Wylie |
རྒྱ་གར་སྐད་དུ། ཀཱ་ལ་ཙིཏྟ་ཏནྟྲ་གུ་ཧྱ། བོད་སྐད་དུ། ནག་པོ་གསང་བའི་རྒྱུད། གནོད་སྦྱིན་གྱི་སྡེ་དཔོན་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་དུར་ཁྲོད་ཆེན་པོ་བསིལ་བའི་ཚལ་ན། འཁོར་གནོད་སྦྱིན་དང། སྲིན་པོ་དང། ཤ་ཟ་དང། ཀླུ་དང། མ་མོའི་ཚོགས་དང་ཐབས་ཅིག་ཏུ་བཞུགས་སོ།། དེའི་ཚེ་གསང་བའི་བདག་པོ་ལག་ན་རྡོ་རྗེས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་ཐ་མའི་དུས་ན་བསྟན་པ་བསྲུང་བའི་ཐབས་ཇི་ལྟར་བགྱི། ཞེས་གསོལ་པ་དང། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གསང་བའི་བདག་པོ་ཐ་མའི་དུས་ན་བསྟན་པ་བསྲུང་བར་འདོད་ན། རྡོ་རྗེ་གདན་གྱི་བྱང་ཤར་ན་དུར་ཁྲོད་ཆེན་པོ་བསིལ་བའི་ཚལ་ཞེས་བྱ་བ་ཆུ་ཞིང་དཔག་ཚད་དྲུག་པ། རོའི་རྣམ་པ་བམ་པ་དང། རུལ་བ་དང། ཕྱེད་ཚལ་དང། ཀེང་རུས་དང། མགོ་དང། སྒལ་ཚིགས་དང། ཡན་ལག་ལ་སོགས་པ་ཡོད་དོ།། དེ་ན་རོ་ལ་ཟ་བ་དང། འཐུབ་པ་དང། བཅོད་པ་དང། འཐུང་བ་དང། འཇིབ་པའི་ཚོགས་ནི་དུར་གྱི་བྱ་དང། གཅན་གཟན་མང་པོ་དང། ཡང་དུར་ཁྲོད་བདག་མོ་གཏུམ་མོའི་ཚོགས་དང། ཙ་མུ་ཏི་དང། སྲིན་མོ་འགྲམ་རིངས་མ་དང། འཕྲ་མེན་མ་དང། སྦྱོར་སྒྲོལ་མ་དང། ཤ་ཟན་མ་དང། ཁྲག་འཐུང་མ་དང། གཞན་ཡང་མ་མོའི་ཚོགས་དུ་མ་དང། དུར་ཁྲོད་ཀྱི་བདག་མོ་རྣམས་སོ།། དེ་ན་རྒྱ་མཚོར་གླིང་ཚོགས་ཞེས་བྱ་བ་ཤིན་ཏུ་ཡང་རྒྱ་ཆེ་ཞིང་གཏིང་ཟབ་པ། རྦ་རླབས་མེར་བ། ཁ་དོག་ཁྲག་ཏུ་འདུག་པ་དང། མཚོའི་ནང་ན་ཡང་ཆུ་སྲིན་དང། པིར་དང། དུང་དང། སྦྲུལ་གདུག་པ་དང། ཉ་དང། སྦལ་པ་ལ་སོགས་པའི་གདུག་པ་ཅན་རྣམས་ཀྱང་གནས་སོ།། མཚོ་དེའི་བདག་པོ་ནི་ཀླུ་ནག་པོ་མཐའ་ཡས་ཞེས་བྱའོ།། གདུག་པ་དང་སྟོབས་སུ་ལྡན་པ་ཡང་གནས་སོ། ། དུར་ཁྲོད་དེ་ན་མཆོད་རྟེན་བདེ་བྱེད་ཅེས་བྱ་བ། རིན་པོ་ཆེའི་ཀ་བ་བརྒྱད་ཀྱིས་བཏེག་པ། ཁྲི་འཕང་ལྔ་པ། དབུ་དྲིལ་ཐབས་སུ་འདུག་པ། ཁ་ཁྱེར་དང་མཆོད་རྟེན་ལྔས་མཛེས་པ། བྱ་རུ་དང་སྒོ་སྐྱེས་མཛེས་པ། ཁ་དོག་ནག་པོ་ཅིག་ཡོད་དོ།། དེ་ཡང་ནོད་སྦྱིན་ནག་པོ་དང་མངག་རིས་ནག་པོས་དབང་བྱས་པའོ།། དེ་ནས་སྐྱེས་པའི་ཤིང་བུ་ནི། ཨ་ཤ་ནྱ་གྲོ་ཏ་ཞེས་བྱ་བ་མདོག་ནག་ལ་བོངས་ཆེ་བ། སྡོང་པོ་གཅིག་ལོ་འདབ་རྒྱས་པ། དྲི་མི་ཞིམ་པར། ཚེར་མ་རྣོ་བ། གདུག་པ་ཆེ་བ། ལོ་འདབ་འཐུར་དུ་གཞོལ་བ། བདུད་ཀྱི་བྱ་ནག་པོ་དང་སྦྲུལ་གདུག་པ་རྣམས་སོ།། དེ་ན་བདུད་ནག་པོ་གཏུམ་པོའི་ཚོགས་དང་བཅས་པ་གནས་སོ།། དུར་ཁྲོད་དེའི་དབུས་ན་ལྕགས་ཁང་ནག་པོ་སུམ་བརྩེགས་སྒོ་མེད་ལས་རྩེ་མོ་ལ་མེ་འབར་བ། རྩ་བ་ཁྲག་ཁོལ་བ། ལོགས་ལས་དུ་བ་འཐུལ་བ། དེ་ལྟ་བུའི་ནང་ན་བདུད་བི་ན་ཡ་ཁ་ཞེས་བྱ་བ། འཁོར་བདུད་དང། གནོད་སྦྱིན་དང། མ་མོ་དང། ཀླུ་ལ་སོགས་པ་ཤིན་ཏུ་གདུག་ཅིང་དྲག་ཤུལ་དང་ལྡན་པ། འཇིག་རྟེན་རླག་པར་བྱེད་པའི་སྟོབས་དང་ལྡན་པ་ཅིག་གནས་པས། དེས་བསྟན་པ་བསྲུང་བའི་ལས་ལ་ཐོགས་པ་མེད་དོ་ཞེས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏོ།། གླེང་གཞིའི་ལེའུ་སྟེ་དང་པོའོ།།།། དེ་ནས་བཅོམ་ལྡན་འདས་ལ། གསང་བའི་བདག་པོས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བདག་ལ་བྱིན་གྱིས་བརླབ་ཏུ་གསོལ། ། ཞེས་གསོལ་ཏོ།། དེ་ནས་གསང་བའི་བདག་པོ་ལག་ན་རྡོ་རྗེས་སྡིགས་མཛུབ་སྒྲེང་སྟེ་མིག་ཟློག་ཅིང་བ་སྤུ་ལངས་ཏེ། ཞབས་དང་ཞལ་རབ་ཏུ་བགྲད་ནས་རྡོ་རྗེ་གསོལ་ཞིང་བྱོན་པ་དང། བདུད་རབ་དུ་བརྒྱལ་ནས་འཁོར་རྣམས་ཀྱང་སྐྲག་སྟེ་འདི་སྐད་ཅེས་གསོལ་ཏོ། ། ཅི་བགྱི་བཀའ་དང་དམ་ཚིག་གསོལ་ཅིག། བདག་ཅག་རྣམས་ཀྱི་སྲོག་སྙིང་དབུལ།། འབངས་ལ་ནན་ཏུར་མ་ཆུང་བར།། བཀའ་ཡི་དམ་ཚིག་རྗེས་སུ་བཟང། ། བདག་གི་ལས་ཐབས་ཟས་སྐལ་གང།། ཞེས་གསོལ་བ་དང། གསང་བའི་བདག་པོས་བསྒོ་བ་ནི།། འཇིག་རྟེན་ཁམས་སུ་ཐོག་སེར་ཕོབ།། དམ་ཚིག་ཉམས་པའི་སྙིང་ཁྲག་ཟོ། ཁྱོད་ཀྱི་ལས་ཐབས་ཟས་སྐལ་དེ། ། ཞེས་གསུངས་པ་དང། སྲོག་སྙིང་ཕུལ་ཏེ་རང་དམ་རང་གིས་བཅས་སོ།། བདུད་བཏུལ་བའི་ལེའུ་སྟེ་གཉིས་པའོ།།།། དེ་ནས་གསང་བའི་བདག་པོས་གསོལ་བ། བཅོམ་ལྡན་འདས། བདུད་པོ་བསྒྲུབ་ན་ཇི་ལྟར་བསྒྲུབ།། འདི་ཡི་དམ་རྫས་ཇི་ལྟར་ལགས།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། ནགས་ཁྲོད་གསེབ་བམ་དུ་ཁྲོད་དུ།། མ་ཉམས་འཇུག་ལ་བརྩོན་པར་བྱ།། བསོད་ནམས་ཚོགས་བསྐྱེད་བསྐང་བཤགས་བྱ། ། དཔང་གཟུགས་བདེན་པ་བདར་བར་བྱ།། ཕྱི་ཡི་མཆོད་པས་ཐུགས་དམ་བསྐང།། ཕྱི་ནང་གསང་བའི་མཚམས་བཅད་ལ།། ནང་དུ་བསྙེན་པའི་དཀྱིལ་འཁོར་བྲི།། སྟེགས་བུ་མདའ་གང་གྲུ་བཞི་ལ། ། དྲི་དང་ཁྲག་གི་ཆག་ཆག་གདབ།། དབུས་སུ་མཐིང་ནག་གྲུ་གསུམ་བྲི།། ཚོན་སྣ་ལྔ་ཡི་རྩིག་པ་གཏང།། མཐའ་རུ་མེ་རི་ལེགས་པར་བྲི།། དཀྱིལ་འཁོར་དེ་ཡི་ཕྱོགས་བཞི་རུ། ཁྲག་གི་མཎྜལ་ཟླུམ་པོ་བཞི། ། དུར་ཁྲོད་མཚོ་དང་མཆོད་རྟེན་ཤིང།། གོ་རིམ་བཞིན་དུ་མཚམས་ལ་བྲི།། ལྕགས་ཁང་ནག་པོ་སུམ་བརྩེགས་ལ།། སྒོ་མེད་ནང་དུ་སྲོག་སྙིང་བྲི།། སྟེང་དུ་བདུད་ཀྱི་སྐུ་གཟུགས་དགྲམ།། སྒོ་མེད་རེ་ག་ནག་པོས་གཅད། ། ཤ་སྣ་ཁྲག་སྣ་ཚོགས་ཚད་དང།། འབྲུ་སྣ་ཚོགས་ཚད་སྦྱར་བ་ཡི།། གཏོར་མ་དག་ནི་བན་དྷ་གང།། སྐུ་གཟུགས་མདུན་དུ་དགྲམ་པར་བྱ།། སྣ་ཚོགས་དག་ཏུ་རྒྱུན་དུ་སྦྲེང།། བཤོས་བུ་ནག་པོ་ཟུར་གསུམ་ལ། ། མདའ་ནག་རྒྱང་ནག་ནམ་མཁའ་ནག། འཁར་གླིང་བྲིས་པ་གཟུག་པར་བྱ།། ཤར་གྱི་མཎྜལ་སྟེང་དུ་བསྟེན།། ལུག་ནག་བྱ་ནག་ཁྱི་ནག་རྟ་ནག་གི། ནག་པོ་བཞི་ཡི་ཙིཏྟ་བཞི།། བྱང་ཕྱོགས་མཎྜལ་སྟེང་དུ་བསྟབ། ། ལུག་ནག་ལ་སོགས་རྒྱལ་མཚན་ལ།། དར་སྣས་བརྒྱན་ཏེ་མཛེས་པར་བྱ།། ནུབ་ཀྱི་མཎྜལ་སྟེང་དུ་འཕྱར།། བྱ་རྒོད་མདའ་ལ་མེ་ལོང་དང།། དར་ནག་བཏགས་ཏེ་གཡབ་བར་བྱ།། གསང་མཚན་བྲིས་ཏེ་ལྷོའི་མཎྜལ་སྟེང་དུ། ། ལས་ལ་འཇུག་པའི་རིམ་པ་ནི།། བདག་ཉིད་ཕྱག་ན་རྡོ་རྗེ་བསམ།། མདུན་དུ་ལྕགས་ཁང་ནང་གནས་པའི།། ཏྲི་ཡི་ཡིག་འབྲུ་ནག་པོ་ལས།། བི་ན་ཡ་ཀ་བསྐྱེད་བར་བྱ།། ཞལ་གཉིས་ཕྱག་གཉིས་ཁ་དོག་ནག། རྩ་བའི་ཞལ་ནག་སྟེང་མ་དམར།། གཡས་ན་རྡོ་རྗེ་ལྟེ་ལེབ་འཕྱར།། གཡོན་ན་སྦྲུལ་ཞགས་ཐོད་ཁྲག་འཐུང།། མི་ལྤགས་རློན་པའི་གཡང་གཞི་སྟོད།། སྟག་གི་ཤམ་ཐབས་ཉ་རིས་སྨད།། རླུང་ནག་ཚུབ་མའི་ཁྲི་ལ་གནས། ། སྤྲིན་དང་མུན་པའི་དཀྱིལ་ན་འདུག། མདུན་དུ་བཀའ་ནོད་བསམ་པར་བྱའོ།། བསམ་ནས་སྲོག་གི་སྙིང་པོ་བཟླས།། ཐུགས་དམ་བསྐུལ་ཞིང་རག་ཏ་སྦྲེང།། རྟགས་དང་མཚན་མ་བྱུང་གི་བར། ། བསྙེན་པའི་ལེའུ་སྟེ་གསུམ་པའོ།།།། བསྒྲུབ་པའི་རིམ་པ་བསྟན་པ་ནི། རི་རབ་གླིང་བཞིའི་དཀྱིལ་འཁོར་བྲི།། རི་རབ་སྟེང་དུ་ལྕགས་ཁང་བརྩིག། རྫས་རྣམས་རིམ་པར་དགོད་པར་བྱ།། ལྷོ་ཕྱོགས་སོགས་ཀའི་སྟེང་དུ་ནི། ། འཁོར་ལོ་གསུམ་གྱི་ཕོ་བྲང་བཅའ།། བཞེངས་པ་སྐུ་ཡི་འཁོར་ལོ་དང།། ཐོད་པ་གཟེར་གྱི་འཁོར་ལོ་དང།། ཕུང་སྲི་སྡེ་བརྒྱད་འཁོར་ལོ་ནི།། བྲིས་ནས་བསྐོར་ཐབས་ཤེས་པར་བྱ། ། བདུད་ཀྱི་དོན་སྙིང་འཁོར་ལོ་ནི།། དུག་དང་ཁྲག་གིས་བྲི་བར་བྱ།། དབུས་སུ་མེ་རི་དགུ་པ་ལ།། ཕྱི་རིམ་འཁོར་ལོ་བཅུ་གཉིས་བརྩིགས།། མུ་ཁྱུད་གཉིས་དང་ལྡན་པར་བྱ།། དུར་ཁྲོད་པགས་པ་དག་ལ་ནི།། རྒྱུ་དང་བཅུ་གཉིས་རེ་མིག་ལ། ། དབུས་སུ་ཡི་གེ་ལྔ་བཀོད་ལ།། མུ་ཁྱུད་ནང་ལ་སྲོག་སྔགས་དགོད།། ཉི་ཤུ་རྩ་ལྔ་ཤེས་པར་བྱ།། མུ་ཁྱུད་ཕྱི་ལ་སྔགས་ལོག་དགོད།། སྡེ་ཚན་བཅུ་གཉིས་དྲག་སྔགས་ནི།། བཅུ་གཉིས་རྩིབས་ལ་དྲག་པོར་དགོད། ། དུར་ཁྲོད་ས་ལ་སྐུ་གཟུགས་བཞེངས།། མཐོ་གང་ལེགས་པར་ཚོན་གྱིས་བརྒྱན།། སྙིང་ཁར་གདུག་པའི་འཁོར་ལོ་བཅའ།། རབས་ཆད་ནག་པོའི་མོན་ཐོད་ལ།། ཕྱི་རུ་སྐུ་གཟུགས་ལེགས་བྲིས་ལ། ། ནང་དུ་དྲག་པོའི་འཁོར་ལོ་བཅའ།། སྙིང་རྩའི་ཡི་གེ་ཏྲི་ནག་ལས།། སྙིང་ནས་དྲངས་ལ་ལས་ལ་བསྒྲུབ།། རྩིབས་བརྒྱད་འཁོར་ལོ་འབར་བ་ལ།། ལྷ་སྲིན་སྡེ་བརྒྱད་སྙིང་པོ་བྲི།། གསང་བའི་འཁོར་ལོ་རྣམ་པ་གསུམ། ། གྲུ་གསུམ་མེ་རིའི་རྩེ་ལ་བཞག། བསྐོར་ཐབས་སོ་སོར་ཤེས་པར་བྱའོ།། ཐུགས་དམ་བསྐུལ་ཞིང་མཆོད་པ་དབུལ།། གསུར་ཆེན་དུད་པ་རྒྱུན་དུ་གཏང།། གདུག་པའི་ཐུན་གྱིས་བྲིས་པར་བྱ།། རྟ་བསྒྲུབ་དྲག་པོ་གཡས་ལ་བསྐོར། ། སྦྱོར་བ་དྲག་པོ་གཡོན་ལ་བསྐོར།། དྲག་པོ་ལས་ཀྱི་སྔགས་དང་བཅས།། བདུད་ཀྱི་ལྟོ་བ་དྲག་པོ་རུ།། སྔགས་ཀྱི་འཁོར་ལོ་གཟེར་དང་བཅས།། ཡི་གེ་རྣམས་ཀྱི་འོད་ཟེར་ལས།། སེར་བ་ཁྲག་ཏུ་དབབ་པས་བསམ། ། དམིགས་པའི་རྟེན་བརླག་དམོད་པས་གདབ།། དྲག་པོ་ཀླུ་འམ་ཡུལ་ས་རྟེན།། མཆོད་རྟེན་དག་ལ་སྦྱོར་བ་བྱ།། མ་ནོར་ཕྱོགས་དང་དུས་ཤེས་བྱ།། ཐོད་པ་སྐུ་གཟུགས་ཕྱི་ཡི་གཟེར།། དྲག་པོ་འཁོར་ལོ་ནང་གི་གཟེར། ། ཏིང་འཛིན་དམིགས་པ་གསང་བའི་གཟེར།། གཟེར་གསུམ་བརྟགས་པའི་ལས་ལ་སྦྱར།། གཏད་ན་གཟེར་གྱི་ལེའུ་སྟེ་བཞི་པའོ།།།། དེ་ནས་ལས་ཀྱི་སྦྱོར་བ་ནི།། དཀྱིལ་འཁོར་དེ་ནི་ལེགས་བྲིས་ལ། ། རྫས་རྣམས་རིམ་པར་བཀོད་ནས་ཀྱང།། ལྷོ་ཕྱོགས་གླིང་དུ་ཐུན་རྫས་བཤམ།། ཀླུ་གཟིར་བཙན་དང་ཐེ་བྲང་གཟིར།། ཁྱབ་འཇུག་དུས་དང་ཕྱོགས་ཤེས་ཐུན།། དྲག་པོའི་རྫས་ཀྱིས་བྲབ་པར་བྱ། ། དྲག་སྔགས་བཟླས་ཤིང་དམིགས་པ་གསལ།། དེ་ནས་དུས་ཤེས་སྦྱོར་བ་བྱ།། རི་གསུམ་རྩེ་ལ་སྤྱང་དུས་བརྡབ།། བཙན་གྱི་ལམ་དུ་ཐུན་ཟོར་བརྡེག། ཀླུ་ཡི་གནས་སུ་སྦྱིན་སྲེག་བྱ།། ཡུལ་རྟེན་སྐྲོག་པའི་རྫས་རྣམས་བསྲེག། གསང་བའི་རྫས་སུ་སྦྱོར་བ་བྱ།། དྲག་སྔགས་བཟློག་པའི་ཐུན་གྱིས་གཟིར།། ལས་ལ་སྦྱར་བའི་ལེའུ་སྟེ་ལྔ་པའོ།།།། དེ་ནས་དྲག་པོ་སྔགས་དམིགས་དང།། གྲངས་དང་ཡན་ལག་མ་ཉམས་ཤེས། ། དྲག་པོའི་ལས་ལ་ཐོགས་པ་མེད།། ཉམས་ན་དངོས་གྲུབ་ཡལ་བར་འགྱུར།། དབྱངས་དང་གསལ་བྱེད་གྲོང་ཁྱེར་གནས།། ཡི་གེ་མ་ཉམས་ཡན་ལག་ལྡན།། ཉི་ཤུ་རྩ་ལྔའི་ཡིག་འབྲུ་ལ། དབྱངས་ཡིག་གསུམ་པའི་དྲུག་དང་ལྡན།། དབྱངས་ཡིག་ལྔ་པའི་དྲུག་པས་མཛེས།། མེ་ཡི་ས་བོན་གཉིས་དང་ལྡན།། སྟོང་པའི་ཐིག་ལེ་གཉིས་དང་ལྡན།། དང་པོར་རྣམ་པར་སྣང་མཛད་དེ།། ཐ་མར་འགུགས་པའི་ཛ་གཉིས་ལ། ། དབྱངས་ཡིག་གཉིས་པས་བརྒྱན་པ་ནི།། འགྲེང་འགུགས་སྲོག་གི་སྙིང་པོ་ཡིན།། བདུན་ཅུ་རྩ་གཉིས་ཡིག་འབྲུ་ལ།། དང་པོ་རྣམ་པར་སྣང་མཛད་གཞག། ཐ་མར་དྲག་པོའི་ཡི་གེ་གཉིས།། དབྱངས་ཡིག་གསུམ་པ་བཞི་པ་ཡི། ། ཉི་ཤུ་རྩ་བདུན་རྒྱན་དང་ལྡན།། དབྱངས་ཡིག་ལྔ་པ་དྲུག་པ་ཡི།། ཉི་ཤུ་རྩ་གཉིས་ལྡན་པ་སྟེ།། དབྱངས་ཡིག་བཅུ་པའི་གཅིག་གིས་མཛེས།། དབྱངས་ཡིག་གཉིས་པའི་གསུམ་དང་ལྡན།། མེ་ཡི་ས་བོན་ལྔ་དང་ལྡན། ། དྲག་པོ་གཉིས་གོང་མེ་ཡི་སྔགས།། ས་ལ་མ་ལྡན་ཙིག་པ་སྟེ།། འདི་དག་དྲག་པོ་བསྒྲུབ་པའི་སྔགས།། དེ་ལ་དྲག་པོའི་ལ་སྔགས་སྦྱར།། དེ་ནི་སྦྱོར་བ་དྲག་པོར་འགྱུར།། འདི་ནི་གསང་སྔགས་དྲག་པོ་བསྒྲུབ་པའི་སྔགས་སོ། ། དེ་ཉིད་དྲག་པོར་བཟློག་པ་དེ།། མ་ནོར་དྲག་པོའི་སྔགས་དང་བཅས།། འདི་ནི་ལས་ལ་སྦྱར་བ་སྟེ།། སྦྱོར་བ་དྲག་པོའི་སྔགས་སོ།། གསང་སྔགས་རིམ་པ་འབྲུ་བཏུས་ཀྱི་ལེའུ་སྟེ་དྲུག་པའོ། །།། དེ་ནས་སྔགས་རྣམས་བསྟན་པ་ནི།། ཨོཾ་བི་ན་ཡ་ཀ། ཨུ་ནན་ཏུ་རྟ། འཛིར་འཛིར་ནན། ཁུ་ཤི་མུ་ཕུབ། ཏྲི་པ་ཙ་ལ་ཧཾ་ཤཾ་ཏྲི་ཛཱ་ཛཱ། དེ་ནི་སྲོག་གི་སྙིང་པོ་སྟེ།། བསྙེན་པའི་སྔགས་སོ།། ཨོཾ་བི་ན་ཡ་ཀ། ཨུ་ནན་ཏུ་རྟ། ཛིར་ཛིར་ནན། ཁུག་ཤི་མུ་ཕུབ། ཀུ་ཧི་ཀུ་ཧི། ཁ་ལི་ཁ་ལོ། ཀུ་ཧི་ཛཱ་དུ་སྟེ་ནན། དྲག་ཞིང་ནན། ཛིར་ཀུ་ཤི། པུ་ལི་བུ་ཧྲི། སུ་ཧི་སྨི་ཤི་ཁུ་ནན། སི་ནུ་བུ་ཧི། ཀྲི་ཀ་ཁུ་ནན། ཏུ་ཏྲི་ཏུ་ཏྲི། ཀྲིང་ཀྲིང་ཀྲིང། མི་རུ་ཙི་རིར་སྭཱ་ཧཱ། སྒྲུབ་པའི་སྔགས་སོ།། ཧཱ་སཱ། རཾ་རི་ཙི་རི་མི་རོ་ཕོབ། ཀྲིང་ཀྲིང་ཀྲིང། ཏྲི་ཏུ་ཏྲི་ཏུ། ནན་ཁུ་ཀ་ཏྲི། ཧི་པུ་ནུ་སི་ནན། ཁུ་ཤི་སྨི་ཤི། སུ་ཧི་པུ་ལེ། སུ་ཤི་ཀུ་འཛིར། ནན་ཞིང་དགྲ། ནན་སྟེ་དུ་ཛ། ནན་སྟེ་དུ་ཛ། ཧེ་ཀུ་ལོ། ཁ་ཀ་ལི་ཁ། ཧི་ཀུ་ཧི་ཀུ། ཕུབ་མུ་ཤི་ཁུ་ནན། ཛིར་ཛིར་ཛིར་ཏྲ་དུ་ནན། ཨུ་ཀ་ཨ་ནན། བྱི་ཨོཾ། དྲག་པོ་གཟེར་སྔགས་ཏེ་ལས་ལ་སྦྱར་བའི་སྔགས་སོ།། མ་ནོར་སྔགས་ཀྱི་ལེའུ་སྟེ་བདུན་པའོ།།།། དེ་ནས་བསད་པའི་སྦྱོར་བ་ནི། ། གནོད་སྦྱིན་ནག་པོ་ཚོགས་ཀྱི་རྗེ།། མགོ་སྒྲུབ་དྲག་པོའི་སྦྱོར་བ་ནི།། རྣམ་པ་གསུམ་དུ་ཤེས་པར་བྱ།། དྲག་པོ་ཧོམ་ཁུང་བསྲེག་པ་དང།། མནན་དང་ཐུན་ཟོར་སྦྱོར་བའོ།། དྲག་པོའི་འཁོར་ལོས་བསད་པ་ནི། ། དུར་ཁྲོད་གོས་ལ་འཁོར་ལོ་བྲི།། རྩིབས་རྒྱབ་དྲག་པོའི་སྔགས་བརྒྱུད་བྲི།། ལྟེ་བར་ལིང་ག་མིང་རུས་བཅས།། གྲུ་གསུམ་ནང་དུ་ཆུབ་བར་བྲི།། མ་རཱ་ཡ་ཡིས་མུ་ཁྱུད་བསྐོར།། འཁོར་ལོ་སྐུད་པ་ནག་པོས་བཅིངས། ། དྲག་སྔགས་བཟླས་ཤིང་ཐུན་གྱིས་བྲབ།། གྷས་མ། གྷོས་རཾ། ཐང་གྷོས་རེ་རཾ། ཏྲཾ་ཐཾ་གྷཾ་རེ་རཾ། ཏ་ཧཱུ་ཀུ་མ་གྷོ་རེ་རཾ། སཧ་སཱ་གྷོ་རེ་རཾ། རུ་སུ་གྷོ་རེ་ར་ག་ཏ་ཁ་གྷོ་རེ་རཾ། ཆེ་གེ་མོ་མ་ར་ཡ་ཧཱུཾ་ཕཊ། དེ་ནི་དྲག་པོ་འཁོར་ལོའི་སྔགས།། གྷ་ཏི་མེའི་ཁ་ལ་རྦད། ཨུ་ཏི་ནན། ཏྲ་ཏ་མ་ཙ་ནན། མོ་ཁ་ཨུ་ཙི་ནན། དྲག་པོ་མནན་པའི་སྔགས་སོ།། ཡུངས་ཀར་ཡུངས་ནག་སྐེ་ཚེས་བྲབ།། འཁོར་ལོ་དྲིལ་ལ་རབས་ཆད་ཐོད་པར་གཞུག། ཐོད་པ་རེ་བ་ནག་པོས་དྲིལ།། མཆོད་རྟེན་ནམ་མགོན་པོའི་ཞབས་འོག་མནན།། གནོད་སྦྱིན་ནག་པོ་དཔུང་གི་ཚོགས།། ཁྱོད་ཀྱིས་འདི་ལ་ཆད་པ་ཆོད།། རྟགས་བྱུང་ནས་ན་སྦྱོར་བ་བརྟུལ། ། འཁོར་ལོ་མནན་པས་བསད་པའི་ལེའུ་སྟེ་བརྒྱད་པའོ།།།། དེ་ནས་དྲག་པོ་སྦྱིན་སྲེག་ནི།། འབྲུབ་ཁུང་ཁྲུ་གང་ཐུར་དུ་བྲུ།། ལོགས་ལ་མེ་རི་བྲི་བར་བྱ།། དཔངས་སུ་སོར་བཞི་བརྩིག་པར་བྱ།། བོང་བུའི་ཆུ་དང་རོ་ཡི་སྣང་མཛད་ཀྱིས། ། དུར་སོལ་སྦྱར་ཏེ་ཕྱི་ནང་ནག་པོར་བྱུག། ཡུངས་ཀར་ཤིང་དང་དུག་ཤིང་གིས།། གྲུ་གསུམ་ནག་པོའི་ནང་རྩལ་ལ།། གྲོ་ག་འམ་ནི་ཤིང་ཤུན་ལ།། ལིང་ག་མང་དུ་བྲི་བར་བྱ།། ཡུངས་ཀར་ཡུངས་ནག་མར་ནག་དང། ། ལིང་ག་རེ་འང་བསྲེག་པར་བྱ།། བདག་ཉིད་ནག་ཆགས་ཞུགས་ནས་ཀྱང།། མེ་དཔུང་འབར་བས་ཚིག་པར་བསམ།། བསྒྲུབ་བྱ་བརླག་པར་གྱུར་བསམ་ཞིང།། མེ་ཏོག་ནག་པོས་མཆོད་པར་བྱ། ། སྲོག་བདག་ནག་པོའི་དཔུང་ཚོགས་ཀྱིས།། སྡིག་ཅན་འདི་ནི་རླག་པར་གྱིས།། ཞེས་བརྗོད་ཅིང།། སྟོང་ཐུན་རེ་ཞིང་ཐལ་བར་ཕྱར།། རླུང་སླང་མཐོང་སར་འཕྱར་པར་བྱ།། བསྒྲུབ་བྱའི་ཤུལ་སས་ལིང་ཁ་བྱ། ། ལིང་ག་མིང་རུས་ལྡན་པ་དེ།། སྐུད་པ་ནག་པོས་བཅིངས་ནས་ཀྱང།། ཁམ་ཕོར་ནག་པོ་ཁ་སྦྱར་གཞུག། སྦྱིན་སྲེག་ཐལ་བས་བཀང་ནས་ཀྱང།། མཆོད་རྟེན་དུར་ཁྲོད་རྙིང་པར་གནན།། བསྲེག་པའི་སྔགས་ནི་གོང་མ་ཉིད། ། སྔགས་བརྒྱད་མཱ་ར་ཡ་དང་བཅས།། གནན་པའི་སྔགས་དང་གོང་མ་ཉིད།། ཉི་ཤུ་གཅིག་གིས་རླག་པར་འགྱུར།། དྲག་པོ་སྦྱིན་སྲེག་གི་ལེའུ་སྟེ་དགུ་པའོ།།།། ཐུན་དང་ཟོར་གྱིས་བསད་པ་ནི།། འབྲུབ་ཁུང་ནག་པོའི་ཁ་ཁྱེར་ལ། ། ཁྲག་དང་དུག་གིས་བྱུག་པར་བྱ།། ཤིང་ཤུན་ལ་ནི་ལིང་ག་བྲི།། མིང་རུས་ལྡན་པར་བྲི་བར་བྱ།། ཁྲག་དང་དུག་གིས་བྲིས་ནས་ཀྱང།། མཐའ་མ་ཛ་ཡིས་བསྐོར་བ་དེ།། འབྲུབ་ཁུང་ནང་དུ་གཞུག་པར་བྱ། ། སྨྱུག་མ་ལ་ནི་བྱ་རོག་གི།། གུང་རུས་སུམ་དུམ་སྒྲོན་པར་བྱ།། དུག་གི་ཚེར་མས་མདའ་བྱས་ལ།། ཁྲག་དང་དུག་གིས་བྱུགས་ལ་བརྡེག། ཡུངས་ཀར་ཡུངས་ནག་ཁྲག་ཐུན་བྲབ།། ཙིཏྟ་རུ་ཏྲོ་སོད། ཛ་ལ་ཕ་ཡ་སོད། ཤི་ཏྲཾ་མུ་དྲ་སོད། ཨ་ལ་ཤ་སྟོ་སོད། རག་ཤ་མཱ་རཱ་སོད། ལིང་ག་ལ་ནི་ཐུན་གྱི་གསད།། ལིང་ག་གཏུབ་ཅིང་གཏོར་མར་བླུགས།། གཏོར་མ་མདའ་ཐུན་དགྲ་ཕྱོགས་འཕང།། གསད་ཐབས་ཐུན་ཟོར་གྱི་ལེའུ་སྟེ་བཅུ་པའོ། །།། དེ་ནས་གནོད་སྦྱིན་དབང་དུ་བསྡུས།། ཁྲག་དང་དུག་གིས་ནག་པོར་བྱུག། དེ་སྟེངས་འཁོར་ལོ་རྩིབས་བཞི་ནི།། རོ་རས་དག་ལ་སྟེང་འོག་གཉིས།། ཏིག་ནི་རི་ཏི་བྲིས་པ་འོག། སྟི་ཏི་རི་བྲིས་པ་སྟེ།། དབུས་སུ་གྲུ་གསུམ་ནང་དུ་ནི།། བདུད་ཀྱི་སྲོག་སྔགས་བྲི་བར་བྱ།། ལོང་བུ་ནག་པོ་དག་དང་ནི།། རྡོ་ཆུ་རི་ཤིང་དག་དང་གསུམ།། དར་ནག་ཁུད་དུ་དྲིལ་ནས་ཀྱང།། གྲུ་གསུམ་སྟེང་གཞག་བཟླས་པར་བྱ། ། སྲོག་སྙིང་དྲང་ཞིང་མཆོད་པ་དབུལ།། གུ་གུ་བརྒྱད་པ་འབུམ་ཕྲག་བཟླས།། སྣ་ཚོགས་གཏོར་མ་ཤ་ཁྲག་མཆོད།། གྲུ་གསུམ་གཏིང་དུ་ཁྲུ་གང་བྲུ།། བདུད་ཀྱི་བླ་སྲོག་གཏིང་དུ་རྦད།། སྟེང་དུ་ཕྱག་ན་རྡོ་རྗེ་བསྐྱེད། ། དེ་ནི་བླ་སྲོག་བསྡམས་པ་ཡིན།། སྐབས་སུ་ཤུ་ལ་ལས་ལ་སྦྱར།། མྱུར་བའི་ལས་ལ་ཐོག་པ་མེད།། ཡང་ན་བདུད་ཀྱི་གཟུགས་བྲིས་ལ།། སྲོག་སྙིང་མུག་ནག་སྙིང་ཤུན་དྲིལ།། དར་ནག་གཏུམས་ལ་སྙིང་ཁར་སྦ། ། སྟེགས་བུ་གྲུ་གསུམ་ནང་དུ་གཞུག། སྟེང་དུ་ཕྱག་ན་རྡོ་རྗེ་བསྐྱེད།། དེ་ནི་རྟག་ཏུ་མྱུར་བ་འགྱུར།། དེ་ནི་དྲག་པོའི་འཁོར་གནད་ཡིན།། གནད་ལ་བོར་ཅིང་ཤི་ས་བསྟན།། སྟེགས་བུ་གྲུ་གསུམ་ཁྲུ་གང་བྲུ། ། ཁྲག་དང་དུག་གིས་ནག་པོར་བྱུག། ནང་དུ་བརྣག་པའྀ་མིང་རུས་གཞུག། བགེགས་ཀྱི་སྐུ་གཟུགས་སྙིང་ཁ་རུ།། བརྣག་པའི་ལུང་ག་མིང་རུས་བྲི།། ཐ་མར་བདུད་ཀྱི་སྲོག་སྔགས་བྲི།། གྲུ་གསུམ་ནང་དུ་ཧོཾ་བཙུགས་ལ། ། དུག་ཤིང་ཚེར་མའི་ཤིང་གིས་བྱ།། ཡུངས་ནག་སྐྱཻ་ཚེ་ཐུན་གྱིས་བྲབ།། ལིང་ག་གཏུབ་ཅིང་ཧོཾ་ལ་བསྲེག། མེ་ཁྲག་སྦྲེ་ཞིང་བཟློག་སྔགས་བཟླས།། སྐྱེས་མཆོག་ཁྱོད་ལ་ལས་མི་བཅོལ།། སྐྱེ་མཆོད་ཁྱོད་ལ་ལས་བཅོལ་དུ། ། སྐྱེ་མཆོག་ཁྱོད་ཀྱི་ལས་མི་འགྲུབ།། སྐྱེ་མཆོག་ཁྱོད་ཀྱི་ལས་གྲུབ་ཏུ།། གནས་ངན་དེ་ནི་དུར་ཁྲོད་གནས།། གོས་ངན་དེ་ནི་མི་ལྤགས་གོས།། ཟས་ངན་དེ་ནི་མི་ཤའི་ཟས།། སྐོམ་ངན་དེ་ནི་མི་ཁྲག་སྐོམ། ། འཁོར་ངན་དེ་ནི་བུད་མེད་ཐེ་བྲང་འཁོར།། དེ་ཕྱིར་ཁྱོད་ལ་ལས་མི་འགྲུབ།། དེ་ཕྱིར་ཁྱོད་ལ་ལས་མི་བཅོལ།། དེ་བརྗོད་དྲག་པོས་བསྲེག་པར་བྱའོ།། དེ་ནས་བསོ་བསྐྱེད་ལས་བཅོལ་བ།། བདུད་རྩི་སྦྲེང་ཞིང་འདི་བརྗོད་བྱ། ། སྐྱེ་མཆོག་ཁྱོད་ལ་ལས་བཅོལ་ལོ།། ཁྱོད་ལ་ལས་ཅིག་མི་བཅོལ་དུ།། སྐྱེས་མཆོག་ཁྱོད་ཀྱི་ལས་གྲུབ་བོ།། ཁྱོད་ཀྱི་ལས་ཀྱི་མི་འགྲུབ་ཏུ།། གནས་ངན་དེ་ནི་མ་ལགས་ཏེ།། དུར་ཁྲོད་གནས་བརྒྱད་གནས་ཀྱི་མཆོག། མཾ་ས་ཤ་ཆེན་ཟས་ཀྱི་མཆོག། བདུད་རྩི་རག་ཏ་སྐོམ་གྱི་མཆོག། ཞིང་ཆེན་གཡང་གཞི་གོས་ཀྱི་མཆོག། ལྷ་སྲིན་སྡེ་བརྒྱད་གྲོགས་ཀྱི་མཆོག། དེ་ཕྱིར་ཁྱོད་ལ་འཕྲིན་ལས་བཅོལ།། ཡང་ན་ས་ལ་བདུད་ཀྱི་གཟུགས་བྱས་ལ། ། སྙིང་ཁར་གྲུབ་གསུམ་ཧོཾ་བསྲེགས་ལ།། དཀར་ཐབ་དམར་ཐབ་བསྲེགས།། རྒྱ་ཚིལ་གུ་གུལ་ཁྲག་ཆེན་བསྲེག། དྲག་སྔགས་བཟློག་ཅིང་དྲག་ཏུ་བཟླས།། གནོད་སྦྱིན་ཤིན་ཏུ་ཁྲོས་པ་ཡིན། ། འཁོར་གྱི་བཀའ་ཉན་གཟིར་བ་ཡིས།། ཁྲག་གི་སེར་བ་ཐོགས་པ་མེད།། བདུད་ཀྱི་བླ་སྲོག་བསྡམས་པ་དང།། གནད་ལ་བོར་ཞིང་ཤི་ས་བསྟན་པའི་ལེའུ་སྟེ་བཅུ་གཅིག་པའོ།།།། དེ་ནས་སྙིང་ཐོག་སྙིང་ལ་ཐོག་དབབ་པའི་སྦྱོར་བ་ནི། ས་སྟེངས་ཁྲུ་གང་གྲུ་གསུམ་ལ།། ཁྲག་དང་དུག་གིས་ནག་པོར་བྱུག། ཐོག་ལྕེ་གདུག་པའི་དཀྱིལ་འཁོར་བྲི།། མོན་ནམ་རབས་ཆད་ཐོད་པ་རུ།། གསེར་དངུལ་ཟངས་ལྕགས་འཁར་བ་དང། ། ལོང་བུ་ནག་པོ་དག་དང་ནི།། སྨིགས་པ་ཕ་ཝང་ཀླད་པ་དང།། དུག་དང་རྨེ་ཁྲག་གུ་གུལ་ནག། འབྲུག་རུས་སྲིན་རྡོ་རྫས་རྣམས་དང།། སྙིང་ཐོག་འཁོར་ལོ་བྲིས་པ་སྟེ།། ལིང་ག་མིང་རུས་ལྡན་པ་ལ། ། ཡུངས་ཀར་ཁྲ་སྐོམ་ཐུན་གྱིས་བྲབ།། འཁོར་ལོ་ཐོག་རྟ་འགྲམ་རྩར་སྦ།། དྲག་པོའི་སྙིང་ཐོག་འབབ་པར་འགྱུར། ཨོཾ་ཕ་གི་ཙིཏྟ་རུ་ལུ་མི་ལི། བཛྲ་ཀྲག་ཤུ་ཏ་ཕཊ། ཆེ་གེ་མོ་ལ་ལྕེ་འབབ་པ་མཱ་ར་ཡ། བྲི་དང་བཟླས་པའི་གསང་སྔགས་སོ། ། གནམ་ལྕགས་འབབ་པར་ཐེ་ཚོམ་མེད།། དྲག་པོ་སྙིང་ཐོག་གི་ལེའུ་སྟེ་བཅུ་གཉིས་པའོ།།།། དེ་ནས་ཐུགས་དམ་བསྐུལ་བ་ནི།། ཉི་མ་ལྷོ་ནུབ་མཚམས་ཤེས་ན།། གཙུག་ན་མེ་འབར་ཐུགས་དམ་ཅན། ། སྐུ་མདོག་ནག་པོ་གཏུམ་བག་ཅན།། རལ་པ་དམར་ནག་མེད་དཔུང་འབར།། སྡང་མིག་ནག་པོ་གྱེན་དུ་བསྒྲེངས།། མིག་ནས་ཁྲག་གི་སེར་བ་འབབས།། སྙན་ནས་བསྐལ་པའི་འབྲུག་སྒྲ་སྒྲོག། སྣ་ནས་རླུང་ནག་ཚུབ་མ་འཐོར།། མི་ལྤགས་རློན་པའི་གཡང་གཞི་ལ། སྟག་ལྤགས་རློན་པའི་ཤམ་བུ་ཅན།། ཞབས་གཉིས་ཕྱག་བཞི་ཆོ་འཕྲུལ་སྟོན།། གཡས་ན་རྡོ་རྗེ་ལྟེ་ལེབ་ཕྱར།། གཡོན་ན་སྦྲུལ་ཞགས་ཐོད་ཁྲག་འཕན། ། རླུང་ནག་ཚུབ་མའི་དཀྱིལ་ནས་བཞེངས།། སྐྱོད་ཅིག་ནམ་མཁའི་དཀྱིལ་དུ་བསྐྱོད།། ནམ་མཁའི་དཀྱིལ་དུ་བསྐྱོད་ཙམ་ན།། འབྲུག་སྒྲ་དྲག་པོ་འུ་རུ་རུ།། གློག་དམར་འོད་ཆེན་ལམ་སེ་ལམ། ། བར་སྣང་ཁམས་སུ་བསྐྱོད་ཙམ་ན།། མུན་ནག་འཁྱིལ་པའི་དཀྱིལ་འཁོར་ནས།། རླུང་ནག་ཚུབ་མ་འུ་རུ་རུ།། ཁྲག་གི་སེར་བ་ཤ་ར་ར།། དམ་ཉམས་དགྲ་བོའི་ཡུལ་འཁོར་དུ།། ཐོག་དང་སེར་བ་དྲག་པོ་ཕོབ། ། ཐུགས་དམ་བསྐུལ་བའི་ལེའུ་སྟེ་བཅུ་གསུམ་པའོ།།།། དེ་ནས་སྔགས་ཀྱི་རིམ་པ་ནི།། དང་པོར་འདྲིན་འགུགས་སྲོག་གི་སྙིང་པོའི་སྔགས།། གཉིས་པ་དྲག་པོའི་སྙིང་གཟེར་སྔགས།། གསུམ་པ་སྙིང་ཁྲག་འགུག་ཅིང་ལས་ལ་སྦྱར། ། བཞི་པ་ལས་ཀྱི་མཐའ་སྡུད་སྔགས།། ལྔ་པ་དྲིན་ལན་གཏོར་མ་གཏང་པའི་སྔགས།། འདི་དག་ལས་སུ་རུང་བ་ནི།། དངོས་གྲུབ་ལས་རྣམས་ཉེ་བར་འགྱུར།། སུ་བཛྲ་ར་ཡག་ཤ་ཏ་ཕྲོམ། ཕཊ་ནཱ་ག་དྲག་ཏུ་ཕོབ། དེ་ནི་ཀླུ་གནད་ལ་བོར་བའི་སྔགས་སོ།། བཛྲ་ཏྲག་ཤུ་ཊ་ཕཊ། དེ་ནི་བཙན་སྐྲོག་པའི་སྔགས་སོ།། ཧཱུཾ་ཡ་ཧཱུཾ་ཡ་པུ་ཙེ་ཏ་ཕྲོཾ་ཕཊ། བདུད་དཀྲུག་པའི་སྔགས་སོ།། ཏྲི་ཡ་ཏྲི་ཡ་ཏྲི་ཤཾ་ཡ་ནན་ཕཊ། གནམ་ཐེ་གཟིར་བའི་སྔགས་སོ།། ཡ་མ་ཤ་ཤུ་ཕོབ་ཡ། དེ་ནི་སྨིན་སྒྲོག་པའི་སྔགས་སོ།། ཡ་མ་སྙིང་ཡ་མ་ཁྲག་ར་ཧུ་ལ། ཧྲི་ལ་ཧྲི་ལ་ཤག་ཤག་སེན་སེན་ཕོབ་ཡ། དེ་ནི་གཟའ་བཤོར་བའི་སྔགས་སོ། ། ཤོ་ན་རཾ་སྟ་ན་རཾ་ཛྭ་ལ་རཾ། སྦྱིན་སྲེག་ཐབས་ཀྱི་སྔགས་སོ།། མུ་ཏི་ཏྲི་ལ་ཡ། ནོར་བསྒྲུབ་པའི་སྔགས་སོ།། མི་རི་སི་རི་རག་ཤ་ནན། པ་ཏོ་ལ་ཏོ་ལ་ཡ། ངག་གནན་པ་སྟེ་སྨྱོས་སུ་གཞུག་པའི་སྔགས་སོ།། ཨི་དཾ་དུ་བྷ་ལིཾ་ཏ་གྲི་ན་གྲི་ན་ཁཱ་ཧི་ཁཱ་ཧི་པུཉྩ་ཏོ་རག་ཏ་པི་པ་ཏོ་ས་མ་ཡ་སྭཱ་ཧཱ། གཏོར་མ་སྦྱིན་པའི་སྔགས་སོ།། ལས་སོ་སོའི་སྔགས་ཀྱི་ལེའུ་སྟེ་བཅུ་བཞི་པའོ།།།། དེ་ནས་མདོས་ཀྱི་རིམ་པ་ནི།། གནས་ནས་ཕ་ཚད་སྤགས་པ་རུ། ། མཎྜལ་གཙང་མ་ཁྲུ་གང་ལ།། དྲི་དང་སྤོས་ཀྱྀ་ཆག་ཆག་གདབ།། ཐིག་བཞི་བཏབ་པས་ལེ་ཚེ་དགུ། སེར་པོར་བྲི་ཞིང་ཕྱོགས་བཞི་རུ།། མཎྜལ་ཟླུམ་པོ་ཁྲག་གིས་བྱུག། དབུས་སུ་དར་དཀར་སྟེང་དུ་ཡཾ།། འབྲུ་ཡི་ཕུང་པོ་བདལ་བའི་སྟེང། ། གཙང་མ་དེ་རུ་མདོས་བཤམས་པ།། བཤོས་བུ་ནག་པོ་ཟུར་གསུམ་དང།། མདའ་ནག་རྒྱང་ནག་ནམ་མཁའ་ནག། ཕུད་ཀྱི་ཕོར་བ་བཤམ་པར་བྱ།། ཤར་དུ་མདའ་དང་མེ་ལོང་བཤམ། ། ལྷོ་རུ་གཡང་གཞི་དགོད་པར་བྱ།། ནུབ་ཏུ་སྙིང་སྣ་བྱང་དུ་བཤོས།། རྟེན་གྱི་རྟ་ལ་དར་སྣས་བརྒྱན།། བདག་ཉིད་ཕྱག་ན་རྡོ་རྗེས་བསྒོམ།། མདུན་དུ་བསྐྱེད་ལ་སྲོག་སྙིང་དང།། དར་ནག་གཡབ་ཅིང་སྤྱན་དྲང་མཆོད། ། ཐུགས་དམ་བསྐུལ་ཞིང་རྒྱལ་མཚན་འཕྱར།། ཕྱོགས་ཕྱོགས་ཙམ་ཅིག་ཕ་གི་ན།། ཉི་མ་ནུས་ཕྱོགས་ཕ་གི་ན།། རྡོ་རྗེ་གདན་གྱི་བྱང་ཤར་ན། ལྕགས་མཁར་སྒོ་མེད་ནང་ཤེད་ན།། བདུད་པོ་ཆེན་པོའི་ཆ་ལུགས་ཞུགས། ། བྱི་ན་ཡ་ག་ཐུགས་དམ་ཅན། མཐུན་པའི་རྫས་ལ་སྤྱན་འདྲེན་ན།། ཐུགས་དམ་བསྐུལ་ཕྱིར་གཤེགས་སུ་གསོལ།། མཐུན་པའི་དམ་རྫས་འདི་བཞེས་ལ།། གནག་པའི་ལས་འདི་གྲུབ་པར་མཛོད།། དམ་རྫས་དབུལ་རྟ་ལ་དམ་བཅའ་འོ། ། ཕྱི་ཡི་མཆོད་པའི་འདི་ཡིས་ནི།། ཐུགས་དམ་བསྐང་པའི་ལས་དག་བྱ།། བསྐང་བ་མདོས་ཀྱི་ལེའུ་སྟེ་བཅོ་ལྔ་པའོ།།།། དེ་ནས་གནག་པའི་ལས་བསྟན་པ།། དམ་ཚིག་བསྟན་པར་བྱ་བ་ལ། ། བྱ་ནག་ལུག་ནག་ར་རོག་ལ།། རུ་འམ་གཤོག་པ་གཡས་གཡོན་ལ།། སྲོག་སྙིང་གསང་མཚན་དར་ནག་གདགས།། སྐྱེ་རུ་མིང་བྱ་ལིང་ག་གདགས།། རྟེན་དུ་བཅས་ཏེ་བོད་ཅིང་བསྟབ།། ལས་གྲུབ་ཐུགས་དམ་བསྐང་བར་བྱ། ། ཤིན་ཏུ་འགོར་ན་དྲག་པོའི་འཇིགས་ས་བསྒྲལ།། ཤ་ཁྲག་མཆོད་པ་དབུལ་བར་བྱ།། དོན་སྙིང་ནང་དུ་སྲོག་སྔགས་དང།། མི་བྱང་ལིང་ག་གཞུག་པར་བྱ།། ཡུངས་ཀར་སྔགས་ཐུན་དྲག་པོར་བྲབ། ། རྒྱལ་མཚན་གཡང་གཞི་བརྡབ་བྱས་ལ།། དམར་ཙིཏྟ་རྟ་གཞུག་པར་བྱ།། དེས་ན་ཐེ་ཚོམ་མེད་པར་འགྱུར།། དམ་ཚིག་ནག་པའི་ལེའུ་སྟེ་བཅུ་དྲུག་པའོ།།།། དེ་ནས་ཡང་དག་བཤད་བྱ་བ།། དམ་ཚིག་རྟེན་གྱི་རིམ་པ་ཡང། ། བྱ་ནག་ལུག་ནག་རྟེན་དུ་བྱ།། སྐེ་རུ་སྲོག་གི་སྙིང་པོ་གདགས།། རྭ་འམ་གཤོག་པ་གཡས་གཡོན་ལ།། མིང་དང་གསང་མཚན་བྲིས་ལ་གདགས།། རྟག་ཏུ་རྟེན་དུ་བཅའ་བར་བྱ།། སྐུ་གཟུགས་དུར་ཁྲོད་རས་ལ་བྲིས། ། རྣལ་འབྱོར་གནས་པའི་ས་ཕྱོགས་སུ།། མཆོད་རྟེན་ནག་པོ་བདེ་བྱེད་འབྱམ།། བཞེངས་ཏེ་བྱ་རུ་གཡས་གཡོན་ལ།། མིང་དང་གསང་མཚན་བྲིས་ཏེ་གདགས།། བུམ་པར་སྲོག་སྙིང་བྲིས་ལ་གཞུག། རྟག་ཏུ་རྟེན་དུ་གཟུགས་པར་བྱ།། སྐུ་གཟུགས་དུར་ཁྲོད་རས་ལ་བྲིས།། མཚོ་དང་དུར་ཁྲོད་མཆོད་རྟེན་ཤིང།། ཕྱག་རྒྱ་གསང་མཚན་བྲིས་ལ་གདགས།། ནག་པོའི་སྙིང་གི་ཕྱེ་མ་ཡིས།། སྙིང་ཤུན་དར་ནག་ཁུད་དུ་གཏུམ། ། སྲོག་སྙིང་བྲིས་ལ་ནང་དུ་གཞུག། རྟག་ཏུ་རྣལ་འབྱོར་ལུས་ལ་བཅང།། རྟེན་གཟུག་པའི་ལེའུ་སྟེ་བཅུ་བདུན་པའོ།།།། རྟགས་ཀྱི་རིམ་པ་བསྟན་པ་ནི།། རྟ་དང་བོང་བུ་མི་རོ་སོགས།། གཡལ་བའི་རྟགས་སུ་བསྟན་པ་ཡིན། མི་ནག་རལ་ཅན་རྒལ་པོར་འབྱུང།། ཉེ་བའི་རྟགས་སུ་བསྟན་པ་ཡི།། འོད་དང་སྒྲ་དང་ར་ལུག་རྣམས།། གྲུབ་པའི་རྟགས་སུ་བསྟན་པ་ཡིན།། མོན་པ་ཕྱག་བྱེད་འབག་སང་དང།། རི་རྡིབ་སྔོ་རྔ་འབྲུ་སྤུང་པ། ། ལས་ལ་ཚུད་པའི་རྟགས་ཡིན་པས།། ལས་ལ་སྦྱར་བའི་སྦྱོར་བ་བྱ།། མོན་པ་མཚོན་ཐོགས་ལྕགས་སྤྱང་འདུར།། གཏོར་མ་མེད་འབར་བྱ་ནག་ལྡིང།། ལས་ལ་ཐོགས་པ་མེད་པའི་རྟགས། ། ཁྱིམ་རྡིབ་མོན་པ་རྔུ་བ་དང།། མུན་པས་འཐིབས་དང་སྙིང་མི་དགའ།། དེ་ནི་ལྡོག་པའི་རྟགས་སུ་བསྟན།། སྲོག་ཆགས་བསད་དང་ཤ་ཟོས་དང།། ཤིང་བཅེར་སྲོག་ལ་ཐེབས་པའི་རྟགས།། མཛེ་ཅན་ཁྲོས་དང་སྦྲུལ་ནག་འཁྱུག། ཤིན་ཏུ་ཁྲོས་པས་བསྐང་བར་བྱ།། བདུད་རྟགས་ཀྱི་ལེའུ་སྟེ་བཅོ་བརྒྱད་པའོ།།།། དེ་ནས་དམ་ཚིག་བཤད་པ་ནི།། ཐེ་ཚོམ་མེད་པའི་སེམས་ཀྱིས་བསྒྲུབ།། སེར་བ་ཚུབ་མ་རྟགས་སུ་ལྟ། ། མཛེ་ཅན་ཁ་རལ་དམར་གསུམ་བསྲུང།། རྫས་དང་སྐུ་གཟིགས་ཤིན་ཏུ་སྦ།། མིང་དང་གསང་མཚན་སྔགས་མི་བསྟན།། དབབ་དང་སྔགས་ཀྱི་ལུང་ནོད་ཅིང།། དམ་ཚིག་ནོས་ལ་དངོས་གྲུབ་བླང།། རྟག་ཏུ་གཏོར་མ་སྦྱིན་པར་བྱ། ། རྟག་ཏུ་མཆོད་བསྟོད་ལས་ལ་མོས།། བདུད་ཀྱི་དམ་ཚིག་མི་ཤ་ཟ།། སྔོན་གྱི་དམ་བཅས་བཙན་པར་བྱེད།། རྟག་ཏུ་བསྲུང་སྐྱོབ་ཐོག་སེར་འབེབས།། དམ་ཚིག་ཉམས་ན་སྲོག་གཤེད་བྱེད། ། དམ་ཚིག་གི་ལེའུ་སྟེ་བཅུ་དགུ་པའོ།།།། དེ་ནས་བསྲུང་བའི་རིམ་པ་བཤད།། སེང་ལྡེང་ཕུར་པ་སོར་བརྒྱད་བཅུ།། མགུལ་དུ་བསྲུང་རྫས་གདགས་པར་བྱ།། སྔགས་ཀྱི་འཕྲེང་བ་བྲིས་ལ་བསྐོར་བ་བྱ།། རྩང་མ་ཉི་ཤུ་རྩ་ལྔ་ལ། ། ཡིག་འབྲུ་ཉི་ཤུ་རྩ་ལྔ་དགོད།། སྲོག་སྔགས་བྱེད་པ་བཟླས་པར་བྱ།། སྲོག་སྔགས་བཟློག་དང་བཅས་པར་བཟླས།། ལོ་ཡི་མཐའ་བསྐོར་ཐུན་རྫས་སྦྱིན།། བསྐུལ་ཞིང་ལས་བཅོལ་སེར་བ་བསྲུང། ། འཁོར་ལོ་ལ་ནི་སྲོག་སྙིང་བྲི།། དར་ནག་གཏུམས་ལ་མགུལ་དུ་གདགས།། འབུམ་བཟླུམ་བཏགས་ན་འཁོར་རྣམས་བསྲུང།། བསྲུང་བའི་ལས་སུ་བསྟན་པའོ།། དྲག་པོ་སྙིང་རྒྱུད་ལས་བསྲུང་བ་བསྟན་པའི་ལེའུ་སྟེ་ཉི་ཤུ་པའོ། །།། དེ་ནས་གནོད་སྦྱིན་འཁོར་དང་བཅས་པའི་རྗེས་སུ་ཡི་རངས་ཏེ་བཅོམ་ལྡན་འདས་ལ་བསྟོད་པ། ལྕང་ལོ་ཅན་གྱི་ཕོ་བྲང་ནས།། སྔགས་ཀྱི་བདག་པོ་དམ་ཚིག་ཅན།། ལོག་པར་ལྟ་བ་འདུལ་མཛད་པ། ། ཉོན་མོངས་བདུད་ཀྱི་དཔུང་ཚོགས་འཇོམས།། ཕྱག་ན་རྡོ་རྗེ་བཅོམ་ལྡན་འདས།། རྡོ་རྗེ་བསྣམས་ལ་ཕྱག་འཚལ་འདུད།། ཕྱག་ན་རྡོ་རྗེ་ལ་འཁོར་རྣམས་ཀྱིས་བསྟོད་པའི་ལེའུ་སྟེ་རྩ་གཅིག་པའོ། །།། གནོད་སྦྱིན་ནག་པོ་དྲག་པོ་གསང་བའི་རྒྱུད་རྫོགས་སོ།།།། རྒྱ་གར་ཀྱི་མཁན་པོ་ཙཎྜ་ཀི་ཏི་དང། བལ་པོ་བ་སུ་དྷ་ར་དང། བོད་ཀྱི་སློབ་དཔོན་ཆེན་པོ་སྣུབས་སངས་རྒྱས་ཡེ་ཤེས་རིན་པོ་ཆེས་བསྒྱུར་པའོ། །
CLOSE WINDOW