CLOSE WINDOW

Gpb052.003: བྲམ་ཟེ་གསང་བའི་རྒྱུད་ཀྱི་རྒྱལ་པོ་ཞེས་བྱ་བ
Wylie

། རྒྱ་གར་སྐད་དུ།། བྲ་ཉ་མ་གུ་ཧྱ་ཏན་ཏྲ་རཱ་ཛ་ནཱ་མ། བོད་སྐད་དུ། བྲམ་ཟེ་གསང་བའི་རྒྱུད་ཀྱི་རྒྱལ་པོ་ཞེས་བྱ་བ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་དགའ་ཚལ་ཆེན་པོ་ཡིད་དུ་འོང་བ་ན།། བཀྲ་ཤིས་པའི་ཤིང་དང། མེ་ཏོག་དང། བྱ་སྣ་ཚོགས་སྐད་འབྱིན་པ། རྔ་དང་ཅང་ཏེའུ་ལ་སོགས་པའི་སྒྲ་དང། རྒྱན་སྣ་ཚོགས་ཀྱིས་བརྒྱན་པ་ན་བཞུགས་ཏེ། དེའི་ཚེ་བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་དང། ལྷ་རྣམས་དང། ཚངས་པ་དང། བརྒྱ་བྱིན་དང། གནོད་སྤྱིན་དང། སྲིན་པོ་དང། ལྷ་མ་ཡིན་དང། དྲི་ཟ་དང། མི་འམ་ཅི་དང། ལྟོ་འཕྱེ་ཆེན་པོ་དང། བྲམ་ཟེའི་ཚོགས་དུ་མ་དང་ཐབས་ཅིག་ཏུ་འདུས་སོ།། དེ་ནས་འཁོར་དེ་རྣམས་ཀྱིས་མེ་ཏོག་དང། སྤོས་དང། མར་མེ་དང། བྱུག་པ་དང། རོ་དང། སྒྲ་དང། རེག་བྱ་སྣ་ཚོགས་པས་མཆོད་དོ།། དེ་ནས་ལག་ན་རྡོ་རྗེ་ལ་ཕྱག་འཚལ་ཏེ། ལན་གསུམ་དུ་བསྐོར་བ་བྱས་ནས། སྤྱན་སྔར་པུས་མོ་བཙུགས་ཐལ་མོ་སྦྱར་ཏེ་མིག་གདངས་ཏེ། འདི་སྐད་ཅེས་རྩེ་གཅིག་ཏུ་ཞུས་སོ།། བཅོམ་ལྡན་སྐུ་གསུམ་ཁྱབ་པའི་བདག། འཁོར་བ་ཐུགས་རྗེས་གཟུང་བའི་ཕྱིར། ། བྲམ་ཟེའི་རྒྱལ་པོ་གསང་བའི་རྒྱུད།། ཨེ་མའོ་མངོན་སྤྱོད་ཀྱི་ལས་ཀྱི་སྒོ་ནས་བདག་ལ་བཤད་དུ་གསོལ།། ཞེས་ཆེད་དུ་ཞུས་སོ།། དེ་ནས་བཅོམ་ལྡན་འདས་སྐུ་བསྟན་སྤྱན་འཁོར་བ་ལ་གཟིགས་ནས། ཞལ་འཛུམ་པ་མཛད་ཅིང་འདི་སྐད་ཅེས་གསུངས་སོ།། འཁོར་བའི་སེམས་ཅན་ཐམས་ཅད་ལ།། ཕན་གདགས་པ་དང་ཚར་བཅད་པ།། དེ་ལ་བྲལ་ཟེ་རྒྱལ་པོའི་ཁམས།། དེ་ནི་ང་ཡིས་བཤད་ཀྱིས་ཉོན། ། ཅེས་གསུངས་ཏེ་རབ་ཏུ་དགྱེས་སོ།། བྲམ་ཟེ་གསང་བའི་རྒྱུད་ལས། གླེང་གཞིའི་ལེའུ་སྟེ་དང་པོའོ།།།། དེ་ནས་ཡང་དག་བཤད་བྱ་བ།། བཀྲ་ཤིས་ཡིད་འོང་ཕྱིན་པ་དང།། གཙང་ཞིང་ཉམས་དགའ་བྲམ་ཟེའི་གནས། ། ཡོངས་སུ་དག་པའི་ས་དག་ལ།། གྲུ་བཞི་ཉམས་བྱ་མདའ་གང་ཚད།། དྲི་ཡིས་ལེགས་བྱུགས་ཐིག་གིས་གདབ།། སྣ་ཚོགས་པ་ཡི་ཚོན་རྩི་ཡིས།། འདབ་བརྒྱད་མུ་ཁྱུད་གྲུ་ཆད་དང།། སྒོ་ཡི་རྒྱན་རྣམས་རྫོགས་པར་བྲི། ། དབུས་སུ་རིན་ཆེན་བུམ་པ་དགོད།། ནང་དུ་བུམ་པའི་རྫས་རྣམས་གཞུག། མགུལ་དུ་ཟོམ་བུ་གཏོང་བའི་ནང་ན།། དགོས་པའི་སྨན་རྣམས་ཚང་བར་བསག། མངར་གསུམ་རྩ་ཡི་སྙིང་པོ་དང།། གུར་ཀུམ་ཆུ་ཡི་སྙིང་པོ་བྲི། ། དངོས་གྲུབ་འདོད་པའི་བྱང་བུ་དེ།། བྲུམ་བུ་ནང་དུ་སྦ་བར་བྱ།། དར་དང་རིན་ཆེན་ནོར་བུ་དང།། སྣ་ལྔ་ཚོན་གྱི་སྐུད་པས་གདགས།། སྟེང་དུ་གདུགས་ཀྱིས་བཀབ་ལ་གཞག། ཕྱོགས་བཞིར་མདའ་བཞི་དར་སྣ་བཞི། ། མཚམས་སུ་གསལ་བའི་མེ་ལོང་བཞི།། གྲཝ་བཞིར་གྲི་བཞི་བཙུགས་ལ་བཞག་ཁྱམས་སུ་གཏོར་ཆུ་གཙང་མ་བཞི།། སྒོ་བཞི་མདུང་ལ་རྔ་མ་གདགས།། རྒྱན་རྣམས་ཀུན་གྱིས་རབ་བརྒྱན་ནས། ། འདི་ནི་བྲམ་ཟེ་སྒྲུབ་པ་ཡི།། དཀྱིལ་འཁོར་ཡིན་པར་ང་ཡིས་བཤད།། ཅེས་བྲམ་ཟེ་གསང་བའི་དཀྱིལ་འཁོར་དང་སྒྲུབ་པའི་རྫས་དགོད་པའི་ལེའུ་སྟེ་གཉིས་པའོ།།།། དེ་ནས་ཡང་དག་བཤད་བྱ་བ། བྲམ་བྲེ་རིགས་ཀྱི་དངོས་པོ་ཡིས། ། བཀྲ་ཤིས་དཀྱིལ་འཁོར་ལེགས་བྱས་ཏེ།། དགོས་པའི་རྫས་རྣམས་ཚོགས་ནས་ཀྱང། ཁྲུས་བྱས་ཀུ་ཤའི་སྟན་ལ་འདུག། སྟོང་ཉིད་སྙིང་རྗེའི་སྙིང་པོ་ལས།། བུམ་པར་རང་ཉིད་བྲམ་ཟེའི་བསམས། ། དབུ་ལ་རྒྱལ་པའི་སྐུ་སྤྲུལ་ནི།། རིགས་ཀྱི་ཁྱུང་ཆེན་སྡེ་ལྔ་བསྐྱེད།། ཕྱོགས་ཀྱི་པདྨ་རེ་རེ་ལ་བྲམ་ཟེ་ཆོས་ཀྱི་དུས་ལྟ་བུ་དང།། བྲམ་ཟེ་འཇིགས་པ་སྐྱོབ་བྱེད་གསེར་བཙོ་མ་ལྟ་བུ་དང།། བྲམ་ཟེ་འདུལ་བྱེད་སལ་བ་བྱེ་རུ་བཅག་པ་ལྟ་བུ་དང། ། བྲ་ཟེ་འདུལ་བྱེད་མུན་པ་ནག་པོ་ལྟ་བུའོ།། མཚམས་ཀྱི་པདྨ་རེ་རེ་ལ་བྲ་མ་དྷ་རི་དང། པདྨ་དྷ་རི་དང། ལང་གྷུ་དྷ་རི་དང། ཁ་ཀྲ་མའོ།། གྲཝ་བཞིར་གྱད་ནི་བརྗོད་པའི་གྱད་དང། རྔམ་པའི་གྱད་དང། སྟོབས་ཀྱི་གྱད་དང། སྤ་བའི་གྱད་ཆེན་པོའོ།། བར་ཁྱམས་ལ་འཁོར་བསེ་ཕུབ་ཅན་དང།། ཤིང་ཕུབ་ཅན་ལྔ་བརྒྱ་རྩ་གཅིག་གོ། སྒོ་བཞིར་དམག་དཔོན་ཆེན་པོ་བརྒྱ་འདུལ་དང། སྟོང་དཔོན་དང། ཁྲི་གཟིག་དང། འབུམ་པ་རྒྱའོ།། དེ་ནས་ཀྱང་སྨན་ཅིང་རྟག་པར་བསམ་མོ།། དེ་ནས་སྤྱན་དྲང་བ་མཆོད་པ་ཀུན་དབུལ་ཏེ། ཚིག་གི་བར་མ་ཆད་པར་སྙིང་པོ་སུ་ལེ་ཅན་གྱིས། ཞལ་ལྔ་བདུན་ཉི་ཤུའི་བར་དུ་རྟགས་དང་བསྟུན་ཞིང་བསྒྲུབ་པར་བྱའོ། ། འདིར་ནི་བྲམ་ཟེ་འཁོར་བཅས་རྣམས།། སྒྲུབ་པ་ཡིན་པ་ང་ཡིས་བཤད།། བྲམ་ཟེ་གསང་བའི་རྒྱུད་ལས། བྲམ་ཟེ་སྒྲུབ་པའི་ལེའུ་སྟེ་གསུམ་པའོ། །།། དེ་ནས་ཡང་དག་བཤད་བྱ་བ།། བྲམ་ཟེ་སྒྲུབ་པའི་རྟགས་བསྟན་པ།། རབ་དང་འབྲིང་དང་ཐ་མ་འབྱུང།། དེ་ཡང་ལས་དང་པོ་འཕོ་བའི་ཁྱད་པར་ལས།། དམ་ཚིག་རྫས་ཀྱི་ཁྱད་པར་དང།། སྒྲུབ་པ་བློ་ཡི་ཁྱད་པར་གྱིས། གོང་དུ་བསྟན་པ་བཞིན་དུ་འབྱུང།། རབ་ནི་དངོས་སུ་སྟོན་པ་སྟེ།། འདི་ནི་མི་འབྱུང་མི་སྲིད་དོ།། འབྲིང་ནི་མྱུར་དུ་འབབ་པ་ཡིན།། འདི་ལའང་རྣམ་པ་གསུམ་དུ་འབྱུང།། སྐུ་ཡི་སྒོ་ནས་རྟགས་བསྟན་པ། ། འཕར་དང་གར་དང་རྩེ་བ་འབྱུང།། གསུང་གི་སྒོ་ནས་བབས་བསྟན་པ།། ཐོགས་མེད་སང་ཀྲི་ཏ་ཡི་སྐད།། རྒོད་ཅིག་རྒོད་ཅིག་ཅར་བར་འགྱུར།། སྐབས་སུ་འཚིག་ཅིང་སྨྲ་བར་འགྱུར།། དེ་ཡི་བྱེ་བྲག་ཤེས་གྱུར་ནས། ། ཕྱི་བྱུང་བ་ན་སྔོན་དུ་སྨྲའོ།། ཐུགས་ཀྱི་སྒོ་ནས་རྟགས་བསྟན་པ།། རང་གི་རྒྱུད་ལ་རྟོག་མེད་སྐྱེ།། བདག་དང་གཞན་གྱིས་རིག་པ་ནི།། ཐོགས་མེད་རང་གི་སེམས་ལ་འཆར།། རྨི་ལམ་དུ་ཡང་སླུ་མི་སྲིད།། མཐའ་མ་དབང་པོའི་སྤྱོད་ཡུལ་དུ། ། སྲིད་པ་འཆར་བར་ཐེ་ཚོམ་མེད།། གཞན་ཡང་སྒྲུབ་རྟགས་སྣ་ཚོགས་པ།། ཡིད་གཉིས་ཐེ་ཚོམ་སྤངས་ན་འབྱུང།། དེ་ནི་བྲམ་ཟེ་སྒྲུབ་པའི་རྟགས།། ངེས་པར་ཡིན་པར་ང་ཡིས་བཤད། ། བྲམ་ཟེ་གསང་བའི་རྒྱུད་ལས། བྲམ་ཟེ་སྒྲུབ་པའི་རྟགས་བསྟན་པ་སྟེ་ལེའུ་བཞི་པའོ།།།། དེ་ནས་ཡང་དག་བཤད་བྱ་བ།། བདག་བསྲུང་བ་དང་གཞན་བསྲུང་པའོ།། བདག་བསྲུང་བྲམ་ཟེ་དྲན་པ་སྐྱེད། ། སྤྱན་དྲང་མཆོད་ཅིང་གསོལ་བ་གདབ།། སྔགས་ཀྱི་རྒྱུད་ལ་གནས་པར་བྱའོ།། གཞན་ཡང་འགྲོ་བ་སེམས་ཅན་ལ།། གདོན་རིགས་ཐམས་ཅད་རྣམ་པར་འཚེ།། དེ་དག་བསྲུང་བར་བྱ་བའི་ཕྱིར།། རྫས་དང་སྔགས་དང་ཏིང་འཛིན་དང། ། ཐབས་ཀྱི་སྦྱོར་བར་བསྲུང་བར་བྱའོ།། རྫས་ཀྱི་བསྲུང་བ་འདི་ལྟར་ཡིན།། རྟེན་གྱི་བསྲུང་པ་མཆོག་ཏུ་བཤད།། གཞན་ལ་སྦྱོར་བ་འདི་གསུམ་བྱ།། བྱུག་དུག་བསྲུང་བར་བྱས་པའོ།། ག་བུར་ཙན་དན་དཀར་པོ་དང། ། གླ་རྩི་ར་དཀར་འོ་མས་བྱུག། མི་ཆེན་ཤི་བའི་བོ་ཏོ་དང།། གུ་གུལ་སྐྱེ་ཚེ་ཡུངས་ནག་དང།། རྟ་བོང་རྣམས་ཀྱི་རི་ལུས་བསྲེག། གསེར་གཡུ་བྱུ་རུ་མུ་ཏིག་རྣམས།། མ་རྨས་པ་ཡིས་བསྲུང་བར་བྱ། ། བུ་རྩིར་ཐལ་ཆེན་སྐྱེ་ཚེར་བཅས།། གདོན་གྱི་རིགས་རྣམས་བསྲུང་བའི་མཆོག། གླ་རྩི་ཤུ་དག་མུ་ཟི་དང།། ཤིང་ཀུན་བཅས་པས་ཀླུ་རྣམས་ཐུབ།། ཙན་དན་རྣམ་གསུམ་ག་བུར་དང།། བླ་བ་སྐྱེ་ཚེ་ཏིག་ཏ་རྣམས། ། འདིར་བཅས་ནད་རྣམས་བསྲུང་བར་འགྱུར།། སྔགས་ཀྱི་བསྲུང་བ་བྱ་ཐབས་ལ།། ས་ལི་དྲག་ཏུ་བརྗོད་བྱ་ཞིང།། མཐའ་རྟེན་སྔགས་ཀྱི་ཤམ་བུ་གདགས།། ཉུངས་ནག་རྒྱལ་པོས་བྲབ་པ་ཡིས། ། གདོན་དང་ཕྲེལ་བར་ཐེ་ཚོམ་མེད།། ཏིང་འཛིན་བྲམ་ཟེ་ལ་གནས་ཤིང།། སྔགས་ཀྱི་ཡི་གེ་བྲམ་ཟེའི་ཚོགས།། དུ་མས་དེ་ཡི་ལུས་ལ་ཞུགས།། དྲག་ཤུལ་དཔག་མེད་དུ་མ་བྱེད།། མེ་ཡི་ཕུང་པོས་ནད་རྣམས་སྦྱོང། ། ཐབས་ཀྱི་སྦྱོར་བས་བསམ་མི་ཁྱབ།། བྲམ་ཟེ་སྒྲུབ་པའི་རྣལ་འབྱོར་པས།། སྔགས་ཀྱི་ཐོར་བུ་ལྷ་དང་བཅས།། སོ་སོའི་རྫས་ལ་རྟེན་ནས་ཀྱང།། བཟླས་པ་ཙམ་གྱིས་བསྲུང་བར་འགྱུར།། བྲམ་ཟེའི་རྒྱལ་པོའི་ཐུགས་རྗེ་ཡིས། ། བསྲུང་བ་ཡིན་པར་ང་ཡིས་བཤད།། བྲམ་ཟེ་གསང་བའི་རྒྱུད་ལས། བསྲུང་བའི་ལེའུ་སྟེ་ལྔ་པའོ།།།། དེ་ནས་ཡང་དག་བཤད་བྱ་བ།། བྲམ་ཟེ་དབབ་པའི་སྦྱོར་བ་ནི།། ཤིན་ཏུ་གཙང་བའི་བྲ་སྟན་ལ། ཁྲུས་བྱས་པྲ་ཡི་སྟན་ལ་བ་ཞུག། བྲམ་ཟེ་རྒྱལ་པོ་འཁོར་དང་བཅས།། མཐུན་པའི་རྫས་ཀྱིས་མགུ་བྱས་ལ།། བདག་ཉིད་དེ་ཡི་སྦྱོར་ལྡན་པས།། བར་ཆོད་གསལ་བའི་ཆོ་ག་བྱ།། འཇིག་རྟེན་འདས་དང་འཇིག་རྟེན་པའི། ། མཐོལ་བཤགས་བཟོད་གསོལ་དག་པར་བྱ།། དེ་ནས་བདག་ཉིད་ཁྱུང་དུ་བསྐྱེད།། པྲ་སྟན་སྟོང་པའི་ངང་ཉིད་ལས།། བྲམ་ཟེ་ལྕམ་དྲལ་དུ་མར་བསམ།། བདག་ཉིད་ཁྱུང་ཆེན་རྒྱལ་པོ་ཡིས།། སྔགས་རྒྱུན་དྲག་པོ་ཤ་རེ་བཟླས། ། སྐབས་སུ་ཕྱག་རྒྱ་བསྒྱུར་བྱ་ཞིང།། བྲམ་ཟེ་ལྕམ་དྲལ་མིང་ནས་བོད།། མྱུར་དུ་སྨྲོས་ཞེས་དྲག་ཏུ་བརྗོད།། འབྲུ་མཆོག་གདོན་དུ་གཏོར་མ་བྱའོ།། དེས་ནི་སྨྲ་བར་གདོན་མི་ཟ།། དང་པོ་རྒྱ་གར་བྲམ་ཟེ་སྐད། ། དེ་ནས་བོད་སྐད་གང་དུ་འབྱུང།། སྔ་ཕྱི་གཉིས་སུ་སྨྲ་བའི་མཆོག། དེ་ཡང་དམ་ཚིག་གཙང་བ་གཅེས།། བྲམ་ཟེ་ལྕམ་དྲལ་དུ་མ་འདིས།། མྱུར་དུ་འབབ་པར་ང་ཡིས་བཤད།། བྲམ་ཟེ་གསང་བའི་རྒྱུད་ལས། དབབ་པའི་ལེའུ་སྟེ་དྲུག་པའོ།།།། དེ་ནས་ཡང་དག་བཤད་བྱ་བ།། བྲམ་ཟེ་སྒྲུབ་པས་མཐོང་བ་འབྱུང།། དེ་ཡང་གསལ་བར་བྱ་བ་ནི།། མདུན་དུ་ས་གཙང་མཎྜལ་བྱ།། ཙན་དན་དཀར་པོའི་ལྡེ་གུས་བྱུག། སྟེང་དུ་རིན་ཆེན་ཟོམ་བུ་གཞག། མཐོང་དུ་མཐོང་བའི་སྦྱོར་བ་བྱ།། དེ་ལ་སྒྲོ་བཙུགས་དར་སྣ་གདགས།། གསལ་ལེའི་སྔགས་བྲིས་སྒོ་བཏགས་ལས་ཀུན་བྱེད།། མཆོད་པའི་རྫས་ཀྱང་བསྟར་ལ་བཞག་ཁྲུས་བྱས་པར་ཆོད་བགེགས་བསལ་བ། ། བྲམ་ཟེའི་ཏིང་འཛིན་གསལ་བ་ཡིས།། སྤྱན་དྲང་མཆོད་ཅིང་གསོལ་བ་གདབ།། རྒྱུན་སྔགས་དྲུག་ཏུ་སལ་ལེ་བརྗོད།། བྲམ་ཟེ་དང་ནི་ལྕམ་མོ་ཀུན།། སྔགས་ཟློས་དབང་པོའི་དངས་མའི་བབས། ། མེ་ལོང་ཕྱིས་ཀྱིས་སྟོན་པར་བསམ།། དེས་ནི་གསལ་བར་འགྱུར་བ་ཡིན།། དེས་ཀྱང་གསལ་བར་མ་གྱུར་ན།། ཐབས་ཀྱི་སྦྱོར་བ་ཤེས་པར་བྱ།། རིམས་ཀྱིས་གང་གསལ་ལྕམ་མོ་ལ། ། གསོལ་བ་གདབ་ཅིང་དྲག་ཏུ་བསྒྲུབ།། བྲམ་ཟེའི་ལྕམ་མོ་བསྒྲུབ་ཀྱི་བར།། སྔགས་ཀྱི་ཤམ་བུ་སོ་སོར་གདགས།། དེ་ཡིས་མྱུར་དུ་མཐོང་བར་འགྱུར།། ཡང་ན་ལྕགས་ཀྱིས་འབྱུང་བར་འགྱུར།། ཐེ་ཚོམ་ཅན་གྱིས་མི་སྒྲུབ་པོ། ། དམ་ཚིག་ཅན་གྱིས་མྱུར་བསྒྲུབས་ན།། སྣང་བརྗོད་མངོན་ཤེས་ང་ཡིས་བཤད།། བྲམ་ཟེ་གསང་བའི་རྒྱུད་ལས། མཐོང་བའི་ལེའུ་སྟེ་བདུན་པའོ།།།། དེ་ནས་ཡང་དག་བཤད་བྱ་བ།། རྒྱུད་འདིར་ཞུགས་པའི་བློ་ལྡན་གྱིས། ། བླ་མེད་གསུམ་ལྡན་བླ་མ་ལ།། མཐུན་པའི་གྲོགས་དང་དཀར་མའི་ཆོས།། བྲམ་ཟེ་གསང་བའི་ལྷ་ཚོགས་ལ།། གུས་ཤིང་གཏོར་ཐོད་རྩེ་བ་ཡིས།། དབང་དང་རྗེས་གནང་འབད་པས་བླང། ། སྐུ་གསུང་ཐུགས་ཀྱི་དམ་ཚིག་ལ།། ལུས་ངག་ཡིད་ཀྱིས་བསྲུང་བར་བྱ།། ནག་པོས་སྤངས་ཤིང་དཀར་པོས་སྤེལ།། དེ་ནི་སྤྱི་ཡི་དམ་ཚིག་ཡིན།། རྫས་རྣམས་མེད་དམ་མ་ཚང་ན།། བསྒྲུབས་ཀྱང་འགྲུབ་པར་མི་འགྱུར་རོ། ། དགོས་པའི་རྫས་ལ་བརྟེན་ནས་ཀྱང།། བྲམ་ཟེ་རྒྱལ་པོ་གསང་ཞིང་བསྒྲུབ།། ཏ་དབུ་ར་ནི་རྒྱུན་དུ་རྡུང། ཁ་ཟས་གཙང་མ་བསྟེན་བྱ་ཞིང།། རྟག་ཏུ་ཁྲུས་ལ་གནས་པར་བྱ།། ཤ་ཆང་སྒོག་པ་སྤང་བྱ་སྟེ། ། གོས་དང་ཟས་རྣམས་འདྲེ་མི་བྱ།། ཨང་བགགས་ཀྱིས་རླབ་པར་བྱ།། ཐབ་གཞོབ་མི་གཙང་མཁོན་པ་ལྟར།། ཡུགས་སུ་རྣོལ་ལ་ཉེ་མི་བྱ།། ཉམས་ལ་དགྲ་ལྟར་གཟེར་བ་སྟེ།། འདི་ནི་ཁྱད་པར་དམ་ཚིག་ཡིན། ། གྲུབ་ནས་ཐབས་ཀྱིས་རིམ་ཤེས་བྱ།། དམ་ཚིག་ཉམས་ན་མི་གྲུབ་པས།། གསོ་བའི་ཆོ་ག་ཤེས་པར་བྱའོ།། དམ་ཚིག་གཙོ་བོར་མི་འཛིན་ཅིང།། ཐེ་ཙོམ་ཡིད་གཉིས་སྤྱོད་པ་ཙོག། སྒྲུབ་ཀྱང་འགྲུབ་པར་མི་འགྱུར་རོ། ། དེ་བས་འདི་ལ་གནས་པར་བྱ།། བསྲུང་དང་སྤངས་དང་གསང་བའོ།། དམ་ཚིག་ཡིན་ཞེས་ང་ཡིས་བཤད།། བྲམ་ཟེ་གསང་བའི་རྒྱུད་ལས། བསྲུང་བའི་དམ་ཚིག་གི་ལེའུ་སྟེ་བརྒྱད་པའོ།།།། དེ་ནས་ཡང་དག་བཤད་བྱ་བ། ། བྲམ་ཟེ་རྒྱལ་པོའི་སྔགས་བསྟན་པ།། སྒོ་གསུམ་མཐའ་སྦྱོར་ལྡན་པ་ཡིས།། གསང་ཞིང་རྒྱུན་དུ་བསྒྲུབ་པ་ནི།། ཨོཾ་ཀུ་ཀུ་རཾ། མང་སྐུ་རཾ་ཞ་དེ། ཀུ་ས་ར། མེ་ལོང་ཤོལ་ཙེ་ཁང་ཤོལ་ཏ། ལོ་ཤོལ་རྩོ། ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། སྒྲ་ཏོག་ཏིག་ཏིག་སྒྲ་དུ་བྲག་ཉག་དྷྱ་ཐཱ་གཱ་ཏཱ་མཱ་ས་ལེ་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ། འདི་ནི་སྔགས་ཀྱི་རྒྱལ་པོ་སྟེ་ལས་ཐམས་ཅད་པའོ།། ཨོཾ་ཀུ་ཀུ་རཾ་ཧཱུཾ་ཕཊ། ཨོཾ་མཾ་ཀུ་རུ་ཧཱུཾ་ཕཊ། ཨོཾ་ཞ་ར་ཏེ་ཧཱུཾ་ཕཊ། ཨོཾ་ཀུ་ས་ར་ཧཱུཾ་ཕཊ། བྲམ་ཟེ་ཆེན་པོ་བཞིའི་སྔགས་སོ།། ཨོཾ་པྲ་མ་དྷ་རི་ཧཱུཾ། ཨོཾ་པདྨ་དྷ་རི་ཧཱུཾ། ཨོཾ་ལྷ་ཀུ་དྷ་རི་ཧཱུཾ། ཨོཾ་ཁ་ཀྲ་མ་དྷ་རི་ཧཱུཾ། ལྕམ་མོ་ཚན་མོ་བཞིའི་སྔགས་སོ།། ཨོཾ་ཏདྱ་ཐཱ། ཧ་ན་ཧ་ན་གྷུན་དྷི་ལ་ཧཱུཾ་ཕཊ། གྱད་མོ་བཞིའི་སྔགས་སོ།། ཨོཾ་བྷི་སྟ་ཧ་ར་མར་བྷེ་ཝ་ཐེན་ཧཱུཾ་ཕཊ། འཁོར་མང་པོའི་སྔགས་སོ།། ཨོཾ་བཛྲ་ཧཱུཾ་ཧཱུཾ། བཾ་ཧཱུཾ་ཧཱུཾ་ཕཊ། དམག་དཔོན་ཆེན་པོ་བཞིའི་སྔགས་སོ།། ཨོཾ་ཨཱཿཧཱུཾ། ཁཱ་ཁཱ་ཁཱ་ཧི་ཁཱ་ཧི་སྭཱ་ཧཱ། གཏོར་མ་སྦྱིན་པའི་སྔགས་སོ། ། ཤན་ཏིང་ཀུ་རུ་སྭཱ་ཧཱ། པུཥྟིཾ་ཀུ་རུ་སྭཱ་ཧཱ། པ་ཤཾ་ཀུ་རུ་སྭཱ་ཧཱ། མཱ་ར་ཡ་ཕཊ། བྲམ་ཟེའི་ལས་སྔགས་སོ།། སོ་སོའི་རྫས་ལ་རྟེན་ནས་ཀྱང།། སྦྱར་བས་གྲུབ་པ་ཐེ་ཚོམ་མེད།། གཞན་ཡང་བྲམ་ཟེའི་ཚོགས་དང་ནི། ། ལྕམ་མོ་དེ་དག་གང་རུང་གིས།། ཞེས་དྲག་ཏུ་བསྐྱེད་པར་བྱ།། སྔགས་རྒོད་སྣ་ཚོགས་བཟླས་གྱུར་ན།། གང་ལ་བརྩམས་པ་འགྲུབ་པར་འགྱུར། བྲམ་ཟེ་འཁོར་བཅས་སྒྲུབ་པ་ཡི།། གསང་སྔགས་ཡིན་ཞེས་ང་ཡིས་བཤད། ། བྲམ་ཟེ་གསང་བའི་རྒྱུད་ལས། སྔགས་བསྟན་པའི་ལེའུ་སྟེ་དགུ་པའོ།།།། དེ་ནས་ཡང་དག་བཤད་བྱ་བ།། དམ་ཚིག་ཤེལ་ལྟར་དག་པ་ཡིས།། དབང་དང་རྗེས་གནང་ཐོབ་བྱ་སྟེ།། དགོས་པའི་རྫས་རྣམས་ཀུན་ཚོགས་ནས།། ཐེ་ཚོམ་ཡིད་གཉིས་སྤངས་པ་ཡིས།། བྲམ་ཟེའི་རྒྱུད་ནས་འབྱུང་བཞིན་དུ།། ལན་གྲངས་དུ་མ་བསྒྲུབ་ནས་ཀྱང།། དོན་མེད་འགྲུབ་པར་མ་གྱུར་ན།། དང་པོ་ཨར་ལ་གཏད་པར་བྱ། ། རི་ཕུག་ནགས་སམ་དགོན་པ་རུ།། ས་བཟང་རིན་ཆེན་འདར་བ་ལ།། དཀར་གསུམ་མངར་གསུམ་ཆུ་ཡིས་བྱུག། དེ་ལ་བྲམ་ཟེ་ལྷ་རྣམས་ཀྱི།། འདྲ་འབག་བྱས་ལ་སྙིང་པོ་གཞུག། རང་རང་གནས་ལ་ལེགས་པར་གཞག། གཙུག་ཏུ་མཁའ་ལྡིང་མཚན་མ་དགོད།། ལྕགས་ཀྱུ་ཞགས་པས་དགུག་ཅིང་བསྟིམ།། མཐུན་རྫས་རྣམས་ནི་སོ་སོར་བཏབ།། བདེན་པའི་ཚིག་གི་ལེགས་པར་དགོད།། དེ་ནས་བདག་ཉིད་ཁྱུང་ནག་གིས། ། སྤྲུལ་པ་ནག་པོ་གྲངས་མེད་སྤྲོ།། སྤྱི་བོར་མཆུ་བཙུགས་རྩ་ནས་ལེན།། ལྕགས་པར་ནག་པོ་སྙིང་ལ་གཏད།། ལུས་འདར་ང་རོ་དམྱལ་ཐག་གཅོད།། དེ་ནས་ལན་འགའ་འདི་ཡང་བཟླས།། ཀྲུཾ་ཀྲུཾ་ཀྲུཾ་ས་ས་ར་ག་རུ་ཌ་ཙ་ལེ་ས་མ་ཡ་ཧུར་ཧུར། ཅེས་མང་དུ་མིང་རུང་ངོ།། བྲམ་ཟེ་སྙིང་རེ་རྗེ་སྟེ་འདི་ནི་ཤིན་ཏུ་གསང་བའོ།། གྲུབ་ནས་ལས་རྣམས་མི་བྱེད་ན།། ཨར་ལ་གཏད་པའི་ལས་བྱ་སྟེ།། སྙིང་ཁར་ཙི་ཏྲ་གཏད་ལ་མནན། ། ཤ་ཁྲག་དམར་གྱི་གཏོར་མ་གཏང།། དེ་དུས་སྔགས་ཀྱི་སྒྱུར་ལྡོག་བྱ།། ང་རོ་དྲག་ཏུ་འབྱུང་བར་བྱའོ།། ཤིན་ཏུ་སྙིང་རེ་རྗེ་སྟེ་རབ་ཏུ་གསང་བར་བྱའོ།། དབབ་མཐོང་བྱེད་དུ་མ་འདོད་ན།། འདི་ལྟར་གནད་ལ་བོད་བར་བྱ། ། ཟོམ་བུ་གཡོན་དུ་སླད་ལ་བསྐོར།། ཨ་ཙི་ཏ་ཧཱུཾ། ས་མ་ཡ། པྲ་མ་དྷ་རི་ཕོབ། པྲ་མ་དྷ་རི་ཕོབ། གསལ་བར་སྟོན། བྲམ་ཟེ་ཉོན་རེ་མོངས་ཏེ། གསལ་བར་གཉེར་གཏད་པའོ།། འགྲོ་བ་མི་ཡིས་མཐོང་མི་མཐོང། ། ཨན་མ་འཛངས་མ་རྣམ་པར་ཚུགས།། ཨོཾ་ཨ་ལེ་བི་ལེ། བྷ་ར་བྷོ་ར་བྷ་གྷ་གྷ་བྷེ་ས། དེ་མི་སྭཱ་ཧཱ། འདི་ནི་གསང་བ་དམ་པའོ།། མཛེ་མོ་གསོ་ན་ཐུབ་པ་ཐུབ།། བྱ་ནག་སྒོ་ང་གཏོར་མར་ཆུག། ཨོཾ་ཏྲིག་པོར་ཁུག་མུག་ཐུམ་རིལ་སྭཱ་ཧཱ། འདི་ནི་གསང་བའི་དམ་པའོ།། འབྱུང་པོ་འདུལ་ན་ཐུབ་མ་ཐུབ།། མར་སྙིང་ཚིལ་སྙིང་མེ་ལ་བོར།། ཨོཾ་ཐ་ཡ་ཟ་ཐབས་སོད།། སྤུངས་ཐ་བྱི་གླང་སད།། ཅིཏྟ་ཁུང་སོད། རྐུན་མོ་གང་ཡིན་གཟུང་མི་གཟུང། ། རི་ལུའམ་ཀྱོང་བུ་ཆུ་ལ་ལྟོས།། དེ་ནི་གསང་བ་དམ་པ་དེ།། དེ་རྣམས་གཞན་གྱིས་མཐོང་བའམ།། ཐོས་པ་མེད་པར་བྱ་བའི་ཕྱིར།། གསང་བ་ཡིན་པ་ང་ཡིས་བཤད།། བྲམ་ཟེ་གསང་བའི་རྒྱུད་ལས། ཡོངས་སུ་གསང་བའི་ལེའུ་སྟེ་བཅུ་པའོ།།།། དེ་ནས་ཡང་དག་བཤད་བྱ་བ།། འགྲོ་བ་རྗེས་སུ་གཟུང་བྱའི་ཕྱིར།། ལས་དང་མཐུན་པའི་ཐབ་ཁུང་ནི།། དཀར་སེར་དམར་ནག་མཐོ་གང་ཚད།། ཟླུམ་པོ་གྲུ་བཞི་ཟླ་གམ་ཚད། ། ཟུར་གསུམ་པ་ཡི་དབྱིབས་སུ་བྱ།། ཤུག་པ་སྐྱེར་པ་མཛོ་མོའི་ཤིང།། དུག་གི་ཤིང་ངམ་ཚེར་བ་ཙེར།། བྲམ་ཟེ་དཀར་སེར་དམར་ནག་བཞི།། ཐབ་ཏུ་བསམ་ཞིང་མེ་ཡིས་གང། ཁ་དོག་དཀར་ཞིང་དྲི་ཞིམ་པ། ། རོ་ཡང་མངར་བ་ཞི་བའི་རྫས།། རོ་ཡང་སྐ་བ་རྒྱས་པའི་རྫས། ཁ་དོག་དམར་ཞིང་དྲི་ཡང་ཆུང།། རོ་ཡང་སྐྱུར་ལ་དབང་གི་རྫས། ཁ་དོག་ནག་རྩུབ་དྲི་ཡང་ཆེ།། རོ་ཡང་ཁ་བ་དྲག་པོའི་རྫས།། བྲམ་ཟེ་སྤྱན་དྲང་མེ་ལྷ་མཆོད། ། གང་ཡིན་པ་དང་མཐུན་པར་བསྲེག། བྲམ་ཟེ་སྒྲུབ་པའི་སྙིང་པོ་ལ།། ལས་སྔགས་འབྱིན་པའི་སྙིང་པོ་གང་ཡང་འགྲུབ།། དོན་ཀུན་སྒྲུབ་བྱེད་བྲམ་ཟེ་ཡི།། སྦྱིན་སྲེག་ཡིན་པར་ང་ཡིས་བཤད། ། བྲམ་ཟེ་གསང་བའི་རྒྱུད་ལས། སྦྱིན་སྲེག་རྣམ་བཞིའི་ལེའུ་སྟེ་བཅུ་གཅིག་པའོ།།།། དེ་ནས་ཡང་དག་བཤད་བྱ་བ།། ཕན་གདགས་པ་དང་ཚར་གཅད་པ།། ཡུལ་དུ་ལྷོག་པའི་ནད་བྱུང་ན།། ཕྱོགས་བཞིར་སེང་ལྡིང་ཕུར་པ་བཞི། ། ཉུངས་ཀར་སྔགས་ཀྱི་སྐྱེས་བུ་རྣམས།། དེ་བཞིན་བསྲུང་པའི་མཚམས་སུ་གཟུགས།། ཟེར་དཀར་ཆུ་ལ་སྔགས་བཟླས་སོ།། རྟགས་བྱུང་ཉེ་བར་བསྲུང་བ་ནི།། རང་གི་སྤུ་ལ་སྐུད་པ་བྱ། ། སྔགས་བཟླས་ཉུངས་ཀར་མགུལ་དུ་གདགས།། སེར་བ་དྲག་པོ་བསྲུང་བ་ནི།། ཉུངས་ཀར་ཉུངས་ནག་ཐལ་ཆེན་ལ།། སྔགས་བཟླས་གདོང་ལ་གཏོར་མ་གཏང།། ཕུར་བུས་ཞིང་གི་མཐའ་མ་བསྐོར། ཁྱུང་ཆེན་གཤོག་པས་སྟེང་དུ་དགབ། ། ཤྭ་འདི་གཞན་དུ་བསྒྱུར་བ་ནི།། ལྕགས་བསམ་ཟངས་ལ་འཇུག་བྱས་ལ། ཁོང་དུ་དྲག་པོའི་སྔགས་བཅུག་ལ།། གདོང་དུ་ཁ་བསྟན་གཞན་དུ་འགྲོ།། ལམ་དུ་ཞུགས་ནས་འགྲོ་བ་ནི།། སྐུད་པ་དང་ནི་གོས་ཀྱི་གྲཝར། ། སྔགས་བཅུག་མདུད་པ་བདུན་བོར་ནས།། དགྲ་དང་ཉེ་རིང་མེད་པར་འགྱུར།། ལྷོག་པ་ཉེ་བར་བྱུང་གྱུར་ན།། སྔགས་ཀྱིས་གདུལ་ཞིང་བྱུག་པ་བྱ།། བུད་མེད་བུས་ནི་ཐོགས་པ་ལ།། སྔགས་བཟླས་ཆུ་སྐོལ་འཐུང་དུ་གཞུག། ལུས་ལ་བལ་ནད་ཞུགས་པ་ལ།། མཐུན་རྫས་ལུས་གདགས་སྐུད་པས་ཐུམ་བུ་བྱའོ།། ཉུངས་ནག་སྔགས་མར་གྱིས་བྱུག་པ་བྱ།། ས་དང་གཏོར་མ་སྔགས་གསུམ་གྱིས། ། བྱིས་པ་སརྦ་བསྲུང་བར་བྱ།། རྫས་དང་སྔགས་སུ་མཐུན་བསྡེབས་པའོ།། ཞོ་དང་ཆང་ཡང་ཐུབ་པར་འགྱུར།། མི་རྟ་སྒོ་ལ་ལྕགས་དམ་ན།། ས་ལ་སྔགས་བཏབ་དམ་ཚིག་བསྲུང།། ཞིང་ལ་རི་བོང་ཟ་བ་ན། ། བྱེ་མ་དང་ནི་སྐྱེ་ཚེ་ལ།། སྔགས་བཟླས་མཐའ་མ་བསྐོར་བར་བྱ།། ཀླུ་དང་ཆར་པ་ཆེ་བ་ལ།། སེ་འབྲུ་དང་ནི་ཐང་ཕྲོམ་ལ། ཁ་ཕོར་གཙང་མར་སྦྱིན་སྲེག་བྱ།། གང་ཞིག་གཡུལ་དུ་ཞུགས་ན་ནི།། རྒྱལ་མཚན་ནག་པོ་མགོ་ལ་གཟུགས། ། སྔགས་ཀྱི་སྒྱེའུ་ལུས་ལ་བཅང།། བསྟན་པ་བྲམ་ཟེ་བསྲུང་འདོད་ན།། བྱི་བ་སྔོན་པོའི་པགས་པ་ལ།། སྔགས་ཀྱི་སྦྱོར་བ་ཤེས་པ་ཡིས།། བསྒྲུབ་བྱ་དགུག་ཅིང་ཐུན་གྱིས་བརྡེག། སྤ་འདོམ་ནང་དུ་ལས་ལ་སྦྱར། ། དེ་དག་མྱུར་དུ་བརླག་པར་འགྱུར།། གལ་ཏེ་གཉན་པ་གཏེར་འདོད་ན།། སྦྲུལ་དང་སྦལ་པ་སྡིག་པ་དང།། གླང་ནད་རྫས་ཀྱིས་སྦྱོར་བ་ལ།། སྔགས་ཀྱིས་བྲབས་ཏེ་ལས་ལ་སྦྱར།། ཏིལ་དང་ཟི་ར་བརྡེག་པར་བྱའོ། ། དྲག་པོའི་སེར་བ་དབབ་པ་ནི།། ཐོག་གིས་ཤི་བའི་རུས་པ་དང།། ཡུལ་གྱི་འབྲུ་སྣ་ཚང་བ་ན།། ཤ་ཤིང་ཕུར་པ་སོར་བརྒྱད་དགོད།། ཀླུ་ཡིས་ཁྱེར་བའི་ཐོད་པ་ལ།། ནང་དུ་སྦྱོར་བ་ལས་བྱས་ལ། ། གང་གི་ཡུལ་དུ་བསྐྱལ་བར་བྱའོ།། ལྕམ་དགུག་ཅིང་དེ་ལ་མདས་བརྡེག་གྲིས་བརྡེག་མདུང་གིས་བརྡེག་བྲམ་ཟེའི་མདའ་ཐུན། གྱད་ཀྱི་གྲི་ཐུན། དམག་གི་གདུང་ཐུན། འཁོར་གྱི་ཉུངས་ཀར་ཐུན། སྨྱུག་མར་གཞུག་གོ། ཐུན་དེ་རྣམས་ཟིན་ནས། ཐོག་སེར་མྱུར་དུ་དབབ་པར་འགྱུར།། འདི་ལ་ཐེ་ཚོམ་མི་བྱའོ།། ཕན་གདགས་པ་དང་ཚར་གཅད་པ།། མྱུར་དུ་འགྲུབ་ཅེས་ང་ཡིས་བཤད།། བྲམ་ཟེ་གསང་བའི་རྒྱུད་ལས། ལས་སྣ་ཚོགས་པའི་ལེའུ་སྟེ་བཅུ་གཉིས་པའོ། །།། དེ་ནས་ཡང་དག་བཤད་བྱ་བ།། འཁོར་དེ་རྣམས་ཀྱིས་མཆོད་པ་སྣ་ཚོགས་པས་མཆོད་དེ། བཅོམ་ལྡན་འདས་ལ་བསྐོར་བ་བྱས་ནས་ཤིན་ཏུ་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། ། བྲམ་ཟེ་གསང་བའི་རྒྱུད་ལས། ཡི་རངས་ཏེ་བསྟོད་པའི་ལེའུ་སྟེ་བཅུ་གསུམ་པའོ།།།། རྒྱུད་འདི་ནི་པུ་རུའི་གྲོང་ཁྱེར་ནས།། པཎྜི་ཏ་ན་ཀྲོ་ཕྲཾ་པ་ཀང་ཀ་དང།། ལོ་ཙ་བ་བྲང་ཏི་ཆོས་ཀྱི་བློ་གྲོས་ཀྱིས་བསྒྱུར་ཏེ་ཤིན་ཏུ་གསང་ཞིང་སྦས་པའོ། ། བྲམ་ཟེ་སུ་ཀ་ཏས་ཞུས་ཏེ་ཐུགས་ལ་བཀྲམ་པའོ།། འདོད་པའི་ཤོར་གྱི་ཕྱིར་རྒྱུད་འདི་སྤེལ་ན་རང་སྲོག་འཆད།། དེ་བས་སེམས་ཀྱི་དཀྱིལ་དུ་སྦའོ། ། ནར་སྐན། ཙིཏྟ་སམ། བྲམ་ཟེ་གསང་བའི་རྒྱུད་ཀྱི་རྒྱལ་པོ་ཆར་སྤྲིན་ནག་པོ་ཞེས་བྱ་བ་རྫོགས་སོ།།།། མངྒལཾ།།

CLOSE WINDOW