Wylie |
མུ་ཏྲ་མུན་ལ་ཏྲན་གུ་ཧྱེ་ཏནྟྲ། བོད་སྐད་དུ། བལ་པ་ཏྲ་གསང་བའི་རྒྱུད། བཅོམ་ལྡན་འདས་དཔལ་དྲེག་པ་ཆེན་པོ་ན་ར་གིར་ཏི་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། རི་རབ་རིའི་བུམ་པ་རབ་ཏུ་འཇིགས་པའི་གཞལ་ཡས་ཁང་ཆེན་པོ། གྲུ་གསུམ་མཐིང་ནག་འབར་བའི་ཀློང། ཞིང་དང་གདུག་པ་ཉི་ཟླས་ཡོངས་སུ་མཚན་པ། རཀྟའི་རྒྱ་མཚོ་འཁྲུག་ཅིང་ཡོངས་སུ་འཁྱིལ་བ། དུར་ཁྲོད་ཀྱི་གནས་བརྒྱད་ཀྱིས་ཡོངས་སུ་བསྐོར་བའི། ཕོ་བྲང་ཨེ་ཡི་གཞལ་ཡས་ཁང་ན། དྲེགས་པ་ཆེན་པོ་ན་ར་གིར་ཏི། དཔའ་བརྟུལ་ཆེན་པོ་དྲེགས་པ་ཟིལ་གྱིས་མནན་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། ། དེ་མ་ཐག་ཏུ་འཁོར་ཐམས་ཅད་ཀྱང་ཡོངས་སུ་འདུས་པར་གྱུར་ཏོ།། དྲེགས་པ་ཆེན་པོ་གཙུག་ཕུད་ནག་པོ་དང། བདུད་པོ་ཡག་ཤ་ནག་པོ་དང། ཨརྒ་ཟོར་འཕེན་ནག་པོ་དང། ཀླུ་གཉན་ཀ་ལ་སྲོག་གཅོད་དང། ཁྲམ་ཐོགས་ཀྱི་བདུད་དང། གྲི་ཐོགས་ཀྱི་གྱིང་དང། ཞགས་ཐོགས་ཀྱི་བཙན་དང། འཇིག་རྟེན་དབང་ཕྱུག་གི་སྲིན་མོ་འཇིགས་བྱེད་རྣམས་དང། དྲེགས་པའི་སྡེ་དཔོན་ཆེན་པོ་རྣམས་དང། གདུག་པ་ཏྲི་ལ་སོགས་པ་རྣམས་འདུད་པར་གྱུར་ཏོ། ། དེའི་ཚེ་དེའི་དུས་ན་དྲེགས་པ་ཅན་དེ་དག་གི་ནང་ནས། དྲེགས་པ་ཆེན་པོ་གཙུག་ཕུད་ནག་པོ་གདན་ལས་ལངས་ཏེ། འདི་སྐད་ཅེས་གསོལ་ཏོ།། ཨེ་མ་ཧོ། དྲེགས་པའི་བདག་པོ་ལྷ་བདག་གཙོ། ། འཕྲིན་ལས་ཀུན་གྱི་བདག་པོ་སྟེ།། དྲེགས་པ་གཤིན་རྗེ་གཤེད་པོ་ཁྱོད།། འཁྲུལ་པའི་ལོག་འདྲེན་ཚར་གཅོད་པས།། ཉིད་ཀྱི་ལྟ་སྤྱོད་ཇི་ལྟ་བུ།། དཀྱིལ་འཁོར་ཆེན་པོ་ཇི་ལྟར་ལགས། ། དེ་ལ་མཆོད་དང་ལས་རིམ་རྫོགས་པ་ཡི།། འཕྲིན་ལས་གྲུབ་པར་ཇི་ལྟར་བགྱི།། ཡན་ལག་རྫོགས་པའི་རིམ་པ་དང།། སྔགས་དང་ཕྱག་རྒྱ་ཏིང་འཛིན་དབང།། དམ་ཚིག་ཆེན་པོས་བདག་ལ་གསོལ།། ཅེས་གསུངས་སོ། ། སྙིང་ཟོར་ནག་པོའི་རྒྱུད་ལས། གླེང་གཞིའི་ལེའུ་སྟེ་དང་པོའོ།།།། དེ་ནས་ཡང་དྲེགས་པ་ཆེན་པོ་ན་ར་གིར་ཏིས། ལོག་འདྲེན་འདུལ་བར་ཚར་གཅོད་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། འདི་སྐད་ཅེས་བཀའ་སྩལ་ཏོ།། ཉོན་ཅིག་རྡོ་རྗེ་གཙུག་ཕུད་ཅན།། ལྟ་བ་ཐེག་ཆེན་ཡང་དག་ནི།། ནམ་མཁའི་ཆོས་ཉིད་ཡེ་ཀློང་ལ།། སོམ་ཉི་མེད་ན་ཀུན་གྱིས་བགྲོད།། སྤྱོད་པ་རབ་བསྟན་ཆུར་ཞུགས་ལྟར།། བླང་དོར་མེད་པར་བསྒྲུབ་བར་བྱའོ། ། དེ་ལ་ལྷུན་གྲུབ་རྫོགས་པ་ཡི།། སྐྱེ་མེད་དབྱིངས་ལས་རོལ་པའི་སྐུ།། སྣང་མེད་མཁའ་ལ་ཡང་དག་སྒོམ།། ཐུགས་རྗེ་ཀུན་ཁྱབ་ཡི་གེ་ལ།། ཡང་དག་ཉིད་དུ་དེ་ཉིད་དོ།། མི་འགྱུར་རྡོ་རྗེ་རབ་ཏུ་མཁྲེགས། ། གཞལ་ཡས་ཡེ་ཀློང་ལྷུན་གྱིས་གྲུབ།། འཁོར་ལོ་རྩིབས་བཞི་རྡོ་རྗེའི་བྲག། ཀླུ་བདུད་གདུག་པ་རུས་སྦལ་གདན།། ཡི་གེ་ཡ་ཡི་འཕྲོ་འདུ་ལས།། ཕཊ་ཅེས་བསྐུལ་བས་ཁྲོ་བོའི་སྐུ།། ལོག་འདྲེན་གདུག་པ་འཇོམས་པའི་ལྷ། ། གཤིན་རྗེ་ཡཀྵ་མེ་དབལ་སྐུ།། སྤྱི་གཙུག་མཁའ་ལྡིང་གདུག་པ་འདུལ།། སྨུག་ནག་འཕྲོས་པ་སྒྲོལ་བྱེད་ཡུམ།། ཨེ་ཀ་ཛ་ཏི་གཡོན་དུ་གནས།། ཆོས་སྐུ་བྱང་ཆུབ་སེམས་ཉིད་ལས།། སྐྱེ་མེད་དབྱིངས་ལས་འགྲོ་དོན་དུ། ། བྱམས་དང་སྙིང་རྗེ་དོན་ལས་བཞེངས།། ཕོ་བྲང་བུམ་པའི་ད་ལ་རུ།། གཉིས་མེད་དབྱིངས་སུ་ཐིམ་པར་བཞུགས།། ཨརྒ་མེ་ཏོག་བདུག་པ་དང།། མར་མེ་ཞལ་ཟས་དྲི་ཆབ་རྣམས། ། ཐ་དད་རྟོག་པ་ཀུན་སྤངས་ཏེ།། དེ་ལ་གསང་བའི་ལྷ་རྣམས་ལ།། གཉིས་མེད་དོན་གྱིས་དབུལ་བར་བྱ།། སྐྱེ་ཤི་འདུ་འབྲལ་མེད་དོན་ལ།། བདུད་རྩི་སྨན་གྱི་མཆོད་པ་འབུལ།། ཆེ་བའི་ཡེ་ཤེས་རྫོགས་པའི་དོན། ། དབང་བདུད་ལྷ་ལ་བསྟོད་པ་དང།། གསང་སྔགས་འཕྲེང་བའི་རིམ་པ་བྱ།། ཞེས་གསུངས་སོ།། སྙིང་ཟོར་ནག་པོའི་རྒྱུད་ལས་ལེའུ་གཉིས་པའོ།།།། དེ་ནས་ཡང་དྲེགས་པ་ཆེན་པོས། འཕྲིན་ལས་ཡོངས་སུ་རྫོགས་པས། ཁྱད་པར་གྱི་སྦྱོར་བ་སེང་གེ་ཁ་འཐབ་ཀྱི་ངན་སྔགས། པ་ཏྲ་གླང་སྙིང་བསྒྲལ་བའི་ལས་འདི་གསུངས་སོ།། ལས་གཞི་ཁྱད་པ་གསད་པའི་ལས།། བསྲུང་བཟློག་མནན་པ་བསྡེབས་ཀྱི་གྲོགས།། ཐོད་སྒྲུབ་ནག་པོ་གསང་པའི་ལས། ། ལས་ཀྱིས་འཁོར་ནས་རང་སྲོག་གཅོད།། དེ་དོན་ལས་རིམས་བཤད་པར་བྱ།། གང་ཡྀན་རིགས་ཀྱི་ཐོད་པ་བསླང།། ཕ་མེས་ཏོད་པ་མཆོག་ཏུ་བཤད།། རྨེ་ཁྲག་དུག་སྣ་གསང་ཕྱེ་ལ།། སོར་ལྔ་གྲུ་བྲི་ཨེ་བྱས་ཏེ། ། ཨ་མུ་ཀ་ཡི་རྫས་ལྔ་ལ།། མིང་རུས་རྣམ་ཤེས་ལིང་ག་ལ།། དམིགས་པའི་རྟེན་དུ་གན་རྐྱལ་བཞག། དེ་སྟེངས་གཟུགས་བྱས་རེ་རང་སྐྱོན།། མཛུབ་གང་བ་ནི་ཚད་ཡིན་ནོ།། ལག་ན་དུག་ཤིང་ཕུར་པ་ཡིས། ། རང་གིས་སྙིང་ཁར་འདེབས་པའི་ཚུལ།། ཨ་ཀྲོ་རྭ་ཛའི་དྲག་སྔགས་དང།། དྲག་པོ་འཕྲུ་བདུན་དཔལ་ལ་གདགས།། དེ་ཡང་གོང་གི་ཐོད་ནང་དུ།། ཨེ་དང་ལིང་ག་བཅས་ལ་བཞག། ཧཱུཾ་བཞི་ཛ་བཞི་ཐོད་པ་ལ། ། འདའ་རས་ཙ་བསྡམ་རྒྱ་གྲམ་བྱ།། བདག་ཉིད་ཏིང་འཛིན་གསལ་བ་ཡིས།། དྲག་སྔགས་བདུན་པ་ཞག་བདུན་བྲབ།། རྟེན་པའི་གནས་སུ་མཆོག་ཏུ་བཤད།། དེ་མིན་ཆུ་མིག་རྟ་དབབ་ཅན།། ཐོད་པ་ནག་པོ་མནན་པར་བྱ། ། རང་ལ་རང་འབྲུབ་བསད་པ་ཡིས།། རང་གཤེད་ནག་པོའི་ལས་སུ་བཤད།། གནོད་སྦྱིན་སྲོག་གི་འཁོར་ལོ་ཡིས།། དེ་ཡི་སྟེང་ནས་མནན་པར་བྱ།། ལེབ་ནག་རྒྱ་གྲམ་སྔགས་ཀྱིས་འཚེས། ། བསད་པའི་ཙཀྲར་ཡང་དག་བཤད།། ཅེས་གསུངས་སོ།། སྙིང་གཟེར་ནག་པོའི་རྒྱུད་ལས་ལེའུ་གསུམ་པའོ།།།། དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་བཟློག་པའི་འཁོར་ལོ་རྡོ་རྗེ་རྣམ་པར་གཅོད་པ་ཞེས་བྱ་བ་འདི་གསུངས་སོ། ། སྣ་ཚོགས་ས་ལ་སྦྲུས་པ་ཡི།། མཆོད་རྟེན་ནག་པོ་བམ་རིམ་ལྔ།། ཁྲུ་གང་བ་ནི་ཚད་ཡིན་ནོ།། དབང་བསྐུར་རབ་ཏུ་གནས་པར་བྱ།། བུམ་པར་འཁོར་ལོ་རྩིབས་བཞིན།། མིང་རུས་བསྲུང་བའི་སྔགས་ཀྱིས་བསྐོར། ། ཚེ་སྲོག་བསྲུང་ཕྱིར་ཟངས་དང་ལྕགས།། གསེར་དང་བཅས་པའི་རིམ་པར་སྦྱར།། ལག་ཏུ་ཕུར་པ་དཔལ་ཕྱིར་བསྟན།། ཤྲཱི་མཉྫུ་ཡི་གསང་སྔགས་དགོད།། འཁོར་ལོ་བྲེ་ལ་རབ་བརྒྱངས་ཏེ། ། ལོག་པའི་འཁོར་ལོ་སྐབས་སུ་བསྐོར།། དུས་མཚམས་བཟུང་བ་ཞེས་སུ་གསུངས།། ཅེས་གསུངས་སོ།། སྙིང་ཟོར་གྱི་རྒྱུད་ལས་ལེའུ་བཞི་པའོ།།།། དེ་ནས་ཡང་མན་ངག་གནན་པ། རྡོ་རྗེ་གནན་པ་ཞེས་བྱ་བ་འདི་གསུངས་སོ། ། རི་རབ་འོག་ཏུ་མནན་པ་བྱ་བ་ཡི། དུར་ཁྲོད་རས་སམ་རྒྱ་ཤོག་ལ།། འཁོར་ལོ་རིམ་པ་བསྐོར་བ་ལ།། མནན་པའི་སྔགས་དང་རྒྱ་གྲམ་བྱ།། འོག་ཏུ་གང་ཡིན་རྫས་ལྔ་ལ།། གཟུགས་བྱས་འཁོར་ལོས་ལྕེ་སྟེངས་མནན། ། སྔགས་པའི་འོག་ཏུ་ཡིན་ཞེས་བཤད།། དེ་ནས་སོ་འཚམས་བསྲུང་བ་མཚོན་ཆ་རག་ལོག་ཅེས་བྱ་བ་འདི་གསུངས་སོ།། གསང་ཕྱེ་ཀླུ་ནག་ཡོད་པའི་ཆུ།། དུག་ཁྲག་མན་ཏྲ་ནག་པོའི་རུས། ། སེང་གེའི་ཁ་ལ་འཁྲུལ་འཁོར་བྲི།། སོ་འཚམས་དག་ཏུ་ཁྲུ་གང་མནན།། བསྐལ་པའི་འཁོར་ལོ་རང་ལོག་འགྱུར།། སྦྱོར་བ་བསྲུང་བའི་འཁྲུལ་འཁོར་ཏེ།། སྒོ་གང་ཕྱོགས་སམ་དེ་བཞིན་དུ།། བཟློག་པུར་དབང་བསྐུར་ཕག་ཐོད་མནན། ། རྟ་གགས་སྔགས་ཀྱི་དུག་མདའ་བཟློག། འཁྲུལ་འཁོར་རིམ་པ་དོན་གྱིས་ནི།། མན་ཏྲའི་ནུས་པ་དེ་ཡིས་འཇོམས།། བསྲུང་བཟློག་གོ་ཆ་རིམ་པའི་མཆོག། ཅེས་གསུངས་སོ།། སྙིང་ཟོར་ནག་པོའི་རྒྱུད་ལས་ལེའུ་ལྔ་པའོ། །།། དེ་ནས་ཡང་དྲེགས་པ་ན་ར་གིར་ཏི་ཡིས། གསང་སྔགས་ཀྱི་དེ་ཁོ་ན་ཉིད་གསང་བ་འདི། སྐུ་གསུང་ཐུགས་རྡོ་རྗེ་ལས་བཏོན་ཏོ།། ཨོཾ་ཨ་ཀྲོ་རཱ་ཛ་དུ་ན་ས་དུ་སྙིང་ལ་ཕྲིལ་ཕྲིལ། ཨེ་ཀྲོ་རཱ་ཛ་ཙིཏྟ་ན་ཤ་ཤ་ལ་རྦད་རྦད། ཡ་ཡ་རྣལ་མ་ནརི་ཛ་སྙིང་ལ་ཁ་ཐུན་མཱ་ར་ཡ་རྦད། ཀྲོ་མ་རི་ཤ་ཤ་ཏྲག་ཐུན། ཙིཏྟ་མ་ར་ཡཱ་ཏྲི་རྦད། ཤོ་མ་རི་རག་ཤག་ཁ་བཾ། ཙིཏྟ་ཏྲ་མ་རཀྴ་རྦད། སྲོག་ཏེ་ཏྲི་མ་ཏྲི་ཤ་ཛ། ཙག་རེ་ཁ་ཏྲི་ཡཀྴ་ཛ། ཀྲི་ཏྲ་མ་ཏྲི་ཡ་ཡ་ཛ། དགྲ་བོའི་སྲོག་ལ་རྦད། ཐུཾ་རིལ་རྦད། ཙ་ཁྲག་ཙིཏྟ་ཕྱུང། ནརི་སྲོག་ཧུར་ཐུམས་ཛ། ནརྀ་མཱ་ར་ཡ་རྦད། ཨ་མུ་ཀ་དུ་ན་ནན། ས་དུ་ནན། སྙིང་དུ་ནན། པྲི་དུ་རྦད། ཁ་ཐུན་རྦད། ཙིཏྟ་ནི་ཤ་ཀུ་ལུ་རྦད། མོ་ཧ་ནི་ཤལ་དུན་དུན། ཁྲག་ལ་ཧུབ་ཧུབ་དུན་ཁྱེར་བྷྱོ་ནི་ཛ་ཏཾ་པ་ཡ་ནན། ཨེ་ཀ་དུ་ན་བཟློག། མ་ཧཱ་དུ་ན་བཟློག་ས་ཀ་དུ་ན་བཟློག། ཙ་དུར་སྙིང་ལ་བཟློག། སུམ་ཏྲི་རཀྴ་དུ་ན་བཟློག། རཀྴ་ཏི་པོར་དུ་ན་བཟློ། ཨོཾ་ཨ་ཀྲོ་ཏེ་ཀ་ཡ་མན་ཏ་ཀ། ཨེ་ཀ་པ་ར་ཧཱུཾ་ཕཊ། ཨེ་ཏེ་པྲེ་མ་ས་ན་ཧཱུཾ་ཧཱུཾ། པྲ་དོད་ཀ་ཁྲ་རཀྴ་ཧཱུཾ་ཧཱུཾ། ཨོཾ་ཡ་བེ་ཤཾ་ཏྲ་བེ་ཤམ། བེ་ཤཾ་བེ་ཤཾ་རུ་པེ་ཤཾ་ཁ་ཐུན་བྷྱོ། ཏ་པ་ལི་མུ་ལི་དུ་རུ་དུ་ཧཱུཾ་ཕཊ། ཀརྨ་ཙནྟ་མུ་ཏྲི་དུ་རུ་དུ་རུ་ཧཱུཾ་ཕཊ། རཀྴ་མོ་དུ་རུ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། ཨེ་ཀ་ཛ་ཏི་པ་ལ་མ་ཤ་དགྲ་བོ་ལ་ཕཊ། ནག་མོ་ར་མ་ཏི་པདྨ་ར་ཏི་རུ་ཏི་རེ་མ་ཏི་ཧ་རྦད་བྷྱོ། ཨོཾ་ཀ་རུ་ན་ཙ་ལེ་ཙ་ལེ་ཧཱུཾ་ཕཊ། ཏ་ཀི་ཙ་ཏེ་ཙི་ཙ་ཏེ། ཧུ་ཡཾ་ཧུ་ཡ། ཧུ་ལུ་ཧུ་ལུ་པུ་རུ་ཏེ་པུ་རུ་ཏེ། ཨ་མུ་ཀ་མེ། རཀྴ་རཀྴ་ཧཱུཾ། ཙ་ཏྲག་ཏྲག་བྷྱོ། རུ་ལུ་རུ་ལུ་ཛ། ཏྲག་ཏྲག་ཨ་ཤུག་བྷྱོ། རུ་ལུ་རུ་ཛ་རེ་རཀྴ་ཏྲཀ་བྷྱོ། དགྲ་སྙིང་ལ་མཱ་ར་ཡ་ཨཾ་གུ་ཤ་ཏྲག་ཏྲག་ཤ་མཱ་ར་ཡ་བྷྱོ། ཡཾ་ཁྲག་ཐུན་དགྲ་སྙིང་ལ་རྦད། ཆེ་གེ་མོའི་སྲོག་ཨ་མོ་ཁཾ་རྦད་རྦད། ཐིག་ནི་ཅིག་མེད། བརྒྱ་ཆད་གཉིས་ཟུང་སྲོག་ཁྱེར། དབུགས་ལོང་ཡ་ཏྲི་ནི་ར་ཟུང་རྨ་ཏྲི་བདུད་ཏྲི་ནི་ར་ཟུང། ཀྲོ་མ་ཤ་ཤ། ཏྲག་ཐུན་ཙིཏྟ་ཐུན་ནི་ཤ་ཀུ་རུ་རཀྴ་ཐུན་ཡ་ཡ་དིང་དིང་ས་མ་ཡ་ཛ། ཆེ་གེ་མོ་ཨ་མུ་ཁཾ་སས་སྟིབས། མེས་ཚིག། ཆུས་བཀུར། རླུང་ཡེངས། ཁ་རི་བལ་ལྷག་སྣ་ར་ཡེན་ཚེ། རི་སྟིབས་ནི་རི་ཁྱེར། ཨོཾ་ཤྲཱི་མཉྫུ་ཡ་མ་རཱ་ཛ་མ་མ་ཨེ་ཀ་ཛྭ་ཏི་ནི་ཛ་ཛ། རྩ་བ་ཡིད་བཞིན་རིན་པོ་ཆེ། ། ལས་ནི་སྣ་ཚོགས་སྦྱོར་བའི་མཚོན།། རང་བཞིན་སྟོང་ཉིད་ངོ་བོའི་ལྷ།། ནུས་པའི་དཀྱིན་དང་དུག་དབལ་མཚོན།། ཚུལ་ཉིད་སྒྲ་དྲག་འབྲུ་མི་གསལ།། ཡིད་ལ་གསང་ཞིང་དབུགས་སྒྲ་ལྕི།། རྩ་བའི་ལས་སུ་དེ་བཞིན་སྦྱར། ། ཡན་ལག་སོ་སོ་མཚན་ཉིད་ཅན། ཟེ་ས་ཁ་འདུ་ཀླུ་ནག་འཁྲུག། རྒྱུ་ཐོད་སྤུ་གྲི་སྦབ་ཆེན་དང།། ས་གཞི་རི་རབ་སྐྱོམ་དང་ནད། ཁྲ་སྤྱང་གཟན་ལ་བཅུམ་པ་འདྲ།། ལྕགས་ཀྱི་ཚ་ཚ་འཕྲོ་ཚུལ་གྱིས། ། བཟླས་པ་ཡི་གེ་རིམས་བཞིན་བྱ།། ཞེས་གསུངས་སོ།། སྙིང་ཟོར་ནག་པོའི་རྒྱུད་ལས་སྔགས་ཀྱི་ལེའུ་སྟེ་དྲུག་པའོ།།།། དེ་ནས་དྲེགས་པ་ཆེན་པོ་ན་ར་གིར་ཏིས། བསམ་གཏན་ཆེན་པོའི་ཏིང་ངེ་འཛིན་གྱིས། སྔགས་ཀྱི་མཚོན་ཆ་འབར་བ་ཡུལ་ལས་རབ་ཏུ་འཕྲོས་པའི་ཙཀྲ་འདི་གསུངས་སོ།། ཏིང་འཛིན་ཏྲི་ལ་རྡོ་རྗེའི་སྐུ།། གཤིན་རྗེ་ཡཀྴ་མེ་དབལ་གྱི།། སྐུ་མདོག་ཕྱག་མཚན་གསལ་བ་ཡི།། སྤྱི་གཙུག་མཁའ་ལྡིང་རྒྱལ་པོ་བསམ། ། གཡོན་དུ་སྒྲོལ་བྱེད་ཡུལ་གསལ་བའི།། གསང་སྔགས་འོད་ཟེར་འཕྲོ་འདུ་ཡིས།། རྡོ་རྗེ་ཁྲོ་གཏུམ་མང་པོ་ཡིས།། བ་སྤུའི་བུ་ག་ཀུན་ཁྱབ་སྟེ།། འཕྲོས་པས་གདུག་པ་ཉལ་ཐག་གཅོད།། རྩ་རྒྱུད་འདུལ་གྱི་བསམ་གཏན་ཡིན། ། ལྷ་རྒྱུད་དྲིལ་བའི་གསང་སྔགས་ཀྱིས།། ཕྲ་མོ་འོད་ཀྱི་གཟུགས་བརྙན་ཅན།། འཇམ་དཔལ་ཡབ་ཡུམ་བྱ་ཁྱུང་གི། སྤྲུལ་པ་དཔག་ཏུ་མེད་པ་ཡི།། ཟེ་ལ་ཁབ་འདུ་ཚུལ་དག་ཀཾ། མ་ས་བཾ་ལ་སྦྲང་འདུ་བཞིན། ། འདུས་ཤིང་དེ་ཉིད་ཐིམ་པ་ཡིས།། བདག་དང་གཞན་བསྲུང་སྐྱོབ་པ་ཡི།། འཁོར་ལོ་ཆེན་པོ་ཡང་དག་བཤད།། བཟློག་པའི་དུས་ན་ཁྲོ་ཚོགས་དང།། མ་མ་སྲིན་མོ་མང་པོ་ཡིས།། རླུང་ནག་འཁྲུག་པའི་ཚུལ་དག་གིས། ། རྦོད་གཏོང་ལ་སོགས་གཞན་གྱི་ལྷ།། བསྐལ་པའི་རླུང་ནག་ལོག་པ་ལྟར།། བཞན་གྱི་སྦྱོར་བ་འཇོམས་པ་ནི།། བཟློག་པའི་འཁོར་ལོར་ཡང་དག་བཤད།། དྲེགས་པ་བདུད་དང་གྱིང་བཙན་གྱིས། ། གནོད་སྦྱིན་མང་པོས་དམིགས་པ་དགུག། ཡེ་ཤེས་སེམས་དཔའ་ཁྲོས་པ་ཡིས།། གནོད་སྦྱིན་ཡཀྴ་མགོ་དགུ་པ།། ཞེ་སྡང་འཁྲུག་པའི་ལུས་བཅུ་རྣམས།། སྙིང་དང་རྩ་བྲན་དབང་པོ་འཇོམས།། གསད་པའི་འཁོར་ལོར་ཡང་དག་བཤད། ། ནད་དང་མཚོན་ཆེའི་རླངས་པ་དང།། དུག་དང་སྤུ་གྲི་དཔལ་ཆེན་གྱིས།། ཙ་རྣམས་ཁྱེངས་ཏེ་ལུས་སྲོག་གཅོད།། མཚོན་ཆ་དམག་དང་རང་གནད་དུ། བསྐྱེད་པ་ཁ་སོའི་འཁོར་ལོར་བཤད། ། རི་རབ་རྡོ་རྗེ་གདན་གྱི་མཛེས།། ལས་ཀྱི་ལྷ་དང་སྔགས་དག་གིས།། ཕོ་བྲང་ཆེན་པོར་བསམ་པ་ནི།། མནན་པ་རྡོ་རྗེ་རི་རབ་བོ།། སྲོད་དང་ནམ་གུང་ཐོ་རངས་དང།། ཉི་མ་གུང་ལ་ལས་བཞི་སྦྱར།། ཕྱག་རྒྱ་སོར་བཅུ་གཡོན་གདེངས་དང། ། བསྐུམ་སྟེ་གནན་དང་གཡས་པ་གདེངས།། བསྣོལ་ཞིང་གདེངས་པའི་ཕོ་ཉ་ཡང།། སེང་གེ་ཁྱུང་དང་རུས་སྦལ་དང།། སྟག་གཟིག་བཅུ་ཡིས་གཞི་སྦྱར།། གསང་བའི་ལས་སུ་དེ་ཤེས་ན། ། ལས་བཞི་གཙོ་རུ་ཡང་དག་སྨིན།། ཅེས་གསུངས་སོ།། སྙིང་ཟོར་ལས་ལེའུ་བདུན་པའོ།།།། དེ་ནས་ཡང་དྲེགས་པ་ཆེན་པོ་ན་ར་གིར་ཏིས། མཚན་མ་རྒྱུ་རྩལ་གྱི་རུས་པའི་མཐུས། བསྡེབས་ཀྱི་གྲོགས་སུ་དྲག་པོ་རྫས་ཀྱི་འཁྲུལ་འཁོར་འདི་དག་གསུངས་སོ། ། རྩ་བ་ཡན་ལག་ཚུལ་དག་གིས།། དྲིལ་ཏེ་སྒྲུབ་དང་རྐྱང་པ་ཡིས།། ལས་ཀྱི་གྲོགས་སུ་རྫས་བཟློག་ཅེས།། སྔགས་པའི་རྫས་སུ་ཡང་དག་བཤད།། ཕུང་ཁུང་བཀའ་རྟེན་རྙིང་པ་དང། ། ནུབ་ཕྱོགས་གྲོགས་པོ་ཕུག་རྡུགས་ས།། དུག་དང་རྨེ་ཁྲག་སྦྲུས་པའི་ཨེར།། ལིང་ག་དབང་པོ་དོད་པ་དང།། རིགས་དང་མཛེས་ལྡན་ཐོད་ནག་སྦྱར།། ལྷ་དབྱེ་གནན་ཅིང་གསད་པར་སྦྲེལ།། སྙ་གནན་རང་གཤེད་འབེབས་པའི་རྫས། ། གསད་པ་དྲག་པོའི་རྫས་སུ་བཤད།། མཧཱ་རུས་སྦལ་ཁོག་པ་ལ།། དབང་སྡུད་ཡི་གེ་ཁྲག་ཆེན་བྲི།། འབྲུ་སྣ་ཚང་བའི་གཏོར་མ་བཅའ།། ཤ་སྣ་ཁྲག་སྣས་རབ་བརྒྱན་ཏེ། ། བཟློག་པའི་རྫས་སུ་རབ་བཤད་དོ།། ག་འུའི་བུམ་པའི་ཕོ་བྲང་དུ།། གསེར་དང་ཟངས་མ་ལྕགས་སུ་བཅས།། བསྲུང་བའི་འཁོར་ལོར་བཅས་པ་དང།། བསྲུང་ཕུར་བསྲུང་བའི་རྫས་སུ་འགྲོ།། རྨེ་ཁྲག་གསུམ་དང་སྙིང་སྣ་ལ། ། སྙིང་གི་ཡང་སྙིང་བཟླས་པའི་ཐུན། ཁ་སོ་བསྐྱོད་པའི་རྫས་ཡིན་ཏེ།། ལས་ཀྱི་གཙོ་རུ་དེ་ལ་འདོད།། དར་དཀར་རྒྱ་ཤོག་དེ་དག་ལ།། གུར་ཀུམ་ལ་སོགས་གསང་སྔགས་བྲི།། བྲི་བ་རྒྱན་གྱི་འཁོར་ལོ་སྟེ། ། མགུལ་དུ་བཏགས་ན་སྦྱོར་བ་བཟློགས།། ཕུང་ས་ཆུ་མིག་ཀླུ་གནས་ཆུ།། སེང་གེ་ཁ་འཐབ་འཁོར་ལོ་ཡིས།། གསང་ལམ་དགག་པའི་རྫས་སུ་བཤད།། དུག་དང་མཚོན་ཆ་འཁོར་ལོའི་སྔགས།། སྦྱོར་བ་ཕག་ཐོད་རྟ་གགས་ཀྱིས། ། དུག་མདའ་འཇོམས་པར་སྦྱོར་བའི་རྫས།། ཨ་མུ་ཀ་ཡི་རྫས་ལྔ་ལ།། དུག་སྣ་ལྔ་དང་ཕྱེ་མ་ལྔ།། བཅོ་ལྔའི་སྦྱོར་བས་ངན་པ་ནོན།། ཅེས་གསུངས་སོ།། པ་ལ་པ་ཏྲ་སྙིང་ཟོར་གྱི་རྒྱུད་ལས་ལེའུ་བརྒྱད་པའོ། །།། དེ་ནས་བཅོམ་ལྡན་འདས་དྲེགས་པའི་རྒྱལ་པོ་ན་ར་གིར་ཏིས། གསང་བའི་རྒྱུད་འཁོར་ལ་བསྡམས་ཤིང་གཏད་དེ། འདི་སྐད་ཅེས་གསུངས་སོ།། ཨེ་མ་ཧོ་རྣོ་དབལ་མཚོན་ཆ་མེ།། རབ་ཏུ་གསང་བའི་བཀའ་རྒྱུད་ལྟ། ། རྩ་བ་ཡན་ལག་སྟོང་གི་རྒྱུད།། སྙིང་པོ་ཟེར་བའི་རྒྱུད་འདི་དག། རབ་ཏུ་གསང་བའི་དྲེགས་པས་ཟུང།། རྫས་བཟློག་སྔགས་བཟློག་གཉིས་སུ་བཤད།། བསྡེབས་དང་རྐྱང་པ་གཉིས་སུ་བཤད།། རྫས་ལ་རྟེན་པ་འདི་ལྟ་སྟེ། ། ཕྱི་དང་ནང་དང་གསང་བ་ཡི།། མཆོད་རྟེན་རུས་སྦལ་སྙིང་ཟོར་གསུམ།། དྲིལ་ནས་བསྒྲུབས་ཀྱང་འགལ་བ་མེད།། བསྲུང་དང་བཟློག་དང་མནན་པ་ཡང། འཁོར་ལོ་གཅིག་གིས་གྲོགས་སུ་སྦྱར། ། གསད་པ་མཆོད་ཀྱི་སྦྱོར་བ་ལ།། འཁོར་ལོ་ཐོད་པའི་ནང་དུ་བཅའ།། རྩ་སྔགས་དྲོད་དང་མཐུན་པར་བཟླས།། དྲག་སྔགས་བདུན་པ་བདུན་ཕྲག་བདུན།། ཉིན་ཞག་བདུན་དུ་བསྐོར་བར་བྱ། ཁྲི་ཁྲི་བར་དུ་གྲི་བ་བརྒྱ། ། གསང་བའི་ལུས་སུ་སྔགས་ཀྱིས་སོ།། སྲོད་དང་ཐོ་རངས་ནམ་གུང་ལ།། ཕྱི་མི་གསང་སྔགས་བཟླས་པར་བྱའོ།། འཁོར་ལོ་རྫོགས་དང་མནན་པ་བྱ།། དེ་ན་ཐུན་སྒྲུབ་ཞག་གསུམ་བྱ།། དེ་ཡིས་དུས་མཐའ་རྟུལ་བར་བྱེད། ། གལ་ཏེ་གྲུབ་པར་མ་གྱུར་ན།། སྔགས་རྣམས་བཟློག་ཅིང་དཀྲུག་པར་བྱ།། སྤོགས་པའི་ཆོ་ག་ཞག་བདུན་བྱ།། འགལ་བྱེད་བརླག་པར་སྨོས་ཅི་དགོས།། རྟེན་པ་རང་གི་བདུད་དུ་འབབ།། དེ་དག་ཟླ་བ་ཆུང་གི། ཉི་ཤུ་གཉིས་ནས་དགུ་རུ་བྱ།། ཚེས་གཅིག་མནན་པའི་ཆོ་ག་བྱ།། བརྒྱད་པ་ཟོར་ཁ་གཡོས་པ་དག། དགྲ་བོ་གནས་པའི་ཕྱོགས་སུ་ཡང།། གཏོར་མའི་ཟོར་དང་བཅས་པ་འཕང།། གཉེན་པོ་ཕྱོགས་དང་བསྟུན་པ་གཅེས། ། རྟ་གགས་འཁྲུལ་འཁོར་བཅའ་བ་ཡང།། ཕག་ཐོད་བཅུག་ལ་སྒོ་བསྲུངས་ཏེ།། ཕུར་པ་དང་བཅས་ལྟོ་སྲོག་ཡིན།། སེང་གེ་ཁ་འཐབ་དུས་འཚམས་བསྲུན།། མཆོད་རྟེན་བཅའ་བ་མ་གྲུབ་ཀྱང། ། བདག་ཉིད་ཡཀྴ་གསལ་བ་ན།། དམ་པའི་མཆོག་ཏུ་འདི་དག་འདོད།། བསྲུང་ལོག་འཁོར་ལོ་འཆའ་བ་ན།། འཁོར་ལོ་རིམ་པས་གནས་སུ་བསྐོར།། ཕྱིར་བཟློག་འཁོར་ལོ་རྒྱབ་ཏུ་གདགས།། བསྲུང་བའི་འཁོར་ལོ་མགུལ་དུ་གདུགས། ། ངག་མནན་རང་གི་འོག་ཏུ་མནན།། བསད་པ་གདུག་པའི་གནས་སུ་བསྐྱལ།། འཁོར་ལོ་བཀའ་བ་མ་གྲུབ་ཀྱང།། གསང་སྔགས་རིམ་པས་བཟླས་པས་འགྲུབ།། གསང་བའི་བཀའ་རྒྱུད་སྙིང་པོ་སྟེ། ། རང་གཤེད་གསང་བའི་བཀའ་རྒྱུད་འདི།། བགྲོད་པ་ཐོབ་པའི་སྟོབས་ཀྱིས་བསླང།། འཁོར་གྱི་དྲེགས་པ་ཕོ་མོ་དང།། ལྷ་ཀླུ་མཁའ་འགྲོ་རྣལ་འབྱོར་ལ།། གསང་བའི་བཀའ་རྒྱུད་ངས་གཏད་ཀྱིས། ། ལྔ་བརྒྱ་སྙིགས་མ་བྱུང་བའི་ཚེ།། རྒྱུད་ཀྱི་རྒྱལ་པོ་འཛིན་པ་ལ།། མཁའ་འགྲོ་རྣམས་ཀྱིས་བྱིན་རློབ་ལ།། རྣལ་འབྱོར་སྒྲུབ་པའི་གྲོགས་ཀྱིས་ཤིག། དེ་ནས་འདུས་བའི་འཁོར་དགའ་མགུ་ཡི་རངས་ཏེ། དྲེགས་པ་ཆེན་པོས་གསུངས་པ་ལ་མངོན་པར་བསྟོད་དོ། ། པ་ལ་པ་ཏྲ་གསང་བ་སྙིང་ཟོར་གྱི་རྒྱུད་ལས་རྒྱུད་གཏད་པའི་ལེའུ་སྟེ་དགུ་པའོ།།།། པ་ལ་པ་ཏྲ་གསང་བ་སྙིང་ཟོར་གྱི་རྒྱུད་རྫོགས་སོ།།།། དྷརྨ་རྒྱ་མཚོ།།།།
CLOSE WINDOW