Wylie |
རྒྱ་གར་སྐད་དུ། པྲ་ཏི་ཡ་མན་ཏྲ་ས་ཙ་ཏན་ཏྲ་ཀ་ནི་ཀ། བོད་སྐད་དུ། མཆོད་རྟེན་ནག་པོའི་རྒྱུད་ལས། པྲ་ཁྲིད་རྣམ་པ་གསུམ་བསྟན་པ། དཔལ་དྲེགས་བདག་ཆེན་པོ་ལ་ཕྱག་འཚལ་ལོ།། ཤིན་ཏུ་གསང་བའི་གནས་མཆོག་གནས། ། དྲེགས་བདག་ལྷ་ཡི་དབང་པོ་ལ།། དྲག་པོ་འདུས་པའི་འཁོར་གྱིས་བསྐོར།། གསང་བའི་ལུང་རྣམས་སྦས་ཏེ་གཏད།། སྐབས་དང་ལྡན་པའི་དུས་དག་ལ།། འཁོར་གཙུག་དགུ་ན་གུས་འདི་སྐད་ཞུས། ཨེ་མ་ཧོ། དྲེགས་པའི་བདག་པོ་ལྷ་བདག་གཙོ།། ཐབས་ལ་མཁས་པའི་ཐུགས་རྗེ་ཅན།། བདག་ཅག་ཐེ་ཚོམ་གྱུར་པ་རྣམས།། ངེས་པ་བསྐྱེད་ཕྱིར་བཤད་པར་འཚལ།། ལྔ་བརྒྱ་དུས་ཀྱི་སྙིགས་མ་ལ། ། བསྟན་པ་ཉམས་པའི་དུས་འབྱུང་སྟེ།། གདུག་བྱེད་སྦྱོར་བ་བཟློག་པ་དང།། དམ་ཚིག་ནང་རྨེའི་རྨེ་ཐབས་ལ།། བསྲུང་དང་བཟློག་དང་གནན་པ་དང།། གདུལ་ཞིང་བསད་པའི་འཕྲིན་ལས་རྣམས།། མཆོད་རྟེན་ནག་པོའི་རྒྱུད་དག་ལས། ། པྲ་ཁྲིད་མན་ངག་བཤད་དུ་གསོལ།། ཞེས་ཞུས་སོ།། སྟོན་པ་ན་ར་གིར་ཏི་དེས། བསྡམས་པ་གནང་བའི་བརྡ་ཅིག་མཛད་ནས། འདི་སྐད་ཅེས་གསུངས་སོ།། དྲེགས་པའི་ཚོགས་རྣམས་བདག་ལ་ཉོན། ། ལྔ་བརྒྱ་ཐ་མའི་དུས་དག་ཏུ།། དམ་ཚིག་ཉམས་པ་མང་པ་ཡིས།། རྡོ་རྗེ་ནང་རྨེ་བྱེད་པའི་ཚེ།། ལྟ་བ་ཟབ་མོའི་གདེང་སྟེངས་སུ།། འདུས་པའི་ལུང་གིས་རྒྱབ་རྟེན་བྱ།། མཆོད་རྟེན་ནག་པོ་གཏན་ལ་དབབ། ། གསང་བ་གསུམ་གྱིས་ཉམས་སུ་བླངས།། སྦྱོར་བ་གསུམ་གྱིས་ཁ་ཡང་བསྐང།། ཐ་མར་གསང་བའི་རྒྱ་ཡིས་གདབ།། ལག་ཏུ་བླང་བའི་པྲ་ཁྲིད་ནི།། བཞི་གཅིག་ལྷ་སྟེ་བཞི་གཉིས་ཕུར།། བཞི་གསུམ་སྒོ་སྟེ་བཞི་བཞི་ཕྱོགས། ། བཞི་ལྔ་དུས་ཏེ་བཞི་དྲུག་རྫས།། བཞི་བདུན་གཟུངས་ཐག་བཞི་བརྒྱད་སྔགས།། ཡང་བཞི་ཕྱག་རྒྱ་རྣམ་པ་བཞི།། བསྐྱར་ཏེ་སྤྲུལ་པ་རྣམ་པ་བཞི་ཞེས་པ།། བཞི་བརྒྱད་སུམ་ཅུ་རྩ་གཉིས་དང། ། ཡང་བརྒྱད་བཞི་བཅུ་ཐམ་པ་ཡིས།། མཆོད་རྟེན་ནག་པོ་གཏན་ལ་དབབ།། ཅེས་གསུངས་སོ།། དེ་ནས་ཡང་འཁོར་གྱི་གཙོ་བོ་གཙུག་གུ་ནག་གུས་འདི་སྐད་ཅེས་གསོལ་ལོ།། ཨེ་མ་ཧོ། དྲེགས་པ་བདག་པོ་ཐབས་ལ་མཁས། ལྷ་རྣམ་པ་བཞི་གང་ལགས། ཕུར་པ་རྣམ་པ་བཞི་གང་ལགས། སྒོ་རྣམ་པ་བཞི་གང་ལགས། ཕྱོགས་རྣམ་པ་བཞི་གང་ལགས། དུས་རྣམ་པ་བཞི་གང་ལགས། རྫས་རྣམ་པ་བཞི་གང་ལགས། གཟུངས་ཐག་རྣམ་པ་བཞི་གང་ལགས། སྔགས་རྣམ་པ་བཞི་གང་ལགས། ཕྱག་རྒྱ་རྣམ་པ་བཞི་གང་ལགས། སྤྲུལ་པ་རྣམ་པ་བཞི་གང་ལགས། ཞེས་རྩ་བ་བཞི་བཅུ་ཐམ་པ་ཞུས་སོ།། དྲེགས་པའི་བདག་པོས་བཀའ་སྩལ་བ། ། གདུག་བྱེད་ལོག་ལྟ་འདུལ་བའི་ཕྱིར།། རྩ་བ་བཞི་བཅུ་ཉམས་སུ་བླང།། དང་པོ་གཟི་བྱིན་བསྐྱེད་པའི་ལྷ།། གཉིས་པ་རྩ་བའི་དཀྱིལ་འཁོར་ལ།། གསུམ་པ་འདུ་བྱེད་ལས་ཀྱི་ལྷ།། བཞི་པ་གཟུ་དང་དཔང་གི་ལྷ། ། ཕུར་པ་བཞི་ཞེས་བྱ་བ་ནི།། བསྲུང་ཞིང་བཟློག་པའི་ཕུར་པ་དང། འཛིན་པ་སྲོག་གི་ཕུར་པ་དང།། བདུད་དུ་དབབ་པའི་ཕུར་པ་དང།། བསད་པ་ལས་ཀྱི་ཕུར་པའོ།། སྒོ་བཞི་ཞེས་པ་ཕྱོགས་བཞིར་རོ། ། ཕྱོགས་ནི་ཤར་དང་ནུབ་དང་ལྷོ།། དུས་ནི་སྲོད་དང་ནམ་གུང་དང།། ཐོ་རངས་ཉི་མ་གུང་དུས་སུ།། རྫས་ནི་བསྲུང་བཟློག་གནན་བསད་བཞི།། གཟུངས་ཐག་དཀར་སྔོ་དམར་ནག་གོ། སྔགས་ནི་བསྙེན་པ་ཉེ་བསྙེན་དང། ། བསྒྲུབ་དང་བསྒྲུབ་པ་ཆེན་པོའོ།། ཕྱག་རྒྱ་བཞི་དང་སྤྲུལ་པ་ནི།། བསྲུང་བཟློག་གནན་བསད་རྣམ་བཞིའོ།། སྦྱོར་བ་ཆེན་པོ་ཚང་བས་ནི།། ཇི་ལྟར་བསམས་པའི་དོན་རྣམས་འགྲུབ།། ཅེས་གསུངས་སོ། ། མཆོད་རྟེན་ནག་པོའི་རྒྱུད་ལས། རྩ་བ་བཞི་བཅུ་ཐམ་པ་བསྟན་པ་སྟེ། པྲ་ཁྲིད་དང་པོའོ།།།། དྲེགས་པའི་བདག་པོ་ན་ར་གི་རྟི་ལ།། ཙུ་གུ་ན་གུས་ཡང་ཞུས་པ།། དྲེགས་པའི་བདག་པོ་ལྷ་བདག་གཙོ།། ལྷ་བཞིའི་སྒོམ་ཐབས་ཇི་ལྟར་སྒོམ། ། ཕུར་པ་བཞི་པོ་གང་ལ་བགྱིད།། སྒོ་བཞིའི་གདོད་ཐབས་ཇི་ལྟར་གདོད།། དུས་བཞིའི་ལས་རྣམས་ཇི་ལྟར་བྱ།། རྫས་བཞི་ཇི་ལྟར་དགོད་ཅིང་བསག། གཟུངས་ཐག་བཞི་པོ་ཇི་ལྟར་བསྒྲིལ། ། སྔགས་བཞི་བཟླས་ཐབས་ཇི་ལྟར་བཟླས།། ཕྱག་རྒྱ་བཞི་པོ་ཇི་ལྟར་བསྒྱུར།། སྤྲུལ་པ་བཞི་པོ་ཇི་ལྟར་བགྱེད།། དྲེགས་བདག་ཆེན་པོས་བཀའ་སྩལ་འཚལ།། ཞེས་ལན་གཉིས་སུ་བསྐོར་ཏེ་ཞུས་སོ།། དྲེགས་བདག་ཆེན་པོས་བཀའ་སྩལ་པ། ། ལྷ་བཞིའི་སྒོམ་ཐབས་འདི་ལྟར་སྒོམ།། གཟི་བྱིན་བསྐྱེད་པའི་ལྷ་ཞེས་པ།། བྱིན་གྱིས་རློབ་པའི་ལྷ་གསུམ་ནི།། མཆོད་རྟེན་རྟོག་ལ་བསྒོམ་པར་བྱ།། བཙོ་མ་གསེར་གྱི་ཁ་དོག་ལ། ། དར་དང་རིན་ཆེན་སྣ་ཚོགས་བརྒྱན།། རལ་གྲི་ཨུཏྤལ་བསྣམས་པ་ནི།། ཨོཾ་ལས་བསྐྱེད་པ་སྐུ་ཡི་ལྷ།། དཀར་འཚེར་རྒྱན་དང་ན་བཟར་ལྡན།། པདྨ་མཆོད་སྦྱིན་བསྣམས་པ་ནི།། ཨཱཿལས་བསྐྱེད་པ་གསུང་གི་ལྷ། ། ལྗང་སྔོན་ནི་ལའི་མདོག་འདྲ་བ།། རྒྱན་དང་ན་བཟའ་སྣ་ཚོགས་ལྡན།། རྡོ་རྗེ་དྲིལ་བུ་བསྣམས་པ་ནི།། ཧཱུཾ་ལས་བསྐྱེད་པ་ཐུགས་ཀྱི་ལྷ།། དབང་བསྐུར་བ་ཡི་ལྷ་ལྔ་ནི།། གསེར་བཙོའི་མདོག་འདྲ་བྱང་ཆུབ་བརྒྱ། ། འཁོར་ལོ་དང་ལྡན་སྤྱན་དང་བཅས།། ཨོཾ་ལས་བསྐྱེད་པ་ཆོས་དབྱིངས་སོ།། དཀར་བའི་མདོགས་ལས་ས་ནོན་ཅན།། རྡོ་རྗེ་ལྡན་པ་མ་ཀྱིར་བཅས།། ཧཱུཾ་ལས་བསྐྱེད་པ་མེ་ལོང་ངོས།། སྔོན་པོ་མཆོད་སྦྱིན་རྒྱན་དང་ལྡན། ། རིན་ཆེན་སངས་རྒྱས་སྤྱན་དང་བཅས།། ཏྲཾ་ལས་བསྐྱེད་པ་མཉམ་ཉིད་དོ།། དམར་བ་མཉམ་གཞག་རྒྱ་ཅན་ཏེ།། པདྨར་ལྡན་པ་ན་བཟའ་ཅན།། ཧྲི་ལས་བསྐྱེད་པ་སོ་སོར་རྟོག། ལྗང་བུ་སྐྱབས་སྦྱིན་རྒྱ་ཅན་ཏེ། ། རྒྱ་གྲམ་ལན་པ་སྒྲོལ་མར་བཅས།། ཨ་ལས་བསྐྱེད་པ་བྱ་གྲུབ་བོ།། ཡུམ་ལྔ་ཕྱག་ན་བུམ་པ་བསྣམས་དང་བཅས་སྒོམ།། གཉིས་པ་རྩ་བའི་ལྷ་ཞེས་པ།། ཡཀྴ་ཆེ་མཆོག་སྤྱི་ཡི་ལྷ།། བུམ་པ་གཞལ་ཡས་ཁང་དུ་སྒོམ། ། སྤྲུལ་པ་ལས་ཀྱི་ལྷ་གསུམ་ནི།། གཤིན་རྗེ་ནག་པོ་ཁྲོས་པ་ལ།། ཞིང་དབྱུག་དང་ནི་ཐོད་པ་འཆང།། སྦྲུལ་དང་ཐོད་པ་དུར་ཁྲོད་བརྒྱན།། མ་ཧེའི་གདན་ལ་བརྐྱང་བསྐུམ་ཚུལ།། འཁོར་དུ་ཡི་དྭགས་བྱེ་བ་འབུམ། ། སྔགས་བསྲུང་ནག་མོ་ཁྲོས་པ་ལ།། ཙིཏྟ་དང་ནི་སྤྲུལ་པ་རྣམས།། ཐོད་པ་ཞིང་དང་གླང་ཆེན་བརྒྱན།། རོ་ཡི་གདན་ལ་བརྐྱང་བསྐུམ་ཚུལ།། འཁོར་དུ་མ་མོ་བྱེ་བ་འབུམ། ཁྱུང་ཆེན་ནག་པོ་གནམ་ལྕགས་ལས། ། རིན་ཆེན་འབར་བ་གཙུག་ན་བརྒྱན།། ཕྱག་གིས་རྡོ་རྗེ་འབར་བ་གདུག་པ་འཛིན།། ཞབས་ཀྱིས་གདུག་པ་མནན་ཞིང་ཟ།། འཁོར་དུ་ཀླུ་གཉན་བྱེ་བ་འབུམ།། ཕུར་པ་གསུམ་ལ་བསྒོམ་པར་བྱ།། གཟུ་དང་དཔང་གི་ལྷ་ཞེས་པ། ། ཕྱོགས་བཅུ་དུས་གསུམ་སངས་རྒྱས་རྣམས།། ཨ་ལས་བསྐྱེད་པ་དང་པོར་རོ།། དེ་ཡི་ཕྱི་རིམ་བྱང་ཆུབ་སེམས།། རྒྱུ་དང་འབྲས་བུར་བཅས་པ་རྣམས།། འདི་ལས་བསྐྱེད་པ་དྲངས་མེད་པའོ། ། དེ་ཡི་ཕྱི་རིམ་རང་སངས་རྒྱས།། ཡི་གེ་པྲ་ལས་བསྐྱེད་པར་བྱ།། ཕྱི་རིམ་ཉན་ཐོས་ཚོགས་བཅས་པ།། ཐུབ་དྲུག་ཉིད་ཀྱང་བ་ལས་སྒོམ།། དེ་ཡི་ཕྱི་རིམ་རྒྱལ་པོ་དང།། ཕྱོགས་སྐྱོང་ལ་སོགས་ལྷ་སྲིན་ཚོགས། ། ལེགས་ཉེས་བཏང་འབྱེད་སྣ་ཚོགས་སྒོམ།། དེ་ནི་གཞལ་ཡས་ནང་དུའོ།། ཕུར་པ་བཞི་པོ་འདི་ལྟར་བྱ།། བསྲུང་ཞིང་བཟློག་པའི་ཕུར་པ་ནི།། ཤེད་ཤིང་སེང་ལྡེང་སྐྱེར་པའི་རྒྱུ།། སོར་བརྒྱད་གསུམ་ལ་རང་རང་བསྔགས། ། བྲིས་ཏེ་དབང་བསྐུར་བྱས་ལ་གཟུགས།། འཛིན་པ་སྲོག་གི་ཕུར་པ་ནི།། ཚེར་ཅན་ཤིང་ལ་ཁྲུ་གང་ཚད།། དབུ་ལ་ཁྲོ་བོའི་ཞལ་གསུམ་དབྱུང།། ཆུ་སྲིན་ཁ་ནས་དབལ་སྟན་པས།། ཉམས་པ་སྤྱིར་གཟིར་རང་སྲོག་འཛིན། ། བདུད་དུ་དབབ་པའི་ཕུར་པ་ནི།། གདུག་པའི་ཕུར་བུ་སོར་བཞི་ལ།། སྔགས་བྲིས་ཁོ་ཡི་སྙིང་ཁར་གདབ།། བསད་པ་ལས་ཀྱི་ཕུར་པ་ནི།། སེང་ལྡེང་རྒྱུ་ལས་སོར་བཞི་པ།། ལྷོ་ཕྱོགས་སྒོ་རུ་འབྲུབ་ཁུང་གཟུགས། ། སྒོ་བཞི་གདོད་ཐབས་འདི་ལྟར་གདོད།། མཆོད་རྟེན་རི་རབ་ཕྱོགས་བཞི་རུ།། ཤར་སྒོ་དཀར་ལ་ཟླུམ་པར་བྱ།། བྱང་སྒོ་ལྗང་ལ་གྲུ་བཞིར་བྱ།། ནུབ་སྒོ་དམར་པོ་ཟླ་གམ་བྱ།། ལྷོར་ནི་སྔོན་པོ་གྲུ་གསུམ་མོ། ། རེ་བཞིའི་ཚུལ་དུ་འབུར་དུ་གཏོད།། སྒོ་ལ་བཟློག་སྔགས་ཐམས་ཅད་བྲི།། དུས་བཞིའི་ལས་རྣམས་འདི་ལྟར་བྱ།། སྲོད་ལ་རང་བཞིན་བསྲུང་བར་བྱ།། ནམ་གུང་ཁོ་ཡི་རྦོད་གཏོང་བཟློག། གཏོར་དེ་བཟློག་དང་དྲིལ་ཏེ་བཟློག། གཏོར་བ་རང་གཤེད་ངོ་ཤེས་གཅེས།། དྲིལ་བ་ལྷ་སྲིན་ཐམས་ཅད་བཟློག། བཟློག་རྫས་རྣམས་ལ་སྔགས་ཤིང་བརྡེག། སྔགས་ཀྱིས་སྔགས་བཟློག་པ་ཞེས་བྱ།། ཐོ་རངས་ཁོ་ཉིད་གནན་པར་བྱ། ། བླ་ཚེ་ལྷ་བསྲུངས་ཁོ་ཉིད་གནན།། དག་གནན་རང་གི་སྐབས་དང་སྦྱར།། ཉིན་གུང་ཁོ་ཉིད་གསད་པར་བྱ།། ཉུངས་ཀར་ལ་སོགས་ཐུན་བརྡེག་ཅིང།། ཕུར་པ་གདབ་ཅིང་མཚོན་གྱིས་གདབ། ། དྲག་པོར་བསྲེག་ཅིང་གནན་པར་བྱ།། ཕྱོགས་བཞིའི་སྐོར་ཐབས་འདི་ལྟར་བྱ།། ཕྱོགས་བཞིའི་ཤར་ནས་བྱང་དུ་བསྐོར་བར་བྱ།། བྱང་ནས་ནུབ་བསྐོར་ནུབ་ནས་ལྷོ།། བསྐོར་ཞི་ལས་བཞིའི་སྦྱོར་པ་བྱ།། དེ་ནི་ཕྱོགས་ཀྱི་ཕྱོགས་བཟློག་པའོ། ། རྫས་བཞི་འདི་ལྟར་དགོད་ཅིང་བསག། བསྲུང་རྫས་སྐུ་དང་འཁོར་ཆོས་བཅས།། བུམ་པའི་ནང་དུ་དགོད་པར་བྱ།། ཕུར་པ་གསུམ་ནི་མགུལ་དུ་དགོད།། བཟློག་རྫས་ཕོ་རོག་འུག་པའི་མདའ། ། སྣ་ཚོགས་ཁྲག་དང་ཉུངས་ཀར་དང།། ཉུངས་ནག་གུ་གུལ་ལ་སོགས་པ།། སྒོ་བཞིའི་ཕྱི་རོལ་དགོད་པར་བྱ།། དེ་ནི་རྫས་ཀྱི་རྫས་བཟློག་པའོ།། གནམ་རྫས་ལ་ཆའི་སྦལ་པ་དང། ཁོ་ཡི་ལིང་ག་བཅས་པ་རྣམས། ། འབྲུབ་ཁུང་ནང་དུ་གཞུག་པར་བྱ།། བསད་རྫས་ཉུངས་ཀར་ཉུངས་ནག་ལ།། སྐེ་ཚེ་བྲ་བོ་ཚ་བའི་རྫས།། ཏིལ་དང་ཚེར་མདའ་གཞུ་དང་ཕུར།། རང་གི་གཡས་སུ་དགོད་ཅིང་བདག། གཟུངས་ཐག་བཞི་པོ་འདི་ལྟར་སྒྲིལ། ། བསྲུང་བའི་གཟུངས་ཐག་དཀར་པོ་ལ།། མ་ལོག་མ་འཆུས་སྙོམས་པར་བསྒྲིལ།། སྐུ་ཡི་ཐུགས་ཁར་རང་གི་ལག། བདག་ཉིད་དམ་ཚིག་སེམས་དཔའ་དང།། ལྷ་ཉིད་ཡེ་ཤེས་སེམས་དཔའ་གཉིས། ། གཉིས་སུ་མེད་པར་བྱ་བའི་ཕྱིར།། འོད་ཟེར་འཕྲེང་བའི་འཕྲོ་འདུ་བྱ།། བཟློག་པའི་གཟུངས་ཐག་སྔོན་པོ་ལས།། ལོག་པར་བསྒྲིལ་ཏེ་འཁོར་ལོ་ལ།། བཏག་པ་རང་གི་ལག་གིས་བཟུང།། གནན་པའི་གཟུངས་ཐག་དམར་པོ་ལ། ། ལོག་དང་མ་ལོག་གཉིས་སུ་བསྒྲིལ།། ལིང་ཁའི་ལྕེ་ལ་བཏགས་ཏེ་བཟུང།། བསད་པའི་གཟུངས་ཐག་ནག་པོ་ལ།། ལིང་གའི་སྙིང་གར་བཏགས་ཏེ་བཟུང།། བུམ་པའི་འོག་ཏུ་ཕྱོགས་བཞིར་བཏགས། ། སྔགས་བཞིའི་བཟླས་ཐབས་འདི་ལྟར་བཟླས།། དང་པོ་ཡི་དམ་ལྷ་བསྙེན་བྱ།། ཉེ་བསྙེན་འདུས་པ་གསུམ་གྱིས་བྱ།། སྒྲུབ་པ་སྲོག་འདུས་གསུམ་པོས་བྱ།། དེས་ནི་རྟགས་དང་བསྟུན་ཏེ་བྱ།། དེ་ནས་རྫས་ཀྱི་བཟློག་ཐབས་བཅའ། ། སྒྲུབ་པ་ཆེན་པོ་སྔགས་དག་ནི།། སྲོད་ལ་བསྲུང་སྔགས་བཟླས་དུས་སུ།། དགེ་འདུན་གྲོ་ལ་འདུས་པ་ལྟར།། དལ་ཞིང་ལྷ་ཚོགས་འདུ་བར་བཟླས།། ནམ་གུང་བཟློག་སྔགས་བཟླས་དུས་སུ། ། མཁའ་ཡི་རླུང་ནག་འཚུབ་པར་ལྟར།། དྲག་ཅིང་གདེངས་དང་བཅས་པས་བཟླས།། ཐོ་རངས་གནན་སྔགས་བཟླས་པའི་དུས། ཁྲ་སྤྱང་གཅན་ལ་བཅུམ་པ་ལྟར།། གདངས་ཆུང་མྱུར་བར་བྱ།། གུང་ལ་བསད་སྔགས་བཟླས་དུས་སུ། ། མགར་གྱི་ཚ་ཚ་འཕྲོ་བ་ལྟར། གཙུབ་ཅིང་ཐུང་བར་བཟླས་པར་བྱ།། ཕྱག་རྒྱ་བཞི་པོ་འདི་ལྟར་བསྒྱུར།། བསྲུང་བ་རང་ལྷའི་ཕྱག་རྒྱ་འདི།། ཀ་ནིའི་ཕྱོགས་སུ་བསྟན་ཅིང་བསྒྱུར། ། བཟློག་པ་རླུང་ཚུབ་ཕྱག་རྒྱ་ནི།། དམིགས་པའི་ཕྱོགས་སུ་བསྟན་ཅིང་བསྒྱུར།། གནན་པའི་རྒྱ་གྲམ་ཕྱག་རྒྱ་ནི།། རི་རབ་རྨད་དུ་བསྟན་ཏེ་བསྒྱུར།། བསད་པ་མཚོན་པའི་ཕྱག་རྒྱ་ནི།། འབྲུབ་ཁུང་ནང་དུ་བསྟན་ཏེ་བསྒྱུར། ། སྤྲུལ་པ་བཞི་ནི་འདི་ལྟར་དགེ། བསྲུང་བའི་སྤྲུལ་པ་གསུམ་པོ་ནི།། བྱིན་རློན་ལྷ་དང་སྤྲུལ་པ་དངོས།། དེ་ལ་གྲངས་མེད་སྤྲུལ་ཞིང་བསྲུང།། བཟློག་པའི་སྤྲུལ་པ་རང་རང་བཟློག། དྲིལ་བ་གཟུངས་སྣ་ཚོགས་པ་ལ། ། མཚོན་ཆ་སྣ་ཚོགས་ཐོགས་པར་སྤྲུལ།། གནན་པའི་སྤྲུལ་པ་རི་རབ་དང།། དུམ་རི་ལ་སོགས་སྤྲུལ་ཞིང་གནན།། བསད་པའི་སྤྲུལ་པ་མཚོན་དུག་ནད།། ཕོ་ཉའི་ཚོགས་ནི་བྱེ་བ་འབུམ།། སྤྲུལ་ཏེ་གསད་པའི་ལས་ལ་སྦྱར། ། ཐབས་ཀྱིས་ཐབས་བཟློག་བསྟན་པ་ནི།། སྦྱོར་བ་ནག་པོ་བཅས་པས་སོ། ཁོ་ཡི་ཏིང་འཛིན་གྱིས་བྱས་པ་ནི།། བདག་གི་ཏིང་འཛིན་གྱིས་བཟློག་པ།། ཆོས་སྐུ་ནག་པོ་འོད་འབར་བའོ།། སྦྱོར་བ་འདི་དང་ལྡན་པ་ནི། ། ལྷ་དབང་ཉིད་ཀྱང་བརླག་པར་འགྱུར།། ཅེས་གསུངས་སོ།། མཆོད་རྟེན་ནག་པོའི་རྒྱུད་ལས། ཐབས་བཞི་བཅུ་བསྟན་པ་སྟེ། པྲ་ཁྲིད་དབུ་མའོ།།།། སྟོན་པ་ན་ར་གིར་ཏི་ལ། སྤྲུལ་པ་ཙུ་གུ་ན་གུ་ཡིས། ། སྔ་མ་ལ་ཡང་ལན་གསུམ་དུ་བསྐྱར་ཏེ་ཞུས་པ་འདི་ལྟར་རོ།། ཨེ་མ་ཧོ།། དྲེགས་པའི་བདག་པོ་ལྷ་བདག་གཙོ།། ཀ་ནི་ནག་པོ་ཆེན་པོ་འདི།། ཕྱི་ནང་དམིགས་པ་ཇི་ལྟར་བཅའ།། ལྷ་བཞི་དགོས་ཆེད་ཇི་ལྟར་ལགས། ། ཕུར་པ་བཞི་ཡི་དགོས་ཆེད་ཇི་ལྟར་ལགས།། སྒོ་བཞིའི་དགོས་ཆེད་ཇི་ལྟར་ལགས།། ཕྱོགས་བཞིའི་དགོས་ཆེད་ཇི་ལྟར་ལགས།། དུས་བཞིའི་དགོས་ཆེད་ཇི་ལྟར་ལགས།། རྫས་བཞིའི་དགོས་ཆེད་ཇི་ལྟར་ལགས། ། གཟུངས་ཐག་བཞི་ཡི་དགོས་ཆེད་ཇི་ལྟར་ལགས།། སྔགས་བཞིའི་དགོས་ཆེད་ཇི་ལྟར་ལགས།། ཕྱག་རྒྱ་བཞི་ཡི་དགོས་ཆེད་ཇི་ལྟར་ལགས།། སྤྲུལ་པ་བཞི་ཡི་དགོས་ཆེད་ཇི་ལྟར་ལགས།། ཞེས་ལན་གསུམ་བསྐྱར་ཏེ་ཞུས་སོ། ། དྲེགས་བདག་ཆེན་པོས་བཀའ་སྩལ་བ།། ཀ་ཎི་ནག་པོའི་མཆོད་རྟེན་ནག་པོ་འདི།། ཕྱི་ནང་དམིགས་པ་འདི་ལྟར་བཅའ།། ཕྱི་ཡི་བང་རིམ་བཞི་པ་ལ།། རིན་ཆེན་སྣ་བཞི་ལས་གྲུབ་པ།། ཤར་ཕྱོགས་གངས་ག་དཀར་པོ། ། ལྷོ་ནི་བཻ་ཊཱུརྻ་སྔོན་པོ།། ནུབ་ཕྱོགས་པདྨ་ར་ག་དམར།། བྱང་ཕྱོགས་ཨིནྡྲ་ནི་ལ་ལྗང།། ནང་གི་གཞལ་ཡས་ཁང་དུ་དམིགས།། འོག་ནི་མུན་དོང་ནག་པོ་ལ།། འཁོར་ལོ་མཚོན་ཆའི་འཁོར་ལོའོ། ཁོ་ནི་དངོས་སུ་བྱད་ཀྱིས་བཅིངས།། རང་ནི་སྐུ་དང་ཡེ་ཤེས་ལྡན།། ཡེ་ཤེས་མེ་དཔུང་ཀློང་དཀྱིལ་ན།། འཁོར་དུ་དྲག་པོ་འདུས་པས་བསྐོར།། བསྲུང་བ་གོ་ཆ་སྣ་ཚོགས་སོ།། ལྷ་བཞིའི་དགོས་ཆེན་འདི་ལྟར་ཡིན། ། སྐུ་གསུང་ཐུགས་དང་ཡེ་ཤེས་ལྔ།། བྱིན་གྱིས་བརླབས་དང་དབང་བསྐུར་བྱ།། གཟི་བྱིན་བསྐྱེད་པའི་དགོས་ཆེད་དོ།། བདག་ཉིད་བསྲུང་བར་བྱ་བའི་ཕྱིར།། རང་གི་འདོད་ལྷའི་ཏིང་འཛིན་ནོ། ། ལས་ཀྱི་ལྷ་གསུམ་དགོས་ཆེད་ནི།། གཤིན་རྗེ་ཕོ་རྒྱུད་བསྲུང་ཞིང་བཟློག། མ་མོ་མོ་རྒྱུད་བསྲུང་ཞིང་བཟློག་ཁྱུང་ཆེན་ཀླུ་དང་ས་བདག་གོ། ལས་རྣམས་མྱུར་དུ་བསྒྲུབ་བྱའི་ཕྱིར།། གཟུ་དཔའ་ལྷ་རྣམས་བསྒོམ་བར་བྱ། ། ཕུར་བ་བཞི་ཡིས་དགོས་ཆེད་དོ།། རང་ཉིད་བསྲུང་ཞིང་སྦོད་གཏོང་བཟློག། དེ་ཕྱིར་ཕུར་པ་གསུམ་པོ་དགོས།། ཉམས་པ་གཟིར་ཅིང་རང་སྲོག་འཛིན།། དེ་ཕྱིར་ཡི་དམ་ཕུར་པ་དགོས། ཁོ་ཉིད་ལྕེབས་ཏེ་གསད་པའི་ཕྱིར། ། བདུད་དུ་དབབ་པའི་ཕུར་པ་དགོས།། ལས་ལ་ཐེ་ཚོམ་མེད་པའི་ཕྱིར།། ལས་ཀྱི་ཕུར་པ་དགོས་ཆེད་ཆེ།། སྒོ་བཞི་པོ་ལ་བརྟེན་ནས་ནི།། བསྲུང་བཟློག་གནན་བསད་དགོས་ཆེད་ཆེ། ། ཤར་ནས་རང་ཉིད་བསྲུང་བ་དང།། བྱང་ནས་ཁོ་ཡི་སྦོད་གཏོང་བཟློག། ནུབ་ནས་ཁོ་ཡིས་བླ་ཚེ་གནན།། ལྷོ་ནས་གསད་ཕྱིར་ཕྱོགས་བཞིར་དགོས།། དུས་བཞིའི་དགོས་ཆེད་འདི་ལྟར་ཡིན།། སྲོད་ནི་ཞི་བའི་དུས་ཡིན་པས། ། བདག་ཉིད་བསྲུང་བའི་དགོས་ཆེད་དང།། གུང་ལ་ལྷ་སྲིན་རྒྱུ་དུས་ཏེ།། རྦོད་གཏོང་བཟློག་པའི་དགོས་ཆེད་དང།། ཐོ་རངས་བླ་མོ་འཁྱམ་དུས་སུ།། བླ་ཚེ་ནུས་པ་སྤྲུལ་བྱས་གནན།། ཉིན་གུང་ཚེ་སྲོག་ཉམས་དུས་སུ། ཁོ་ཉིད་བསད་པའི་དགོས་ཆེད་ཆེ།། རྫས་བཞི་པོ་ཡི་དགོས་ཆེད་ནི།། བསྲུང་བའི་རྫས་ལ་རྟེན་ཏེ་བསྲུང།། བཟློག་པའི་རྫས་ལ་རྟེན་ཏེ་བཟློག། གནན་པའི་རྫས་ལ་རྟེན་ཏེ་གནན།། བསད་པའི་རྫས་ལ་རྟེན་ཏེ་བསད། ། གཟུངས་ཐག་བཞི་ཡི་དགོས་ཆེད་ནི།། ལས་བཞིའི་སྤྲུལ་པ་ཏིང་འཛིན་རྣམས།། མི་ཡེངས་ཕྱིར་ན་གཟུངས་ཐག་གདགས།། སྔགས་བཞིའི་དགོས་པའི་འདི་ལྟར་ཡིན།། རང་གི་དམ་ཚིག་གསོ་ཕྱིར་བསྙེན། ། ལྷ་གསུམ་ནུས་པ་བསྐྱེད་པའི་ཕྱིར།། ཉེ་བའི་བསྙེན་པ་བྱ་བའི་ཕྱིར།། ལས་རྣམས་མི་འགྲུབ་མེད་པའི་ཕྱིར།། སྒྲུབ་པའི་སྔགས་ཀྱི་ལྷ་རྣམས་འགྲུབ།། སྒྲུབ་པ་ཆེན་པོའི་སྔགས་རྣམས་ནི།། བསྲུང་བཟློག་གནན་བསད་རྣམ་བཞི་སྟེ། ། བསྲུང་བའི་སྔགས་ཀྱིས་བདག་ཉིད་དོ།། བཟློག་པའི་སྔགས་ཀྱིས་སྦོད་གཏོང་བཟློག། གནན་པའི་སྔགས་ཀྱིས་ཁོ་ཉིད་གནན།། བསད་པའི་སྔགས་ཀྱིས་ཁོ་ཉིད་བསད།། བསྲུང་བཟློག་གནན་བསད་བསྒྲུབ་བྱའི་ཕྱིར། ། ཕྱག་རྒྱ་བསྒྱུར་ཞིང་སྤྲུལ་པ་དགེ། ཕོ་ཉ་བཏང་ཞིང་བསྲུང་མ་བསྐུལ།། མ་ཉེས་གསོལ་ཞིང་ཉེས་པ་བགྲང།། དེ་ལ་དམ་བརྡར་གསེར་སྐྱེམས་རྟག། མཐུན་པའི་རྫས་སྦྱིན་དམ་ཚིག་བསྟན། ། ཅེས་གསུངས་སོ།། དེ་ནས་ཡང་བཟློག་སྔགས་བཅུ་དགུ་པ་འདི་གསུངས་སོ།། ཨོཾ་ཀ་རུ་ན་ཙ་ལེ་ཙ་ལེ་བཟློག། ནཱ་ག་དུན་བཟློག། ས་ག་དུན་བཟློག། ཛ་དུར་ཏིང་ན་བཟློག། མ་མོ་རཱ་ཛ་ཡཾ་བཟློག། ཀྵན་ཏྲག་རཀྴ་མ་བཟློག། རཀྴ་རེ་མ་ཏི་བཟློག། ཤ་ན་མུ་རུ་ས་མ་ཡ་བཟློག། ཨེ་ཀ་དུ་ན་བཟློག། སུམ་ཏྲི་རཱ་ཛ་ཡ་བཟློག། རག་མོ་གླད་ཏྲི་ཙ་པ་ལ། རཱ་ཛ་ཡ་བཟློག། ཨོཾ་ཨ་ཀྲོ་ཏེ་ཀ་ཤྲཱི་མཉྫུ་ས་མ་ཏ་ཀ་ཡ་བཟློག། ཡཾ་ཏ་སྒྱུར། ཐེད་ཁྲེལ། བ་ལ་དི་ལི་བཟློག། ར་ཛ་དུར་ན་བཟློག། མ་ཤ་དུར་ན་བཟློག། རགྴ་ཏྲི་བོར་དུར་ན་བཟློག། སི་ངང་ཙ་དུར་ཙ་ཡ་བཟློག། སརྦ་དུཥྟན་པ་ཙ་ནི། ཏ་ཀ་ར་ཙ་ཐེད། ཁྲོས་པ་ལ་ཐི་ལི་བཟློག། བཟློག་ཅིང་བསད་པ་འདི་གསུངས་སོ།། ཏྲོ་མ་རི་ཤ་ཤ་ཏྲག་ཐུན་བྷྱོ། ཨེ་ཀ་པ་ར་ན་ཧྲིད་ཧྲིད། དུག་ཁ་ཚེ་དུག་ཁ་ཚེ་བྷྱོ། ཨོཾ་ཨ་ཀྲོ་ཏེ་ཀ་ཤྲཱི་མཉྫུ། ཡ་མན་ཏ་ཀ་ཧ་ན་ཧ་ན་ཧཱུཾ། ཡ་ཡ་བྲ་བྲ་མ་ར་ཏི་ཀ་ལ་རཱུ་པ་ཤ་རྦད་ཕྱེ་ནི་བྷྱོ། ཞེས་པ་བཟློག་སྔགས་སོ།། དེ་ནས་བསད་པའི་སྔགས་འདི་གསུངས་སོ།། ཉུངས་ཀར་དང་ཉུངས་ནག་གིས་བརྡེག་གོ། ཨ་ཀྲོ་རཱ་ཛ་དུར་ན་ས་དུར་སྙིང་ལ་ཕྲིལ་ཕྲིལ། ཨ་ཏྲོ་རཱ་ཛ་ཙིཏྟ་བྷི་ཤ་ཤ་ལ་རྦད་རྦད། ཡ་ཡ་རྣམ་མ་ཏྲི་ཛྭ་སྙིང་ལ་ཁ་ཐུན་མ་ར་ཡ་རྦད། རག་མོ་ནི་རག་མོ་ནི་ཁ་ལོང་ཙིཏྟ་རྦད་རྦད། དུག་ནི་དུག་ནི་རྣི་ཁ་ལོང་ཙིཏྟ་རྦད་རྦད། ཁྱི་ཁ་ལོང་ཁྱི་ཁ་ལོང་ཙིཏྟ་རྦད་རྦད། རྩ་ཏི་ཙ་ཏི་ཙིཏྟ་རྦད་རྦད། ནིར་ཏི་ནིར་ཏི། ཙ་ཏི་མུགས་མུགས། ཐུམས་ཐུམས་སུབས་ཏི་ཏ་ཙིཏྟ་རྦད་རྦད། སྙིང་ཁ་འདར་ཡེང་ཡེད་ཐུམས་ཐུམས་རྦད་རྦད། སེ་ཁ་ལོ། མུ་ཁ་ལོང་རྦད་རྦད། སྭཱཧཱ། བསད་པའི་རྗེས་ཀྱིས་བརྡེག་པར་བྱ། དེ་ནས་བསྲུང་པ་ནི། མཐུ་སྟོབས་ཀྱི་བདག་པོ་དཔལ་ཕྱག་ན་རྡོ་རྗེ་བྱ་ཁྱུང་དུ་སྤྲུལ་པའི་སྔགས་དང། མཁྱེན་རབས་ཀྱི་བདག་པོ་འཕགས་པ་འཇམ་དཔལ་གཤིན་རྗེར་སྤྲུལ་པའི་སྔགས་དང་ཐུགས་རྗེའི་བདག་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་མ་མོར་སྤྲུལ་པའི་སྔགས་དང་གསུམ་མོ། ། ཨོཾ་ཀ་རུ་ན་ཙ་ལེ་ཙ་ལེ་ཧཱུཾ་ཕཊ། ཏ་ཀི་ཙི་ཏི་བྱི་ཙ་ཏེ་ཧུ་ཡ་ཧུ་ཡ་ཧུ་ལུ་སུ་རུ་སྟེ་སུ་རུ་སྟེ་སྭཱཧཱ། ཨོཾ་ཡ་མན་ཏ་ཀ་ཨེ་ཀ་པ་ར་ཧཱུཾ་ཕཊ། ཨེ་ཏེ་བྲེ་ཏ་ཡ་རས་ནན། བྲ་ཏོ་ད་རཀྴ་ནན། ཨོཾ་ཡ་བྷེ་ཤཾ། རུ་བེ་ཤ་ཀ་ཐུན་བྷྱོ། ཏ་ལ་ཏ་པ་ལི། མུ་ལིང་དུ་རུ་དུ་རུ་ཧཱུཾ་ཕཊ། ཀར་མ་ཙནྟྲ་མུ་ཏི་མུ་རུ་ཏི་དུ་རུ་དུ་རུ་ཧཱུཾ་ཕཊ། རཀྴ་མུ་རུ་མུ་རུ་ཧཱུཾ་བྷྱོ་ཧཱུཾ། ཨེ་ཀ་ཛཱ་ཊི་ཙ་པ་ལ་མི་ཤ་དགྲ་བོ་ལ་ཕཊ། ནག་མོ་རེ་མ་ཏི། པདྨ་རེ་མ་ཏི། ར་ཏི་རུ་ཏི་རེ་མ་ཏི། ཧ་བད་བྷྱོ། དེ་ནས་གནན་པའི་སྔགས་འདི་གསུངས་སོ།། དུ་ན་ནན། ས་དུ་ནན། སྙིང་དུ་ནན། ཧྲི་དུ་ནན། ཁ་ཤ་ཐུན་རྦད། ཙིཏྟ་ནི་ཤ་ཀུ་ལུ་རྦད། མོ་ཧ་ནི་ཤ་ལ་དུན་དུན། ཁྲག་ལ་ཧུབ་ཧུབ། དུན་ཁྱེར་བྷྱོ་བྲི་ཛ་ཛ། ཨོཾ་ཧཱུཾ་ཨ་ཏྲི་མ་རི་ཤ་ཤ་ཏྲག་ཐུན། ཙིཏྟ་མཱ་ར་ཡ་ཐུན་ཤོ་མ་རི་རཀྴ་ཁ་ཧཱུཾ་ནན། ཙ་དྷ་རི་ཤ་མ་བ་རི་ཁྲག་ལ་དུན་དུན་ནརི་ཤ་མ་ར་རྦད། གནན་ཅིང་བསད་པའི་སྔགས་སོ། ། མཆོད་རྟེན་ནག་པོའི་རྒྱུད་ལས། དགོས་ཆེད་བཞི་བཅུ་ཐམ་པ་སྔགས་དང་བཅས་པ་བསྟན་པ་སྟེ་པྲ་ཁྲིད་ཐ་མའོ།།།། དེ་ནས་འཁོར་རྣམས་ལ་གདམས་པ། དྲག་པོ་གདུག་པ་འདུལ་བ་ཡི།། མན་ངག་གསང་བའི་རྒྱུད་གསུངས་པ། ། དཀྱིལ་འཁོར་བཅའ་དང་གསད་པའི་ཐབས།། ལག་ཏུ་བླང་བའི་སྙིང་གཟེར་གསང།། མཆོད་རྟེན་བཅའ་བའི་རྩེ་མོ་གསང།། ལག་ཏུ་བླང་བའི་པྲ་ཁྲིད་གསང།། གཞན་ལ་བསྟན་པར་མི་བྱ་སྟེ། ། ལྕགས་སྒྲོག་བུའི་སེམས་ཀྱིས་བསྡམ།། ཞེས་གསུངས་ཏེ། འཁོར་རྣམས་ཀྱང་རྗེས་སུ་ཡི་རང་ངོ།། ལག་ཏུ་བླང་བའི་མན་ངག། པྲ་ཁྲིད་རྣམ་པ་གསུམ་དུ་མཐར་གཏུགས་པའོ།། རྫོགས་སོ། །།། བདག་འདྲ་བན་ཆུང་སངས་རྒྱས་ཀྱིས།། གུ་རུ་བ་སུ་དྷ་ར་ཡི།། རིན་ཆེན་ཐུགས་ཀྱི་ཀློང་བརྟོལ་ནས།། དུས་ངན་ཐ་མ་འབྱུང་བའི་དུས།། རྡོ་རྗེ་ནང་རྨེ་བྱུང་དོགས་ཏེ།། མན་ངག་སྙིང་པོ་དམ་པ་འདི།། ལས་ཀྱིས་འཚམས་སྦྱར་བདག་ལ་གནང། ། དེ་ཡང་བུ་པེ་དཀར་པོ་ཚད་དང་དེ་ལྡན་པར།། བདུད་རྩི་དམ་པ་བླུགས་ནས་ཀྱང།། མགོ་ལ་བཞག་ནས་གསང་བའི་དབང་བསྐུར་ཏེ།། དམ་ཚིག་མནའ་བསྒགས་སྙིང་གི་དཀྱིལ་དུ་གཏད། ། ལས་ཀྱིས་འཇལ་བའི་བུདྡྷ་ཛྙཱ་ན་ཁྱོད།། འཛམ་གླིང་བོད་ན་བསོད་ནམས་ཁྱད་པར་ཆེ།། དྲག་སྔགས་ཁྱད་འཕགས་རྡོ་རྗེ་ནང་རྨེ་འདི།། བུདྡྷ་ཛྙཱ་ན་ཐུགས་ཀྱི་འཀྱིལ་དུ་སྦོས། གཞན་ལ་བསྟན་ན་བུདྡྷ་ཛྙཱ་ན་དམ་ཚིག་ཉམས། ། རྡོ་རྗེ་དམྱལ་བའི་གནས་སུ་གཤེགས་པར་མཆིའོ།། གསང་བའི་མཚན་གསོལ་རྡོ་རྗེ་ཡཾ་དབང་གཏེར།། རྒྱལ་པོ་བཀའ་ཁྲིམས་ཉམས་ཤིང་བོད་ཁམས་སིལ་བུར་གྱུར།། བསྟན་པ་དམ་པ་བཞག་པའི་གནས་མེད་ཀྱིས། ། དམ་ཚིག་གཙོ་རུ་བཟུང་ཕྱིར་གཞན་ལ་སྤེལ་མི་བྱ།། གུ་རུ་བ་སུ་དྷ་རས་གདམས་པའི་དྲག་སྔགས་ཁྱད་པར་འདི།། འཛམ་གླིང་བོད་དུ་སྤེལ་ན་བན་ཆུང་རང་ཁ་སྡིག། དེ་སྐད་གསུངས་ནས་བཀའ་ཡི་རྒྱས་བཏབ་པས། ། སྒྱུ་མའི་ཕུང་པོ་འདི་དང་འགྲོགས་ནས་ས་ཡི་གཏེར་དུ་འཆི།། རྫོགས་སོ།།།། རྒྱ་གར་སྐད་དུ། ཤྲི་ཙནྟྲ་གུཧྱ་ཀརྨྨ་ས་མུནྟྲ་ཧ་ལ་ཙ་མ་རི་ཡཀྵ་ཙཀྲ་ཀཱ་ལ་གུཧྱ་ཏནྟྲ།
CLOSE WINDOW