་པ་ཨོ་ས་ཏྲི་ལྔ་པ་འཕྲིན་ལས་ཀྱི་ཡང་སྙིང་དུ་བསྟན་པའོ།། མདོ་རྩ་སྙིང་པོ་སྔགས་ཀྱི་བསྐོར་ལུགས་བསྟན་པའི་ལེའུ་སྟེ་བཅུ་པའོ། །།། དེ་ནས་ཡང་དག་བཤད་བྱ་བ།། མདོ་རྩ་སྙིང་པོའི་བསྐོར་ལུགས་ལ།། ཡོན་ཏན་འཕྲིན་ལས་འདི་སྦྱར་ན།། སྟོང་འཁོར་ལོས་སྒྱུར་བའི་རྒྱལ་པོ་འདྲ་སྟེ། སྲིད་པའི་ཀླུ་རྣམས་དབང་དུ་འདུ། ཨོཾ་ཏ་ཀི་རྩ་ཏེ་བྱི་ཙ་ཏེ། ཧུ་ཡ་ཧུ་ཡ། ཧུ་ལུ་ཧུ་ལུ། སུ་རུ་ཏེ་སུ་རུ་ཏེ་ས་ས་ཧ། ནཱ་ག་རཱ་ཛ། ཙ་ཏུར་ལིང་ཁྲི་ཁྲག་རྒྱས་སྣི་ཤ་ཀུ་རུ། ནཱ་ག་ཤུ་པ་ལ་ལི། བྲེ་ཡང་ཀུ་རུ་མཱ་ར་ཡ་ཕཊ། ཡོན་ཏན་འཕྲིན་ལས་དེ་སྦྱར་ན།། རྒྱལ་ཁྲིམས་བཀའི་ཆད་པ་གཅོད་པ་འདྲ་སྟེ། སྲིད་པའི་ཀླུ་རྣམས་སྒྲོལ་བར་འགྱུར།། སྡུག་བསྔལ་ཉེན་བྱེད་ལུས་ལ་འཆར།། ཡེ་ཤེས་ཐུགས་ཀྱི་འཁོར་ལོ་སྟེ།། སྲིད་པའི་ཀླུ་རྣམས་བཀའ་ལས་འདའ་ན་བསྲེག་ཅིང་བྲན་དུ་བཀོལ། ། ཞེས་དམ་ཚིག་ཆེན་པོ་དེ་ཡིས་བཤད།། དེ་ཕྱིར་འཕྲིན་ལས་དེ་བཞིན་བྱོས།། འཕྲིན་ལས་མདོར་བསྡུས་མན་ངག་རྩ་བར་གསུངས་པའི་ལེའུ་སྟེ་བཅུ་གཅིག་པའོ།།།། དེ་ནས་ཡང་འཁོར་རྣམས་ཀྱིས་ཞུས་པ། ཨེ་མ་ངོ་མཚར་སྙིང་པོའི་དོན།། བྱིན་གྱིས་བརླབས་ཀྱིས་ཐུགས་རྒྱུད་པའི་བཀའ། དབང་རྣམས་རིམས་ཀྱིས་ཐོབ་པའི་ཀླུ་རྒྱལ་ལས་ཀྱི་རྗེ། ལས་ཀྱི་རྒྱལ་པོ་སྒྲུབ་པའི་ཕྱིར།། མདོ་དོན་རྩ་བའི་སྙིང་པོ་ལ།། ཐབས་ཀྱི་རྒྱལ་པོས་ཇི་ལྟར་སྦྱར། ། མན་གང་མདོར་བསྡུས་གསུངས་པ་རྣམས།། དགེ་བསྙེན་བདག་ཅག་འཁོར་རྣམས་ལ།། འགྲོ་བའི་དོན་ལ་བཤད་པར་ཞུ།། ཞེས་གསོལ་བ་བཏབ་པས། ཀླུའི་རྒྱལ་པོ་ཐུགས་རྟོག་པ་རིན་པོ་ཆེའི་འཁོར་ལོར་དགོངས་པ་མཛད་ནས་གསུངས་པ། ཨེ་མ་ཧོ། བདག་གི་བྱིན་བརླབས་ཐོབ་པ་དགེ་བསྙེན་ལས་ཀྱི་ཀླུ། ལེགས་པར་བཤད་ཀྱི་ལུས་ངག་བཏུད། ཅེས་བཀའ་སྩལ་ཏོ། ། ཐབས་ཀྱི་རྒྱལ་པོ་འཁོར་ལོས་སྦྱར།། དེ་ཡི་སྐོར་ཐབས་གཉིས་སུ་བཤད།། ཐུགས་རྗེ་རང་བྱུང་ཐེག་པ་ཁྱད་པར་གྱི་འཁོར་ལོ་དང། དམ་ཚིག་ལས་ཀྱི་འཁོར་ལོའོ།། དེའི་བསྐོར་ཐབས་མན་ངག་མདོར་བསྡུས་བཤད་པ་ནི། རྒྱུ་དང་རྐྱེན་དང་སྦྱོར་བ་གསུམ།། མན་ངག་གསུང་གིས་བསྒྲུབ་པར་བཤད།། ཐུགས་རྗེའི་རང་བྱུང་ལས་ཀྱི་འཁོར་ལོ་ནི།། རྩ་བ་བྱང་ཆུབ་སེམས་ཀྱི་དབང་ཐོབ་པས།། རྒྱུ་ནི་ཆོས་ཉིད་དག་པ་ལ།། རྐྱེན་ནི་རང་བྱུང་ཡེ་ཤེས་སོ། ། སྦྱོར་བ་ཐབས་དང་ཤེས་རབ་བོ།། དེ་དོན་རིག་པའི་རྣལ་འབྱོར་པས།། གཞུང་དང་མཐུན་པར་འཁོར་ལོ་བསྐོར།། རྒྱུ་ནི་དར་དཀར་དག་ལ་བྱ།། རྐྱེན་ནི་གུར་ཀུམ་གླ་རྩི་ཆུ་ཡིས་སྦྱང།། སྦྱོར་བ་བྱང་ཆུབ་སེམས་ཀྱིས་བྲི། ། བྱ་རྒོད་དང་རུའི་སྒྲོ་རྩ་ཡིས།། ཐུགས་རྗེ་ཐབས་ཀྱི་འཁོར་ལོ་བསྐོར།། ཕྱོགས་བཞི་མཚམས་བརྒྱད་དབུས་དང་དགུ།། མཁའ་ལྡིང་རྒྱལ་པོའི་ཞལ་ཕྱུང་སྟེ།། ཙན་དན་དཀར་པོའི་རྩི་མཆོག་དང། ། བྱང་ཆུབ་སེམས་ཀྱི་བདུད་རྩི་བྱུག། དྲི་མཆོག་སྤོས་ཀྱི་དུད་པས་བདུག། སེམས་ལ་དབང་ཐོབ་རྣལ་འབྱོར་པས།། རྡོ་རྗེ་སེམས་དཔའི་དབང་ཐོབ་ཤོག། བྱང་ཆུབ་སེམས་སུ་བྱིན་གྱིས་བརླབས།། དེ་ཡི་དབང་ཐོབ་བྱིན་བརླབས་ཞུགས་པའི་ཚེ། ། བསམ་གཏན་དབང་དུ་འདུས་པ་སྟེ།། ས་བཅུ་ལམ་ལྔ་རིམ་པ་ཐབས་ཀྱིས་གནོན།། ཞེས་དམ་ཚིག་ཆེན་པོ་ང་ཡིས་བཤད།། དེ་ནས་ཡང་དག་བཤད་བྱ་བ།། དམ་ཚིག་ལས་ཀྱི་འཁོར་ལོ་ནི། ། རྒྱུ་ནི་ཀུན་གཞི་བྱང་ཆུབ་སེམས།། རྐྱེན་ནི་འབྱུང་བ་རྣམ་པ་ལྔ།། སྦྱོར་བ་རྟེན་ཅིང་འབྲེལ་བའོ།། དེ་ཡི་མན་ངག་མདོ་བསྡུས་ནི།། བསྒྲུབ་པའི་དུས་དང་སད་པའི་དུས།། སྒྲུབ་པའི་དུས་སུ་འདི་བཞིན་ཏེ། ། རྒྱུ་ནི་དར་ཚོན་སྣ་ལྔ་ཡིས།། རིན་པོ་ཆེ་ཡི་སྙུག་གུའམ།། དད་པའི་མཆུ་ཡི་དམ་ཚིག་ལས་ཀྱི་འཁོར་ལོ་བསྐོར།། ཕྱོགས་བཞི་མཚམས་བརྒྱད་དབུས་དང་དགུ།། ཀླུ་ཡི་རྒྱལ་པོའི་ཞལ་བྱུང་སྟེ།། སྙིང་པོ་ལྔ་ཡི་བཅུད་བླུག་ལ། ། རིན་ཆེན་ལྔ་དང་སྙིང་པོ་ལྔ།། མེ་ཏོག་ལྔ་དང་འབྲུ་ལྔ་གཙོ་བྱས་ཏེ།། སྨན་སྣ་སྟོང་གི་ཆུ་ཡིས་བྱུག། རྩི་མཆོག་སྤོས་ཀྱི་བདུག་པས་བདུག། དམ་ཚིག་བསྲུང་ཞིང་དབང་བསྐུར་བྱ།། ཕུན་སུམ་ཚོགས་པར་བྱིན་གྱིས་བརླབ། ། དེ་ཡི་དབང་རྣམས་ཐོབ་པའི་ཚེ།། འདོད་པ་དགུ་འགྱུར་དབང་དུ་འདུས་པ་སྟེ།། འཇིག་རྟེན་འདི་རུ་ལོངས་སྤྱོད་འཕེལ་བར་འགྱུར།། ཞེས་དམ་ཚིག་ཆེན་པོ་ང་ཡིས་བཤད།། དེ་ནས་ཡང་དག་བཤད་བྱ་བ། ། གསང་བའི་མན་ངག་མཆོག་ཏུ་སྒྲུབ།། ཐབས་དང་ཤེས་རབ་ལྟོ་སྦྱར་ལ།། དབང་དུ་བསྡུ་ཞིང་བྱིན་གྱིས་བརླབས་ཏེ།། འདོད་པ་ལྔའི་གསོལ་བ་གདབ།། སྙིང་རྗེ་མཆོག་དང་རབ་ལྡན་ཏེ། ། བྱིན་བརླབས་ཕུན་སུམ་ཚོགས་པར་འབྱུང།། དེ་ནས་རིན་པོ་ཆེ་ཡི་གདུང་རྟེན་ནམ།། ལ་ཅའི་ག་འུའི་ནང་དུ་བཞུགས་སུ་གསོལ།། མཆོད་དང་བསྟོད་པ་ཅི་ནུས་བྱ།། དེ་ཡི་ཡོན་ཏན་འཕྲིན་ལས་ནི།། བསོད་ནམས་འཕེལ་ཞིང་ཡོན་ཏན་འགྲུབ། ། ཅེས་དམ་ཚིག་ཆེན་པོ་ང་ཡིས་བཤད།། ལས་ཀྱི་སྦྱོར་བའི་ལེའུ་སྟེ་བཅུ་གཉིས་པའོ།།།། དེ་ནས་ཡང་དག་བཤད་བྱ་བ།། དམ་ཚིག་ལས་ཀྱི་ཕྱག་རྒྱ་འཁོར་ལོ།། བསྒྲལ་བའི་འཁོར་ལོ་སྟེ། ། རྒྱུ་ནི་སྦལ་ནག་གླུད་བུའམ།། སྦྲུལ་ནག་གི་ཤུན་པ་ལ། རྐྱེན་ནི་ནད་པའི་རྩ་ཁྲག་དུག་ཆུ་ནག་བོས་སྦྱར།། སྦྱོར་བ་དམྱགས་པ་དྲག་པོས་བྲི།། དུག་ཟན་རྨ་བྱའི་མདོངས་རྩའམ།། མཛེས་པའི་སྤྲིན་ལག་རུས་པ་ཡིན། ། དམ་ཚིག་ལས་ཀྱི་འཁོར་ལོ་བསྐོར།། ཕྱོགས་བཞི་མཚམས་བརྒྱད་དབུས་དང་བཅུ།། གནོད་བྱེད་ཀླུ་ཡི་ཞལ་བྱུང་ལ།། ཐང་ཤིང་ནག་པོའི་དུག་ཆུ་བླུད།། གུ་གུལ་སྦྱར་བའི་དུད་བས་བདུག། བདག་ཉིད་ཆེན་པོའི་ང་རྒྱལ་གྱིས། ། དགུག་གཞུག་བྱ་ཞིང་ཐུན་གྱིས་བྲབ།། ཐུན་དང་དྲག་པོའི་སྦྱིན་སྲེག་ལས།། དེ་ལ་དམིགས་ཤིང་དྲག་ཏུ་བསྒྲལ།། དེ་ཡི་ལས་རིམས་རྫོགས་པ་དང།། ཐལ་བ་བག་ཕྱེ་གཟུགས་ཤ་སྦྱར། ། ནད་པའི་ཁྲག་དང་དུག་ཆུས་སྦྲུ།། གང་གནོད་བགེགས་ཀྱི་ལིང་ཀ་བཅའ།། སྙིང་ཁར་དུག་གསུམ་ཡི་གེ་དང།། རང་གི་སྲོག་སྙིང་དྲག་པོ་སྦྲེལ།། ཚོན་སྣ་ལྔ་ཡིས་སྐུད་པས་བཅིང། ཁྱིའམ་རབས་ཆད་ཐོད་པར་གཞུག། བལ་ནག་རེ་པ་ནག་པོས་གཏུམས་ཏེ།། མཆོད་རྟེན་འོག་གམ་རང་གི་འོག་ཏུ་གནན།། བསྒྲལ་བའི་སྦྱོར་བ་བསྟན་པའི་ལེའུ་སྟེ་བཅུ་གསུམ་པའོ།།།། དེ་ནས་ཡང་ཞུས་པ། ངོ་མཚར་སྙིང་པོ་དོན་པས། ཤེས་རབ་རྒྱུད་ལས་སྐྱེ་བའི་ཀླུ་རྒྱལ། ཨེ་མ་ཧོ། མདོ་དོན་རྩ་བའི་སྙིང་པོ་ལ།། ཐབས་ཀྱི་རྒྱལ་པོས་བསྒྲུབ་པ་ལ།། ཉམས་མྱོང་ལས་ཀྱི་དྲོད་ཚད་ཇི་ལྟར་འབྱུང།། བྱང་ཆུབ་སེམས་དཔའ་དགེ་བསྙེན་བདག་ཅག་འཁོར་རྣམས་ལ། ། མ་ནོར་རིམ་པས་བཤད་དུ་གསོལ།། ཅེས་ཞུས་པས། དོན་རྟགས་ལ་དགོངས་ནས་གསུངས་པ། ཨེ་མ་ཧོ། རྫོགས་པའི་སངས་རྒྱས་ཐུགས་རྗེའི་མཆོག། འགྲོ་བའི་དོན་དུ་བཤད་པར་བྱ།། ཀླུ་རྒྱལ་མ་དྲོས་གུས་པར་ཉོན། ། རྟགས་ཀྱི་རིམ་པ་འདི་མེད་ན།། རྒྱ་མེད་རི་དྭགས་ཤོར་བ་འདྲ།། ལས་ཀྱི་དོན་མེད་ཕྱལ་པར་འགྱུར།། དེ་ནས་རྟགས་འདི་ཡིད་ལ་ཟུང།། རྟགས་ལ་གཉིས་སུ་བཤད་པར་བྱ། ཁྱུང་གི་རྟགས་དང་ཀླུ་ཡི་རྟགས། ། ཀླུ་ཡི་རྟགས་ལ་གཉིས་སུ་བཤད།། ཡེ་ཤེས་གྲུབ་དང་ལས་ཀྱི་ཀླུ།། ཡེ་ཤེས་ཀླུ་ཡི་གྲུབ་རྟགས་ནི།། ཆུ་བོ་རྒྱ་མཚོ་དལ་འཇམ་དང།། དེ་ལ་རང་བཞིན་འགྲོ་དང་གྲུ་ཡིས་གཅོད།། རྒྱ་མཚོ་གཏིང་ནས་ནོར་བུ་འདོན། ། རིན་ཆེན་རྙེད་དང་འབྲས་བུ་སྡུད།། སྨན་གྱི་ནགས་ལ་སྨན་འཚོལ་དང།། ནགས་ཚལ་ཤིང་གི་དྲུང་དུ་སྒོམ།། མེ་ཏོག་རྒྱས་པའི་ཚལ་དུ་འགྲོ།། འབྲས་བུ་ཅན་གྱི་སྐྱེ་ཤིང་འཛུགས། ། ལོ་ཏོག་འབྲས་བུ་སྨིན་པ་རྩང།། ས་མཁར་ཕོ་བྲང་མཐོན་པོ་རྩིག། ཐང་ཡུལ་ཆེན་པོ་མཐོང་བ་རྣམས།། དེ་ལ་ཡིད་དུ་འོང་ཞིང་ཉམས་དགའ་སྤྲོ་བ་སྐྱེས་པ་རྣམས།། ཀླུ་ཡི་རྒྱལ་པོའི་གྲུབ་རྟགས་ཏེ།། ཡི་གེ་ཀླུ་ཡི་འཁོར་ལོ་ལ། ། རབ་གནས་མཆོད་པ་བྱ་ཞིང་གསོལ་བ་གདབ།། དེ་རྟགས་དེ་ལ་དགོས་འདོད་ཐམས་ཅད་འབྱུང། ཞེས་བཤད། དེ་ནས་ཡང་དག་བཤད་བྱ་བ།། ལས་ཀྱི་ཀླུ་ཡི་གྲུབ་རྟགས་ནི།། རབ་ཏུ་ས་གཡོས་འབྱུང་བ་དང། ། འོན་དང་སྒྲ་སྙན་འབྱུང་བ་དང།། བདུད་རྩི་མཚོ་མོ་རྡོལ་བ་དང།། ནོར་བུ་རིན་ཆེན་འཆང་བ་དང།། མཆོད་པ་བྱེ་བྲག་ཤོམ་རྣམས་ནི།། སེམས་ཅན་དོན་བྱེད་ལས་ཀྱི་ཀླུའི་གྲུབ་རྟགས་ཡིན། རྣལ་འབྱོར་དམ་ཚིག་ལ་གནས་པར་བྱ་སྟེ། དམ་ཚིག་ལས་ཀྱི་འཁོར་ལོ་ལ།། རབ་ཏུ་གནས་པ་བྱ་ཞིང། དམ་ཚིག་གི་མཆོད་པ་བྱ་ཞིང་དད་པའི་ཚོགས་བསྐྱེད་པར་བྱའོ།། བྱིན་བརླབས་ཡོངས་སུ་རྫོགས་པར་བྱེད། རྣལ་འབྱོར་པ་དངོས་གྲུབ་ཡོངས་སུ་རྫོགས་ཅི་འདོད་པ་འབྱུང་ཞེས་དམ་ཚིག་ཆེན་པོ་ང་ཡིས་བཤད། དེ་ནས་ཡང་དག་བཤད་བྱ་བ། ཁྱུང་གྲུབ་པའི་རྟགས་ལ་གཉིས་ཏེ། ཡེ་ཤེས་ཀྱི་ཁྱུང་གྲུབ་པའི་རྟགས་ནི། ཉི་ཟླ་ལུས་ལ་འཆར་བ་དང། ། མཆོད་རྟེན་མགོ་ལ་སྐྱེས་པ་དང།། སྟོང་གསུམ་འོད་ཀྱིས་ཁེངས་པ་དང།། ཉི་ཟླའི་སྟེང་ན་འདུག་པ་དང།། མེ་ཏོག་ལུས་ལ་སྐྱེས་པ་དང།། ཤེལ་གྱི་མཆོད་རྟེན་ལ་སྐོར་བ་བྱེད་པ་དང། ། བསམ་གཏན་གྱི་བྲག་ལ་འཛེག་པ་དང།། སྐས་གདང་མང་པོ་བགྲོད་པ་དང།། རི་མཐོན་གངས་ལ་འཛེག་པ་དང།། སྐུ་གདུང་རིང་བསྲེལ་གྱི་ལས་བྱེད་པ།། དེ་བཞིན་གཤེགས་པའི་བཀའ་སྒྲོག་པ་དང། ། མཆོད་བྱ་ཡིད་དུ་འོང་བ་གསིལ་བ་དང།། བདག་བསམ་གཏན་གྱི་དོན་སྤྱོད་པ་དང།། ཉན་དང་བཤད་དུ་རྩོམ་པ་དང།། བདག་ཏིང་ངེ་འཛིན་ལྷའི་ང་རྒྱལ་ལ་ཞུགས་པ་དང། སྙིང་རྗེའི་མཆོག་སྐྱེས་ནས་སེམས་ཅན་གྱི་དོན་བྱེད་པ་རྣམས་ནི། ཡེ་ཤེས་ཀྱི་དོན་ཁྱུང་གྲུབ་པའི་རྟགས་ཏེ། ཐུགས་རྗེ་རང་བྱུང་གི་འཁོར་ལོ་ལ། རབ་ཏུ་གནས་པར་བྱས་ཏེ། དང་པོ་ཚོགས་ལམ་སྐྱེད་པ་ནས། མཐར་ལམ་སྟོང་ཉིད་དེ་བཞིན་དུ། རིམ་པ་ཚུལ་བཞིན་དབང་རྣམས་བསྐུར། སངས་རྒྱས་ཞིང་ཁམས་ཐམས་ཅད་དུ། ཀུན་ཏུ་བཟང་པོའི་མཆོད་སྤྲིན་གྱི་མཆོད་ཅིང། ཡེ་ཤེས་ཀྱི་མཚན་ཡང་དག་པར་བརྗོད་པར་བྱའོ།། དེ་ནས་མོས་པ་ཁྱད་པར་ཅན་དད་པ་དང་ལྡན་པས། ཐུགས་རྗེ་ཆེན་པོ་ལ་གསོལ་བ་བཏབ་ནས་དབང་ཞུས་ན། ས་བཅུ་ལམ་རྣམས་ལྔ་བགྲོད་ནས། འཁོར་བ་འདི་ལས་ཐར་བ་ཐོབ་ཅེས་ན་བཤད། འཇིགས་པའི་ནད་ལས་ཐར་པར་འགྱུར། ཞེས་དམ་ཚིག་ཆེན་བོ་ང་ཡིས་བཤད། དེ་ནས་ཡང་དག་བཤད་བྱ་བ། སྤྲུལ་པ་ལས་ཀྱི་ཁྱུང་གྲུབ་པའི་རྟགས་ནི། བདག་སྟོང་འཁོར་ལོས་སྒྱུར་བའི་རྒྱལ་པོར་གྱུར་ནས།། སྲིད་པ་བྲན་དུ་འཁོལ་བ་དང། ། སྲིད་པ་ལས་བསྐོར་འདེབས་པ་དང།། བདག་སློབ་དཔོན་དུ་གྱུར་ནས།། ཉེར་ནས་ཀྱི་བཀུར་སྟི་བྱེད་པོ་དང།། སྤྲུལ་པ་ལས་ཀྱི་ཁྱུང་མཐོང་བ་དང།། སྒོ་ང་ཚང་ནས་འཁྲུགས་པ་དང།། བྱ་ཆེན་མཁའ་ལ་འཕུར་བ་དང། ། རང་ལུས་ཁྱུང་དུ་གྱུར་པ་དང།། རི་རབ་གླིང་བཞི་གཅོད་པ་དང།། རི་རབ་ཁ་རུ་ཕྱིན་པ་དང།། རྣོ་མཚོན་ཐོགས་ནས་གསོད་པའི་ལས་བྱེད། ཀླུའི་གཟུགས་བརྙན་ཐམས་ཅད་ཞལ་དུ་ཟ་བ་རྣམས་ནི། སྤྲུལ་པ་ལས་བྱེད་ཁྱུང་གི་གྲུབ་རྟགས་ཏེ། དབང་སྡུད་ལས་ཀྱི་འཁོར་ལོ་བསྐོར་ཞིང། རིགས་བཞི་ཀླུ་སྲོག་རྒྱུད་དྲང། ཞེས་དམ་ཚིག་ཆེན་པོ་ང་ཡིས་བཤད། མཚན་མ་རྟགས་ཀྱི་ལེའུ་བསྟན་པ་སྟེ་བཅུ་བཞི་པའོ། །།། དེ་ནས་ཡང་ཞུས་པ། ཨེ་མ་ངོ་མཚར་སྙིང་པོའི་དོན། ཀུན་ཏུ་བཟང་པོ་ཐུགས་དང་གཉིས་མེད་སྦྱོར་མཛད་ཀླུ་རྒྱལ་ངོ་མཚར་ཅན། དམ་ཚིག་ལས་ཀྱི་རྒྱལ་པོ་བསྒྲུབ་པའི་ཕྱིར། ཐུགས་ཀྱི་འཁོར་ལོ་ཇི་ལྟར་ལགས། དེ་ཡི་སྦྱོར་བ་ཇི་ལྟར་བགྱི། མན་ངག་གསང་བ་མདོར་བསྡུས་རྣམས། ཀླུ་རྒྱལ་འཇོག་པོས་བདག་ལ་བཤད་དུ་གསོལ། ཅེས་ཞུས་པས་ཐུགས་རིན་པོ་ཆེའྀ་སྤྱོད་པ་ལ་དགོངས་ནས་བཞུགས་གསུངས། ཨེ་མ་ཧོ། ཐུགས་རིན་པོ་ཆེའི་བྱིན་བརླབས་ཐོབ་པའི་ཀླུ་རྒྱལ་འཇོག་པོ་ཁྱོད།། དགོངས་རྒྱུད་ཐུགས་ལས་འཆར་གྱིས་རང་སེམས་རྟོགས།། འདི་ཕྱི་གཉིས་ཀ་སྐྱིད་ཀྱི་ཐེག་ཆེན་ཉམས་སུ་ལོང།། རང་སེམས་དག་པ་ཡིན་གྱིས་བདག་གི་བཀའ་འདི་ཡིད་ལ་ཟུང། ། ཞེས་བཀའ་སྩལ་ཏོ།། ཐུགས་ཀྱི་འཁོར་ལོ་རིན་པོ་ཆེ།། དེ་ཡི་སྤྱིར་ཀ་གསུམ་དུ་བཤད།། མདོ་དོན་སྐུ་ཡི་སྦྱོར་བ་དང། རྩ་བ་ཐུགས་ཀྱི་སྦྱོར་བ་དང། སྙིང་པོ་བཟས་བུའི་སྦྱོར་བའོ། ། མན་ངག་མདོར་བསྡུས་དེ་བཞིན་ཏེ།། སྐུ་དང་སྦྱོར་བས་འཕྲིན་ལས་འགྲུབ།། ཐུགས་དང་སྦྱར་བས་བསྒྲུབ་ཐག་ཉེ།། སྙིང་པོས་སྦྱར་བས་ལས་ཀྱི་འབྲས་བུ་སྔོན་དུ་འབྱུང། ཞེས་གསུངས། དེ་ནས་ཡང་དག་བཤད་བྱ་བ། ། ཐུགས་ཀྱི་འཁོར་ལོ་རིན་པོ་ཆེ།། ལྟ་བྱེད་རིག་པའི་རྒྱལ་པོར་བཤད།། ཡེ་ཤེས་རང་བྱུང་སྲིད་པ་ཐུགས་ཀྱི་མེ་ལོང་སྟེ། མདོ་དོན་རྩ་བའི་སྙིང་པོ་བསྒྲུབས་ན། ཐུགས་རྗེ་རང་བྱུང་གི་འཁོར་ལོ་གྲུབ་སྟེ། ཡེ་ཤེས་ཀྱི་ངང་ངོ་བོ་རང་བཞིན་དུ་འཆར་ཏེ། འབྲས་བུ་མངོན་པར་རྫོགས་པར་སངས་རྒྱས་ཞེས་དམ་ཚིག་ཆེན་པོ་ང་ཡིས་བཤད། བྱིན་རླབས་ཐུགས་རྗེ་ཐམས་ཅད་ཤུགས་ལས་འབྱུང་བར་ཤེས་གསུངས། དེ་ནས་ཡང་དག་བཤད་བྱ་བ། ། དམ་ཚིག་ལས་ཀྱི་འཁོར་ལོ་ནི།། ལོངས་སྤྱོད་ཀུན་གྱི་བདག་པོ་སྟེ།། བརྡ་དོན་རྩ་བ་སྙིང་པོས་བསྒྲུབས་ན། ལོངས་སྤྱོད་ཐམས་ཅད་ཆེ་ལ་འདུས་ནས་འགྱུར། ཞེས་སུངས་སོ།། ཡིད་བཞིན་ཀླུ་ཡི་བྱིན་རླབས་ཀྱིས། ། དགོས་འདོད་ཐམས་ཅད་འབྱུང་བར་འགྱུར།། ཞེས་དམ་ཚིག་ཆེན་པོ་ང་ཡིས་བཤད།། དེ་ནས་ཡང་དག་བཤད་བྱ་བ།། དམ་ཚིག་ལས་ཀྱི་འཁོར་ལོ་ལ།། ཀླུ་ཡི་དགེ་བསྙེན་ཐུགས་སྒྲུབ་འདི། ། ཐུགས་ཀྱི་སྤྲུལ་པས་ཐུགས་ཀྱི་ལས་བྱེད་དེ།། དེ་ཡི་འཁོར་ལོ་རྣམ་པ་གསུམ།། ཡེ་ཤེས་ཀླུ་ཡི་འཁོར་ལོ་དང།། སྤྲུལ་པ་ལས་བྱེད་འཁོར་ལོ་དང།། འཇིག་རྟེན་སྤྲུལ་བའི་ལས་མཁན་གསུམ་དུ་བཤད། ། དེ་ཡི་འཁོར་ལོ་འདི་སྐད་བཤད།། ཡེ་ཤེས་ཀླུ་ཡི་འཁོར་ལོ་རིན་པོ་ཆེ།། མདོ་དོན་རྩ་བའི་སྙིང་པོ་ཨོཾ་གྱིས་དྲང།། འཁོར་ལོ་རྒྱུ་རྐྱེན་སྦྱོར་པ་གོང་དུ་བཤད།། སྦྲུལ་མགོ་དགུ་པའི་ཞལ་ཕྱུང་སྟེ།། མི་ཡི་ལུས་ལ་སྦྲུལ་མཇུག་འཁྱིལ། ། ཕྱག་ན་རིན་ཆེན་ཐུགས་ཀྱི་འཁོར་ལོ་བསྣམས།། གཡོན་གྱི་ཕྱག་ན་མེ་ཏོ་པདྨ་བསྣམས།། དམ་ཚིག་ཅན་ལ་བྱིན་བརླབས་ལོངས་སྤྱོད་ཕུན་སུམ་ཚོགས་པར་ཡིད་ཀྱིས་སྤེལ། ཡིད་ཀྱི་དབང་བསྐུར་གསོལ་པ་གདབ། ། དེ་ཡི་སྒྲུབ་ཐབས་ཉམས་ལེན་ནི།། ཐུགས་རྗེའི་ཐབས་ཀྱིས་འཁོར་ལོས་ཤེས་རབ་དབང་དུ་བསྡུ། བྱིན་བརླབས་ཐུགས་ནས་འབྱུང་བ་སྟེ། ཁྱད་པར་བྱང་ཆུབ་སེམས་ལ་རྟེན།། དགོས་འདོད་ཡིད་བཞིན་བསམ་བཞིན་འགྲུབ། ། དེ་ཡི་ལས་ཀྱི་འབྲས་བུ་སེམས་ལ་འདོད།། ཡོན་ཏན་ཐམས་ཅད་འབྱུང་ཞེས་གསུངས།། དེ་ནས་ཡང་དག་བཤད་པར་བྱ།། ལས་ཀྱི་དོན་བྱེད་སྤྲུལ་པའི་སྐུ།། དམ་ཚིག་ལས་ཀྱི་འཁོར་ལོ་རིན་པོ་ཆེ། ། མདོ་དོན་རྩ་བའི་དཀྱིལ་འཁོར་ཧཱུཾ་གིས་དྲང།། རྒྱུ་རྐྱེན་སྦྱོར་བ་གོང་བཞིན་ལ།། སྦྲུལ་མགོ་བདུན་པའི་ཞལ་ཕྱུང་ལ།། མི་ཡི་ལུས་ལ་སྦྲུལ་མཇུག་འཁྱིལ།། ཕྱག་གཉིས་ཐུགས་ཀར་ཐལ་མོ་སྦྱར། ། གུས་པའི་ཚུལ་གྱིས་གཙོ་ལ་འདུད།། དམ་ཚིག་ཅན་ལ་དངོས་གྲུབ་སྟེར།། ཐུགས་ཀྱི་དབང་བསྐུར་མཆོད་གཏོར་གསོལ་བ་གདབ།། དེ་ཡི་སྒྲུབ་ཐབས་ཉམས་ལེན་ནི།། ཡེ་ཤེས་ཐུགས་ཀྱི་འཁོར་ལོ་ལྟོ་སྦྱར། ། རིན་ཆེན་ཤེས་རབ་དབང་དུ་བསྡུ།། བྱིན་བརླབས་རྗེས་ལ་རྟེན་ཅིང་འཕེལ། ཁྱད་པར་རིན་ཆེན་སྐུ་ལ་བཅངས།། བྱིན་བརླབས་བསམ་པ་ཐུགས་ཀྱིས་བསྒྲུབ།། དེ་ཡི་ལས་ཀྱི་འབྲས་བུ་ནི།། ཡོན་ཏན་བྱིན་བརླབས་ནོར་རྫས་འཕེལ། ། ཞེས་དམ་ཚིག་ཆེན་པོ་ང་ཡིས་བཤད།། དེ་ནས་ཡང་དག་བཤད་བྱ་བ།། འཇིག་རྟེན་ལས་ཀྱི་ཀླུ་སྒྲུབ་ན།། དམ་ཚིག་ལས་ཀྱི་འཁོར་ལོ་འདི་བཞིན་བསྐོར།། རྒྱུ་ནི་སྦལ་ནག་སླུད་བུ་དང། ། སྦྲུལ་ནག་དག་གི་ཤུན་པ་ལ།། དར་ནག་ཤག་ཤོག་སྦྱར་བྱས་ཏེ།། རྐྱེན་གྱི་སྦྲུལ་ནག་སྙིང་ཁྲག་དུག་ཆུས་སྦྱར།། སྦྱོར་བ་གདུག་པའི་སེམས་དང་ལྡན།། མཛེ་པོའི་སྲིན་ལག་རུས་པ་ཡིས།། དམ་ཚིག་ལས་ཀྱི་འཁོར་ལོ་བསྐོར། ། འཁོར་ལོ་རྩིབས་བརྒྱད་དབུས་དང་དགུ།། མུ་ཁྱུད་རང་གཤེད་སྔགས་ཀྱིས་བསྐོར།། སྦྲུལ་མགོ་ལྔ་པའི་ཞལ་ཕྱུང་སྟེ།། རོ་སྟོད་མི་ལ་རོ་སྨད་སྦྲུལ།། ཕྱག་ན་སྦྲུལ་ཞགས་ནག་པོ་བསྣམས།། གཡོན་ན་ནད་ཀྱི་རྐྱལ་པ་བསྣམས། ། བསྟན་པ་འཇིག་པའི་དམ་ཉམས་ལ།། མཛོ་ནད་ལས་ཀྱི་འཁོར་ལོར་བསྐོར།། དུག་སྦྱར་དུག་གི་རླངས་པས་བདུག། དེ་ཡི་སྒྲུབ་ཐབས་ཉམས་ལེན་ནི།། བྱ་ཁྱུང་ལས་ཀྱི་འཁོར་ལོ་ལྟོ་སྦྱར་ལས། ། ལས་ཀྱི་རིགས་བཞིའི་ཀླུ་སྲོག་རྒྱུད་དབང་བསྡུ།། མཛེ་ནད་ལས་ཀྱི་བདག་པོར་དམིགས་ཤིང་བསྒྲུབ།། དེ་ཡི་ལས་ཀྱིས་འབྲས་བུ་ནི།། དགྲ་བོ་གདུག་པའི་ནད་ཀྱིས་འཛིན།། དེ་ནས་ལས་ལ་སྦྱོར་བའི་ཚེ། ། མཛེ་ཕོའི་སྦ་ཁྱིམ་དུ།། ཀླུ་བདུད་ནག་པོའི་ཞལ་ཕྱུང་སྟེ།། རོ་སྟོད་མ་ལ་རོ་སྨད་སྦྲུལ།། རྩི་སྨན་ཕྱག་ན་སྦྲུལ་ནག་ཞགས་པ་བསྣམས།། གཡོན་ན་མཛེ་ནད་ཐུན་ཟོར་འཕེན།། བྱ་རོག་ནག་པོའི་སྙིང་ཁྲག་དང། ། ར་རོག་ནག་པོའི་ཁྲག་གིས་བྱུག། རྩི་སྨན་སྤོས་ཀྱི་དུད་པས་བདུག། ལས་ཀྱི་བཤེད་དུ་དབང་བསྐོར་དགྲ་བོ་གཉེར་གཏད་བྱ།། དེ་ཡི་ལས་ཀྱི་འབྲས་བུ་ནི།། དགྲ་བོ་དྲི་དང་རླངས་ཀྱིས་འཆི།། ད་ནི་དགྲ་བོའི་ལིང་ག་བཅས་སྟེ། རྒྱུ་ནི་བླ་ཚེ་གང་ཡིན་བླ་ལྤགས་ལ།། རྐྱེན་ནི་དགྲ་བོའི་དྲི་ཆུས་སྦྱར།། སྦྱོར་བ་དམིགས་པའི་སེམས་དང་ཕ་མེས་གདུང་བརྒྱུད་རུས་པའི་ས།། དགྲ་བོ་གང་ཡིན་ལིང་ག་བྲི།། མགོ་ལ་རུས་བྲི་སྙིང་ཁར་མིང། ། ལྟེ་བར་ཚ་བྲི་བླ་ལ་བླ་བཏགས་བྲི།། དུག་སྦྱར་ཁུ་བས་ཞལ་དུ་བླུད། ཁོང་པ་སྤོས་ནས་འཛི་བར་བསམ།། གུ་གུལ་སྦྱར་མའི་དུད་པས་བདུག། འགོ་བའི་ལྷ་དང་བྲལ་བར་བསམ།། ཀླུ་སྲོག་གྲུབ་པའི་རྣལ་འབྱོར་པས། ། རྟགས་དང་སྦྱར་ཞིང་ཀླུ་སྲོག་དྲང།། རིགས་བཞི་ཀླུ་ཡི་སྲོག་སྒྲུབ་ཚེ།། མཛེ་ནད་ལས་ཀྱི་འཁོར་ལོ་དང།། ཀླུ་བདུན་ནག་པོ་ལྟོ་སྦྱར་ཏེ།། བར་དུ་དགྲ་བོའི་ལིང་ག་གཞུག། བལ་ཚོན་སྔོན་དམར་བྱད་ཀྱིས་གྲིལ། ། མཛེ་ཕོའི་ཐོད་པར་ཞག་གསུམ་བསྲུབ།། ཧཱུཾ་ནཱ་ག་རཱ་ཛ་ས་མ་ཡ་ཛ། ཆེ་གེ་མོའི་ཙིཏྟ་ཛྲ་ལ་ཡ། ནག་པོ་ཙིཏྟ་དགྲ་བོའི་སྲོག་ལ་མཱ་ར་ཡ་ཛ། ཞེས་ཐུན་གྱིས་བྲབས་ལ་གསད་པར་བྱའོ།། དེ་ནས་ཆུ་མིག་མགོ་དགུ་པའམ། མགོ་བདུན་པའམ་མགོ་ལྔ་པའམ། མགོ་གསུམ་པ་རུ་གཏད་པར་བྱ། དེ་ཡི་ཡོན་ཏན་འཕྲིན་ལས་ནི།། གཅན་ཟན་མ་བུ་འབྲེལ་བ་འདྲ།། སོ་སོར་ཁ་ཚར་ལས་ལ་ཤིས།། ཞེས་དམ་ཚིག་ཆེན་པོ་ང་ཡིས་བཤད། ། འཁོར་ལོ་སྦྱོར་བའི་ལེའུ་བསྟན་པ་སྟེ་བཅོ་ལྔ་པའོ།།།། དེ་ནས་ཡང་ཀླུ་ཆེན་བརྒྱད་ཀྱིས། ཀླུའི་རྒྱལ་པོ་ལ་བསྐོར་བ་དང་ཕྱག་མཛད་ནས་ཞུས་པ། ཨེ་མ་ངོ་མཚར་སྙིང་པོའི་དོན།། འགྲོ་བའི་དོན་ལ་ཐུགས་རྗེའི་མཆོག། ཐུགས་རྗེའི་མཆོག་དང་ལྡན་པའི་ཀླུ་རྒྱལ་བྱིན་རླབས་ཅན། ལས་ཀྱི་རྒྱལ་པོ་སྒྲུབ་པའི་ཕྱིར། བྱིན་རླབས་དབང་གི་རྒྱལ་པོ་ཇི་ལྟར་བསྒྲུབ། དེ་ཡི་མདོ་རྩ་སྙིང་པོ་རྣམས།། མན་ངག་མདོར་བསྡུས་གསང་བ་རྣམས། ། དགེ་བསྙེན་བདག་ཅག་འཁོར་རྣམས་ལ།། འགྲོ་བའི་དོན་དུ་བཤད་དུ་གསོལ།། ཞེས་ཞུས་པས། བྱིན་རླབས་ཐུགས་རྗེའི་མཆོག་ལ་དགོངས་ནས་གསུངས་པ། ཨེ་མ་ཧོ། འགྲོ་དོན་ཅིར་ཡང་མཛད་པ་ཐུགས་རྗེའི་མཆོག། འགྲོ་དོན་གཞན་ལ་དགོངས་པ་དམ་ཚིག་ལས་ཀྱི་ཀླུ་ཆེན་བརྒྱད། ས་བདག་འཁོར་དང་བཅས་པ་རྣམས། ལེགས་པར་བཤད་ཀྱིས་བདག་ལ་བཏུད། ཅེས་བཀའ་སྩལ་ཏོ། ། ལས་ཀྱི་རྒྱལ་པོ་བསྒྲུབ་པའི་ཕྱིར།། བྱིན་རླབས་དབང་བསྐུར་རྒྱལ་པོ་ཡི།། རྩ་བ་བྱང་ཆུབ་སེམས་ཀྱིས་བསྒྲུབ།། དེ་ཡི་མདོ་ནི་སྐུ་ལ་རྩ་བ་ཐུགས།། སྙིང་པོ་རང་བྱུང་ཡེ་ཤེས་ཏེ།། མན་ངག་མདོར་བསྡུས་བཤད་པར་བྱ། ། སྐུ་ལ་དབང་བསྐུར་རྩ་བས་སྐྱེད།། རང་བྱུང་ཡེ་ཤེས་དབང་བསྐུར་རྒྱལ་པོའི་མཆོག། དེ་ཡི་དབང་བསྐུར་རིམ་པ་ནི།། ཕྱི་ནང་གསང་པ་གསུམ་དུ་བསྐུར།། ཕྱི་དབང་སྐུ་ལ་ནང་དབང་ཐུགས།། གསང་དབང་རང་བྱུང་ཡེ་ཤེས་སྙིང་པོའོ། ། དེ་ཡི་འཕྲིན་ལས་ཡོན་ཏན་བཤད་པ་ནི།། དང་པོ་རྩ་བ་ཐུགས་ཀྱི་དབང་བསྐུར་ཏེ།། ས་བཅུ་ལམ་ལྔ་རིམས་ཀྱིས་བགྲོད།། དེ་ནི་སྐུ་ཡི་དབང་ཐོབ་སྟེ།། སེམས་ཀྱི་བྱིན་རླབས་སྣ་ཚོགས་འབྱུང། ། ཡེ་ཤེས་ལྔ་དང་མངོན་ཤེས་དྲུག། སྐུ་གསུང་སྐུ་ལྔ་ལ་སོགས་འབྱུང།། མངོན་སུམ་མཐོང་ཞིང་སྣང་བའི་ལུང་སྟོན་འབྱུང།། དེ་ནི་ཏིང་འཛིན་ཐབས་ཀྱི་བྱིན་རླབས་ཤར་བ་ཡིན།། དེ་ཚེ་སྐུ་ཡི་སྦྱོར་སྒྲོལ་དངོས་སུ་ནུས་པར་འགྱུར། ། དེ་ནི་ལས་སུ་རུང་བའི་དབང་མཆོག་ཐོབ་པ་ཡིན།། དེའི་ཚེ་འབྲས་བུ་ཡེ་ཤེས་མངོན་དུ་གྱུར་པ་སྟེ། འབྱུང་བ་ལྔ་ཡི་བཅུད་ལེན་ཐོབ་པར་འགྱུར།། འབྱུང་བ་མེ་ཡི་བཅུད་ལེན་ཐོབ་པ་ན།། ཕུང་པོ་དྲོད་དང་མི་འབྲལ་ཅི་ཟོས་འཇུ་བར་འགྱུར། ། འབྱུང་བ་རླུང་གི་བཅུད་ལེན་ཐོབ་པ་ན།། ཕུང་པོ་ལེན་ཤེས་ཤིང་ཚེ་ལ་འཇིགས་མེད་ཐོབ་པར་འགྱུར། འབྱུང་བ་སའི་བཅུད་ལེན་ཕུང་པོ་ཟག་བཅས་དང་བྲལ་ཏེ། ཚེ་འདི་ལ་མངོན་པར་རྫོགས་པར་སངས་རྒྱ། འབྱུང་བ་ཆུའི་བཅུད་ལེན་ཐོབ་པ་ན།། འབྱུང་བ་ཡུམ་དང་སྦྱོར་ནུས་བདེ་བའི་ཆུ་རྒྱུན་འབབ་པར་འབྱུར།། ཞེས་དམ་ཚིག་ཆེན་པོ་ང་ཡིས་བཤད།། དབང་བསྐུར་བའི་ལེའུ་སྟེ་བཅུ་དྲུག་པའོ། །།། དེ་ནས་ཡང་ཀླུ་རྒྱལ་དགའ་བོས་ཞུས་པ། ཨེ་མ་ཧོ། ངོ་མཚར་སྙིང་པོའི་དོན་སྤྱད་པས།། བྱིན་བརླབས་རྒྱུད་ལ་འཆང་བ་ཀླུ་རྒྱལ་ཆོས་ཀྱི་བདག། ལས་ཀྱི་རྒྱལ་པོ་སྒྲུབ་པའི་ཕྱིར།། དབང་སྒྲུབ་རྒྱལ་པོ་སྒྲུབ་པ་ལ། ། ལས་ཀྱི་སྦྱོར་བཀའ་ཇི་ལྟར་བསྒྲུབ།། མན་ངག་རྒྱལ་པོ་མདོར་བསྡུས་རྣམས།། བདག་ལ་བྱང་ཆུབ་སེམས་དཔས་བཤད་དུ་གསོལ། ཅེས་གསོལ་བ་བཏབ་སྟེ་ཞུས་པས། ཨོ་མ་ཧོ། རྩ་བ་བྱང་ཆུབ་སེམས་ལས་སྙིང་པོའི་དོན་སྤྱད་གྱུར་ན། རྩོལ་པ་མེད་པར་བྱིན་རླབས་འཇུག། རྡོ་རྗེ་སེམས་དཔའི་དབང་མཆོག་འདི།། རང་སེམས་འབྱོངས་ན་ཐོབ་པ་ཡིན།། རང་སེམས་འབྱུང་བ་ལྔ་ལ་སྦྱངས།། རྩལ་ཆེན་རླུང་གི་འཁོར་ལོ་བསྐོར། ། ཕྱི་རླུང་བཀུག་ལ་ནང་རླུང་སྐྱིམ།། གསང་བ་བྱང་ཆུབ་སེམས་ཀྱི་རླུང།། བུམ་པའི་མར་མེ་བཞིན་དུ་ལྟ།། ཀླུ་རྒྱལ་དགའ་བོ་དད་པ་ཅན།། རྡོ་རྗེ་སེམས་དཔའི་དབང་མཆོག་འདི།། འབྱུང་བ་ལྔ་ཡི་བཅུད་ལ་སྒྲུབ། ། ཅེས་བཀའ་སྩལ་ཏོ།། ལན་དུ་གསུངས་པ། དབང་བསྐུར་རྒྱལ་པོ་བསྒྲུབ་པ་ལ།། དེ་ཡི་ལས་ཀྱི་སྦྱོར་ཀ་གཉིས་སུ་བཤད། ཁྱུང་གི་དབང་དང་ཀླུ་ཡི་དབང།། མན་ངག་མདོར་བསྡུས་བཤད་པ་ནི། ཁྱུང་གི་དབང་ལ་རྣམ་པ་གཉིས།། ཐུན་མོང་ཁྱད་པར་རྣམ་པ་གཉིས། ཁྱད་པ་བྱང་ཆུབ་སེམས་ལ་སྒྲུབ་པ་སྟེ།། བྱ་ཐབས་འཕྲིན་ལས་གོང་དུ་སྤྱད།། ཐུན་མོང་དག་ལ་རྣམ་པ་གཉིས།། རྟེན་གྱིས་བསྐུར་དང་སེམས་ཀྱིས་བསྐུར། ། སེམས་ཀྱིས་བསྐུར་བ་བསམ་པའི་ཁྱད་པར་ཏེ།། རིག་པའི་རྩལ་གྱིས་དབང་བསྐུར་བྱིན་གྱིས་བརླབ།། སེམས་ལ་དབང་ཐོབ་རྣལ་འབྱོར་གྱིས།། ར་བ་བཞི་ཡི་ཟླ་བ་ལ།། རྒྱུ་རྐྱེན་སྦྱོར་བ་ཚུལ་བཞིན་སྒྲུབ། ། ཚེ་གཅིག་ཉའམ་གནམ་སྟོང་ལ།། བྱིན་བརླབས་ཐོབ་པའི་བླ་མ་ཡིས།། དད་པ་ཅན་གྱི་སློ་བུ་ལ།། རིམ་པས་ཚུལ་བཞིན་དབང་བསྐུར་བྱ།། དེ་ཡི་ཡོན་ཏན་འཕྲིན་ལས་ནི།། བྱང་ཆུབ་སེམས་དཔའི་ས་ནོན་ཏེ། ། འབྲས་བུ་དེ་བཞིན་གཤེགས་པ་ཐོབ།། ཅེས་གསུངས་ཡེ་ཤེས་གྲུབ་བའི་མཚན་རྟགས་སུ།། ཐུགས་རྗེ་བྱང་ཆུབ་སེམས་སུ་འཆར་ཞེས་བཤད།། དེ་ནས་སྐུ་ཡི་དབང་བསྐུར་ཏེ།། ཕྱི་ནང་གསང་བ་གསུམ་དུ་སྦྱར། ། དེ་ཡི་འཕྲིན་ལས་བསྟན་པ་ནི།། རིགས་ལྔ་ཡབ་ཡུམ་སྦྱོར་བ་ཡིས།། འོད་ཟེར་བདུད་རྩི་དཀར་དམར་ལས།། བྱང་ཆུབ་སེམས་སུ་དབང་བསྐུར་བྱ།། དེ་ཡི་རིམ་པ་བསྟན་པ་ནི།། དང་པོ་ཕྱི་ཡི་དབང་བསྐུར་ཏེ། ། དེ་ནས་ནང་ལྟར་བྱིན་གྱིས་བརླབ།། དེ་ནས་གསང་བ་བྱང་ཆུབ་སེམས་ཀྱིས་དབང་བསྐུར་བྱ།། དེ་ནས་གསུང་གི་དབང་བྱ།། གདམ་ངག་རིམས་ཀྱིས་བཤད།། དབང་བསྐུར་རྒྱལ་པོའི་སྦྱོར་བ་བསྟན་པའི་ལེའུ་སྟེ་བཅུ་བདུན་པའོ། །།། དེ་ནས་ཡང་དག་བཤད་བྱ་བ།། ཀླུ་ཡི་དབང་ལ་རྣམ་པ་གཉིས། ཁྱད་པར་སེམས་ཀྱི་དབང་བསྐུར་དང།། ཐུན་མོང་བརྟེན་གྱི་དབང་བསྐུར་རོ། ཁྱད་པར་སེམས་ཀྱི་དབང་བསྐུར་ནི།། སྙིང་པོ་རང་བྱུང་རིགས་པ་རྩལ། ། སྐུ་གསུང་དབང་བསྐུར་བྱང་ཆུབ་སེམས་ལ་བསྐུར།། དེ་ཡི་འཕྲིན་ལས་ཡོན་ཏན་ནི།། སྲིད་པ་ཀུན་གྱི་བདག་ཉིད་ཆེན་པོར་གནས།། སྣང་སྟོང་ཐམས་ཅད་རང་རིག་ཐུགས་ཀྱི་སྙིང་པོར་ཤར། ། ཡེ་ཤེས་སྐུས་ཏེ་རང་བྱུང་བ།། ཕྱོགས་བཅུ་སངས་རྒྱས་སྤྲུལ་པའི་སྐུ།། ཡེ་ཤེས་སྐུས་ཏེ་ཁྱད་པར་ཆེ།། ཞེས་གསུངས། ཁྱད་པར་བྱང་ཆུབ་སེམས་ཀྱི་དབང།། མཐའ་ཅན་ཉིད་དུ་རང་སྣང་བསྐུར།། ཞེས་གསུངས་སོ། ། ཐུན་མོང་རྟེན་གྱི་དབང་ལ་གསུམ་གྱིས་བཤད།། སྐུ་གསུང་ཐུགས་ཀྱི་དབང་ལ་གསུམ་གྱིས་བཤད།། དང་པོ་རྩ་བ་ཐུགས་ཀྱི་དབང་བསྐུར་ཏེ།། དེ་ནས་སྐུ་ཡི་དབང་བསྐུར་ཏེ།། དེ་ནས་གསུང་གི་དབང་རྒྱ་གདབ། ། དེ་ཡི་འཕྲིན་ལས་བསྟན་པ་ནི།། ཐུགས་ལས་དབང་བསྐུར་འཁོར་ལོ་སྟེ།། དམ་ཚིག་གཙང་མ་མིའི་སྔགས་པ་ཡིས།། འཁོར་ལོ་རྒྱུ་རྐྱེན་སྦྱོར་བ་རྣམས།། རང་གི་དབང་ཐང་སྐྱེད་པའི་ཟླ་བ་ལས།། ཚེས་གྲངས་དུས་ཚོད་རྩིས་ལ་བྲིས། ། དེ་ནས་རིན་པོ་ཆེའི་མཆོད་རྟེན་ནང་དུ་བཞུགས་སུ་གསོལ།། ཙན་དན་གུར་གུམ་ཆུ་གཏོར་ལ།། རིན་པོ་ཆེ་ཡི་མཆོད་པ་དབུལ།། རྩ་གཅིག་ཚུན་ཆད་བསྙེན་ཅིང་མཆོད། ། དགོས་འདོད་སེམས་ཀྱིས་གསོལ་བ་གདབ།། འཕྲོ་འདུ་རིན་ཆེན་ཐུགས་དམ་བསྐུལ།། དམ་ཚིག་སྔགས་ཀྱི་རང་ལུས་བསྲུང།། བྱས་ཏེ་སྐུ་གསུང་ཐུགས་ལ་ཡིད་བཞིན་བསྟིམ།། བྱིན་བརླ་པས་ཐུགས་ཀྱི་དཀྱིལ་ལ་དབང་ཞེས་བཤད། ། དེ་ཡི་ཡོན་ཏན་བསྟན་པ་ནི།། སྐུ་ལ་དབང་བསྐུར་ཐུགས་ལ་འདོད་པའི་ཡོན་ཏན་བྱིན་བརླབས་སྣ་ཚོགས་འབྱུང།། ཆོས་སྐུ་གསལ་དང་ཡེ་ཤེས་འཆར།། བདེ་བ་འབྱུང་དང་ལྷུན་གྱིས་གྲུབ། ། བསམ་པ་ཐམས་ཅད་ཡིད་བཞིན་འགྲུབ།། ཅེས་དམ་ཚིག་བཤད། དེ་ནས་སྐུ་ཡི་དབང་བསྐུར་ཏེ།། སྐུ་གསུང་ཐུགས་དང་ཡོན་ཏན་འཕྲིན་ལས་ལྔ།། རྩ་བ་བྱང་ཆུབ་སེམས་ཀྱིས་སྦྱར།། དེ་ཡི་འཕྲིན་ལས་བསྟན་པ་ནི། ། དམིགས་པའི་མན་ངག་ཡན་ལག་གསུམ་པའི་རྒྱུ།། ཡི་གེ་རྩ་གཅིག་སྤྲུལ་པར་ཤར།། ཧཱུཾ་སྐྱེད་བདག་པོ་གཉིས་ལས་སྤྲུལ།། ཡན་ལག་ཡི་གེ་རྩ་གཅིག་ལས།། འོད་ཟེར་སྣང་ཚོགས་བདུང་རྩིར་སྤྲུལ། ། ཡི་གེ་སྤྲུལ་པའི་གནས་ལྔ་རུ།། བདུད་རྩི་བུམ་པ་བསྟན་པར་བརྩམ།། ཞེས་དམ་ཚིག་ཆེན་པོ་ང་ཡིས་བཤད།། དེ་ཡི་རིམ་པ་བསྟན་པ་ནི།། ཕྱི་ནང་གསང་བ་གསུམ་དུ་བསྐུར།། ཕྱི་དབང་ལོངས་སྤྱོད་ཕུན་སུམ་ཚོགས་པ་བྱིན་གྱིས་བརླབ། ། ནང་དབང་བདག་ཉིད་ཕུན་སུམ་ཚོགས་པར་བྱིན་གྱིས་བརླབ།། གསང་དབང་བྱང་ཆུབ་བདུད་རྩིར་ཕུན་སུམ་ཚོགས་པར་བྱིན་གྱིས་བརླབས།། དེ་ནས་དབང་བསྐུར་བཤད་པར་བྱ། ། དང་པོ་སྐུ་ལ་དབང་བསྐུར་ལོངས་སྤྱོད་འབྲེལ།། ཐུགས་ལ་དབང་བསྐུར་བྱང་ཆུབ་འཆར།། གསུང་ལ་དབང་བསྐུར་གདམ་ངག་རྫོགས།། ཞེས་གསུངས། དེ་ཡི་ཡོན་ཏན་བསྟན་པ་ནི།། ཐུགས་ཀྱི་དབང་ཐོབ་སྙིང་པོ་ཡེ་ཤེས་འཆར། ། སྐུ་ཡི་དབང་ཐོབ་བྱིན་རླབས་སྣ་ཚོགས་སྐྱེ།། གསུང་གི་དབང་ཐོབ་ཡོན་ཏན་སྣ་ཚོགས་འབྱུང་ཞེས་བཤད།། བྱིན་བརླབས་དབང་བསྐུར་རྒྱལ་པོའི་སྦྱོར་བ་བསྟན་པའི་ལེའུ་སྟེ་བཅོ་བརྒྱད་པའོ། །།། དེ་ནས་ཡང་ཞུས་པ། ཨེ་མ་ཧོ་ངོ་མཚར་སྙིང་པོའི་དོན། བྱང་ཆུབ་སེམས་ཀྱི་དོན་སྤྱད་པས།། རང་བཞིན་རྣམ་དག་ཐུགས་རྗེ་ཅན།། རྫོགས་པའི་སངས་རྒྱས་འདྲེན་པའི་ཐུགས་རྗེ་ཅན།། བྱིན་བརླབས་དབང་བསྐུར་རྒྱལ་པོ་ལ། ། བདག་ཅག་མོས་པ་དང་པས་འདུད།། ཐུགས་རྗེ་ཅན་ལ་ཕྱག་འཚལ་བསྟོད།། རྡོ་རྗེ་འཛིན་པ་ལས་ཀྱི་རྗེ།། གསང་སྔགས་ཀུན་གྱི་བདག་པོ་སྟེ།། མཐུ་སྟོབས་ཅན་ལ་བདག་ཅག་འདུད། ། འགྲོ་ལ་ཕན་པའི་གཙོ་ཆེན་གྱིས།། དྲག་པོའི་འཕྲིན་ལས་བཤད་དུ་གསོལ།། ཀླུ་ཡི་རྒྱལ་པོ་ཐུགས་རྗེའི་ལོངས་སྤྱོད་ཅན།། ས་རྣམས་ཀུན་གྱི་རྩ་བ་སྟེ།། བྱིན་བརླབས་ཕུན་སུམ་ཚོགས་པའི། འབྱུང་བའི་སྙིང་པོ་ཐུགས་རྗེའི་ལོངས་སྤྱོད་ཅན། ། བདག་ཅག་ལས་ཀྱི་རྒྱལ་པོ་སྒྲུབ་པ་ལ།། ལས་ཀྱི་དམ་ཚིག་ཇི་ལྟར་བསྲུང།། ཞེས་བསྟོད་དེ་ཞུས་པ། བཀའ་སྩལ་པ། དགེ་བསྙེན་ལས་ཀྱི་ཀླུ་ཆེན་བརྒྱད།། ལས་ཀྱི་རཱ་ཛ་བསྒྲུབ་པ་ལ། ། དམ་ཚིག་ཞུ་བ་ཤིན་ཏུ་ལེགས།། དམ་ཚིག་ཆེན་པོ་ང་ཡིས་བཤད།། འཁོར་རྣམས་གུས་པས་བདག་ལ་འདུད།། ཀླུ་ཡི་རྒྱལ་པོ་བསྒྲུབ་པའི་ཚེ།། རྩ་བ་སྔགས་ཀྱི་དམ་ཚིག་བསྲུང།། གཙོར་ནི་བྱང་ཆུབ་སེམས་ཀྱི་སྡོམ་པ་བླང། ། དང་དུ་བྱང་ཆུབ་སེམས་དཔའི་ཐུགས་རྗེ་བསྐྱེད།། སྡོམ་པ་དེ་གསུམ་ཐུབ་པ་དེ།། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བྱིན་རློབ་སྟེ།། བྱིན་བརླབས་ཡོན་ཏན་ཡོན་ཏན་ཅིར་ཡང་འབྱུང། ། གཞན་ཡང་དམ་ཚིག་བསྲུང་བ་ནི། ཁྲུས་དང་གཙང་སྦྲ་རྟག་ཏུ་བྱ། ཁ་ཟས་ལྔ་ནི་ཤིན་ཏུ་སྤང།། ཤིན་ཏུ་བསྣོལ་བ་གཟབ་པར་བྱ།། ཀླུ་ཤ་ལྟོ་རུ་ཡོང་མྀ་གཏང།། ཡུགས་ས་མོ་ལ་སྤྱད་མི་རུང། ཁྱད་པར་རིན་ཆེན་ལུས་ལ་རྟེན།། དམ་ཚིག་དེ་རྣམས་ཐུབ་པ་ནི།། བྱིན་བརླབས་ལོངས་སྤྱོད་འཕེལ་བར་འགྱུར།། ཞེས་གསུངས། དམ་ཚིག་གི་ལེའུ་སྟེ་བཅུ་དགུ་པའོ།།།། དེ་ནས་ཡང་ཀླུའི་རྒྱལ་པོ་པདྨས་ཞུས་པ། ཨེ་མ་ཧོ། ཆོས་ཉིད་བདེན་པའི་དོན་མཐོང་བྱང་ཆུབ་སེམས་དཔའི་ཀླུ།། ལས་ཀྱི་རྒྱལ་པོ་སྒྲུབ་པའི་ཕྱིར།། དབང་བསྐུར་རྒྱལ་པོ་ཇི་ལྟར་བསྒྲུབ།། རྩ་བ་ཡན་ལག་འབྲས་བུ་རྣམས།། མདོར་བསྡུས་མན་ངག་བཤད་དུ་གསོལ། ། ཞེས་ཞུས་པས། ཐབས་ཀྱི་རྒྱལ་པོ་སྙིང་རྗེ་མཆོག་ལ་དགོངས་ནས་གསུངས་པ། ཨེ་མ་ཧོ། བྱིན་བརླབས་དབང་ཐོབ་ཡེ་ཤེས་ལས་ཀྱི་ཀླུ།། ལེགས་པར་བཤད་ཀྱིས་ཉམས་སུ་ལོང། ། དབང་བསྐུར་རྒྱལ་པོ་རྩ་བ་བྱང་ཆུབ་སེམས་ལ་སྙིང་རྗེས་སྒྲུབ།། དེ་ཉིད་བྱམས་དང་མ་ལྡན་ན།། དོན་བྱེད་གྲུབ་པར་ངས་མ་གསུངས།། རྩ་བ་བདག་པོ་གཉིས་ལ་བསྒྲུབ།། ཡན་ལག་མདོར་བསྡུས་སྐུ་གསུང་ཐུགས། ། འབྲས་རྒྱུད་སྨིན་པའི་ལས་རྒྱུད་ལྔ།། མདོར་བསྡུས་མན་ངག་བཤད་པར་བྱ།། དབང་གི་བདག་པོ་རྣམ་པ་གཉིས་སུ་བཤད།། ཐུགས་རྗེས་བཞི་འཛིན་གྱི་བདག་པོ་དང།། ལོངས་སྤྱོད་ཡོན་ཏན་གྱི་བདག་པོའོ། ། ཕུན་སུམ་ཚོགས་པ་ལྔ་ལ་དབང་ཐོབ་པ་སྟེ། མཆོད་པའི་བྱེ་བྲག་རྒྱ་ཆེན་པོ་མཆོད་ཅིང་འདོད་སྤྱོད་སེམས་ཀྱི་ཐུགས་དམ་བསྐང། ཡི་དམ་བྱང་ཆུབ་སེམས་ཀྱིས་བསྒྲུབ། དེའི་དབང་ཐོབ་པ་ནི་བདག་ཉིད་ཐོབ་པ་ཕུན་སུམ་ཚོགས་པ་ལྔ་དང་ལྡན་པར་འགྱུར། ཐུགས་རྗེའི་གཞི་བདག་བོ་ས་དང་ལམ་ལ་དབང་ཐོབ་པ་དེ། དད་པ་དྲི་མ་མེད་པའི་ཐུགས་བྱང་ཆུབ་སེམས་ཀྱིས་མཆོད་ཅིང་བསྒྲུབ། སྙིང་རྗེ་མཆོག་གིས་ཐུགས་དམ་རྒྱུན་དུ་བསྐང། ། མ་བརྗེད་རྒྱུན་དུ་དད་པས་བསྒྲུབ།། དེ་ཡི་དབང་ཐོབ་གྲུབ་རྟགས་བསྟན་པ་ནི།། ཐུགས་ཀྱི་བྱིན་བརླབས་རྒྱུན་དུ་ཅིར་ཡང་འཆར།། སྐྱེ་ལྡོག་ལམ་དུ་བཤད་པར་བྱ།། མ་རིགས་འཁྲུལ་བཞི་ཆོད་ནས་ཡེ་ཤེས་སྐྱེ། ། གཟུ་འཛིན་ནུབ་ནས་བདེ་བ་འཆར།། སྣང་བ་ལོག་ན་ཆོས་སྐུར་རྟོགས།། དེའི་འབྲས་བུ་མཐའ་རྩམ་ཉིད་དུ་གནས་པར་འགྱུར། ཞེས་གསུངས་དེ་ནས་ཡང་ཞུས་པ། དབང་གིས་བདག་པོ་སྒྲུབ་པ་ལ།། སྐུ་གསུང་ཐུགས་དང་ཇི་ལྟར་སྦྱར།། ཐབས་ཀྱི་འཕྲིན་ལས་ཇི་ལྟར་རྩི།། ཞེས་ཞུས་པས། ཀླུའི་རྒྱལ་པོ་ཐུགས་རྗེ་གཞི་འཛིན་གྱི་བདག་པོ་ལ་དགོངས་ནས་གསུངས་པ། སྐུ་དང་སྦྱར་བ་འཕྲིན་ལས་ཏེ། ། རྣལ་འབྱོར་ལམ་དུ་ཞུགས་པའི་ཚེ།། མཐར་ལམ་རྟོགས་ནས་ཀུན་ཏུ་བཟང་པོའི་ས་ནོན་པར་བཤད། འབྲས་བུ་མི་སྐྱེ་མི་འགག་རང་བཞིན་ཐོབ།། གསུང་དང་སྦྱར་བ་སྙིང་པོའི་སྟེ།། སྙིང་རྗེས་འགྲོ་དོན་སྤྱོད་པའི་ཚེ། ། རིགས་འཛིན་གྱིས་ས་ནོན་ནས། འབྲས་བུ་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐོབ་པར་བཤད། ཐུགས་དང་སྦྱར་བ་རྩ་བ་སྟེ།། ལམ་དུ་ཞུགས་ནས་ཏིང་འཛིན་སྦྱོར་བའི་ཚེ། ཡང་དག་རྫོགས་བའི་ས་ལ་གནས་ནས། འབྲས་བུ་སེམས་ཉིད་མངོན་དུ་གྱུར་པའོ།། དེ་ནས་ཡང་དག་བཤད་བྱ་བ།། ཐབས་ཀྱི་འཕྲིན་ལས་མདོ་རྩ་སྙིང་པོའི་སྒྲུབ་པ་སྟེ། འདི་ཡི་འཕྲིན་ལས་སྐུ་ལ་སྒྲུབ་སྟེ་འདུས།། རྩ་བ་ཐུགས་ཀྱི་ས་ལམ་སྦྱོང་སྟེ་བགྲོད། ། སྙིང་པོ་བྱང་ཆུབ་སེམས་ལ་འགྱུར་ལྡོག་མེད་པ་སྟེ།། རྫོགས་པའི་ས་ལ་གནས་ཞེས་གསུངས།། དེ་ཕྱིར་དཔའ་བོ་དབང་གི་རྒྱལ་པོ་ཡིས། སྐུ་གསུང་ཐུགས་ཀྱི་བྱིན་གྱིས་རློབས།། རྩ་བའི་དམ་ཚིག་ཐུབ་པ་ན། ། རྡོ་རྗེ་སེམས་དཔའི་བྱིན་བརླབས་འཇུག། དེ་ཕྱིར་སྐུ་གསུང་ཐུགས་ཀྱི་དབང་བསྐུར་ཅེས།། དབང་རྒྱ་བྱང་ཆུབ་སེམས་དཔས་གདབ།། ཅེས་གསུངས་སོ།། དབང་བསྐུར་རྩ་བ་མདོར་བསྟན་པའི་ལེའུ་ཉི་ཤུ་པའོ། །།། དེ་ནས་ཡང་བསྐོར་བ་དང་ཕྱག་མཛད་ནས་ཞུས་པ།། ཨེ་མ་ཧོ། ལས་ཀྱི་དབང་ཐོབ་ཀླུ་རྒྱལ་བྱིན་རླབས་ཅན།། ལས་ཀྱི་རྒྱལ་པོ་སྒྲུབ་པའི་ཕྱིར།། དབང་བསྐུར་བའི་སྦྱོར་བ་བསྟན། སྒྲུབ་ཐབས་འཕྲིན་ལས་མདོར་བསྡུས་རྣམས། ། འཁོར་རྣམས་ཀུན་ལ་བཤད་དུ་གསོལ།། ཅེས་ཞུས་པས། འཕྲིན་ལས་རིན་པོ་ཆེ་བཅུད་ཕྱུང་ནས། འཁོར་རྣམས་ཀུན་ལ་བཤད་པ། ལས་ཀྱི་རྒྱལ་པོ་སྒྲུབ་པ་ལ།། དབང་བསྐུར་རྒྱལ་པོ་བྱིན་བརླབས་འཚལ། ། འཕྲིན་ལས་མན་ངག་མདོར་བསྡུས་རྣམས།། ཚང་བར་བཤད་ཀྱི་ལུས་ངག་བཏུད།། ཉམས་དགའ་བ་ཡི་གནས་དག་ཏུ།། ས་ཆོག་བགེགས་བསྐྲད་གཞུང་བཞིན་བྱ།། མཎྜལ་ཆ་མཉམ་ཡིད་འོང་ལ། ། རིན་ཆེན་ཆུ་ཡི་ཆག་ཆག་གདབ།། བ་ལས་བྱུང་བའི་རྣམ་ལྔ་དང།། རྩ་མཆོག་སྤཽས་ཀྱི་བྱུག་པར་བྱ།། དེ་ནས་ཆ་ཆེན་བཅུ་དྲུག་ཐིག་གདབ་སྟེ།། འཁོར་ལོ་རྩིབས་བརྒྱད་ཕྱོགས་བཞི་རིགས།། མཚམས་བཞི་རྩིབས་ཚོན་མཛེས་ཚོན་ཡིན། ། ལྟེ་བ་མཐིང་ཁ་མུ་ཁྱུད་དམར།། གྲུ་ཆད་ལྗང་ཁུ་སྒོ་རྣམས་སེར།། སྒོ་བཞི་རིགས་ལ་སྒོ་ཁང་ལྟ་བབས་བུམ་པ་རིགས།། དཀྱིལ་འཁོར་ཆེན་པོ་གཞུང་བཞིན་བྲི།། ཡང་ན་སྒོ་བཞི་བློ་འབུར་རིགས། ། མཛེས་པའི་ཚོན་རྣམས་བྲིས་ནས་སུ།། ལྷ་ཡི་མཚན་ཉིད་བཤད་པར་བྱ།། རིན་ཆེན་ལྔ་ཡི་བུམ་པ་ལ།། ལས་ཀྱི་བྱེ་བྲག་གཞུང་བཞིན་བཤམ།། འཁོར་ལོ་ཕྱོགས་བཞི་དབུས་དང་ལྔ་རུ་གཟུགས། ། མཚམས་བཞི་དག་ཏུ་ཀླུ་རིགས་བཞི།། དགུ་པ་བདུན་པ་ལྔ་པ་གསུམ་པ་བསྣམས།། དཀར་དང་སེར་དང་དམར་དང་ལྗང།། དེ་ལྟར་རིགས་ཀྱི་ཞལ་ཕྱུང་ལ།། བྱང་ཤར་མཚམས་ནས་རིམས་ཀྱིས་དགོད། ། གྲུ་ཆད་བཞི་ལ་ཀླུ་མོ་རིགས་བཞི་སྟེ།། དཀར་དང་སེར་དང་དམར་དང་ལྗང་ངོ།། ཕྱག་ན་སོ་སོ་རིགས་ཀྱི་བུམ་པ་འཛིན།། རིན་ཆེན་རྒྱན་གྱིས་བརྒྱན་པ་རྣམས།། གྲུ་ཆད་བཞི་ལ་རིམས་ཀྱིས་གཟུགས།། སྒོ་བཞི་དུ་རིག་སྒྱུར་བ་ཁྱུང། ། ཡང་ན་ས་བདག་རིགས་བཞི་གཟུགས།། ཤིན་ཏུ་མཛེས་པ་བྲིས་པར་བྱ།། ལྷའི་མཚན་ཉིད་གཟུགས་བརྙན་དེ་བཞིན་དགོད།། དེ་ནས་ལས་ཀྱི་བུམ་པ་ཆས་བྱས་ཏེ།། དབུས་སུ་དུང་གི་བུམ་པ་གཟུགས། ། ཤར་དུ་དངུལ་ལ་ལྷོ་རུ་གསེར།། ནུབ་ཏུ་ཟངས་ལ་བྱང་དུ་ལྕགས་ཀྱི་བུམ་པ་གཟུགས། དེ་རུ་བུམ་པའི་སྙིང་པོ་ནི།། སྨན་ལྔ་རིན་ཆེན་ལྔ་ལ་སོགས།། མེ་ཏོག་ལྔ་དང་སྙིང་པོ་ལྔ།། འབྲས་བུ་ལྔ་དང་སྤོས་སྣ་ལྔ། ། དེ་ཡི་བར་ཆོད་བསལ་བའི་ཕྱིར།། བདག་ཉིད་རྡོ་རྗེ་འཛིན་པར་བསྒོམ།། སྡེར་གཤོག་ཕྱག་རྒྱས་ཐུགས་ཁར་མཁའ་ལྡིང་རྒྱལ་པོ་བསྐྱེད།། དྲག་སྔགས་བཟླས་ཤིང་གུ་གུལ་སྦྱར་མའི་དུད་བས་བདུག། དེ་རུ་བུམ་པར་བྱང་ཆུབ་སེམས་ཀྱི་བཅུད། ། བྱང་སེམས་དཀར་དམར་རིན་ཆེན་ཆུང་པས་སྦྱང།། རིན་ཆེན་ཆུ་ཡིས་གང་བར་བསྒང།། དར་མཚོན་ལྔ་ཡིས་ཁ་རྒྱལ་བྲི།། ཙན་དན་ཤུགས་པས་ཁ་བརྒྱན་ཏེ།། འོ་མ་ནལ་བུ་ཤར་དང་ལྷོ། ། ནུབ་ཏུ་སེང་ལྡེང་སྔགས་བཤད་ཡིན།། བྱང་དུ་སེ་སྐྱེར་དྲག་པོའི་ཤིང།། དེ་རྣམས་རྨ་བྱའི་སྒྲོ་དང་ལྡན་པར་གཟུགས།། གཟུངས་ཐག་དར་ཚོན་སྣ་ལྔས་སྦྲེལ།། ཚོན་སྣ་ལྔ་ཡི་སྐུད་པ་ལ།། པྲ་ཏི་བུ་ཙག་སྔགས་བཟླས་ཏེ། ། བུམ་པ་ལྔ་ཡི་མགུལ་དུ་བཅིང།། ཚོན་སྐུད་རང་གི་ལག་ཏུ་བཟུང།། སྐབས་སུ་འདྲེ་བསྐྲད་དྲག་སྔགས་བཟླས།། ཡུངས་ཀར་དག་ལ་བསྔགས་ཏེ་བརྡེག། སྐབས་སུ་བསྲུང་བའི་སྔགས་བཟླས་ཏེ། ། བུམ་པ་རྡོ་རྗེས་བསྐོར་བར་བསམ།། དར་དཀར་དག་གི་གུར་ཕུབ་ལ།། སྤོས་ཀྱི་མཆོད་པ་རྒྱུན་མི་གཅད།། དེ་ནས་ལྟ་སྤྱོད་ལྡན་པའི་རྣལ་འབྱོར་པས།། མཆོད་པའི་རིམ་པ་བཤམ་བྱ་སྟེ།། འགྲོ་ལ་ཕན་པའི་དོན་བྱའི་ཕྱིར། ། རང་དོན་སྤངས་ལ་ཐུགས་རྗེ་སྐྱེད།། འདི་ཕྱི་བདག་གཞན་དོན་དུ་སྒྲུབ།། ཚོགས་བསགས་ཡན་ལག་རྒྱ་ཆེར་བསག། དཀོན་མཆོག་གསུམ་ལ་གཙོ་རུ་བླང།། དེ་བཞིན་གཙང་རིགས་མགོན་པོ་མཆོད།། ཕྱི་ནང་སྣང་སྲིད་ལྷ་འདྲེ་ལ། ། གསེར་ཕུད་བཏང་ལ་དམ་བདར་འཕྲིན་ལས་བཅོལ་ལོ།། དེ་བཞིན་རང་གི་བསྲུངས་མ་མཆོད།། གསེར་ཕུད་གཏོར་ཆ་རྒྱས་པས་གཏང།། སྟོང་ཕྲག་བཅུ་ཡི་བགེགས་རིགས་ལ། དེ་བཞིན་འབྱུང་པོའི་གཏོར་མ་བཏང། ། མཆོད་སྦྱིན་རྩལ་ལ་བདེན་བ་བདར།། དེ་བཞིན་ཡུལ་གྱི་ལྷ་ཀླུ་མཆོད།། ཆབ་གཏོར་བཏང་ལ་བདེན་པར་བདར།། དེ་ནས་མཆོད་པའི་རྫས་བཤམ་སྟེ།། མཚམས་གཅད་ཅིང་བགེགས་ཀྱང་བསྐྲད། ། སྐད་ཅིག་མའི་ཏིང་འཛིན་གྱིས།། སྔགས་འདིས་རྡོ་རྗེ་འཛིན་པར་བསྐྱེད་ལ།། ཨོཾ་བཛྲ་པཱ་ཎི་བཛྲ་མཧཱ་ཀྲོདྷ་ཧཱུཾ། ཞེས་བརྗོད་པས། བདག་ཉིད་རྡོ་རྗེ་འཛིན་པ་ཁྲོ་བོའི་རྒྱན་རྫོགས་པར་བསྐྱེད་དེ། རྡོ་རྗེ་ཀླད་ལ་བསྐོར་ཞིང། རྡོ་རྗེའི་མཚན་དྲག་པོ་བརྗོད་ཅིང། ཧཱུཾ་དང་ཕཊ་ཀྱི་ང་རོ་དྲག་པོས་ཁམས་གསུམ་དབང་དུ་སྡུད་པའི་ཕྱིར། དཀྱིལ་འཁོར་ལ་བསྐོར་ཞིང། ཁྲོ་བོ་སྟང་སྟབས་ཀྱིས་ཁམས་གསུམ་ཟིལ་གྱིས་མནན་པར་བྱའོ། ། དེ་ནས་མཆོད་པ་དབུལ་ཏེ། རྡོ་རྗེ་འཛིན་བའི་ལྷ་ཚོགས་ལ།། ཕྱི་ནང་གི་མཆོད་པ་རྒྱས་པར་དབུལ།། དགེ་བསྙེན་ཀླུའི་ལྷ་ཚོགས་ལ། དཀར་གཏོར་སྨན་གྱི་མཆོད་པས་མཆོད། ཙན་དན་སྤོས་ཀྱི་མཆོད་པ་རྒྱུན་དུ་གཏང་ངོ། ། དེ་ནས་ཆོ་ག་ལ་འཇུག་པར་བྱ་སྟེ།། བསྙེན་མཆོད་ཚོགས་བསགས་ཀྱི་ཡན་ལག་རྒྱས་པར་བྱའོ།། དེ་ནས་བུམ་པ་བྱིན་གྱིས་བརླབས་པར་བྱས་ཏེ། ཕྱི་ནང་གསང་བའི་དབང་རྣམས་རིམས་ཀྱིས་ཐོབ་པར་བྱ་སྟེ། དབང་བསྐུར་རྒྱལ་པོ་ལས། ཁ་དོག་གི་ལེའུ་སྟེ་ཉེར་གཅིག་པའོ།།།། དེ་ནས་དེ་ཉིད་ཡང་དག་བཤད་བྱ་བ།། ཏིང་འཛིན་ལས་ཀྱི་སྒྲོན་མ་འདི་བཞིན་ཏེ།། བདག་ཉིད་ཆེན་པོ་རབ་བསྐྱེད་ནས། ། མཆོད་བསྟོད་བསྙེན་པའི་ལས་རྫོགས་ལས།། ལས་ཀྱི་བུམ་པ་རིགས་ལྔ་ལ།། བྱིན་བརླབས་དབང་བསྐུར་འདི་བཞིན་བྱ།། ཏིང་འཛིན་རྣམ་གསུམ་རིམས་ཀྱིས་བསྐྱེད།། བདག་ཉིད་ཧཱུཾ་ལས་ཆེན་པོར་བསྐྱེད། ། སྐུ་གསུང་ཐུགས་སུ་བྱིན་གྱིས་བརླབས།། ཐུགས་ཀའི་ཧཱུཾ་ལས་འོད་འཕྲོས་པས། ཡི་གེ་ཨཱ་བཞི་ཕྱོགས་བཞིར་འཕྲོས་པ་ལས། ཨ་ལས་ཟླ་བའི་དཀྱིལ་འཁོར་བཞི་བསམ། ཧཱུཾ་ལས་འོད་འཕྲོས་ཡི་གེ་འདི་རྣམས་སུ་གྱུར་ཏེ། ཟླ་བའི་སྟེང་དུ་བསམ། ཨོཾ་དཀར་པོ། ཏྲཾ་སེར་པོ། ཧྲི་དམར་པོ། ཨ་ལྗང་ཁུ། དེ་རྣམས་ལས་འོད་འཕྲོས་བདེ་བར་གཤེགས་པ་རྣམས་ཀྱི་ཐུགས་དམ་གྱི་རྒྱུད་བསྐུལ། ངན་སོང་གསུམ་གྱི་སྡིག་སྒྲིབ་སྦྱངས། སླར་འདུས་པ་ལས་རིགས་རྣམ་པ་བཞིའི་སྔགས་འདི་རྣམས་བརྗོད་ལ་བསྐྱེད་དོ།། ཨོཾ་བུདྡྷ་ག་རུ་ཌ་ཙ་ལེ་ཙ་ལེ་ཧཱུཾ་ཕཊ། ཨོཾ་རཏྣ་ག་རུ་ཌ་ཙ་ལེ་ཙ་ལེ་ཧཱུཾ་ཕཊ། ཨོཾ་པདྨ་ག་རུ་ཌ་ཙ་ལེ་ཙ་ལེ་ཧཱུཾ་ཕཊ། ཨོཾ་ཀརྨ་ག་རུ་ཌ་ཙ་ལེ་ཙ་ལེ་ཧཱུཾ་ཕཊ། ཤར་ཕྱོགས་སུ་བུདྡྷ་རིགས་ཀྱི་ཁྱུང་སྐུ་མདོག་དཀར་པོ་གསེར་གྱི་གཤོག་པ་ཅན་བསྐྱེད། ལྷོ་ཕྱོགས་སུ་རིན་ཆེན་རིགས་ཀྱི་ཁྱུང་སྐུ་མདོག་སེར་པོ་ཟངས་ཀྱི་གཤོག་པ་ཅན་བསྐྱེད། ནུབ་ཕྱོགས་སུ་པདྨ་རིགས་ཀྱི་ཁྱུང་སྐུ་མདོག་དམར་པོ་ལྕགས་ཀྱི་གཤོག་པ་ཅན། བྱང་ཕྱོགས་སུ་ལས་ཀྱི་རིགས་ཀྱི་ཁྱུང་སྐུ་མདོག་ལྗང་ཁུ། དུང་གི་གཤོག་པ་ཅན་བསྐྱེད་དོ། ཁྱུང་དེ་རྣམས་ཀྱི་མཆུ་སྡེར་ལྕགས་ལས་གྲུབ་པ། སྤྱན་མིག་གསེར་དུ་འཁྱིལ་བ། ལྗགས་དང་སྤྱན་དམར་བ། རིགས་དང་མཐུན་པ། སྤྱི་བོའི་གཙུག་ན་འོད་སྣ་ཚོགས་སུ་འཕྲོ་བའོ།། ལུས་ལ་རིགས་ཀྱི་རྡོ་རྗེས་བརྒྱན་པ། སྦྲུལ་རིགས་བཞི་ཞལ་དུ་གསོལ་བར་བསམ་མོ། ཁྱུང་དེ་རྣམས་ཀྱི་ཐུགས་ཁ་རུ། ཧཱུཾ་མཐིང་ཁ་རེ་རེ་བསམ་མོ།། མགྲིན་པ་རུ་ཨི་དམར་པོ་རེ་རེ་དམིགས་སོ།། སྤྱི་བོའི་གཙུག་ཏུ་ཨོཾ་དཀར་པོ་རེ་རེ་དམིགས་སོ།། དེ་ནས་ཡང་བདག་གི་ཐུགས་ཁའི་ཧཱུཾ་ལས། མ་སྔོན་དམར་ཅིག་བདག་གི་གཡོན་ཕྱོགས་སུ་འཕྲོས་པ་ལས། ལྷ་མོ་གཡུའི་བྱེ་ཆུང་མ་སྐུ་མདོག་སྔོན་མོ།། ཕྱག་གཡས་ཡབ་ལ་འཁྱུད་པ། གཡོན་གཡུའི་བུམ་པ་བདག་གིས་ཐུགས་ཀར་འཛིན་པ་ཅིག་བསྐྱེད། ཡང་ཧཱུཾ་ལས་འོད་ཟེར་རྣམ་པ་ལྔ་འཕྲོས་པས། རིན་པོ་ཆེའི་ཡི་གེ་འདི་རྣམས་སུ་གྱུར་ཏེ། ཡབ་རྣམས་ཀྱི་གཡོན་དུ། འབྱུང་བ་བཞི་ཡུམ་བསྐྱེད་དོ།། ས་སེར་མོ་ཤར་ཕྱོགས་སུ་སའི་ལྷ་མོ་སྐུ་མདོག་སེར་མོ། ཕྱག་གཡས་ཡབ་ལ་འཁྱུད་པ། གཡོན་ན་རིགས་ཀྱི་བུམ་པ་ཐུགས་ཀར་འཛིན་པའོ།། རཾ་དམར་པོ་ལས་ལྷོ་ཕྱོགས་སུ་མེའི་ལྷ་མོ་སྐུ་མདོག་དམར་མོ།། ཕྱག་གཡས་ཡབ་ལ་འཁྱུད་པ། གཡོན་རིགས་ཀྱི་བུམ་པ་ཐུགས་ཀར་འཛིན་པའོ། ། བཾ་དཀར་པོ་ལས་ནུབ་ཕྱོགས་སུ་ཆུའི་ལྷ་མོ་ཕྱག་གོང་གི་འདྲེ། ཡཾ་སྔོ་སྐྱ་ལས་བྱང་ཕྱོགས་སུ་རླུང་གི་ལྷ་མོ་སྐུ་མདོག་སྔོ་སྐྱ་ཕྱག་འདྲེ། ལྷ་མོ་དེ་རྣམས་ཀྱི་ལུས་ལ་རིན་པོ་ཆེའི་རྒྱན་སྣ་ཚོགས་པས་བརྒྱན་པ། ཞལ་འཛུམ་ལ་སྐུ་སྒེག་པ། ཡིད་དུ་འོང་བ་བསྐྱེད་དོ།། དེ་ནས་འཛབ་དྲང་ཞིང་འཕྲོ་འདུའི་བྱིན་བརླབས་བྱས་ཏེ། ཡབ་རྣམས་ཀྱི་ཐུགས་ཁའི་ཧཱུཾ་ལས་ཐུགས་འོད་ཟེར་སྣ་ཚོགས་བདུད་རྩི་སྤྲུལ་ཏེ། ཡུམ་རྣམས་ཀྱི་ཐུགས་ཁར་ཐིམ་པས། ཡུམ་རྣམས་ཀྱི་ཆགས་པ་ཐུགས་ཀྱིས་བསྐད་ནས། འོད་ཟེར་སྣ་ཚོགས་བདུད་རྩི་དམར་པོར་གྱུར་ཏེ། ཡབ་རྣམས་ཀྱི་ཐུགས་ཁར་འདུས་པས་ཡབ་རྣམས་ཀྱི་དགྱེས་པ་ཐུགས་སུ་བསྐངས་ཏེ། བདུད་རྩི་དཀར་དམར་བྱང་ཆུབ་སེམས་སུ་གྱུར་ཏེ། བདུད་རྩི་བྱང་ཆུབ་སེམས་ཀྱི་འོད་ཟེར་ཕྱོགས་བཅུར་འཕྲོས་པས། ཕྱོགས་བཅུ་སངས་རྒྱས་རྣམས་ཀྱི་ཐུགས་སུ་ཐིམ་པ་ལས། ཐུགས་མཉེས་པའི་མཆོད་པ་ཕུལ། བདེ་བར་གཤེགས་པ་རྣམས་ཀྱི་ཐུགས་ཀྱི་བཅུད་བྱང་ཆུབ་སེམས་སུ་བསྡུས་ནས་སླར་འདུས་པ་ལས། ཡབ་ཡུམ་རྣམས་བདུད་རྩི་བྱང་ཆུབ་སེམས་སུ་ཞུ་སྟེ། བདག་གི་ཐུགས་ཁར་ཧཱུཾ་ཞེས་བརྗོད་པས། བདག་གི་ཐུགས་ཀར་ཉི་ཟེར་ཉི་མ་ལ་འདུས་པ་བཞིན་དུ་བསམ། དེ་ནི་ཕྱི་ལྟར་བྱིན་གྱིས་བརླབས་ཏེ། བདག་ཉིད་ལ་ཉིད་དབང་བསྐུར་རོ།། ད་ནི་ནང་ལྟར་བྱིན་གྱིས་བརླབས་ཏེ། གསང་བའི་དབང་མཆོག་བསྐུར་བ་ནི། ཡབ་ཡུམ་རྣམས་གོང་བཞིན་དུ་བསྐྱེད་ལ། ཡབ་ཡུམ་རྣམས་ཀྱི་མཁའ་གསང་བྱིན་གྱིས་བརླབས་པར་བྱ་སྟེ། མ་སཱུརྻ་མཎྜལ། ཞེས་བརྗོད་པ་ལས་པདྨ་ལ་ཉི་མའི་དཀྱིལ་འཁོར་རེ་རེ་བསམ། དེ་རྣམས་ཀྱི་སྟེང་དུ་ཧཱུཾ་བཛྲ་ཞེས་བརྗོད་པས། ཧཱུཾ་ལས་གསང་བའི་རྡོ་རྗེ་རྩེ་ལྔ་པ་རེ་རེ་བསམ། དེ་རྣམས་ཀྱི་རྩེ་མོ་ལ། ཨོཾ་དཀར་པོ་ཤེལ་འདྲ་རེ་རེ་བསམ། དེ་ནས་ཡང་ཨ་ཙནྜ་མནྜལ་ཞེས་བརྗོད་པས། ཡུམ་རྣམས་ཀྱི་མཁའ་ལ། ཨ་ལས་ཟླ་བའི་དཀྱིལ་འཁོར། དེའི་སྟེང་དུ་པཾ་པདྨ་མཎྜལ་ཞེས་བརྗོད་པས། པཾ་ལས་པདྨའི་དལ་རེ་བསམ། དེའི་སྟེང་དུ་ཨཱ་དམར་པོ་མཚལ་ཅོག་ལ་མ་བཅག་པའི་འཕྲོམ་འདྲ་བ་རེ་བསམ། དེ་ནས་འཕྲོ་འདུ་བྱིན་གྱིས་བརླབས་ཏེ། ཡབ་རྣམས་ཀྱི་ཐུགས་ཁའི་ཧཱུཾ་ལས། ཧཱུཾ་འོད་ཟེར་མང་པོ་ཡར་དྲངས་ཏེ། མགྲིན་པའི་ཡི་གེ་ཨཱ་དམར་པོ་ལ་ཐིམ་པས། ཧཱུཾ་མཐིང་ཁ་ཨཱ་དམར་པོར་གྱུར། ཨ་དམར་པོའི་ནང་ནས་གཡས་ནས་གཡོན་དུ་རྒྱུད་ནས། ཀླད་པ་དུང་ཁང་གི་ནང་དུ་ཨོཾ་དཀར་པོ་ལ་ཐིམ་པས། ཨཱ་དམར་པོ། ཨོཾ་དཀར་པོར་གྱུར་ཏེ། སྒལ་ཚིགས་ཀྱི་རྟ་བརྒྱུད་ནས། གསང་བ་རྡོ་རྗེའི་ལམ་དུ་བྱུང་ནས་བྱང་ཆུབ་སེམས་སུ་གྱུར་ཏེ། ཡུམ་རྣམས་ཀྱི་མཁའ་ལ་ཐིམ་པས། ཡུམ་རྣམས་ཀྱི་ཆགས་པ་སྦྱངས་ནས། བྱང་ཆུབ་ཀྱི་སེམས་བདུད་རྩི་དམར་པོར་གྱུར་ཏེ། སླར་འདུས་པཾ་ལས། ཡབ་རྣམས་ཀྱི་དགེས་པ་སྐྱེད་དེ། བྱང་ཆུབ་ཀྱི་སེམས་བདུད་རྩི་དཀར་པོར་གྱུར་ཏེ། སླར་འདུས་པ་ལས། དེ་ནས་ཡུམ་རྣམས་ཀྱི་སྦྱོར་འཚམས་ནས་འོད་ཟེར་འཕྲོས་ཏེ། འོག་མིན་གྱི་གནས་ལྕང་ལོ་ཅན་གྱི་ཕོ་བྲང་ནས་བདེ་བར་གཤེགས་པ་ཡབ་ཡུམ་རིགས་ལྔ་ཡབ་ཕྱོགས་བཅུ་སངས་རྒྱས་འཁོར་བཅས་རྣམས་བྱང་ཆུབ་ཀྱི་སེམས་བདུད་རྩིའི་རང་བཞིན་དུ་ལྟེམ་གྱིས་ཞུ་སྟེ། སླར་འདུས་ཏེ། ཕྱོགས་བཅུ་སངས་རྒྱས་ཐམས་ཅད་ཀྱི་བཅུད་བྱང་ཆུབ་ཀྱི་སེམས། བུམ་པའི་ལྷ་ཚོགས་ལ་ཐིམ་པར་བསམས་ཏེ། བུམ་པ་དེ་བཞིན་ཉིད་བྱིན་གྱིས་བརླབས་པར་བྱའོ།། དེ་ལྟར་བྱིན་གྱིས་བརླབས་ཏེ། གསང་བའི་དབང་མཆོག་དམ་པར་བསྐུར་བར་བྱའོ།། དེ་ནས་དབང་བསྐུར་བ་དང། དཀྱིལ་འཁོར་དུ་ཞུགས་པ་རྣམས་ནི་ལས་རྒྱུད་གཞན་ལས་ཤེས་པར་བྱའོ། ། རིན་པོ་ཆེ་སྣ་བདུན་དང། བཀྲ་ཤིས་ཀྱི་རྫས་བརྒྱད། བཀྲ་ཤིས་ཀྱི་ཚིགས་བཅད་བརྗོད་དོ།། ཕྱི་ལྟར་དབང་བསྐུར་བར་བྱའོ།། རྟེན་གྱི་བུམ་པ་དང། དབུ་རྒྱན་དང། དར་གྱི་ཅོད་པན་དང། མེ་ཏོག་གི་འཕྲེང་བ་དང། གསང་བའི་མིང་དང། དབང་རྣམས་རྫོགས་པར་བསྐུར་རོ།། དབང་བསྐུར་གསལ་བྱེད་ཀྱི་ལེའུ་སྟེ་ཉེར་གཉིས་པའོ།།།། དེ་ནས་ཡང་འཁོར་རྣམས་ཀྱིས་ཞུས་པ། ཨེ་མ་ཧོ། བྱང་ཆུབ་སེམས་དཔའ་ཐུགས་རྗེ་ཅན།། ལས་ཀྱི་རྒྱལ་པོ་བསྒྲུབ་པའི་ཕྱིར།། ཉིད་ཀྱི་རྒྱལ་པོ་བསྒྲུབ་པ་ཇི་ལྟར་ལགས།། མན་ངག་མདོར་བསྡུས་རྣམས།། བདག་ཅག་རྣམས་ལ་བཤད་དུ་གསོལ།། ཅེས་ཞུས་པས། ཐུགས་རྗེ་རང་བྱུང་བྱང་ཆུབ་སེམས་ལ་དགོངས་ནས་ཞུས་པ། ཨེ་མ་ཧོ། བྱང་ཆུབ་སེམས་དཔའ་ལས་ཀྱི་དགེ་བསྙེན་རྣམས།། འགྲོ་བའི་དོན་དུ་བྱིན་བརླབས་ཅན།། དམ་ཚིག་ཆེན་པོ་ང་ཡིས་བཤད། ། འཁོར་རྣམས་ལུས་ངག་ཡིད་གསུམ་བཏུད།། ཅེས་བཀའ་སྩལ་ཏོ།། རི་བོ་འདུས་པའི་རྩེ་མོའམ།། ཆུ་བྲན་འདུས་པ་རྒྱ་མཚོའི་གླིང།། ཡང་ན་ཀླུ་རྒྱལ་ས་བདག་འདུས་པའི་སར།། ཡང་ན་ཡིད་འོང་ཉམས་དགའ་གནས་དག་ཏུ། བྱིན་གྱིས་བརླབས་པ་གོང་བཞིན་བྱ།། ལས་ཀྱི་བཅའ་ལུགས་སོ་སོར་དབྱེ།། ཤིན་ཏུ་མཁས་པ་རྟགས་ལ་སྤྱད།། ཤེས་རབ་ཅན་གྱིས་དེ་བཞིན་གྱིས།། དེ་ནས་དམ་ཚིག་གཙང་མའི་རྣལ་འབྱོར་པས། ། ལས་ཀྱི་བུམ་པ་ཆས་བྱས་ཏེ།། རྒྱུ་ནི་རིན་ཆེན་ས་ལ་བྱ།། རྐྱེན་ནི་རིན་ཆེན་ཆུ་ཡིས་སྒྲུ།། སྦྱོར་བ་མོས་གུས་དད་པས་གཟོ་བྱས་ཏེ།། སེམས་ཀྱིས་དམིགས་ཏེ་གཞུང་བཞིན་བསྐྱེད།། དེ་རུ་བུམ་པའི་སྙིང་པོ་ནི། ། སྨན་སྣ་ལྔ་ལ་སོགས་པ་སྟེ།། རིན་ཆེན་ལྔ་དང་སྙིང་པོ་ལྔ།། མེ་ཏོག་ལྔ་དང་འབྲས་བུ་ལྔ།། ཙན་དན་ལ་སོགས་སྤོས་མཆོག་ལྔ།། དེ་རུ་བུམ་པ་སྙིང་པའི་བཅུད།། ཀླུ་རྒྱལ་གནས་པའི་ཆུ་མིག་ནས།། རིན་ཆེན་སྣོད་དུ་ཆུ་བླངས་ཏེ། ། རྩི་མཆོག་ག་པུར་བཅུད་ཀྱིས་སྦྱར།། གཞན་ཡང་སྨན་སྣ་སྟོང་དང་རབ་སྦྱར་བླུག། དབུས་ཀྱི་ཕོ་བྲང་དག་ལ་བཞུགས་སུ་གསོལ།། དར་མཆོག་ལྔ་ཡིས་ཁ་རྒྱན་དྲིལ།། ཤིང་འབྲས་བུ་ཅན་གྱིས་ཁ་བརྒྱན་ཏེ། ། ཡེ་ཤེས་ལྔ་ཡི་གཟུངས་ཐག་གདགས།། རྩྀ་མཆོག་སྤོས་ཀྱི་དུད་བས་བསང།། བཀྲ་ཤིས་རྫས་ཀྱིས་མཐའ་མ་བསྐོར།། དེ་བཞིན་ལོངས་སྤྱོད་རྫས་རྣམས་བསོགས།། དཀར་གསུམ་དག་ལ་ལྟོ་རྟེན་ཏེ། ། དེ་བཞིན་ཁྲུས་དང་གཙང་སྦྲ་བྱ།། མཆོག་ཏུ་དམ་ཚིག་བསྲུང་བ་གཅེས།། དེ་ཕྱིར་གཙང་མའི་དམ་ཚིག་བསྲུང།། གཙང་མའི་མཆོད་པ་རྒྱུན་དུ་དབུལ།། དེ་བཞིན་རྩི་དང་སྨན་གྱིས་མཆོད།། སྤོས་ཀྱི་མཆོད་པ་རྒྱུན་མི་གཅད། ། སྐབས་སུ་མཆོད་བསྟོད་ལས་གཞུང་བཞིན།། དམ་ཚིག་གཅན་གྱིས་བསྙེན་ཅིང་མཆོད།། དེ་བཞིན་བསྙེན་པའི་སྔགས་འདི་རྒྱུན་དུ་དྲང།། ཨོཾ་ནཱ་ག་རཱ་ཛ་ས་མ་ཡ་ཛ། སྐབས་སུ་བསྲུང་བའི་སྔགས་བཟླས་ཏེ། ། གདུག་པ་ཀླུའི་དུག་རྣམས་ཤིན་ཏུ་སྦྱང་བ་གཅེས།། དེ་ནས་བུམ་པ་བྱིན་བརླབས་ཏེ།། དབང་རྣམས་རིམས་ཀྱིས་བསྐུར།། ཞེས་གསུངས་སོ།། དབང་བསྐུར་ལས་ཀྱི་ལེའུ་སྟེ་ཉེར་གསུམ་པའོ།།།། དེ་ནས་དེ་ཉིད་བྱིན་གྱིས་བརླབས་པའི་ཕྱིར། རིག་པ་གསལ་བྱེད་ལས་ཀྱི་སྒྲོན་མ་བསྟན་ཏེ། དང་པོར་བདག་ཉིད་ཆེན་པོར་རབ་དམིགས་ནས།། ཚོགས་བསགས་ཡན་ལག་བཞིན་བྱ།། མཆོད་བསྟོད་ལས་རིམ་རྫོགས་པ་དང། ། བུམ་པ་བྱིན་གྱིས་བརླབ་པར་བྱ་སྟེ།། དེ་ཡི་འཕྲིན་ལས་བཤད་པ་ནི།། དམིགས་པའི་མན་ངག་ཡན་ལག་གསུམ་སྟེ།། རྩ་བ་ཐུགས་དང་སྦྱར་བར་བྱ།། ཧཱུཾ་བསྐྱེད་བདག་པོ་གཉིས་གནས་སྤྲུལ་པ་སྟེ།། རིག་པ་གསལ་བྱེད་ལས་ཀྱི་སྒྲོན་མ་བསྟན་ཏེ། ། ཡན་ལག་ཡི་གེ་རྩ་གཅིག་ལས།། བྱིན་བརླབས་འཕྲོ་འདུའི་སྐབས་སུ་བཤད།། ཡི་གེ་དམིགས་པའི་གནས་ལྔ་རུ།། བདུད་རྩི་བུམ་པ་བརྟན་པར་བསྟིམ།། ཞེས་པ་ནི་དབང་བསྐུར་ལས་ཀྱི་སྐབས་སུ་བཤད། ། དེ་ནས་དེ་ཉིད་བཤད་པའི་ཕྱིར།། གསལ་བྱེད་ཐུགས་ཀྱི་སྒྲོན་མ་འདི་བཤད་དོ།། ཨོཾ་བཛྲ་མ་ཧཱ་ཀྲོདྷ་ཧཱུཾ་ཕཊ་ཅེས་བརྗོད་བས། བདག་ཉིད་ཧཱུཾ་ལས་རྡོ་རྗེ་འཛིན་པར་བསྐྱེད། ། སྡེར་གཤོག་ཕྱག་རྒྱ་བཅས་ནས་སུ།། ཐུགས་ཁར་མཁའ་ལྡིང་རྒྱལ་པོ་བསྐྱེད།། མཁའ་ལྡིང་རྒྱལ་པོའི་ཐུགས་ཁ་རུ།། ཡེ་ཤེས་རྡོ་རྗེ་སེམས་ལ་དམིགས།། ཨོཾ་ནཱ་ག་རཱ་ཛ་ཞེས་བརྗོད་པས།། ཧཱུཾ་ལས་ཡེ་ཤེས་ཀླུ་ར་གྱལ་བསྐྱེད། ། སྦྲུལ་མགོ་དགུ་པ་གདེང་ཀ་ཅན།། རིན་ཆེན་ལུས་ལ་སྦྲུལ་མཇུག་འཁྱིལ།། ཕྱག་གཡས་རིན་ཆེན་འབར་བ་བསྣམས།། གཡོན་པ་རིན་ཆེན་པདྨ་བསྣམས། ལོངས་སྤྱོད་ཀུན་གྱི་བདག་པོར་བསྐྱེད།། དགེ་བསྙེན་ཆེན་པོའི་ཐུགས་ཁ་རུ། ། རིན་ཆེན་འབར་བ་ཨཱ་ལས་ནི།། ཡིད་བཞིན་ནོར་བུ་རིན་ཆེན་འོད་འབར་བུམ་འདྲའི་གཟུགས།། ལོངས་སྤྱོད་ཀུན་གྱི་རྩ་བ་སྟེ།། འབྱུང་བའི་རྒྱལ་པོ་རྩ་བ་འཛིན།། བྱེད་པ་སེམས་ཅན་ཀུན་དོན་བྱེད། ། ཡིད་བཞིན་ནོར་བུ་རིན་ཆེན་ཏེ།། ཀླུ་ཡི་རྒྱལ་པོའི་ཐུགས་མཛོད་ཡིན།། དམ་ཚིག་ཤེས་ཤིང་དམ་ཚིག་ལྡན།། དམ་ཚིག་ཅན་ལ་ལོངས་སྤྱོད་སྤེལ།། ཞེས་དམ་ཚིག་ཆེན་པོ་ང་ཡིས་བཤད།། ཡིད་བཞིན་ནོར་བུའི་བུམ་ནང་དུ། ། ཨཱ་ལས་ཟླ་བའི་དཀྱིལ་འཁོར་ཁར།། ཧཱུཾ་ལས་དཔག་བསམ་ལྗོན་ཤིང་བསྐྱེད།། ཨཱཾ་ལས་ཡན་ལག་གྱེས་ཏེ།། ཕྱོགས་བཞི་མཚམས་བརྒྱད་དབུས་དང་དགུ། ཨོཾ་ལས་མེ་ཏོག་འཁྲུངས་ཏེ། ། འབྲས་བུ་ཕུན་སུམ་ཚོགས་པ་འབྱུང་ཞེས་བཤད།། དེ་ཡིས་དགོས་པ་ཐམས་ཅད་འགྲུབ་ཅེས་གསུངས། དམིགས་པའི་མན་ངག་གསུམ་ཞེས་དེ་ལ་བྱ། ཨོཾ་ནཱ་ག་རཱ་ཛ་ས་མ་ཡ་ཛ། ཞེས་བརྗོད་པས། ཡན་ལག་ཕྱོགས་མཚམས་བརྒྱད་དུ། པདྨའི་མེ་ཏོག་གཞལ་ཡས་སུ། དགེ་བསྙེན་ལས་ཀྱི་ཀླུ་ཆེན་བརྒྱད། གཙོ་ལ་འདུད་པའི་ཚུལ་དུ་བསྐྱེད།། དབུས་སུ་ཨོཾ་ལས་ཡེ་ཤེས་སེམས་དཔའི་ཀླུ།། སྦྲུལ་མགོ་དགུ་པ་རུ་བསྐྱེད། ཡན་ལག་གསུམ་ཞེས་དེ་ལ་སྨོས། དེ་ནས་བུམ་པ་བྱིན་བརླབས་ཏེ། ཨོཾ་ཨཱཿཧཱུཾ་ན་ག་ཡུ་ཡུ། ནཱ་ག་བུ་རུ་ཛྭ་ལ་ནི། ནཱ་ག་ས་མ་ཡ་སྭཱཧཱ། ཡི་གེ་རྩ་གཅིག་སྤྲུལ་པར་ཤར། ཞེས་དེ་ལ་བཤད་དེ། འཕྲོ་འདུའི་བྱིན་བརླབས་དེ་བཞིན་དམིགས། བདག་ཉིད་ཐུགས་ཀའི་ཧུཾ་ལས་འོད་ཟེར་འཕྲོས་པས། ཀླུའི་རྒྱལ་པོ་ཐུགས་ཀའི་དམ་ཚིག་ལས་ཀྱི་དགེ་བསྙེན་རྣམས་ཀྱི་ཐུགས་ཀར་འཕྲོས་པས། དེ་ནས་དམ་ཚིག་གི་ལས་ལ་བསྐུལ་ཏེ། འགྲོ་བ་སེམས་ཅན་གྱི་དོན་ལ་བཞེངས་ནས། ལོངས་སྤྱོད་ཀྱི་དམ་ཚིག་ལ་དགོངས་ནས། ཁམས་གསུམ་གྱི་སེམས་ཅན་ལོངས་སྤྱོད་ཕུན་སུམ་ཚོགས་པ་སྤྲུལ་ཏེ། འཇིག་རྟེན་གྱི་ཁམས་མ་ལུས་ཐམས་ཅད་དུ། རིན་པོ་ཆེའི་ལོངས་སྤྱོད་སྣ་ཚོགས་པ་དང། བཀྲ་ཤིས་ཀྱི་རྫས་སུ་འབུལ་ནས་གྱུར་ཏེ། འདོད་པ་ལྔའི་ལོངས་སྤྱོད་དུ་བྱིན་གྱིས་བརླབས་སོ།། དེ་ལྟར་ཕྱིའི་དབང་བསྐུར་ཏེ། བདག་དང་འཁོར་རྣམས་ཀུན་ལ་ལོངས་སྤྱོད་ཕུན་སུམ་ཚོགས་པར་དབང་བསྐུར་བྱིན་གྱིས་བརླབས། དེའི་ཡོན་ཏན་འབྲས་བུ་ནི། མི་ཟད་གཏེར་ལ་སྦྱོར། ཅེས་དམ་ཚིག་ཆེན་པོ་ང་ཡིས་བཤད། དེ་ནས་ནང་ལྟར་བྱིན་གྱིས་བརླབས་ལ། གསང་བའི་དབང་མཆོག་བསྐུར་བ་ནི། ། དམིགས་པ་གོང་དང་མཐུན་པར་བསྐྱེད།། བྱིན་གྱིས་བརླབས་པ་འདི་བཞིན་བཤད།། བདག་ཉིད་ཧཱུཾ་ལས་འོད་ཟེར་སྣ་ཚོགས་པ་འཕྲོས་པས། ཐུགས་ཀྱི་བཅུད་བསྡུས་འདོད་ཡོན་བདུད་རྩིར་སྤྲུལ་ཏེ་གྱུར། བྱང་ཆུབ་སེམས་ཀྱི་བདུད་རྩི་ཡིས།། ལས་ཀྱི་བུམ་པ་ལྟེམ་གྱིས་ཁེངས་པར་བསམ།། དེ་ནས་གསང་བའི་དབང་བསྐུར་ཏེ།། ལེགས་ཉེས་ཤིན་ཏུ་ཆེ་བ་ཡིན།། དེ་ཅིའི་ཕྱིར་ཞེ་ན། ཀླུ་ལ་གདུག་པའི་དུག་ཡོད་བའི་ཕྱིར། དཔེར་ན་སྨན་གྱི་རྒྱལ་པོ་ག་བུར་འདྲ། ལྟ་སྤྱོད་ལྡན་པས་དབང་བསྐུར་ན།། ཡིད་བཞིན་ཐུགས་སུ་ཆུད་པ་སྟེ།། བསམ་པ་ཐམས་ཅད་ཡིད་བཞིན་འགྲུབ་འགྱུར་ཞེས།། དམ་ཚིག་ཆེན་པོ་ང་ཡིས་བཤད། ། དེ་ཕྱིར་དམ་ཚིག་མེད་ཅིང་ལྟ་སྒོམ་སེམས་ཀྱིས་མ་འཆུན་ན།། མི་བདེ་སྡུག་བསྔལ་སྣ་ཚོགས་འབྱུང།། གདུག་པ་ཀླུའི་འཛིན་བྱེད་བསམ་ངན་གྱི་ནད་ཀྱིས་རྒྱུད་རྐྱེན་རྣམས་ཅིར་ཀྱང་འབྱུང་ཞེས་ངག་གདུག་པ་འཛིན་བྱེད་ཀྱིས་བཤད་དོ། ། དེ་ཕྱིར་དམ་ཚིག་གཙོ་རུ་བླངས།། མཆོག་ཏུ་རྡོ་རྗེ་འཛིན་པ་སྒོམ།། དང་དུ་བསྙེན་པ་བསྒྲུབ་པ་བརྙེས།། བསྲུང་བའི་སྔགས་ལ་ནན་ཏན་བསྐྱེད།། ཀླུ་གདུག་སྦྱང་བ་ཤིན་ཏུ་གཅེས།། དེ་ཉིད་དེ་ཕྱིར་བཤད་པར་བྱ། ། དྲག་སྔགས་ལས་ཀྱི་སྦྱོར་བ་བཤད།། ཨོཾ་པ་ཏི་རཾ་ས་ཧ། ཨོཾ་སྣ་ཀུ་ལ་སྭཱཧཱ། ཨོཾ་ནཱ་ག་ལེ་ས་ཧ། དེ་ནི་ཀླུ་ཡི་དུག་སྦྱངས་ཏེ། ཁྲག་རྒྱས་སྔགས་ཀྱི་ཤི་ས་བསྟན།། སྐབས་སུ་བསྲུང་བའི་སྔགས་འདི་བཟླས། ། ཨོཾ་པྲ་ཏི་པུ་ཙ་ག་བཛྲ་དུན་ཏིང་མི་ལི་མི་ལི་ཧཱུཾ་ཕཊ། རྡོ་རྗེ་ཕྱག་རྒྱའི་དྲག་སྔགས་ཏེ།། རང་ལུས་རྡོ་རྗེར་བྱིན་གྱིས་བརླབས།། ཅིས་ཀྱང་མི་ཚུགས་རྡོ་རྗེའི་ཆེ་བ་སྐྱེད།། ཅེས་གསུངས་སོ།། དེ་ནས་དབང་བསྐུར་རིམ་པ་སྟེ། ། དམ་ཚིག་རྒྱུད་ནས་ཤེས་པར་གྱིས།། ལོངས་སྤྱོད་དབང་ནི་བཀྲ་ཤིས་ཏེ།། དམ་ཚིག་ཅན་གྱི་རྟག་ཏུ་བསྐུར། ཁྱད་པར་དབང་ཐོབ་ལྷའི་རྒྱལ་པོར་འགྱུར།། ལོངས་སྤྱོད་ཀུན་ལ་སྨོས་ཅི་འཚལ། ། དམ་ཚིག་ཆེན་པོ་ང་ཡིས་བཤད།། སྡུག་བསྔལ་ནད་ཀྱིས་ཟིན་བའི་གང་ཟག་ལ།། ནད་ཀྱི་བདུད་རྩི་གསང་བའི་དབང་བསྐུར་ན།། ཤིན་ཏུ་སྡུག་བསྔལ་དེ་ལ་ཤིས་པ་ཡིན།། དཔེར་ན་ཁྱེ་ཀུས་ཁྱེ་ཀུ་འབྱིན་པ་འདྲ། དབང་བསྐུར་ལན་གསུམ་བྱས་ན། མཛེ་ནད་བཅོ་བརྒྱད་ཞི་བར་ངེས། དེས་ན་བདུད་རྩི་བྱང་ཆུབ་སེམས་ཀྱི་དབང།། བྱིན་རླབས་ཞུགས་པའི་བླ་མ་ཡིས།། རང་ལ་རང་ཉིད་དབང་བསྐུར་ན།། ཡིད་བཞིན་ནོར་བུ་འཆང་བ་ཡིན། ། དགོས་འདོད་ཐམས་ཅད་དེ་ལ་འབྱུང།། ཞེས་དམ་ཚིག་ཆེན་པོ་ང་ཡིས་བཤད།། དབང་བསྐུར་རྒྱལ་པོ་གསལ་བྱེད་སྒྲོན་མ་འདི་མེད་ན།། བྱིན་བརླབས་དབང་བསྐུར་བྱེད་པ་རྣམས།། ཆུ་ལ་མར་གྱི་སྙིང་པོ་འདོན་པ་འདྲ། ། བསྐལ་པ་བསྒྲུབས་ཀྱང་དོན་མི་འབྱུང་ཞེས་བཤད།། དབང་བསྐུར་གསལ་བྱེད་ཀྱི་ལེའུ་སྟེ་ཉེར་བཞི་པའོ།།།། དེ་ནས་དེ་ཉིད་བཤད་པའི་ཕྱིར།། འཕྲིན་ལས་རིམ་པ་མདོར་བསྡུས་ཏེ། ། གསང་སྔགས་རིག་པའི་སྒྲོན་མ་བཤད།། དང་པོ་བུམ་པའི་དབང་བསྐུར་བྱིན་གྱིས་བརླབ།། ཕྱི་ནང་གསང་བ་གསུམ་དུ་བྱིན་གྱིས་བརླབ།། དེ་ནས་རིམ་པ་བཤད་པ་ནི།། དང་པོ་རང་ལ་དབང་བསྐུར་བྱིན་གྱིས་བརླབ། ། དེ་ནས་བུམ་པ་བྱིན་གྱིས་བརླབ་སྟེ།། དེ་ནས་སློབ་མ་བྱིན་གྱིས་བརླབ་སྟེ།། དང་པོ་སློབ་མ་ཁྲུས་བྱས་ཏེ།། བར་ཆོད་བསལ་ཞིང་ཁྲུས་ཀྱི་ལས་རྣམས་རྫོགས་པར་བྱ།། གཙང་བའི་གོས་གོན་པདྨའི་ཁར་བཞག་སྟེ། དབང་བསྐུར་རིམ་པ་འདི་བཞིན་ནོ།། དབུས་ཀྱི་བུམ་པ་བླངས་སྤྱི་བོར་བཞག་ལ་འདི་སྐད་བརྗོད། ཧཱུཾ། ནམ་མཁའི་སྙིང་པོ་རྡོ་རྗེ་འཛིན།། རྡོ་རྗེ་རིགས་འཛིན་བུམ་པའི་ལྷ།། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་དུ། ། སྐལ་ལྡན་རིགས་ཀྱི་བུ་འདི་ལ།། རྡོ་རྗེ་དབྱིངས་ནས་དབང་བསྐུར་བྱིན་གྱིས་རློབས།། རྡོ་རྗེའི་སྙིང་པོ་རྡོ་རྗེ་འཆང།། རྡོ་རྗེ་འཆང་བ་བུམ་པའི་ལྷ།། རྡོ་རྗེ་གསང་བའི་དཀྱིལ་འཁོར་དུ།། སྐལ་ལྡན་རིགས་ཀྱི་བུ་འདི་ལ། ། རྡོ་རྗེ་གསང་བའི་དབང་བསྐུར་བྱིན་གྱིས་རློབས། ཧཱུཾ། རྡོ་རྗེ་འཆང་བ་རྡོ་རྗེ་རྒྱལ།། རྡོ་རྗེ་རྒྱལ་བ་བུམ་པའི་ལྷ།། བུདྡྷ་རིགས་ཀྱི་དཀྱིལ་འཁོར་དུ།། སྐལ་ལྡན་འདི་ལ་རྡོ་རྗེ་སེམས་དཔའི་དབང་བསྐུར་བྱིན་གྱིས་རློབས། ཧཱུཾ། རྡོ་རྗེ་འཛིན་བྱེད་རྡོ་རྗེའི་སྐུ།། རྡོ་རྗེ་ཁྲོ་རྒྱལ་བུམ་པའི་ལྷ།། རིན་ཆེན་འབྱུང་ལྡན་དཀྱིལ་འཁོར་དུ།། གདུག་པ་འདུལ་ཕྱིར་སྐལ་ལྡན་འདྲེ། ཧཱུཾ། རྡོ་རྗེ་འབར་བ་རྡོ་རྗེའི་ཐུགས།། རྡོ་རྗེ་འབར་བ་བུམ་པའི་ལྷའི། ། སྣང་བ་མཐའ་ཡས་དཀྱིལ་འཁོར་དུ།། གདུག་པ་དབང་དུ་སྡུད་པའི་ཕྱིར།། སྐལ་ལྡན་འདྲེ། རྡོ་རྗེ་གསུང་མཆོག་དྲག་པོའི་སྐད།། རྡོ་རྗེ་དྲག་པོ་བུམ་པའི་ལྷའི།། དོན་ཡོད་གྲུབ་པའི་དཀྱིལ་འཁོར་དུ། ། གདུག་པ་ཟིལ་གྱིས་མནན་པའི་ཕྱིར།། སྐལ་ལྡན་འདྲེ། ཨོཾ་བཛྲ་མུ་དྲ་ཨ་བྷི་ཥིཉྩ་ཧཱུཾ། ཨོཾ་བུདྡྷ་མུ་དྲ་ཨ་བྷི་ཥིཉྩ་ཧཱུཾ། ཨོཾ་རཏྣ་མུ་དྲ་ཨ་བྷི་ཥིཉྩ་ཏྲཾ། ཨོཾ་པདྨ་མུ་དྲ་ཨ་བྷི་ཥིཉྩ་ཧྲི། ཨོཾ་ཀརྨ་མུ་དྲ་ཨ་བྷི་ཥིཉྩ་ཨ། དེ་བཞིན་དུ་དབང་རྣམས་རིམ་པས་བསྐུར་བར་བྱའོ། ། དེ་ནས་དེ་ཉིད་བྱིན་གྱིས་བརླབ་པའི་ཕྱིར།། རིག་པ་བྱིན་གྱིས་བརླབ་པའི་སྒྲོན་མ་བཤད།། དབུས་ཀྱི་གཙོ་བོ་ཡབ་ཡུམ་གྱི་སྦྱོར་མཚམས་ནས། བདུད་རྩི་བྱང་ཆུབ་སེམས་ཀྱི་འོད་ཟེར་སྐལ་ལྡན་དེའི་སྤྱི་གཙུག་ཏུ་ཐིམ་པས། ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས།། ཐུལ་གྱིས་བསྲེགས་སྦྱངས་ཏེ།། མི་དམིགས་པ་ལས་ཡབ་ཀྱི་ཧཱུཾ་ཞེས་བརྗོད་པས། ཁོའི་རིག་པ་ཧཱུཾ་དུ་བསྡུས་ཏེ། བདག་ཅག་ཡབ་ཀྱི་ཐུགས་ཁ་ནས། ཧཱུཾ་མཐིང་ནག་འདུས་པར་བསམ་སྟེ། དེ་ནས་ཧཱུཾ་ལས་དུ་མང་པོ་ཡར་དྲངས་ཏེ། མགྲིན་པའི་ཡི་གེ་ཨོཾ་ལ་ཐིམ་པར་བསམ།། ཧཱུཾ་འདི་ན་ཨཱ་དམར་མར་གྱུར་ཏེ། སྒལ་ཚིགས་ཀྱི་རྟ་བརྒྱུད་དེ། གསང་བ་རྡོ་རྗེའི་ལམ་དུ་བྱུང། སེམས་སུ་གྱུར་ནས་ཡུམ་གྱི་མཁའ་ལ་ཐིམ་པས། བྱང་ཆུབ་སེམས་སུ་ལྟོར་འོད་དུ་འཁྱིལ་ཏེ། སླར་བྱུང་ནས་ཧཱུཾ་བཞི་པོ་ལ་ཐིམ་པས་ལུས་ཞུ་སྟེ། ཨོཾ་བཛྲ་ག་རུ་ཙ་ལེ་ཙ་ལེ་ཧཱུཾ་ཕཊ། ཅེས་བརྗོད་པས། རྡོ་རྗེ་རིགས་ཀྱི་ཁྱུང་དུ་བྱིན་གྱིས་བརླབས་སོ།། དེ་ནས་བུདྡྷ་རིགས་ཀྱི་བུམ་པ་བླང་སྟེ། སྤྱི་བོར་བཞག་སྟེ་གོང་བཞིན་དུ་བརྗོད་དོ།། ཏིང་ངེ་འཛིན་གྱི་ཡབ་ཡུམ་རྣམས་ཀྱི་སྦྱོར་འཚམས་ནས། གོང་བཞིན་དུ་འོད་འཕྲོས་པས། བསྲེགས་སྦྱངས་ནས་མི་དམིགས་པ་ལ། ཡབ་ཀྱིས་ཨོཾ་ཞེས་བརྗོད་པས། ཁོའི་རིགས་པ་ཨོཾ་དུ་འདུས་ཏེ། ཡབ་ཀྱི་ཐུགས་ཁའི་ཧཱུཾ་ལས་འུབ་ཀྱིས་འདུས་པར་བསམ་མོ།། དེ་ནས་གོང་བཞིན་དུ་བརྒྱུད་དེ། ཡུམ་གྱི་མཁའ་ལ་ཐིམ་པས། བྱང་ཆུབ་ཀྱི་སེམས་ཡུམ་ལྟོར་འོད་དུ་ཐིག་ལེར་འདྲིལ་ཏེ་སླར་ཕྱུང་སྟེ། ཨོཾ་དུ་གྱུར་ཏེ་བཞི་པོ་ལ་ཐིམ་པས་འོད་དུ་ལྟེམ་གྱིས་ཞུ་སྟེ། ཨོཾ་བུདྡྷ་ག་རུ་ཌ་ན་ཞེས་བུདྡྷ་རིགས་སུ་བྱིན་གྱིས་བརླབ་བོ། ། ཕྱོགས་གསུམ་དེས་འདྲེ་སྟེ་ཤེས་པར་བྱའོ།། དེ་ནས་གཞན་ཡང་རྫོགས་པར་བསྐུར་རོ།། རིམ་པ་ལས་ཀྱི་ལེའུ་སྟེ་ཉེར་ལྔ་པའོ།།།། དེ་ནས་ཡང་ཀླུའི་རྒྱལ་པོ་ཡིད་བཞིན་གྱི་ལོངས་སྤྱོད་ཀྱི་མཆོད་པ་སྣ་ཚོགས་པ་ཕུལ་ནས་ཞུས་པ། ཨེ་མ་ཧོ། ངོ་མཚར་སྙིང་པོའི་དོན་སྤྱད་པས།། ལྟ་སྤྱོད་ཀློང་དུ་གྱུར་པ། བདེ་གཤེགས་རྒྱལ་བ་ཀུན་གྱི་ཐུགས།། རང་བཞིན་རྣམ་དག་ཆོས་དབྱིངས་ནམ་མཁའ་ཆེ།། གཟུགས་སྐུར་སྤྲུལ་ནས་འགྲོ་བའི་དོན་བྱེད་པ། ། དབང་རྣམས་རྫོགས་པས་ཀླུ་རྒྱལ་ཆོས་ཀྱི་རྗེ།། བདག་ཅག་འགྲོ་བའི་དོན་བགྱིད་པས།། ལས་ཀྱི་རྒྱལ་པོ་བསྒྲུབ་བའི་ཕྱིར།། ཚོགས་ལམ་སྦྱོར་ལམ་སྒོམ་ལམ་རྣམས།། ལྟ་སྤྱོད་གཉིས་མེད་བཤད་དུ་གསོལ། ། ཅེས་ཞུས་པས། ཀླུའི་རྒྱལ་པོས་བཀའ་སྩལ་པ། བྱང་ཆུབ་སེམས་དཔའི་དགེ་འདུན་རྣམས།། བདག་གི་ལྟ་སྤྱོད་དམ་པ་འདི།། ལས་ཀྱི་རྒྱལ་པོ་བསྒྲུབ་ཕྱིར་བཤད།། འཁོར་རྣམས་བདག་གི་བཀའ་ལ་བཏུད། ། རྩ་བ་བྱང་ཆུབ་སེམས་ཀྱི་འཕྲིན་ལས་ཐམས་ཅད།། གསང་སྔགས་མདོར་བསྡུས་ཏེ།། སྐུ་གསུང་ཐུགས་ཀྱི་གསལ་བྱེད་སྒྲོན་མར་བཤད་པ་འདི་བཞིན་ནོ།། རང་སེམས་གསལ་བས་ཀུན་ཏུ་དམིགས། ། ཡེ་ཤེས་སྙིང་པོའི་ངོ་བོ་འདི་སྐད་བརྗོད། ཧཱུཾ། ནམ་མཁའི་སྙིང་པོ་རྡོ་རྗེ་འཛིན།། རྡོ་རྗེ་ཆོས་ཉིད་ཆོས་སྐུ་ཆེ།། རྡོ་རྗེ་སྙིང་པོས་རྡོ་རྗེ་འཆང།། རྡོ་རྗེ་སྙིང་པོ་རིག་པ་སེམས་དཔའ་སེམས་དཔའ་ཆེ།། རྡོ་རྗེ་སྙིང་པོ་འཆང་ལ་རྡོ་རྗེ་རྒྱལ་ཞེས་སངས་རྒྱས་རྡོ་རྗེ་སེམས་དཔས་གསུངས། ། རྡོ་རྗེ་ཡེ་ཤེས་སངས་རྒྱས་ཆེ་ཞེས།། ཆོས་ཉིད་རང་བྱུང་རྒྱལ་པོས་གསུངས།། རྡོ་རྗེ་འཇིགས་བྱེད་རྡོ་རྗེ་སྐུར་སྤྲུལ་པ།། རྡོ་རྗེ་ཁྲོ་བོ་ཁྲོ་བོ་ཆེ། ། རྡོ་རྗེ་འབར་བའི་ཐུགས་སྤྲུལ་པ།། རྡོ་རྗེ་འབར་བ་འབར་བ་ཆེ།། རྡོ་རྗེ་གསུང་མཆོག་རབ་སྒྲོགས་པ།། རྡོ་རྗེ་དྲག་པོ་དྲག་ཤུལ་ཆེ།། ཡེ་ཤེས་སྙིང་པོ་རང་བྱུང་ཁྲོ་བོའི་རྒྱལ་པོས་གསུངས།། རྡོ་རྗེ་ལུས་ལ་རྡོ་རྗེས་བརྒྱན། ། རྡོ་རྗེ་འཇིགས་པ་འཇིགས་པ་ཆེ།། རྡོ་རྗེའི་བ་སྤུ་ཉག་རེ་ནས།། རྡོ་རྗེ་ཁྲོ་བོ་ཆུང་འབུལ་ཕྲག་སྟོང་དུ་སྤྲུལ།། རྡོ་རྗེ་གཟི་བརྗིད་གཟི་བརྗིད་ཆེ།། ཞེས་རྡོ་རྗེ་ཀུན་ཏུ་འཇིགས་པས་གསུངས།། དེ་ལྟར་རང་སེམས་གསལ་དམིགས་ན། ། དུས་གསུམ་སངས་རྒྱས་ཐམས་ཅད་བདག་ལ་འདུད།། ཅེས་གསང་བདག་ཕྱག་ན་རྡོ་རྗེས་གསུངས།། རྡོ་རྗེའི་གཤོག་པས་ནམ་མཁའ་གཅོད་ཅེས་པ་ནས།། རྡོ་རྗེ་འཇོམས་པ་འཇོམས་པ་ཆེ། ། ཞེས་པ་ནི་ཀླུའི་རྒྱལ་པོས་བསྟོད་པའོ།། དེ་ལྟར་ཡོན་ཏན་བསྟོད་པ་ན།། བསྐལ་པ་འབུམ་གྱི་སྡིག་སྒྲིབ་སྦྱང།། ཞེས་ཐུགས་རྗེ་ཆེན་པོས་བཤད།། དེ་ནས་ཡང་དག་བཤད་བྱ་བ།། ལས་ཀྱི་རྒྱལ་པོ་བསྒྲུབ་པའི་ཕྱིར། ། རྩ་བ་ལས་ཀྱི་སྒྲོན་མ་འདི་གསུངས་སོ།། ནམ་མཁའ་གཞི་ལ་སྙིང་པོ་ལམ།། རྡོ་རྗེ་སྙིང་པོ་འབྲས་བུར་བཤད།། འཛིན་པ་ལས་ཀྱི་རྒྱལ་པོར་གསུངས།། རྡོ་རྗེ་སྐུ་ལ་སྙིང་པོ་ཐུགས།། རྡོ་རྗེ་འཆང་བ་གསང་སྔགས་ཀུན་གྱི་བདག་པོར་བཤད། ། རྡོ་རྗེ་རྒྱལ་བ་སྙིང་པོ་རང་བྱུང་ཡེ་ཤེས་སོ།། དེ་བཞིན་རྟོགས་པའི་རྣལ་འབྱོར་པས།། རྩ་བ་བྱང་ཆུབ་སེམས་སུ་བསྒྲུབ་ཅེས་དམ་ཚིག་ཆེན་པོ་ང་ཡིས་བཤད།། དེ་ནས་དེ་ཉིད་ཡང་དག་བཤད་བྱ་བ། ། རྒྱུ་འབྲས་ཉིད་ཀྱི་དོན་བཤད་པ།། ནམ་མཁའ་རྒྱུ་ལ་སྙིང་པོ་རྡོ་རྗེ་སངས་རྒྱས་ཀུན་གྱི་འབྲས་བུར་གསུངས།། རྡོ་རྗེ་འཆང་བ་སྙིང་པོ་བྱང་ཆུབ་སེམས་སུ་བཤད།། དེ་བཞིན་དོན་ལྡན་རྣལ་འབྱོར་བས། མ་བགྲོད་ཤུགས་ཀྱིས་ས་རྣམས་ནོན།། བྱ་བ་མེད་པ་རྣལ་འབྱོར་ཆེ།། ཀུན་ཏུ་ཆུབ་པས་རྣམ་པར་རོལ།། གཉིས་སུ་མེད་བས་བདག་ཉིད་མཆོག་དང་ལྡན།། ཞེས་གསུངས་སོ།། མཆོག་དང་ལྡན་པས་རྣལ་འབྱོར་པས། ། ནམ་མཁའ་སྐྱེ་མེད་ཆོས་ཉིད་དེ་བཞིན་ཉིད་དུ་སྒོམ།། སྙིང་པོ་ཐུགས་རྗེ་ཀུན་ཏུ་སྒོམ།། གསལ་ལ་རྟོག་པ་མེད་པར་སྒོམ།། རྡོ་རྗེ་སྙིང་པོ་རང་བྱུང་འདུས་མ་བྱས།། རྒྱུ་ཉིད་རྡོ་རྗེ་རྐྱེན་དང་འདྲ།། ཞེས་གསུངས། རྒྱུ་ཉིད་སྙིང་པོ་མཐིང་ནག་ཧཱུཾ་དུ་ཤར།། ཞེས་རང་བྱུང་རྡོ་རྗེ་སྙིང་པོས་གསུངས།། རིག་པ་བྱང་ཆུབ་སེམས་ཀྱི་ཟེར།། ཕྱོགས་སུ་འཕྲོ་ཞིང་ཀུན་ཏུ་སྡུད་ཅེས་དཔལ་ཀུན་ཏུ་བཟང་པོས་བཤད།། ཡེ་ཤེས་སྙིང་པོ་ཧཱུཾ་གི་འོད་ཟེར་ལས། ། རཾ་ཡཾ་ཁཾ་ཀྱིས་བསྲེགས་སྦྱངས་ཏེ།། མེ་ཡི་དཀྱིལ་འཁོར་གྲུ་གསུམ་སྟེ།། རླུང་གི་དཀྱིལ་འཁོར་ཟླ་གམ་ཡིན།། ཆུ་ཡི་དཀྱིལ་འཁོར་ཟླུམ་པོར་ཆགས།། ཡི་གེ་ལམ་ནི་འཕྲོ་འདུ་ལས།། དེ་སྟེངས་རི་རབ་མཆོད་རྟེན་ལས། ། རིན་ཆེན་ལྔ་རྒྱུ་ལས་གྲུབ་སྟེ།། བུམ་པ་ཡིད་བཞིན་ཤིང་དང་འཁོར་ལོས་བརྒྱན།། ལོངས་སྤྱོད་ཕུན་སུམ་ཚོགས་པར་འོང།། ཞེས་དམ་ཚིག་ཆེན་པོ་ང་ཡིས་བཤད། ཁ་དོག་གླིང་དང་མུ་ཁྱུད་རྣམས། ། ཆོས་གཞུང་སྤྱི་དང་མཐུན་པར་བསམ།། མཆོད་རྟེན་བུམ་པའི་ཁོང་སེང་དུ།། ཡི་གེ་འབུམ་གྱི་འཕྲོ་འདུ་ལས།། རིན་ཆེན་འབར་བའི་གཞལ་ཡས་ཁང།། གསེར་གྱི་འཁོར་ལོ་རྩིབས་བརྒྱད་ཟངས་ཀྱི་མུ་ཁྱུད་ཅན། ། རིན་ཆེན་མུ་ཁྱུད་བཞིའི་གྲུ་ཆད་ལྡན།། སྒོ་རྣམས་སྒོ་བཞི་སྒོ་རྐང་བུམ་པ་རྟ་བབས་བུམ་པ་རིགས།། རིན་པོ་ཆེས་བརྒྱན་པ་སྟེ།། རྒྱ་ཁྱོན་ཡིད་ཀྱིས་འཁྱུད་ཚད་དོ།། དེ་ནས་ཡང་དག་བཤད་བྱ་བ། ། རྩལ་ཆེན་སེང་གེ་གསལ་བའི་ཁྲི་སྟེངས་སུ།། བཛྲ་ཨརྱ་ཙཎྜ་མཎྜལ། བཛྲ་སཱུརྱ་ཙཎྜ་མཎྜལ། བཛྲ་པདྨ་མཎྜལ་ཧཱུཾ་ཞེས་བརྗོད་པས། རྡོ་རྗེ་སྙིང་པོ་བཞུགས་པར་བསམ།། བྱང་ཆུབ་སེམས་ཀྱི་འོད་ཟེར་འཕྲོ་འདུ་ཡིས། ། ལས་གཉིས་རྫོགས་ཏེ་འོད་དུ་ཞུ་བ་ལས། ཨོཾ་བཛྲ་ག་རུ་ཌ་ཙ་ལེ་ཙ་ལ་ཧཱུཾ་ཞེས་བརྗོད་པས། བདག་ཉིད་འཇིགས་བྱེད་རྡོ་རྗེ་ག་རུ་ཌ། འཁོར་དང་བཅས་པར་གསལ་བསྐྱེད་དེ། འདི་སྐད་བརྗོད་དེ་གསལ་བར་དམིགས། ། རྡོ་རྗེ་སྙིང་པོ་རྡོ་རྗེ་འཛིན།། རྡོ་རྗེ་སྙིང་པོ་རྡོ་རྗེ་འཆང།། རྡོ་རྗེ་སྙིང་པོ་རྡོ་རྗེ་རྒྱལ།། རྡོ་རྗེ་སྙིང་པོ་འཇིགས་བྱེད་རང་བྱུང་ཁྲོ་བོའི་སྐུ་ཞེས་བརྗོད་དེ། བདག་ཉིད་ཆེན་པོར་རབ་དམིགས་སོ།། དེ་ནས་རང་བྱུང་ཡེ་ཤེས་ཀྱི་སྐུ་ལ་འདི་སྐད་ཅེས་བརྗོད་དོ། ། ཧཱུཾ། ནམ་མཁའི་སྙིང་པོ་རྡོ་རྗེ་འཛིན།། ཆོས་སྐུ་སྐྱེ་མེད་ཐུགས་སུ་ཆུད་པའི་རྟགས།། གཉིས་མེད་ཆོས་ཀྱི་སྐུ་ལ་ཕྱག་འཚལ་བསྟོད།། ཧཱུཾ། རྡོ་རྗེ་སྙིང་པོས་རྡོ་རྗེ་འཆང།། ཡེ་ཤེས་སྙིང་པོ་འདུ་འབྲལ་མེད་བའི་རྟགས། ། མི་འགྱུར་གཡུ་རུང་འཁྱིལ་པ་ཕྱག་འཚལ་བསྟོད།། རྡོ་རྗེ་སྙིང་པོ་འཆང་བས་རྡོ་རྗེ་རྒྱལ།། ངན་སོང་གནས་ནས་ཐར་བ་ཐོབ་པའི་རྟགས།། རྡོ་རྗེ་སངས་རྒྱས་བདེ་གཤེགས་སྐུ་ལ་ཕྱག་འཚལ་བསྟོད། ། རྡོ་རྗེ་འཇིགས་བྱེད་རྡོ་རྗེ་སྐུ།། དུག་གསུམ་རྩད་ནས་ཆོད་པའི་རྟགས་དང་ལྡན།། རྡོ་རྗེ་འཇིགས་བྱེད་ཁྲོ་རྒྱལ་ཆེན་པོའི་སྐུ་ལ་ཕྱག་འཚལ་བསྟོད།། རྡོ་རྗེ་འབར་བ་རྡོ་རྗེ་ཐུགས།། དུག་ལྔ་བསྲེགས་པའི་རྟགས་དང་ལྡན། ། རྡོ་རྗེ་བདུད་འཇོམས་འབར་བའི་སྐུ་ལ་ཕྱག་འཚལ་བསྟོད།། རྡོ་རྗེའི་གསུང་མཆོག་དྲག་པོའི་གསུང།། སྣང་སྲིད་ཟིལ་གྱིས་གནོན་པའི་རྟགས་དང་ལྡན།། རྡོ་རྗེ་དྲག་པོའི་སྐུ་ལ་ཕྱག་འཚལ་བསྟོད། ། རྡོ་རྗེ་སྐུ་ལ་རྡོ་རྗེས་རབ་བརྒྱན་པ།། རྡོ་རྗེའི་སྐུ་ལ་བཅད་དུ་མེད་པའི་རྟགས་དང་ལྡན།། རྡོ་རྗེ་བསམ་གཏན་སྐུ་ལ་ཕྱག་འཚལ་བསྟོད།། རྡོ་རྗེ་བ་སྤུ་ཉག་རེ་ནས། ཁྲོ་ཆུང་འབུམ་ཕྲག་སྟོང་དུ་འགྱེད་པ་ནི། ། གདོན་བགེགས་འབྱུང་པོ་སྒྲོལ་བའི་རྟགས་དང་ལྡན།། རྡོ་རྗེ་གཟི་བརྗིད་ཆེན་པོའི་སྐུ་ལ་ཕྱག་འཚལ་བསྟོད།། རྡོ་རྗེ་གཤོག་པས་ནམ་མཁའ་ཁྱབ་པར་གཅོད་པ་ནི།། གདུག་པ་ཟིལ་གྱིས་གནོན་པའི་རྟགས་དང་ལྡན། ། རྡོ་རྗེ་མཁའ་ལྡིང་ཆེན་པོའི་སྐུ་ལ་ཕྱག་འཚལ་བསྟོད།། རྡོ་རྗེའི་ལྕགས་སྡེར་བཅུ་པ་ཡིས།། རྒྱ་མཚོའི་གཏིང་ནས་གདུག་པ་འཛིན་པའི་རྟགས་དང་ལྡན།། རྡོ་རྗེ་རི་འབེབས་རྡོ་རྗེའི་སྐུ།། རྡོ་རྗེའི་ལྕགས་མཆུ་ཆེན་པོ་རྔམས་པ་ཡིས། ། གདུག་པའི་ཀླུ་ནམས་འདུལ་བའི་རྟགས་དང་ལྡན།། རྡོ་རྗེ་གླུ་འདུལ་སྐུ་ལ་ཕྱག་འཚལ་བསྟོད།། རྡོ་རྗེའི་མཆེ་བ་སྤུ་གྲི་གཙིགས་པ་ནི།། གདུག་པ་རྩད་ནས་གཅོད་པའི་རྟགས་དང་ལྡན།། རྡོ་རྗེ་ཀླུ་གྲོལ་སྐུ་ལ་ཕྱག་འཚལ་བསྟོད། ། རྡོ་རྗེ་སྤྱན་མིག་མེ་དཔུང་འབར་བ་ནི།། གདུག་པའི་ཆེ་བ་འཇོམས་པའི་རྟགས་དང་ལྡན།། རྡོ་རྗེ་དུག་སེལ་སྐུ་ལ་ཕྱག་འཚལ་བསྟོད།། རྡོ་རྗེའི་རྭ་གཉིས་དབྱིངས་སུ་གསོར་བ་ནི། ། ཆོས་ཉིད་ཡུམ་དང་དབྱིངས་སུ་སྦྱོར་བའི་རྟགས།། རྡོ་རྗེ་ཐབས་མཆོག་སྐུ་ལ་ཕྱག་འཚལ་བསྟོད།། རྡོ་རྗེའི་ནོར་བུ་གཙུག་ན་བརྒྱན་པ་ནི།། འགྲོ་བ་ཡོངས་ཀྱི་སྡུག་བསྔལ་སེལ་བའི་རྟགས་དང་ལྡན།། རྡོ་རྗེ་བྱད་བཀྲོལ་སྐུ་ལ་ཕྱག་འཚལ་བསྟོད། ། རྡོ་རྗེ་སྙིང་པོ་མེ་དཔུང་འབར་བ་ནི།། བདུན་རྣམས་འཇོམས་པའི་རྟགས་དང་ལྡན།། རྡོ་རྗེ་ཀླུ་འཇོམས་འབར་བའི་སྐུ་ལ་ཕྱག་འཚལ་བསྟོད།། དེ་ལྟར་དོན་དང་ལྡན་པར་བསྟོད་པ་ནི། ། བྱང་ཆུབ་ས་ཐོབ་པར་ང་ཡིས་བཤད།། གདུག་པ་ཀླུའི་སྙིང་ཁྲག་འཇོམས་ཞེས་ང་ཡིས་བཤད།། བྱང་ཆུབ་ཀྱི་མེ་ལོང་སྟེ། ལྟ་བྱེད་རིག་པའི་རྒྱལ་པོའོ།། རྩ་བ་སྐུ་གསུང་ཐུགས་ཀྱི་སྒྲོན་མ། གསང་སྔགས་སྙིང་པོ་མདོར་བསྡུས་ཀྱི་ལེའུ་སྟེ་ཉེར་དྲུག་པའོ། །།། དེ་ནས་ཡང་དག་བཤད་བྱ་བ།། ལས་ཀྱི་རྒྱལ་པོ་སྒྲུབ་པའི་ཕྱིར།། གསང་སྔགས་ཀུན་གྱི་ཡང་མཛོད།། རིག་པ་གསལ་བྱེད་སྒྲོན་མ་བཤད།། རྒྱུ་འབྲས་རིག་པའི་རྣལ་འབྱོར་པས། ། བདག་ཉིད་ཆེན་པོར་རབ་དམིགས་ཏེ།། ཚོགས་བསགས་ལས་རིགས་སྐབས་འདི་གཞུག། ཡེ་ཤེས་བྱང་ཁྱུང་འཁོར་བཅས་ལ།། མཆོད་བསྟོད་འཕྲིན་ལས་རྫོགས་པ་དང།། ཡེ་ཤེས་གསང་བྱེད་འདི་བཞིན་སྒོམ། ། ཡང་དག་ཉིད་དུ་རང་དབང་བསྐུར།། བདག་ཉིད་ཆེན་པོར་བསྐྱེད་པ་ཡི།། སྤྱི་བོར་ས་ལས་བདག་པོ་བཞི།། རིགས་བཞི་དག་ཏུ་བསྐྱེད་པར་བྱ།། རྡོ་རྗེ་སྦུ་གུ་མ་བསམས་ཏེ།། རིག་བའི་རྒྱལ་མོས་དབང་བསྐུར་བྱ། ། མགྲིན་པར་ཡ་ལས་ར་ཧུ་ལ།། ཀླུ་བདུད་དྲེགས་པ་ཆེན་པོར་བསྒོམ།། ཐུགས་མཆོག་རྡོ་རྗེའི་མེ་དཔུང་དུ།། གཞལ་ཡས་ཁང་དུ་བྱིན་གྱིས་བརླབས།། ཉི་ཟླ་པདྨའི་གེ་སར་ལ།། ཧཱ་སྙིང་པོ་མཐིང་ནག་ཧཱུཾ་ཅིག་བསམ། ། བྱང་ཆུབ་སེམས་ཀྱི་འོད་ཟེར་འཕྲོ་འདུ་ལས།། ཐུགས་དམ་རྒྱུད་བསྐུལ་འགྲོ་བའི་བསྙེན་བསྐུར་ལས།། ཚུར་འདུས་འོད་དུ་ཞུ་བ་ལས།། ཕྱག་མཚན་རྡོ་རྗེར་གྱུར།། དེ་ཉིད་གོང་བཞིན་འོད་དུ་ཞུ་བ་ལས། ། ཨོཾ་བཛྲ་ཀྲོདྷ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ། ཅེས་བརྗོད་པས། རྡོ་རྗེའི་སྙིང་པོ་རྡོ་རྗེ་འཆང་བ་བསྐྱེད་དེ། སྐུ་མདོག་འགྱུར་བ་མེད་པའི་རྟགས་སུ་མཐིང་ནག། དོན་ཅིག་གིས་ཐབས་ཅིར་ཡང་མཛད་པའི་རྟགས་སུ། ཞལ་གཅིག་ཕྱག་གཉིས་པ། ཡེ་ཤེས་ཁྲོ་བོས་གང་ཀྱང་འདུལ་བའི་རྟགས་སུ། གཡོན་པ་སྡིགས་མཛུབ་ཐུགས་ཀར་འཛིན་པ། ཁམས་གསུམ་དབང་དུ་འདུས་པའི་རྟགས་སུ། དབུ་སྐྲ་ཁམ་ནག་གྱེན་དུ་བརྫཻས་པ། གདུག་པ་ཐམས་ཅད་ཟིལ་གྱིས་གནོན་པའི་རྟགས་སུ། སྤྱན་གསུམ་སྡང་མིག་ཁྲོ་གཉེར་སྡང་མིག་བཟློག་ནས་ལྟ་བ། གདུག་པ་ཐམས་ཅད་འདུལ་བའི་རྟགས་སུ། སྨིན་མ་ཨག་ཚོམས་མེ་སྟག་ཕྱོགས་བཅུར་འཕྲོ། ཁམས་གསུམ་དབང་དུ་སྡུད་པའི་རྟགས་སུ། ཞལ་བགྲད་མཆེ་བ་གཙིགས་ནས། ཧཱུཾ་དང་ཕཊ་ཀྱི་ང་རོ་དྲག་པོ་འདོན་པ། གདུག་པ་ཐམས་ཅད་བསྒྲལ་བ་དང། ཁྲོ་བོ་ཐམས་ཅད་དབང་དུ་སྡུད་པའི་རྟགས་སུ། ལྗགས་འདྲིལ་མཆེ་བའི་གསེབ་ནས་གནམ་ལྕགས་མེ་འབར་ཐོག་ཏུ་འབེབས་པ། དུར་ཁྲོད་ཀྱི་མ་མོ་ཐམས་ཅད་འབངས་སུ་འཁོལ་བའི་རྟགས་སུ། སྐུ་སྟོད་གླང་ཆེན་གྱི་ཀོ་རློན་མི་ལྤགས་མཆོག་གིས་བརྒྱན་པ། གནོད་སྦྱིན་དྲེགས་པ་ཐམས་ཅད་བྲན་དུ་འཁོར་བའི་རྟགས་སུ། སྐུ་སྨད་དཔའ་བོ་སྟག་གི་ཤམ་ཐབས་རིན་ཆེན་ས་གཏིས་བརྒྱན་པ། གདུག་པའི་ཀླུ་རྣམས་འདུལ་བའི་རྟགས་སུ། སྦྲུལ་ནག་གིས་བརྒྱན་པ། དུག་གསུམ་རྩད་ནས་གཅོད་པའི་རྟགས་སུ། མི་མགོ་རྐམ་རློན་ཚར་གསུམ་གྱིས་སེ་རལ་ཁ་རུ་བརྒྱན་པ། རྡོ་རྗེ་སྲིན་པོ་བྲན་དུ་འཁོལ་བའི་རྟགས་སུ། རྡོ་རྗེ་འཕྲེང་བ་སྙན་ཆ་མགུར་ཆུ་དོ་ཤལ་དཔུང་རྒྱན་ལ། སྣང་སྲིད་མ་ལུས་ཐུགས་ལ་གསལ་བའི་རྟགས་ཏུ། ཞབས་གྱད་ཀྱི་དོར་ཐབས་ཉི་ཟླའི་སྟེང་ན་བཞུགས་པ། ཉོན་མོངས་པ་ཐམས་ཅད་ཡིད་ཀྱིས་བསྲེགས་པའི་རྟགས་སུ། བསྐལ་པ་མེ་རིའི་ནང་ན་གཏུམ་ཁྲོ་དྲག་ཤུལ་ཆེ་བ། རྡོ་རྗེ་དང་ལྡན་པའི་མཆོག། རྡོ་རྗེ་འཛིན་པ་ཀུན་གྱི་རྗེ། ཞེས་གསུངས། དེ་ལྟར་ཐུགས་སུ་གསལ་བསྒོམས་ན། ཡེ་ཤེས་ཐུགས་ཀྱིས་བདུད་རྣམས་བསྲེག། རང་བྱུང་མཐུ་ཡིས་སྲིད་པ་གསུམ་ཀྱང་སྒྲོལ་བར་བྱེད། ཅེས་གསུངས། དམ་ཚིག་ཆེན་པོ་ང་ཡིས་བཤད། དེ་ནས་ཡང་དག་བཤད་བྱ་བ། ཡེ་ཤེས་སྙིང་པོ་ཐུགས་ཀྱི་དབང་བསྐུར་འདི་བཞིན་ཏེ། རྡོ་རྗེ་འཛིན་པའི་ཐུགས་ཀ་རུ། ཐུགས་མཆོག་ཡེ་ཤེས་རྩེ་ལྔ་པ། ཆ་གང་མེ་ལྟར་འབར་བའི་གོང་སེང་ན། ཨ་ལས་ཟླ་བ། མ་ལས་ཉི་མའི་དཀྱིལ་འཁོར་མེ་ལོང་ཆུང་ཚད་ཙམ་གྱི་ཁར། བཾ་ལས་པདྨའི་གེ་སར་ལ། ཆོས་སྐུ་སྐྱེ་བ་མེད་པའི་རྟགས་སུ། ཡི་གེ་ཨ་དཀར་པོ་ལས་ཡེ་ཤེས་སེམས་དཔའ་དམིགས་ཡེ་ཤེས་སྙིང་པོ་ཡེ་ནས་དག་ཅིང་རྒྱས་པའི་རྟགས་སུ། སྐུ་མདོག་དཀར་པོ་གསེར་གྱི་གཤོག་པ་ཅན། ཡེ་ཤེས་ཀྱི་སྙིང་པོ་འཕྲིན་ལས་དྲག་པོ་ཡེ་ནས་མཛད་པའི་རྟགས་སུ། མཆུ་སྡེར་ལྕགས་ལས་གྲུབ་པ། དྲག་པོ་དབང་དུ་འདུས་པའི་རྟགས་སུ། ལྗགས་དང་སྤྱན་རྩ་དམར་བ། ཐབས་དང་ཤེས་རབ་འབྲེལ་བའི་རྟགས་སུ། རྡོ་རྗེ་རྭ་གཉིས་རབ་ཏུ་བརྗིད་པ། ཐུགས་མཆོག་ཅིར་ཡང་དགོངས་པའི་རྟགས་སུ། ཡིད་བཞིན་ནོར་བུ་གཙུག་ན་འབར་བ། ཡེ་ཤེས་སྙིང་པོ་ཐུགས་སུ་གཟིགས་པའི་རྟགས་སུ། གསེར་མིག་འཁྱིལ་བ། ཐུགས་རྗེས་ཀུན་ལ་གཟིགས་པའི་རྟགས་སུ། ཁྲོ་གཉེར་གློག་ཏུ་འཁྱུག་པ། གདུག་པ་ཐབས་ཀྱིས་འདུལ་བའི་རྟགས་སུ། སྦྲུལ་ཞལ་དུ་གསོལ་བ། ཡེ་ཤེས་སྐུ་ལ་གཅད་དུ་མེད་པའི་རྟགས་སུ། ལུས་ལ་རྡོ་རྗེས་གཏམས་པ། དེ་ལྟར་ཚོན་གང་གསལ་དམིགས་ཏེ། ཡེ་ཤེས་ཐུགས་མཆོག་འགྱུར་བ་མེད་པའི་རྟགས་སུ། ཐུགས་ཀ་རྡོ་རྗེ་གྲོ་རྒན་ཙམ། ཡེ་ཤེས་ཀྱི་ཐུགས་ལ་གསལ་འགྲིབ་མེད་པའི་རྟགས་སུ། མ་ལས་ཉི་མའི་གདན་སྲན་མ་ལེབ་པ་ཙམ། རིག་པ་བྱང་ཆུབ་སེམས་ཀྱི་སྙིང་པོ་ཡེ་ཤེས་རང་བྱུང་འཕེལ་བའི་རྟགས་སུ། སྙིང་པོ་ཧཱུཾ་ཡུངས་འབྲུ་ཙམ། སྙིང་པོ་ཐབས་ཤེས་རབ་ཏུ་འབྲེལ་བའི་རྟགས་སུ། ཉི་ཟླ་ཁ་སྦྱོར་གྱི་བར་ན་སྙིང་པོ་འོད་ཟེར་དུ་འཕྲོ་བ། བྱང་ཆུབ་སེམས་ཀྱི་སྙིང་པོ་ལ་ཅིས་ཀྱང་མི་ཚུགས་པའི་རྟགས་སུ། རྡོ་རྗེ་བུམ་པ་ན་གནས་པ། བྱང་ཆུབ་ཀྱི་སྙིང་པོ་ཐུགས་རྗེ་ཡེ་ཤེས་དང་ལྡན་པའི་རྟགས་སུ། རྩ་སྔགས་ག་རུ་ཌ་འབྲུ་དགུས་ཕྱོགས་མཚམས་སུ་བསྐོར་བ། ཐུགས་རྗེ་བྱང་ཆུབ་ཀྱི་སེམས་ཀྱི་སྙིང་རྗེ་བྱམས་དང་ལྡན་པའི་རྟགས་སུ། ཡེ་ཤེས་ཀྱི་འོད་ཟེར་རྣམ་པ་ལྔས་བསྐོར་བ། ཡེ་ཤེས་རྣམ་པ་ལྔ་དང་སྙིང་པོ་བྱང་ཆུབ་ཀྱི་སེམས། དུས་གསུམ་འདུ་འབྲལ་མེད་པའི་རྟགས་སུ། ཨོཾ་དང་འབྲེལ་ཏེ་བསྙེན་པའོ།། ཡེ་ཤེས་ཟང་ཐལ་དུ་འཆར་བའི་རྟགས་སུ། འོད་ཟེར་རྣམ་པ་ལྔ་ལུས་ཀྱི་ཡན་ལག་རྩ་རུ་འབྲེལ་ནས་བྱང་ཆུབ་སེམས་ཀྱི་སྒོ་ཕྱི་ནང་དུ་གསལ་བ་ཡེ་ཤེས་ཀྱི་སྙིང་པོ་ཅིག་པས་གཟུགས་སྐུ་སྣ་ཚོགས་སུ་འཆར་བའི་རྟགས་སུ། འོད་ཟེར་རྣམ་པ་ལྔ་ཁ་དོག་མ་འདྲེས་པ་ཡོངས་སུ་རྫོགས་པ། ཐུགས་རྗེ་ཆེན་པོའི་བྱིན་གྱིས་རླབས་ཀུན་ལ་ཁྱབ་པའི་རྟགས་སུ། ཟེར་ཕྱོགས་བཅུར་འཕྲོ་ཡིན་རྒྱུག་པ། ཐིག་ལེ་བྱང་ཆུབ་ལ་འདུས་པའི་རྟགས་སུ། ངོ་བོ་གསལ་ལ་རང་བཞིན་སྟོང་པ་ཉིད། ཐིག་ལེ་བདེ་སྟོང་དུ་རྟོགས་པའི་རྟགས་སུ་ཐིག་ལེ་འོད་ཀྱིས་ཁྱབ་པ། དེ་ལྟར་སྙིང་པོ་ཡེ་ཤེས་གསལ་དམིགས་ན། བྱིན་བརླབས་ཤུགས་ཀྱིས་ས་བཅུ་ལམ་ལྔ་བགྲོད། སྙིང་རྗེའི་ལས་ཀྱིས་ཕ་རོལ་སྒྲོལ། ཞེས་རྡོ་རྗེ་སེམས་དཔས་གསུངས། དེ་ཕྱོགས་རྣལ་འབྱོར་དམིགས་པ་གསལ་བར་སྒོམ། བྱིང་རྒོད་རླུང་གིས་མཁྱེན་ན། ཐིག་ལེ་ཞར་ལ་སྐྱེ་ཞེས་གསུངས། ཐིག་ལེ་སྐྱེས་པས་གཟུང་འཛིན་ཤུགས་ཀྱིས་འགག། གཟུང་འཛིན་འགགས་ན་བདེ་བ་ཀུན་ཏུ་སྙོམས། དེ་ལྟར་གྲོལ་ན་སངས་རྒྱས་ཡིན། ཞེས་རྡོ་རྗེ་རྒྱལ་བས་གསུངས། རིག་པ་གསལ་བྱེད་སྒྲོན་མའི་ལེའུ་སྟེ་ཉེར་བདུན་པའོ།།།། རྩ་བ་བྱང་ཆུབ་ཀྱི་སྒྲོན་མ་འདི། རིག་པ་སྟོབས་སུ་གྱུར་པ་ཅིག་དང་ཕྲད་པར་ཤོག། དེ་ནས་དེ་ཉིད་བཤད་བྱའི་ཕྱིར།། རྩ་བ་བྱང་ཆུབ་སེམས་ཀྱི་རིག་པ་འདི་བཞིན་གསལ།། དེ་ལྟར་ཡེ་ཤེས་གསལ་བསྒོམས་ཚེ།། སྲིད་པ་ལྟ་བྱེད་རྒྱལ་པོ་སྟེ།། ཐུགས་ཀྱི་མེ་ལོང་གཅེས་བར་གསུངས། ། ཡེ་ཤེས་ཐུགས་ཀྱི་མེ་ལོང་གསལ་བྱེད་འདི།། ཐུགས་རྗེ་ཉི་མའི་སྙིང་པོ་འདྲ།། ལས་ཀྱི་རྒྱལ་པོ་དེ་ཉིད་སྒྲུབ་པའི་ཕྱིར།། མཐོང་ལམ་འཕྲོ་འདུའི་བྱིན་རླབས་བཤད།། དང་པོ་ཏིང་འཛིན་རྣམ་གསུམ་ནས། ། ཚོགས་བསོགས་སྙིང་རྗེ་མཆོག་གིས་བསྐྱེད།། ལམ་གྱི་ཡན་ལག་རྫོགས་པ་དང།། ཐབས་ཀྱི་ཡན་ལག་རྫོགས་ཞེས་གསུངས།། ཡེ་ཤེས་ཐབས་ཀྱི་རྒྱལ་པོ་སྒོམ།། ཡེ་ཤེས་ཐབས་ཀྱི་རྒྱལ་པོ་ལས།། ཡེ་ཤེས་ཐུགས་ཀྱི་ཤེས་རབ་མེ་ལོང་འདི་བཞིན་སྒོམ། ། བྱ་རྒོད་ལྟ་བུའི་སེམས་མིན་པས།། རྣལ་འབྱོར་ཐབས་ཀྱི་ཡེ་ཤེས་ཟང་ཐལ་རྟོགས་པ་ཡིས།། ཤེས་རབ་ཐུགས་ཀྱི་མེ་ལོང་དག་གསལ་ལྟ།། སྟོབས་སུ་གྱུར་པའི་བྱང་ཆུབ་ཀྱིས། ། ཕྱོགས་བཅུའི་སངས་རྒྱས་རྣམས་ཀྱི་ཞལ་མཐོང་སྟེ།། ཀུན་ཏུ་བཟང་པོའི་ཞིང་ཁམས་ཅིས་ཀྱང་སྣང།། གཟུགས་རྣམས་ཐམས་ཅད་ཡེ་ཤེས་སྙིང་པོ་སྣང་བའི་སྐུ།། སྣང་བའི་གཟུགས་བརྙན་ཐམས་ཅད་ཀུན། ། དེ་ཉིད་ཡང་དག་སྙིང་པོ་རང་བྱུང་རང་ལས་ཤར་བ་ཡིན།། དཔེར་ན་ལྟེང་ཀའི་ཆུ་དང་ཟླ་བ་ཆུ་ཟླ་བཞིན་དུ་ཤར།། ཐིག་ལེ་བྱང་ཆུབ་སེམས་ཀྱི་དཔེ།། བུམ་པའི་མར་མེ་ལྟ་བུའོ།། ཐིག་ལེ་བྱང་ཆུབ་སེམས་ཀྱི་འོད། ། དཔེར་ན་ཉི་མ་ཟེར་གྱི་ཁ་དོག་བཞིན།། རང་གསལ་བདེ་གསལ་ཀུན་ཏུ་སྣང།། ཐིག་ལེ་རང་སར་གྲོལ་བའི་དཔེ།། ཟ་འོག་དཔེ་ཁྱིམ་ལྟ་བུས་མཚོན།། ཐིག་ལེ་གཉིས་སུ་མེད་པའི་དཔེ། ། ནམ་མཁའ་བཞིན་དུ་ཡོངས་ལ་ཁྱབ།། དེ་ལྟར་གཉིས་སུ་སྣང་བའི་ཡོན་ཏན་གཟུགས་བརྙན་ཐམས་ཅད་ཀུན།། སྙིང་པོ་རང་ལས་ཤར་བ་ཡིན།། ཡེ་ཤེས་སྐུ་སྟེ་རང་བྱུང་བ།། མི་གཡོ་བསམ་མེད་ཆོས་ཀྱི་སྐུ། ། དེ་ལྟར་སྐུ་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱི་སྙིང་པོ་རང་ལ་ཤར་བ་ཡིན། དེ་བཞིན་དེ་ཡི་ངང་ལས་བྱུང།། མི་གཡོ་ལམ་བསྟན་ཆོས་ཉིད་དང།། ཀུན་ཏུ་བཟང་པོའི་ཐུགས་དང་མཉམ།། བྱིན་རླབས་ཐམས་ཅད་ཤུ་ལས་འབྱུང། ། ཞེས་གསུངས། དེ་ལྟར་ནམ་ཞིག་རྟོགས་པའི་ཚེ།། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་བདག། བདག་ཉིད་ཐུགས་ལ་འདུས་ཅེས་རྡོ་རྗེ་སེམས་དཔས་གསུངས། དེ་ལྟར་སྙིང་པོ་བྱང་ཆུབ་མཐོང་བའི་ཚེ། ། རྩ་བ་བྱང་ཆུབ་སེམས་ཀྱི་ལས་འགྲུབ་སྟེ།། འབྲས་བུ་དེ་བཞིན་གཤེགས་པ་ཐོབ།། ཅེས་རྡོ་རྗེ་རྒྱལ་བས་གསུངས།། གསལ་བྱེད་སྒྲོན་མའི་ལེའུ་སྟེ་ཉེར་བརྒྱད་པའོ།།།། གསང་སྔགས་ཐུགས་ཀྱི་ཡང་མཛོད། ལྟ་སྤྱོད་དམ་པ་འདི། སྐལ་ལྡན་སྐྱེས་མཆོག་ཅིག་དང་ཕྲད་པར་ཤོག། དེ་ནས་དེ་ཉིད་བཤད་པའི་ཕྱིར།། ཐར་ལམ་བྱང་ཆུབ་སེམས་ཀྱི་སྒྲོན་མ་བཤད།། བདག་ཉིད་ཆེན་པོར་རབ་དམིགས་ནས། ། བྱང་ཆུབ་སེམས་ཀྱིས་ཚོགས་བསགས་ཏེ།། འཕྲིན་ལས་གཞུང་བཞིན་བྱ་བར་གསུངས།། ཐབས་ཀྱི་ཡན་ལག་རྫོགས་པ་དང།། ཐར་ལམ་བྱང་ཆུབ་འདི་བཞིན་སྒོམ།། ཡེ་ཤེས་ཐུགས་ཀྱི་སྙིང་པོ་ལས། ། ཕྱོགས་བཅུར་འོད་འཕྲོས་འཇིག་རྟེན་ཁྱབ་བར་དམིགས།། བདེ་གཤེགས་ཐུགས་མཆོག་མཉེས་པ་ཕུལ།། འགྲོ་བ་ཡོངས་ཀྱི་སྡུག་བསྔལ་སྦྱངས།། བྱང་ཆུབ་སེམས་སུ་གྱུར་ནས་ཚུར་འདུས་ཧཱུཾ་ལ་ཐིམ།། ཐུགས་ཀྱི་དབང་ཐོབ་བྱིན་རླབས་ཞུགས་པར་བསམ། ། ལས་སུ་རུང་བའི་དབང་ཐོབ་སྟེ།། མཐིང་ནག་འོད་ཟེར་བཀྲག་དང་ལྡན།། ཐུགས་ཀྱི་དབང་ཐོབ་འོད་འཕྲོས་ཏེ།། རྡོ་རྗེའི་ར་ཕྲག་རྒྱུད་ཕུག་སྟེ།། རྡོ་རྗེ་འཛིན་པའི་ཐུགས་ཀར་སྟོན།། དེ་བཞིན་རྒྱུན་ནས་གསུང་མཆོག་པདྨའི་རྡོ་རྗེ་ནས། ། གོང་བཞིན་འཕྲོ་འདུའི་ལས་བྱས་ཏེ།། ཚུར་འདུས་གསུང་མཆོག་ཨཱཾ་ལ་ཐིམ།། གསུང་གི་དབང་ཐོབ་བྱིན་རླབས་ཞུགས་པར་བསམ།། ལས་སུ་རུང་བའི་དབང་ཐོབ་སྟེ།། གསུང་མཆོག་རྡོ་རྗེ་པདྨ་རྡོ་རྗེ་དམར་ལ་གདང། ། གསུང་གི་དབང་ཐོབ་འོད་འཕྲོས་པས།། རྡོ་རྗེ་རྭ་ཕྲག་རྒྱུད་ཕུག་སྟེ།། ནས་གཡས་ནས་གཡོན་དུ་ཕུག། ཀླད་པ་དུང་ཁང་གི་ནང་དུ་འོད་དུ་འཁྱིལ།། ཚངས་པའི་བུ་ག་ནས་གོང་བཞིན་དུ། འོད་ཀྱི་རྒྱུད་མ་ཆད་པར་ཕྱོགས་བཅུ་ཀུན་ཏུ་འཕྲོས་པ་ལས། ། བདེ་གཤེགས་སྐུ་མཆོག་མཉེས་པ་ཕུལ།། འགྲོ་བ་ཡོངས་ཀྱི་སྡིག་སྒྲིབ་སྦྱངས།། བྱང་ཆུབ་སེམས་ནས་ཚུར་འདུས་པས།། སྐུ་མཆོག་ཡེ་ཤེས་ཨོཾ་དུ་གྱུར།། སྐུའི་དབང་ཐོབ་བྱིན་རླབས་ཞུགས་པར་བསམ། ། སྐུ་གསུང་ཐུགས་ལས་སུ་རུང་བའི་དབང་ཐོབ། སྙིང་པོ་ཧཱུཾ་ལས་ཧཱུཾ་གྲངས་མེད་པ་རྡོ་རྗེའི་ར་ཕྲག་རྒྱུད་ཕུག་ནས། རྡོ་རྗེ་འཛིན་པའི་ཐུགས་ཀར་སྟོན། དེ་བཞིན་རྒྱུད་ནས་ཐུགས་ཁར་གསུང་གི་ཨཾ་ལ་ཐིམ། རྗེའི་ར་ཕྲག་རྒྱུད་ཕུག་ནས། རྡོ་རྗེ་འཛིན་པའི་ཐུགས་ཀར་སྟོན། དེ་བཞིན་རྒྱུད་ནས་ཐུགས་ཁར་གསུང་གི་ཨཾ་ལ་ཐིམ་པས། ཧཱུཾ་མཐིང་ཀ་ཨཾ་དམར་པོར་གྱུར། རྡོ་རྗེའི་ར་ཕྲག་རྒྱུད་ཕུག་ནས། ནས་གཡས་ནས་གཡོན་དུ་ཕུག་ཞུགས། སྐུ་མཆོག་ཡི་གེ་ཨོཾ་ལ་ཐིམ། ཨཾ་དམར་པོ་ཨོཾ་ལ་ཐིམ། ཨོཾ་དཀར་པོར་གྱུར་ནས། ཚངས་པའི་བུ་ག་ནས་གོང་བཞིན་དུ་འོད་འཕྲོས་པ་ལས། སྲིད་པ་གསུམ་ཀྱང་འོད་དུ་ལྟེམ་གྱི་ཞུ། བྱང་ཆུབ་སེམས་ཀྱི་བདུད་རྩི་དཀར་དམར་དུ་གྱུར་སྟེ། འཇིག་རྟེན་གྱི་ཁམས་ཀུན་བྱང་ཆུབ་ཀྱི་བདུད་རྩིས་ཁེངས་པར་དམིགས། ཚུར་འདུས་བདག་ཉིད་གསོས་སྦྱངས་ཏེ། བདག་ཉིད་བདུད་རྩི་བྱང་ཆུབ་སེམས་སུ་གྱུར་པས། དེ་ནས་ཧཱུཾ་ཞེས་བརྗོད་པས། སེམས་ཉིད་མངོན་དུ་གྱུར་ཏེ། འོད་ཟེར་རྣམ་པ་ལྔ་ལ་གོང་བཞིན་དུ་འཕྲོས་ཏེ། ཕྱོགས་བཅུ་ཀུན་ཏུ་ཁྱབ་པ་ལས།། བདུད་རྩི་ཉིད་ལ་ཉིད་སྦྱར་ཏེ། བདུད་རྩི་ཉིད་ལ་སེམས་ཉིད་བྱང་ཆུབ་ཐིག་ལེ་འོད་དུ་འདྲིལ། སྙིང་པོ་གཉིས་སུ་མེད་པ་ཡིས།། སྣང་སྲིད་རྒྱལ་བའི་ཞིང་ཁམས་སུ་གྱུར་ཏེ། དཀྱིལ་འཁོར་ལྷ་དང་ལྷ་མོ་དང། གཙོ་དང་འཁོར་དང་བཅས་པ་དམིགས་ཏེ། འཇིག་རྟེན་གྱི་ཁམས་ཐམས་ཅད་ཀུན་ཏུ་བཟང་པོའི་ཞིང་ཁམས་སུ་ལྟའོ། ། དཔེར་ན་ཟ་འོག་གི་བེ་ཁྱིམ་མམ། ཉི་ཟེར་གྱི་རྡུལ་ཆ་བཞིན་དུ་དམིགས་སོ།། དེ་ལྟར་ཡེ་ཤེས་ཀྱི་ལྷ་ཚོགས་གསལ་བའི་དུས་སུ། སྙིང་པོ་བྱང་ཆུབ་ཀྱི་རྒྱུ་ལ་དྲི་མེད་དག་པས། དྲི་ཡང་དག་པའི་ལྟ་སྤྱོད་དག་པར་མཐར་ཕྱིན་པའོ། ། སྙིང་པོ་བྱང་ཆུབ་སེམས་ཀྱི་སྣང་བ་ཀུན་དང་དུས་གསུམ་དུ་སྦྱར་བས། སྣང་སྲིད་ཐམས་ཅད་ལྷའི་དཀྱིལ་འཁོར་དུ་གསལ་བར་རྟོགས་པས། མཧཱ་ཡོ་གའི་ལྷ་སྤྱོད་མཐར་ཕྱིན་པའོ། །། སྙིང་པོ་བྱང་ཆུབ་ཀྱི་སེམས་ཡེ་ནས་སྟོང་གཞི་དག་ལས། ཡེ་ཤེས་ལྔ་དང་ལྡན་བའི་ཕྱིར། ཨ་ནུ་ཡོ་གའི་སྟོད་སྤྱོད་མཐར་ཕྱིན་པའོ།། དེའི་ཚེ་སྙིང་པོ་བྱང་ཆུབ་ཀྱི་སེམས་ཟ་འོག་གི་བེ་ཁྱིམ་བཞིན་དུ་ཐུགས་རྗེ་མ་འདྲེས་ལ་ཡོངས་སུ་རྫོགས་པས། རྫོགས་པ་ཆེན་པོ་ཨ་ཏི་ཡོ་ག་མཐར་ཕྱིན་པའོ།། དེའི་ཚེ་སྙིང་པོ་བྱང་ཆུབ་ཀྱི་སེམས་ཐིག་ལེ་བདེ་སྟོང་བདག་མེད་དུ་གསལ་བས། ཆོས་ཀྱི་སྐུ་ལ་མངོན་པར་རྫོགས་པར་སངས་རྒྱས་ཞེས་རང་བཞིན་རྡོ་རྗེ་འཛིན་པས་གསུངས། ། དེ་ལྡན་རྣལ་འབྱོར་དོན་སྤྱོད་ན།། གསང་སྔགས་རྡོ་རྗེ་འཛིན་པས་གསུངས།། མཐར་ཕྱིན་བྱང་ཆུབ་སེམས་ཀྱི་སྒྲོན་མ། ལས་ཀྱི་རྒྱལ་པོའི་ལེའུ་སྟེ་ཉེར་དགུ་པའོ། །།། འཇམ་དཔལ་བཤེས་གཉེན་ཐུགས་ཀྱི་ཡང་མཛོད་གསལ་བའི་སྒྲོན་མ་འདི། རྒྱལ་པོ་བ་སུ་དྷ་རའི་ཐུགས་སུ་རྒྱུད། མཚོ་མ་དྲོས་པའི་འགྲམ། རི་སྤོས་རི་ངད་ལྡན་གྱི་རྩར། ཤིང་ཆེན་དཔག་བསམ་ལྗོན་ཤིང་གི་རྩ་བར་ཀླུའི་རྒྱལ་པོའི་དངོས་གྲུབ་ཐོབ་སྟེ། གསང་སྔགས་ཀྱི་ལྟ་སྤྱོད་འདིས་གཏན་ལ་དབབ་པའོ།། དེ་ནས་དེ་ཉིད་ཡང་དག་བཤད་བྱ་བ། རྩ་བ་ལས་ཀྱི་རྒྱལ་པོ་ཆོས་ཉིད་ཨ་ལ་བསྟིམ་པའི་ཕྱིར། རྩ་བ་བྱང་ཆུབ་སེམས་ཀྱི་སྒྲོན་མ་བཤད། དང་པོ་ཏིང་འཛིན་རྣམ་གསུམ་ནས། བྱང་ཆུབ་སེམས་ཀྱི་ཡན་ལག་རྫོགས་བྱས་ཏེ། སྙིང་པོ་བྱང་ཆུབ་སེམས་ཀྱི་འབྲས་བུ། མཐར་ཕྱིན་རྒྱུ་སྐྱེ་མེད་འདི་བཞིན་སྒོམ། ཡེ་ཤེས་ཐུགས་ཀྱི་སྙིང་པོ་ལས།། བྱིན་བརླབས་འཕྲོ་འདུ་འོད་བཞིན་དམིགས།། སྣང་སྲིད་ཐམས་ཅད་བྱིན་བརླབས་དབང་བསྐུར་ནས།། ཐམས་ཅད་ལྷའི་ཕྱག་རྒྱར་ཤེས་ཤིང་རྟོགས་པ་ལས། ། བཟླས་བརྗོད་བརྙེན་པ་རྫོགས་པར་འབུལ།། ཡེངས་པ་མེད་པའི་ཏིང་འཛིན་གྱིས།། ཆོས་སྐུར་གསལ་བ་དང་བྱིང་མེད་རྒྱུན་དུ་བཟླས། ངང་ལ་རྒྱུན་དུ་གནས་པ། བདེ་གཤེགས་ཐུགས་ཏེ་སྦྱང་མི་དགོས། སངས་རྒྱས་ས་ལ་གནས་པ་ཡིན།། དེ་ནས་དེ་ཉིད་བཤད་པའི་ཕྱིར།། ཡེ་ཤེས་སྙིང་པོ་ཐུགས་ཀྱི་སྙིང་པོ་ལས།། གོང་བཞིན་ཐུགས་ཀྱི་འཕྲོ་འདུ་སྟེ།། སྣང་སྲིད་ཐམས་ཅད་དབང་གི་རང་བཞིན་དུ།། དམར་ཕྱམ་གྱིས་ཞུ་བར་བསམ། དེ་ལས་དབང་གི་ལྷ་ཚོགས་སུ་གྱུར་ཏེ། སྲོག་གི་དགོངས་པ་ཤེས་པར་བྱ། དེ་ནས་དབང་གི་ལྷ་ཚོགས་ཐམས་ཅད། བདག་གི་སྐུ་གསུང་ཐུགས་ལ་འདུས་ཏེ། རང་བཞིན་དུ་འདུས་ཐིམ་པར་བསམ། དཔེར་ན་ཉི་མའི་སྙིང་པོ་ལ། ཟེར་ཕྱོགས་བཅུ་ནས་འདུས་པ་བཞིན་ནམ། ཆུ་ཟླ་ཟླ་བ་ལ་འདུས་པ་བཞིན་ནམ། གཟུགས་བརྙན་གཟུགས་སྐུ་ལ་འདུས་པ་བཞིན་དུ། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་དབང་གི་རང་བཞིན་དུ་གྱུར་ནས། བདག་ཉིད་ཀྱི་སྐུ་གསུང་ཐུགས་ལ་གཉིས་སུ་མེད་པར་ཐིམ་པར་བསམ་མོ།། དེ་ལྟར་དབང་རིམས་རྫོགས་པ་ན།། གཉིས་མེད་བྱིན་རླབས་རང་ལ་འཆར།། སེམས་ཀྱི་བྱིན་རླབས་སྣ་ཚོགས་འབྱུང། ། ཡི་དམ་ལྷ་གསལ་ལུང་སྟོན་འབྱུང།། ཀུན་ཏུ་བཟང་པོའི་ཐུགས་དང་གཉིས་མེད་གཉིས་སུ་མེད་པ་སྟོན། ཞེས་དམ་ཚིག་ཆེན་པོ་ང་ཡིས་བཤད།། དེ་ནས་དེ་ཉིད་བཤད་བྱ་བ།། ཡེ་ཤེས་ཐུགས་ཀྱི་སྙིང་པོ་ལས། ། གོང་བཞིན་ཐུགས་ཀྱི་འཕྲོ་འདུ་སྟེ།། སྣང་སྲིད་ཐམས་ཅད་དྲག་པོའི་ལས་སུ་གྱུར་ཏེ། རྡོ་རྗེ་འཛིན་པའི་ཁྲོ་བོའི་སྐུ་གསུང་ཐུགས་ལ་གོང་བཞིན་དུ་ཐིམ་པར་བསམ་མོ།། དེ་ནས་དྲག་པོའི་ལས་བྱས་ན། ། རང་རིག་སྙིང་པོ་བྱིན་རླབས་ཅན།། སྲིད་པ་གསུམ་ཡང་སྒྲོལ་བར་འགྱུར།། ཡེ་ཤེས་ཐུགས་ཀྱིས་བདུད་རྣམས་བསྲེག། རང་བྱུང་མཐུ་ཡིས་སྲིད་པ་གསུམ་ཡང་སྒྲོལ་བར་ནུས་ཞེས་གསུངས། ཞེས་དམ་ཚིག་ཆེན་པོ་ང་ཡིས་བཤད། ། དེ་ནས་དེ་ཉིད་བཤད་བྱ་བ།། ཡེ་ཤེས་ཐུགས་ཀྱི་སྙིང་པོ་ལས།། གོང་བཞིན་ཐུགས་ཀྱི་འཕྲོ་འདུ་ལས།། སྣང་སྲིད་ཐམས་ཅད་ཞི་རྒྱས་ཀྱི་ལས་སུ་གྱུར་ཏེ། ཡེ་ཤེས་སེམས་དཔའི་སྐུ་གསུང་ཐུགས་ལ་གོང་བཞིན་དུ་འདུས་པར་བསམ་མོ། ། དེ་ནས་ཞེས་པའི་ལས་བྱས་ན།། རང་རིག་སྙིང་པོ་བྱིན་རླབས་ཀྱིས།། མི་རོ་རྐམ་པོ་ལ་བདུད་རྩིའི་ཟིལ་ཐིགས་འབྱུང་བ་བཞིན།། ཐང་ཅིག་ཡུད་ཀྱིས་ཤེས་བ་སྐྱེ། ། སྐྱེ་ལྡོག་ཟླ་ཚེས་ལྟ་བུར་བཤད།། བྱིན་རླབས་བདུད་རྩི་ལྟ་བུ་ཡིན།། ཀུན་ཀྱང་སོས་པར་ང་ཡིས་བཤད།། བྱིན་རླབས་ཤུགས་ཀྱིས་ས་བཅུ་ལམ་ལྔ་བགྲོད། རྡོ་རྗེའི་ལས་ཀྱིས་ཁ་ལོ་བསྒྲལ། ཞེས་རྡོ་རྗེ་སེམས་དཔའ་ང་ཡིས་བཤད། དེ་ནས་དེ་ཉིད་བཤད་བྱ་བ། ཡེ་ཤེས་སྙིང་པོ་ལས། འཕྲོ་འདུའི་ལས་རྣམས་རྫོགས་པ་དང།། གཉིས་སུ་མེད་ཕྱིར་རྫོགས་རིམ་བཤད།། གཉིས་མེད་གཉིས་སུ་མེད་པའི་ཕྱིར།། སྣང་སྲིད་ཐམས་ཅད་སྙིང་པོ་རང་གི་སེམས། ། སྙིང་པོ་འདུ་འབྲལ་མེད་པ་སྟེ།། ཡང་དག་མཐའ་སྟེ་རྣམ་པར་གནས།། བདག་མེད་སེང་གེའི་སྒྲ་དང་ལྡན།། ཞེས་དམ་ཚིག་ཆེན་པོ་ང་ཡིས་བཤད།། ཨེ་མ་ཧོ། ཆོས་རྣམས་ཐམས་ཅད་རྨི་ལམ་ཚུལ། ། སྣང་སྟོང་ངོ་བོ་ཉིད་ཀྱིས་དབེན།། མ་སྐྱེས་པ་ཡི་ཆོས་ཉིད་འདི།། དངོས་པོར་བདེན་པར་མ་གསུངས་སོ།། སྒྱུ་མའི་ཚུལ་དུ་སྐྱེད་པ་ཡིན།། སྒྲ་མིང་ཚིག་ལས་འདས་པ་ཡིན།། རང་གི་ངོ་བོར་བསྟན་དུ་མེད། ། འཇིག་མེད་དབང་པོའི་ས་ཐོབ་པས།། བདེ་གཤེགས་སྐུ་སྟེ་སྦྱང་མི་དགོས།། ཐེག་གསུམ་ས་བཅུ་མི་གནས་པའི།། རྣལ་འབྱོར་རྫོགས་རིམ་མཆོག་གི་ས།། གསང་སྔགས་མཆོག་གི་སྤྱོད་པ་རྣམས།། རྣལ་འབྱོར་མཆོག་གི་མཆོག་འདོད་པས། ། དང་པོ་ཚོགས་ལམ་བསྐྱེད་པ་ནས།། ཏིང་འཛིན་རིམ་འཇུག་སེམས་རྩལ་སྦྱང།། ལས་སུ་རུང་བའི་ཏིང་འཛིན་གྱིས།། འཕྲིན་ལས་གསོ་བཞིན་བྱ་བར་གསུངས།། དེ་ནས་བྱང་སེམས་མཐར་ཐུག་འདི་བཞིན་སྒོམ། ། སྣང་སྲིད་གཉིས་མེད་རང་ལ་བསྡུ།། རང་སྐུ་ལྷ་ཡི་ང་རྒྱལ་ཀྱང།། གོང་བཞིན་རིམས་ཀྱིས་བསྡུ་བ་སྟེ།། བྱེ་ཚན་ལ་ཡར་མར་ཐིམ་མམ།། རྡོ་ཚན་ལ་ཁ་བ་བབ་པ་བཞིན་དུ་བསྡུ། རྡོ་རྗེ་དང་སྙིང་པོ་ཡང་འོད་དུ་ཞུ་སྟེ། ཨཾ་ལ་ཐིམ་པར་བསམ། ཨོཾ་ཡང་ཧཱུཾ་ཡུངས་འབྲུ་ཙམ་ལ་ཐིམ་པས། ཧུཾ་དེ་ཡེ་ཤེས་ལྔ་དང་ལྡན་ཏེ། སྙིང་པོ་དེ་ཉིད་ཆོས་སྐུ་ལས། མི་ཉམས་པར་བྱ་བའི་ཕྱིར་ཞབས་ཀྱུ་འ་ལ་བསྡུ། འ་ཧ་ལ་བསྡུ། ཧ་ཟླ་ཚེས་ལ་བསྡུ། ཟླ་ཚེས་ཟླུམ་པོ་ཐིག་ལེ་ཅན་ལ་བསྡུ། ཐིག་ལེ་བྱང་ཆུབ་སེམས་ཀྱི་རང་བཞིན་མིང་སྣང་བར་དམིགས་ཏེ། དེའི་ཚེ་དེའི་དུས་ན་སྣང་སྲིད་ཐམས་ཅད་ཆོས་ཀྱི་སྐུའི་ངང་དུ་གནས་པར་གྱུར་ཏེ། སྣང་སྲིད་ཐམས་ཅད་ཐིག་ལེ་བདེ་སྟོང་པ་བདག་མེད་དུ་ཤེས་པར་བྱའོ།། དེའི་ཚེ་བྱང་ཆུབ་ཀྱི་ལམ་མཐར་ཕྱིན་ཏོ།། སྐུ་གསུང་འདུ་འབྲལ་མེད་དེ་རྡོ་རྗེ་འཆང།། ཡང་དག་རྫོགས་པའི་ས་ལ་གནས། ། ཕྱག་རྒྱ་ཆེན་པོའི་སྐུ་ཞེས་དེ་ལ་གདགས།། དེ་ལ་བཤད་དུ་མེད་དོ།། དེ་ལ་གཅད་དུ་མེད་དོ་རྡོ་རྗེ་རྒྱལ།། ཞེས་རང་བཞིན་རྡོ་རྗེ་སེམས་པས་གསུངས། དེ་ལྟར་དེ་ལ་སྤྱད་པར་བྱ་ཞེས། དམ་ཚིག་ཆེན་པོ་ང་ཡིས་བཤད། ། རྩ་བ་བྱང་ཆུབ་སེམས་ཀྱི་སྒྲོན་མ། ལས་པོའི་ལྟ་སྤྱོད་བསྟན་པའི་ལེའུ་སྟེ་སུམ་ཅུ་པའོ།།།། བདག་འདྲ་སངས་རྒྱས་ཡེ་ཤེས་ཀྱིས།། རྒྱ་ཡི་སྐད་བསྒྱུར་ལོ་ཙྪའི་ཚིག་སྦྱངས་ནས།། རྒྱལ་པོ་བ་སུ་དྷ་རའི་དགོངས་པ་འདི། ། རིན་ཆེན་སྙིང་པོ་གསེར་ཕུལ་ནས།། མོས་གུས་དད་པའི་སྒོ་ནས་ཞུས།། སྲོག་གིས་བཙལ་ཀྱང་འདི་དོན་མི་རྙེད་དེ།། ལས་འཕྲོ་དག་པ་ཅིག་དང་ཕྲད་པར་ཤོག། དུས་ལ་བབ་ན་སྨོན་ལམ་བཙན་པར་ཤོག། །།།།

CLOSE WINDOW