Wylie |
ཨེ་རུ་ཏྲ་མན་ཏྲ་མ་ཧཱ་ཏནྟྲ་རཱ་ཛ། བོད་སྐད་དུ། དྲག་པོའི་སྔགས་རྒོད་ཆེན་པོ་ཞེས་བྱ་བའི་རྒྱུད། རྒྱུད་ཀྱི་རྒྱལ་པོ་རུས་སྦལ་ཁྲོ་བོའི་རྟོག་པའོ།། བཅོམ་ལྡན་རྡོ་རྗེ་འཆང་ཆེན་པོ་ལ་ཕྱག་འཚལ་ལོ། ། དེ་ནས་རྡོ་རྗེ་སྙིང་པོ་དེ།། རྡོ་རྗེ་རྣོན་པོ་རལ་གྲི་འབར།། རྡོ་རྗེ་འཆང་ལ་གུས་བཏུད་ནས།། རྒྱུད་རྣམས་ཀུན་ཏུ་གསང་བའི་དོན།། རྟོག་པ་རྨད་དུ་འབྱུང་བའི་མཆོག། རུ་སྦལ་རྔམ་པའི་གསང་མཛོད་ནས། ། ཐུགས་རྗེས་རོལ་པ་ཤར་པ་ཡིས།། དྲག་པོ་སྔགས་རྫོགས་མཛད་པ་ཡི།། སངས་རྒྱས་ཀུན་གྱི་ཡེ་ཤེས་ཁྱོད།། འཇིག་རྟེན་འགྲོ་བ་མི་ཡུལ་དུ།། ཛ་ལ་ཛི་ལ་ཉམ་ང་བ།། མེ་རླུང་འཁྲུགས་པར་གྱུར་བ་འདི།། ནད་ཀྱི་བདག་པོ་གང་ལགས་པ། ། ཡེ་ཤེས་ཆེན་པོས་བཤད་པར་མཛོད།། རྫོགས་པ་ཆེན་པོས་བཀའ་སྩལ་པ།། ནུབ་ཕྱོགས་ཕོ་བྲང་རྒྱ་མཚོ་ཆུ།། ངོ་མཚར་ཆུ་བོ་བཞི་འབབ་པའི།། རབ་ཏུ་མི་སྒྲུངས་ཀླུ་རྣམས་ཀྱི།། དེད་དཔོན་ཀླུ་ཡི་རྒྱལ་པོ་པ། ། ཕོ་བྲང་རྒྱ་མཚོ་དང་བ་ན།། རིན་ཆེན་རི་རབ་ལྟེ་བ་ལ།། རིན་ཆེན་སྣ་ལྔའི་གཞལ་ཡས་ཁང།། ཕྱི་ནང་མེད་པར་ཀུན་ཏུ་གསལ།། ཛ་ལ་ཛ་ལའི་བདག་པོ་སྟེ།། ཀུན་ལ་བསམ་ངན་མི་མཛད་དེ། ། སངས་རྒྱས་བསྟན་པ་བསྲུང་བར་མཛད།། དགེ་འདུན་ཆོས་ལ་དགྲ་བྱུང་ངམ།། བཀའ་ཡི་བསྟན་པ་སྨས་པ་ན།། ཙི་ཙི་ཛྭ་ལའི་ནད་རྣམས་བདག། ཚོར་བ་མེད་པའི་ནད་རྣམས་ཀྱང།། སྙིང་ལ་འབབ་པར་བྱེད་པ་ཡིན། ། དེ་ཡི་ཕྱི་རིམ་ཕྱོགས་བཞི་ན།། རྒྱལ་པོའི་རིགས་ནི་ས་ལ་དབང།། ལྕི་དང་འཐིབ་པའི་ནད་ཀྱི་བདག། རྗེའུ་རིགས་གདུག་པ་མེ་ལ་དབང།། ཚ་དང་བསྲེག་པའི་ནད་ཀྱི་བདག། བྲམ་ཟེ་གདུག་པ་ཆུ་ལ་དབང། ། གྲང་ཞིང་འདར་བའི་ནད་ཀྱི་བདག། དམངས་ཀྱི་རིགས་ནི་རླུང་ལ་དབང།། ཡང་ཞིང་གཡོ་བའི་ནད་བདག་ཡིན།། རང་རང་ཡིད་ཀྱི་ཁང་པ་སྟེ།། རིན་ཆེན་གསེར་ལས་གྲུབ་པ་ཡིན།། གྲུ་བཞི་ཕྱི་ནང་ཀུན་ཏུ་གསལ། ། དེ་ཡི་ཕྱི་རིམ་རྩིབས་ལྔའི་ཀླུ།། ཉི་ཤུ་རྩ་ལྔ་རིམ་པར་གནས།། གཞལ་ཡས་རིན་ཆེན་དགུ་ལས་གྲུབ།། དེ་ཡི་ཕྱི་རིམ་གཉན་ཆེན་བརྒྱད།། འཁོར་ནི་འབུམ་སྡེར་བཅས་པ་གནས།། དེ་ཡི་གནས་ཁང་གཡུ་ལས་གྲུབ། ། དེ་ཡི་ཕྱི་རིམ་ས་བདག་སྟོང།། རིན་ཆེན་ཟངས་ཀྱི་ཁང་པར་གནས།། དེ་ཡི་ཕྱི་རིམ་ས་སྲིན་དང།། ས་སེན་ཀླུ་སེན་འབུམ་སྡེ་རྣམས།། ལྕགས་ལས་བྱས་པའི་གནས་ཁང་ན།། དེ་ཡི་ཕྱི་རིམ་ཐེ་བྲང་དང། ། འབྱུང་བ་ཀུན་ཏུ་མྱུལ་བ་གནས།། དེ་ཡི་གནས་ཁང་ས་ལས་གྲུབ།། དེ་རྣམས་ཉམ་ང་ནད་ཀྱི་བདག་པོ་ཡིན།། རིམ་པས་གདོན་ཅིང་གཙོ་བོའི་ལག་ཏུ་གཏོད།། ཀླུ་རྒྱལ་ནད་ཀྱིས་ཟིན་ན་འཚོ་བ་དཀའ།། འཁོར་གྱི་ནད་ནི་སྣ་ཚོགས་ཏེ། ། ངོས་ཟིན་པ་ནི་གསོ་བར་སླའོ།། རུ་སྦལ་ཁྲ་བོའི་རྟོག་པ་དང་པོའོ།།།། རྡོ་རྗེ་རྣོན་པོས་གསོལ་བ།། ཛ་ལ་ཛི་ཉམ་ང་བ།། རྒྱུ་རྐྱེན་གང་གིས་རློང་བ་ཡིན།། ཡང་དག་རྫོགས་པས་བཀའ་སྩལ་པ། ། རིགས་དང་རང་གི་ཐེབས་ལས་དང།། བྱད་ཀྱི་གཏད་ཁྲམ་གནན་གཟིར་ལོག། དེ་ཡི་རྐྱེན་གྱིས་ནད་ལྡང་བའི།། རིགས་ནི་ཟ་འམ་ཟུག་པ་ཡིན།། ཐབས་ལས་ཀླུ་ཡི་ཕོ་བྲང་དུ།། ཞེ་སྡང་མཚོན་དང་འདོད་ཆགས་བརྩོགས། ། གཏི་མུག་ཐབ་གཞོབ་བྱས་པ་འམ།། རྩོ་ལ་རྡོ་ཤིང་ཉམས་པ་ཡི།། བྱད་ཀྱི་གཏད་ཁྲམ་ཐེབས་པ་ནི། ཁྲམ་ལ་བཏབ་པས་གསོ་བ་དཀའ།། རང་གི་གཏད་ཁྲམ་གནན་གཟིར་ལོག། བརྩོན་འགྲུས་ལྡན་ན་གསོ་བ་སླ།། ཉེས་པའི་ཆད་པ་བྱུང་བ་ན།། དང་པོ་གཞི་མས་མི་ཚོར་ཏེ།། ཐེ་བྲང་འགོང་པོ་ཀུན་འཁྲུགས་ནས།། རྟགས་འདེབས་ས་སྲིན་ལ་བཟློག། རྒྱལ་བྲན་ཐེ་བྲང་འགོང་པོ་དང།། ས་སྲིན་ཀླུ་བསེན་སྡོངས་འགྱུར་ཏེ། ། ས་བདག་གཉན་དང་ཀླུ་རྣམས་ལ།། རིམ་པས་སྦྲན་ཅིང་ཀུན་སྡོངས་ནས།། གནོད་པ་ཆེ་ཞིང་ནད་རྣམས་གཏོང།། རིགས་བཞི་ཀླུ་ཡིས་ཟིན་པའི་ཚེ།། མགོ་དང་ཡན་ལག་རིམ་པ་ལ། ། རྟགས་ཐེབས་དུག་གིས་གཟིར་བར་བྱེད།། བཙན་དང་ཀླུ་དང་རྒྱལ་པོ་དང།། བདུད་ལ་སོགས་པར་སྡོངས་ནས་ནི།། བློ་བུར་ནད་ཀྱིས་འདེབས་པ་ཡོད།། དབུས་ཀྱི་ཀླུ་རྒྱལ་ལག་ཏུ་གཏོད།། དེར་སོང་དེ་ལས་ཐར་པ་མེད། ། རུ་སྦལ་ཁྲ་བོ་ལས་རྟོག་པ་གཉིས་པའོ།།།། དེ་ནས་རྡོ་རྗེ་རྣོན་པོས་ཡང་གསོལ་པ།། འགྲོ་བའི་ལུས་ལ་གདུག་པ་གསུམ།། གནོད་པའི་རྟགས་རྣམས་བཤད་པར་མཛོད།། ཡང་དག་རྫོགས་པས་བཀའ་སྩལ་པ། ། དང་པོ་ཐེ་བྲང་འགོང་པོ་ཡི།། འཇིག་རྟེན་ཁམས་སུ་གདུག་པ་ཅན།། ཀུན་ལ་སྦྲན་གཏོང་རྟགས་མཚན་འདེབས།། རིམ་པས་ས་སྲིན་ཀླུ་སྲིན་དང།། ས་བདག་གཉན་དང་རིགས་ལྔའི་ཀླུ།། རིགས་བདག་གཙོ་ལ་རིམ་པས་བསྟོད། ། དང་པོ་གནོད་པའི་རྟགས་འབྱུང་སྟེ།། སྙིང་མི་དགའ་ལ་འགྲོ་སྙིང་འདོད།། སྙིང་འཕྱོ་སྤྲོ་ཐུང་རྒོད་འདོད་ལུས་ཉམས་ཆུང།། གཉིད་ཆེ་ཤེས་པ་འཐིབས་ཤིང་སྟབ་རྣོལ་འོང།། རྨི་ལམ་འགྱུར་མང་གནོད་རྟགས་དང་པོ་ཡིན། ། ལུས་སྦྲིད་ཤ་གུལ་མིག་དང་ཤ་མདངས་འཁྱུག། ཟ་དང་བརྩེ་དང་སྦྲིད་ཅིང་འགྱུར་ལྡོག་མང།། བྱད་ལུས་ཀུན་ལ་ཤ་བཀྲ་ཐོར་བའོ།། རྨི་ལམ་ལ་སོགས་ངན་ཏེ་གཉིས་པ་ཡིན། ། བྱད་ལ་འགྱུར་ལྡོག་ཆེ་ཞིང་ཤེས་པ་རྟེག། མཚན་མས་ཆེ་ཐེབས་མིས་ཀྱང་འགྱུར་ལྡོག་མཐོང།། དེ་རྟགས་གནོད་པ་གསུམ་པ་ཡིན།། ཤིན་ཏུ་མདོག་ངན་རྐང་ལག་ཞ་གྲུམ་འབྱུང།། ཤ་ཁྲག་ལུས་ནས་ཁ་མིག་གླེ། ། དྲི་མ་ལོག་ཅིང་ཁ་སྣ་ཡོ།། མཆི་མ་འཆིལ་མི་ཐུབ་ཅིང་བྱད་ལ་ཆུ་ཕུར་འོང་བ་ནི།། གནོད་པའི་རྟགས་ཏེ་བཞི་པའོ།། དེ་ནས་རིགས་བཞིའི་དུག་ནད་དེ།། གར་ཡང་རུང་བས་འདེབས་པ་ཡིན།། ཐ་མ་ཀླུ་རྒྱལ་ལག་ཏུ་གཏོད། ། ལུས་ལ་དྲི་མ་མི་ཆགས་ཤིང།། དྲི་ལྡོག་རྐང་ལག་སོར་མོ་འཕྲུལ། ཁས་མ་ངན་མི་དང་བརྡ་མི་འཕྲད།། ཆུ་ཕུར་འབྱུང་ཞིང་རྨ་ཡང་འོང།། སོ་ཀར་མིག་བཟློག་གོས་པ་ཡང།། དྲི་མ་མི་འཆགས་སྐྱ་བོར་འགྲོ། ། སྣ་ཡི་ཀ་བ་ཆད་པ་ནི།། དེ་ལས་བཟློག་པ་དཀའ་བར་བཤད།། ལྔ་དང་བཞི་དང་གསུམ་པ་དང།། གཉིས་པ་དང་གཅིག་པའི་བར་དག་ཏུ།། སྒྲིམས་ན་རིམས་པར་འཚོ་བར་བཤད།། དྲི་རྒོད་ལྕོ་དྲི་སྐྱ་རྦབ་དང། ། སྨྱོ་འབོག་བརྒྱལ་དང་བླ་ལྡོག་འབྱམ། ཁ་ལྐུགས་རྐང་ལག་ཞ་བ་དང།། རྨལ་ནད་ཡམ་ནད་གག་ནད་དང།། བློ་བུར་ནད་རྣམས་སྣ་ཚོགས་ནི།། སྡོངས་བཟླས་སྟོང་ཞིང་ཉེན་སློང་བའོ།། རུ་སྦལ་ཁྲ་བོའི་རྟོག་པ་ལས་ལེའུ་གསུམ་པའོ། །།། རྡོ་རྗེ་རྣོན་པོས་ཡང་གསོལ་པ།། ཞུགས་པའི་མཚན་ཉིད་ཇི་ལྟར་ལགས།། ཡང་དག་རྫོགས་ཀྱིས་བཀའ་སྩལ་པ།། གདུག་པ་གསུམ་པོའི་ནད་དང་དུག། འཇུག་ས་ངེས་པའི་ཚད་མས་བསྟན། ། ཞུགས་པའི་མཚན་ཉིད་འདི་ལྟ་སྟེ།། ཕྱི་རོལ་ལུས་ཚུལ་ཞན་པ་དང།། ནང་གི་ལུས་སྟོབས་ཆུང་བ་དང།། ལུས་རྔུལ་མདོག་ངན་ཤ་ལུས་སྐེམ།། རྫི་སྐོར་སྟོང་ཚེར་འོང་བ་དང།། འཁྲུ་འབྱམ་ཤ་བློ་སྐྱ་རྦབ་འོང་བ་དང། ། ཉམ་ཆུང་བཅུད་འཇིག་འདོད་ཆགས་འཆོར།། དབང་པོ་མི་ལྡང་མཚན་མ་འདྲུལ།། ཤ་རོ་བེམ་པོ་འདུག་པ་དང།། སྦྲིད་པོ་ཅི་དེར་འོང་བ་དང།། གཞོག་སྦྲིད་རྩ་ཁྲིད་འཕྲེང་འཁྱུག་བྱེད།། ཞ་རངས་འཁུམས་རྒུར་ཡོ་སླེ་དང། ། སྐྱ་དང་སྐམ་དང་ནེ་སེག་འབྲུལ།། ཤ་འགུལ་སྐྱེ་རྩེ་བེར་བ་ལྡང།། བ་ལྷགས་ཤ་བཀྲ་གཡན་པ་འོང།། རྫི་ལེངས་སྨི་མ་སྨ་ར་འབྱི།། མདོག་ནག་སོ་སྐྱ་སྣ་ཁྲག་མང།། གཏར་ན་ཁྲག་ངན་སོལ་ཁུ་འདྲ། ། ལུས་རྒུད་སྟོབས་ཞན་འདར་བ་དང།། ལུས་འདར་བརྗེད་པ་རྐྱེན་པ་དང།། སྙིང་འདར་རྨ་ལུགས་ངན་པ་དང།། རྔམ་པ་འདེགས་དང་རྒོད་པ་དང།། ཨུག་སོགས་བློ་ལུ་སྐྱེད་མདངས་འཆོར་བ་དང། ། ཁོར་སྒྱུར་བ་དང་ཤ་མདངས་འཚེར།། སྐྱིགས་བུ་འོང་དང་སྣ་ཁྲག་མང། ཁམས་དང་ཉ་སྐངས་དུར་ཤིག་འོང།། གཤོགས་བཤལ་རྒུ་རུ་ད་རྒན་དང།། དགུ་འཁྲི་གཞང་ན་བློ་འཁྲིག་བྱེད།། ལུས་སྦོ་ཆུ་སོགས་ཕོ་བ་འདེགས། ། ལོང་འགུལ་ཁོང་ཟ་འཁྲུ་སྐྱུག་འབྱང།། གདུག་པའི་ནད་རྣམས་ཞུགས་པ་ཡིན།། རུ་སྦལ་ཁྲ་བོའི་རྟོག་པ་ལས་ལེའུ་བཞི་པའོ།།།། རྡོ་རྗེ་རྣོན་པོས་ཡང་གསོལ་པ།། ཉམ་ང་གདུག་པའི་ནད་དང་དུག། འགྲིམ་པ་ངོས་བཟུང་ཇི་ལྟར་ལགས།། ཡང་དག་རྫོགས་པས་བཀའ་སྩལ་པ།། འགྲོ་བ་མི་ལ་གདུག་པའི་ནད།། ལུས་ལ་ཐེབས་ནས་འགྲིམ་པའི་ནད།། སྟོད་ཀྱིས་སྨད་ལ་ངོས་བཟུང་ཞིང།། སྨད་ཀྱི་ནད་ཀྱིས་སྟོད་ལ་གཟུང། ། སྟོད་ཀྱིས་སྨད་དུ་སྙེག་པ་དང།། སྨད་ཀྱིས་སྟོད་དུ་བསྙེག་པ་ཏེ།། ཀླད་པའི་ནད་ནི་སྐྲ་གསེབ་ནས།། བྱིན་པའི་གནས་སུ་འགྲིམ་པ་ཡིན།། ཐ་མ་གཞུང་བར་སྙེག་པ་སྟེ།། རྒུད་པོ་འམ་ཡང་འདྲུད་པོར་འགྲོ། ། ཆུ་བའི་ནད་ནི་ལོང་བུ་ནས།། སྨིན་ཕྲག་དག་ཏུ་འདྲིལ་བར་བྱེད།། དགྱེ་དགུ་འཇའ་སྟེ་སྟོག་རྩར་སྙེག། ཚིགས་པའི་ནད་ནི་ཚིག་པ་དང།། མིག་ཏུ་འགྲིམ་པར་བྱེད་པ་སྟེ།། ཐ་མ་མཆིན་པར་བསྙེག་པ་དང། ། བཙོས་ཀྱི་ནད་ནི་མཁུར་ཚོས་དང།། གཉན་གོང་དག་ཏུ་འགྲིམ་པ་སྟེ།། བཙོས་ལ་ཤ་རོ་འོང་བ་ཡིན།། ཐ་མ་སྣ་ལ་སྙེག་པར་བྱེད།། རུས་པའི་ནད་ནི་ནི་ཀོས་ཀོ། ལ་སྲུབས་འགྲིམ་པར་བྱེད། ། འབྲུམ་ཆུང་ཚ་བཙག་འོང་པ་སྟེ།། ཐ་མ་རུས་ལ་སྙེག་པར་བྱེད།། རྒྱུས་པའི་ནད་དེ་དཔུང་པ་དང།། རྟིང་ཆུ་བ་ནི་འགྲིམ་པ་སྟེ།། སྐར་ཚུགས་ཚ་ལ་སྦྲིད་པ་སྟེ།། ཐ་མ་རྒྱུས་པ་ལ་སྙེག་གོ། གདོང་སྣའི་ནད་དང་ཡང། ། ངར་གདོང་དག་ཏུ་འགྲིམ་པ་སྟེ།། ཤ་མཚན་འམ་ན་ཤ་རོ་འོང།། སྐད་འགག་ཐོར་བུ་ཕྲ་མོ་འོང།། ཐ་མ་བློ་ལ་སྙེག་པའོ།། གཅེས་པའི་ནད་ནི་སྙིང་ཀ་ནས།། མཚན་མ་དག་ཏུ་འགྲིམ་པ་སྟེ།། ཤ་རོ་བེམ་པོ་འོང་བ་དང། ། སྙིང་ཤུགས་འོང་ཞིང་ནུས་པ་ཆུང།། ཐ་མ་སྙིང་ལ་སྙེག་པ་ཡིན།། རྩ་ནད་མཆན་ཁུང་བརླ་ཡི་ཕྱི།། ཤ་བཀྲ་ཤ་རོ་འོང་བ་དང།། ཐ་མ་རྩ་ལ་སྙེག་པ་ཡིན།། སྣོད་ཀྱི་ནད་ནི་མཆིན་ཁྲི་དང།། གཞུངས་པ་འདྲིན་ཞིང་བེམས་པོ་འོང། ། ཐ་མ་མཆེར་པ་དག་ལ་སྙེག། མཁལ་མའི་ནད་དེ་མཁལ་མ་དང།། བྱིན་པའི་ཉཝ་གཞུག་འདྲིམ་པ་ཡིན།། ཐོར་བུ་ཉ་སྒངས་འོངས་པ་དང།། ཐ་མ་མཁལ་རྩ་དག་ལ་སྙེག། སྲབ་རྩེའི་ནད་ནི་ཡོབ་ཆེན་གོང། ཁྲིག་མ་དག་ལ་འདྲིམ་པ་སྟེ།། སྲབ་རྩེ་ཚིགས་མིག་ན་བ་དང།། ཐ་མ་འོར་མིག་འོང་བ་ཡིན།། གཟའ་ཆུའི་ནད་ནི་གཟའ་ཆུ་དང།། སྒལ་ཁུང་དག་ཏུ་འགྲིམ་པ་སྟེ།། ཐོར་བུ་རྨ་རྒན་འོང་བ་དང། ། ཐ་མ་ཞ་འཁུམ་དག་ཏུ་འགྲོ།། ལྟག་པའི་ནད་ནི་ལྟག་གཞུང་འགྲིམ།། ཟུག་དང་ཆུ་སེར་འབབ་པ་སྟེ།། ཐ་མ་འཇང་ལ་སྙེག་པའོ།། སོག་པའི་ནད་དེ་སོགས་པ་དང།། སྣག་པོ་ཆེ་རུ་འགྲིམ་པ་སྟེ།། ཙག་ཙག་འོང་ཞིང་སྣག་ལ་སྙེག། སྤུ་ཡི་ནད་ནི་སྐྲ་མཚམས་དང།། སྤུ་མཚམས་དག་ཏུ་འགྲིམ་པར་བྱེད།། སིལ་སིལ་པ་དང་ཟིང་ཟིང་འོང།། ཤ་མདངས་ཁྱབ་པར་སྙེག་པ་ཡིན།། རྩ་ནད་ནད་ཀྱི་བཤུལ་ཤ་དང།། འཇིང་པ་སྙེག་པ་དེ་ཡིས། ། དགྱེ་བོ་ཡང་ན་སྒུར་པོར་འགྲོ།། ཐ་མ་ཆུ་པ་རྣམས་ལ་སྙེག། བཅུ་བདུན་གནད་དུ་འགྲིམ་པ་ཡིན།། དེ་མ་ཡིན་པར་མི་འགྲིམ་སྟེ།། འགྲིམ་ཞིང་སྙེགས་པ་དེ་དག་ལ།། འགྲིམ་སྒོ་དགག་པ་གཅེས་པ་ཡིན། ། རུ་སྦལ་ཁྲ་བོའི་རྟོག་པ་ལས།། ཟིན་ཐེབས་ཀྱི་གནད་དེ་ལེའུ་ལྔ་པའོ།།།། རྡོ་རྗེ་སྙིང་པོས་ཡང་གསོལ་པ།། ནད་ཀྱི་བསྟན་པ་དེ་ལྟར་ན།། དྲག་པོ་སྔགས་རྒོད་ཡང་གསང་ཐུགས།། སྙིང་པོ་དོན་གྱི་སྦྱོར་བ་དང། ། ཡང་དག་རྫོགས་པས་བཀའ་སྩལ་པ།། ཀླུ་གཉན་ས་བདག་གདུག་པ་ཅན།། ཉམ་ང་བ་ཡི་ནད་དར་ན།། རྒྱ་ཤོག་རྒྱུ་ལ་ཙཀྲ་བྲི།། རུ་སྦལ་ལྟོ་བར་མུ་ཁྱུད་བསྐོར།། དབུས་སུ་དྲག་པོ་བཞི་ལྡན་པ།། དབང་གི་ཁོར་ཡུག་ལྡན་པར་བྲི། ། སྣ་ཚོགས་རྡོ་རྗེ་ལྡན་པ་ལ།། ལྕགས་ཁང་འཁྲུལ་མིག་བཅུ་གཅིག་ལྡན།། རུ་སྦལ་རྩ་བའི་འཁྲུལ་འཁོར་ཡིན།། དབུས་སུ་ཀླུ་གཉན་ས་བདག་གི། མིང་དང་སྙིང་པོ་བྲི་བར་བྱ།། མ་མོ་རྒྱལ་པོ་མཛེ་འདྲིན་བཙན། ། དྲག་པོའི་ཁང་པ་གསུམ་པར་གནས།། མཚམས་སུ་གདུག་པའི་གཟུགས་ལྡན་པར།། དྲག་པོའི་སྔགས་ཀྱིས་བསྐོར་བར་བྱ།། སྣ་ཚོགས་རྡོ་རྗེ་རྩ་བའི་ལུས།། འཁྲུལ་མིག་བཅུ་གཅིག་ཡང་སྔགས་དགོད། ཁོར་ཡུག་རིགས་བཞི་གདུག་པའི་གཟུགས།། དུག་ཁྲག་ཚ་བའི་ངར་བསླུད་ལ།། ཨེ་ཡི་གནས་ཁང་ཁ་ཁྱེར་གསུམ།། རྩང་ཐོད་མེ་རི་ལྡན་པར་གཞག། ཙཀྲ་བར་སྣང་ཐོད་པ་གནག་ཁ་སྦྱར་བར་དུ་དམིགས་པ་བསམ། ། ཕྱག་རྒྱ་ཟིལ་གནོན་སྐུར་བསྒོམས་ལ།། བསྒོམ་བསྐུལ་དྲག་སྔགས་བསྣོལ་མར་བརྡེག། འཁོར་ལོ་ཐོད་པ་རྫས་བདུག་ཅིང།། དུག་ཁྲག་མཚོན་དང་དུག་མདའ་དང།། བྱེ་མ་སུ་རྒྱ་ཛི་ལས་བརྡེག། ཤི་ཁྲག་དྲག་པོ་བཅུ་གཅིག་འབྲུ།། ཡང་གསང་མཆོག་གི་སྙིང་པོ་ཡིན།། ཉིད་ཀྱིས་སྐུ་གསུང་ཐུགས་རྡོ་རྗེ་ཡི།། དྲག་སྔགས་སྦྱོར་བ་འདི་གསུངས་སོ།། ཨེ་ཀ་ཧེ་དུན་ཡ་མ་སྙིང་ཁྲག་ར་མ་ཙ་ལ། ས་ནཱ་ག་ཙ་ཏྲི་དུ་མེ་སྲོག་ལ་བྲེང་བྲེང་རྩ་ལ་དུན་དུན་སྤུར་ནན་ཁམ་ཤག་རྦད། ས་ནཱ་ག་ཕྲེང་བྲེང་དུན་དུན་ཐུམ་རིལ་ནཱ་ག་ར་ཛ། ས་ནཱ་ག་སོག་ལ་བྲེང་བྲེང་ཛ་ཛ་ཐུམ་རིལ་ཤག། ས་ནཱ་ག་སྲོག་ལ་དུན་དུན་ཐུམ་རིལ་ཤག། ས་ནཱ་ག་ཙིཏྟ་ལ་ཐུམ་རིལ་ཤག་རྦད། ས་ནཱ་ག་ཐུམ་ལིང་ཁས་ཐུམ་རིལ་ཤག། ས་ནཱ་ག་སྲོག་ལ་ཧུར་ཐུམ་རིལ་ཤག། ས་ནཱ་ག་ཙིཏྟ་ལ་ཐུམ་རིལ་ཤག། ས་ནཱ་ག་སྙིང་གཟེར་སྦུར་ནན་ཐུམ་རིལ་ཤག། ཙ་ཏྲི་ཤུ་ལ་དུ་མེ་མ་མ་སྲོག་གཟེར་ཐུམ་རིལ་ཤག། ཙ་ཏྲི་ཤུ་ལ་གཟིར་ནན་ཐུམ་རིལ་ཤག། རོ་ནརི་ཏྲི་ཡཾ་ཤིག་ནན་གཟིར་ཐུཾ་རིལ་ཤག། དྲག་པོ་བཀོད་ཀྱི་སྔགས་བཟླས་ཤིང།། དང་པོ་ཕྱག་རྒྱ་སྐུ་ཉིད་བསྟན།། འོད་ཟེར་འབར་བས་སྒྲིབ་པ་བསྲེག། རང་བཞིན་སྔགས་མཐའ་སྟོང་ཉིད་དང།། དྲག་པོ་མེ་དབལ་འཁོར་ལོ་མཚོན།། སྐམ་ཆགས་རྒྱུན་གྱིས་སྲོག་ཕྲོགས་ནས།། གསང་མཛོད་མུ་ཁྱུད་གཟུགས་ལ་བསྡུ།། མེ་རླུང་སྟོབས་ཀྱིས་འཁྲུག་ཅིང་སྡུད། ། སྲིད་པའི་རུ་སྦལ་ལྟོ་བར་འཆང།། འཁོར་ལོ་མེ་རླུང་མཚོན་ཆ་ཡིས།། སྲོག་རྩ་གཅོད་ཅིང་གདུག་རྩུབ་བསྲེག། དྲག་པོ་སྦྱོར་བ་རྫོགས་པ་དང།། བདུག་པ་བསྲེག་ཅིག་ཐལ་བ་མནན།། ཀ་རྟེན་ནམ་ལྷ་ཁང་ཐེམ་འོག་གཞུག། ཡ་མ་ཀ་ལི་དྲེགས་པ་ཅན།། ཧ་མོ་གནོན་པ་བེ་ཀ་ཏཱ།། ཡང་གསང་མཆོག་གིས་སྔགས་སུ་གསུངས།། རུ་སྦལ་ཁྲ་བོའི་རྟོག་པ་ལས་ལེའུ་དྲུག་པའོ།།།། རྡོ་རྗེ་རྣོན་པོས་ཡང་གསོལ་པ། ། སྔགས་ཀྱི་སྦྱོར་བ་དེ་ལྟར་ན།། འཚོ་བྱེད་སྨན་གྱི་སྦྱོར་བ་གང།། ཡང་དག་རྫོགས་པས་ངེས་གསུངས་པ།། ཉམ་ངའི་ནད་རྣམས་ཞུགས་པ་ཡི།། དུག་རོ་སྨན་གྱིས་གདོན་པར་བྱ།། ཕྱི་ནས་ཞུགས་པར་གྱུར་པ་ལ། ། ཙན་དུག་དག་གི་སྨན་མར་རམ།། ཡང་ན་དུག་གི་རི་ལུ་གཏང།། ནང་ནས་ཞུགས་པར་གྱུར་པ་ལ།། མུ་ཟི་མར་དང་སྦྲང་རྩི་སྦྱར། ཁེམ་བུས་ཚད་དང་ལྡན་པར་ནི།། མཁས་པས་ལྟོ་སྟོང་དག་ལ་གཏང།། དངས་མར་ཞུགས་ཀྱང་དེ་བཞིན་བྱ། ། བྱང་ཆུབ་སེམས་ལ་ཞུགས་པ་ལ། ཁུ་བ་བུ་རམ་སྦྱར་ཏེ་གཏང།། དབང་པོ་ལག་པ་བའམ་རའི།། འོ་མར་འདུས་དང་སྦྲང་རྩིར་སྦྱར།། དང་པོ་མི་ལྡང་ནད་ཀུན་སེལ། ། ར་ཚ་རྒྱ་ཚ་ཟེའུ་ཚ།། དབྱི་མོར་དཀར་པོར་སྦྱར་བ་ཡིས།། ཤ་རོ་བེམས་པོའི་ནད་རྣམས་འདྲེན།། རྩ་ནད་རྩ་སྦྱོངས་བྱ་བ་དང།། འབྲི་ཏ་ས་འཛིན་སྦྱར་བས་སེལ།། ཞ་དང་རེངས་འཁུམས་ལུམས་ཀྱིས་གསོ། ། ཡོ་དང་སླེའོ་མེ་བཙས་བསྲོང།། སེང་ལྡེང་སྨན་མར་དག་གིས་ནི།། རུས་པའི་ནད་ཀུན་སེལ་བ་ཡིན།། སྐྱེ་ཨ་ཀོད་པ་ད་དང།། ཙན་དན་མར་ཁུ་སྦྱར་ཏེ་བྱུག། ཨ་རུ་ར་དང་བ་རུ་ར། ཁམ་བུ་ཡི་ནི་སྙིང་པོ་བསྲེག། ཚེར་སྔོན་ཆུ་དང་སྦྱར་བ་ཡིས།། སྐྲ་དང་སྨིན་མ་འབྱི་བ་གསོ།། ཨ་བེ་ཤ་དང་བྲག་རྒྱ་ཡིས། ཁྲག་གི་ནད་ལ་བདུད་རྩི་ནི།། སེང་ལྡེང་འོ་མར་བསྡུས་པ་དང།། འབྲས་བུ་གསུམ་དང་གུ་གུལ་དཀར།། སོ་མ་ར་ཙ་ཐ་སྐར་རྡོ་རྗེ་དང། ། ཅོང་ཟི་སྦྲང་ཟིར་སྦྱར་བ་ཡིས།། བཅུད་ལ་ཞུགས་པའི་ནད་རྣམས་སེལ།། དཀར་པོ་ཆིག་ཐུབ་སྙིང་ཞོ་ཤ། འཛའ་ཏི་སྦྱར་བས་སྙིང་ནད་སེལ།། བུང་པ་རྩི་དང་སྲོ་ལོ་དཀར།། གློ་བའི་ནད་རྣམས་སེལ་བ་ཡིན། ། གུར་ཀུམ་ཏིག་གི་མེ་ཏོག་གིས།། མཆིན་པའི་ནད་རྣམས་སེལ་བར་བྱེད།། སེང་ལྡེང་གསོ་མ་ར་ཙ་དང།། ཙན་དན་དཀར་པོ་འབྲས་བུ་གསུམ།། ནིམ་པ་མ་ཧཱ་ནིམ་པར་སྦྱར།། ཆུ་སེར་ནག་པོ་མཐའ་དག་སྐེམས། ། ཚ་སྣ་བཙོད་ཁུ་སྦྱར་བ་ཡིས།། འབྲུམ་འཕྲན་ནད་རྣམས་སེལ་བར་བྱེད།། མུ་ཟི་ཕག་ཚིལ་སྦྱར་བ་ཡིས།། བལ་ལྡགས་ཤ་བཀྲ་གླང་ཤུ་འཛོམས།། གཞན་ཡང་ནད་ཀྱིས་འགྲིམ་པ་ལ།། རྩ་སྒོ་དགག་དང་མེ་བཙས་བསྲུང། ། གཞུངས་པ་སྙེག་ན་ཨན་རྟོག་དགག། སྒུར་པོ་དང་ནི་འདྲུད་པ་ལ།། ལུམས་བྱ་མེ་བཙས་བསྲེག་པར་བྱ།། གཟའ་སྐྱེ་མེ་བཙས་བསྲེག་པ་དང།། གཟའ་གུམས་ལུམས་སུ་གཞུག་པར་བྱ།། དྲང་སྲོང་སྙེག་ལ་མེ་བཙའ་བྱ། ། ཉ་ཐོར་བྱུང་ན་མཛོ་ལྕི་བྱུག། ཤུ་བ་གཅོད་ཀྱིས་གདུལ་བར་བྱ།། མཆིན་པའི་སྲང་ནི་མེ་རྩ་གདབ།། སྣ་ལ་གཏར་ཁ་ཉ་རལ་བྱ།། ཤ་རོ་བཙོག་བསྐོར་མུ་ཟི་གདབ།། སྣ་བཤལ་བྱ་ཞིང་འདྲེན་སྨན་གཏང། ། ཤ་སུལ་མེ་བཙའ་གདབ་པ་དང།། ཐོར་བུ་བཙོས་ལུམས་གདུལ་བར་བྱ།། རུས་པའི་རྒྱལ་པོ་བསྲེག་པར་བྱ།། རུས་སྙིང་ལུམས་སུ་གཞུག་པར་བྱ།། དཀར་ཚུགས་དུགས་ཀྱིས་གདུལ་བར་བྱ།། སྦྲིད་པོ་ལ་ནི་སྣུམ་དུག་ཏིང། ། སྣ་བི་རྩེ་མོ་གཤག་པར་བྱ།། ངར་གདོང་ལོང་རྩ་སྤྲོ་བར་བྱ།། བློ་ཡི་སྲང་སྒོ་བསྲེག་པར་བྱ།། ཤ་རོ་ལ་ནི་བསྐོར་ཚེ་བཤལ།། ཡང་ན་སུམ་པའི་འདྲེན་བཤལ་བྱ།། གློ་ཡི་སྒང་རྩ་གཏར་པ་དང། ། ཅུ་གང་གུར་ཀུམ་གཏང་བར་བྱ།། སྙིང་སྲང་ནུ་འཇིང་བསྲོ་བར་བྱ།། རྩ་བ་ལྔ་ཡི་སྨན་ཡང་སྦྱར།། མཁལ་རྩ་རྩ་བ་འཕྲེང་ཉལ་བསྲོ།། བེམས་པོ་བཅི་ཡིས་བཙོག་པར་བྱ།། མཁལ་རྩ་མེ་རྩས་བསྲོ་བ་དང། ། ཤ་བཀྲ་གུར་ཀུམ་ཆུ་ཡིས་བཀྲུ།། མཆེར་རྩ་སྲང་སྒོ་བསྲོ་བ་དང།། བེམས་པོ་བཅུ་ཡིས་བཙོག་པར་བྱ།། བྲཾ་ཚེ་སྣུམ་གྱིས་གསོ་བར་བྱ།། ཧོག་མིག་ལྕགས་ཀྱིས་བསྲེག་པར་བྱ།། རྨ་རྒན་རུལ་ཆོད་གཏང་ལ་གསོ། ། ཆུ་སེར་འདྲེན་བཤལ་གཏང་བྱས་ལ།། ཟུག་རྔུ་ལུམས་ཀྱིས་གསོ་བར་བྱ།། གུ་གུལ་བཤལ་བཏང་ཤ་སུལ་མེ་བཙས་བསྲུང།། སྤྱི་གཙུག་བཤལ་རྣམས་བཏང་བ་དང།། ཤ་ཐང་བར་ཡང་བཤལ་བར་བྱ། ། བཤུལ་རྩ་ནག་པོ་གཏར་བ་དང།། བཤུལ་སྒོ་མེ་རྩས་དགག་པར་བྱ།། དགྱེ་རྒུ་ལུམས་ཀྱིས་གསོ་བར་བྱ།། མཁས་པས་རིག་པར་ཤེས་པས་ནི།། སྨན་དང་དཔྱད་ཀྱི་སྦྱོར་བ་ཡིན།། རུ་སྦལ་ཁྲ་བོའི་རྟོག་པ་ལས་ལེའུ་བདུན་པའོ། །།། རྡོ་རྗེ་སྙིང་པོས་ཡང་གསོལ་པ།། སྨན་དཔྱད་སྦྱོར་བ་དེ་ལྟར་ན།། འཕྲིན་ལས་སྦྱོར་ཀ་ཇི་ལྟར་བྱ།། ཡང་དག་དཔའ་བོས་བཀའ་སྩལ་པ།། གདུག་པ་གསུམ་གྱི་ནད་དང་དུག། གདུག་རྩུབ་ཞི་བར་བྱེད་པ་སྟེ། ། བསྲེག་པའི་སྦྱོར་བ་ལས་ཀྱི་གཅོང།། ཐོག་མར་གདུག་པ་དབང་དུ་བསྡུ།། དེ་ནས་དྲག་པོས་ཚར་གཅད་ཅིང།། ཐ་མར་ཞི་བའི་ལས་བྱའོ།། དབེན་པའི་གནས་སུ་འདུ་འཛི་སྤངས།། པདྨ་ར་གའི་ས་གཞི་ལ། ། མཎྜལ་གྲུ་གསུམ་ས་གཅད་ལ།། དཔངས་སུ་ཁྲུ་རེ་ལྡན་པར་བྱ།། དབུས་སུ་མེ་ཐབ་གྲུ་གསུམ་ལ། ཁ་ཁྱེར་གསུམ་ལྡན་སོར་གཉིས་ཞིང། ཁྲག་དང་རྒྱ་སྐྱེགས་ཁུ་བས་བྱུག། ནང་དུ་རྡོ་རྗེ་ལྕགས་ཀྱུ་བྲི། ། ས་དང་ནཱ་ག་ཛ་དང་ཧྲི།། ཧོཾ་ཁུང་ནང་དུ་གང་བར་བྲི། ཁ་ཁྱེར་ཨ་ཀར་ཤ་ཡས་བསྐོར།། ཐ་མ་སྦྲུལ་གྱིས་བསྐོར་བར་བྱ།། ཧོཾ་ཤིང་སྨྱག་ཤད་རྒྱ་ཤིང་དང། ཁྲུ་གང་གཏུབས་ལ་དམར་པོ་ཤིང།། ཙན་དན་དམར་པོ་རྒྱ་སྐྱེགས་དང། ཁྲག་གིས་བྱུགས་ཏེ་བརྩེགས་པར་བྱ།། བར་སྣང་དབང་སྡུད་ཙཀྲ་བྲི།། རས་སམ་རྒྱ་ཤོག་དེ་དག་ལ།། ཙན་དན་དམར་པོ་རྒྱ་སྐྱེགས་ཀྱིས།། དབང་ལ་ས་དང་ནཱ་ག་ལ།། ཧྲི་ཛ་ཞེས་པ་དགོད་པར་བྱ། ། མུ་ཁྱུད་རྩ་བའི་སྙིང་པོ་དང།། ཐ་མ་ལྕགས་ཀྱུ་འབར་བ་ལ།། ཙན་དན་དམར་པོས་བསྐུས་པ་ཡི།། སྔགས་རྣམས་ཀྱིས་ནི་རབ་ཏུ་བརྒྱན།། བར་སྣང་བསྲེག་པ་ནམ་མཁའ་ཡི།། ཙཀྲ་ཡིན་པར་ཡང་དག་བཤད། ། དབང་གི་དྲག་སྔགས་བར་མི་གཅད།། ཞག་བདུན་བར་བཟླས་དམིགས་པ་རྟག། བསྒོམ་བསྐུལ་དྲག་སྔགས་བསྣོལ་མ་སྟེ།། ཕོ་ཉ་བསྐུལ་ལ་དབང་དུ་བྱ།། དེ་ཡི་གསང་སྔགས་འདི་དག་གོ། ཨེབྱ་མྱགས་ཡ་སྦུབས་མུགས་ཤག་དུན། ས་ན་ག་སརྦ་ཨ་ཀར་ཤ་ཡ་བྲེང་བྲེང། དུན་དུན་ཛ། བསྲེག་པའི་ཆོ་ག་བཤད་པར་བྱ།། ཐབ་ཏུ་མེ་ལྷ་སྐུ་མདོག་དཀར།། འོད་ཟེར་དམར་པོ་ལྕགས་ཀྱུ་ཡིས།། གདུག་པའི་ཀླུ་གཉན་དབང་དུ་བསྡུ། ། མེ་ཉིད་མེ་ལོང་དེ་ཉིད་དུ།། ཕྱག་རྒྱ་ཟིལ་གནོན་དཀྱིལ་འཁོར་ཚོགས།། དམར་པོ་དབང་གི་རང་བཞིན་ཏེ།། བསྲེག་རྫས་དབུལ་ཞིང་གསང་སྔགས་བཟླས།། ས་ནཱ་ག་ཏྲིག་ནན་སྙིང་གཟེར་སྦུར་ནན།། ཧྲི་ཤག་ཛ། ས་ནཱ་ག་ཛ། ས་ནཱ་ག་ཨ་ཀརྵ་ཡ། བྲེང་བྲེང་དུན་དུན་ཛ། གདུག་པའི་ཀླུ་གཉན་དྲེགས་པ་ཀུན།། དབང་དུ་བྱས་ཏེ་འགུགས་པར་བྱེད།། རུ་སྦལ་ཁྲ་བོའི་རྟོག་པ་ལས།། དབང་གི་ལེའུ་སྟེ་བརྒྱད་པའོ། །།། དེ་ནས་དྲག་པོའི་ལས་བཤད་པ།། གནས་མཆོག་དབེན་པའི་ས་དག་ཏུ།། ཕུང་ས་གསུམ་ལ་མཎྜལ་བྱ།། སྣ་ཚོགས་ཁྲག་དང་དུག་ཆུས་བྱུག། བསྲེག་པ་ས་གཞིའི་ཙཀྲ་བྲི།། དབུས་སུ་གྲུབ་གསུམ་བརྩེག་པར་བྱ། ཁ་ཁྱེར་གསུམ་དང་ལྡན་པ་ནི།། ནང་དུ་མཐོ་གང་བར་མ་ལ།། མཛུབ་གང་ཐ་མ་ཆག་གང་ཡིན།། རྩང་དང་ཐོད་པ་མེ་རི་བྱ།། ནང་དུ་རྒྱ་སོལ་ནག་པོས་བྱུག་ཁ་ཁྱེར་དམར་པོར་ཤིས་པ་སྟེ།། དབུས་སུ་སྣ་ཚོགས་རྡོ་རྗེ་ཡམ། ། གདུག་པའི་གཟུགས་དང་སྙིང་པོ་དགོད།། ཟ་ཁམ་ལ་ནི་གང་གནོད་གཟུགས།། དེ་འོག་ས་གཏིང་ཁྲུ་གང་དུ།། ཐོད་པར་དབང་གི་ཙཀྲ་དང།། ལིང་ཀ་བཅས་པ་གནན་པ་ཡིན།། ཧོཾ་ཤིང་ནག་ལ་རྩུབ་པ་སྟེ། ། དུག་གི་ཤིང་ངམ་ཚེར་མ་ཅན།། སྐྱེར་པ་མཛད་མོ་གྲ་མ་དང། ཁ་ད་ར་ཡི་མེ་ཤིང་ལ། ཁྲུ་གང་ཚད་ལ་དྲག་པོར་བརྩིག། བཅུ་གཉིས་རྩིབས་ལ་བསྲེག་རྫས་དགོད།། གསོད་དང་བསྲེག་པའི་ཙཀྲ་དང། ། བསྲེག་པའི་སྟེང་གཅོད་ཙཀྲ་ཡིན།། དུར་ཁྲོད་རོ་ཡི་རས་ལ་བྲི།། དབུས་སུ་དྲག་པོ་ལྡན་པ་ལ།། དབང་གི་ཁོར་ཡུག་གཉིས་པ་ཡིན།། གདུག་པ་གསུམ་དང་སྡོང་ཟླ་བྲི།། བཅུ་གཉིས་ཚེ་རིང་རྩང་བར་ལྡན། ། ཡང་རིམ་བཅུ་གཉིས་བསྲེག་པར་ལྡན།། ཐ་མ་སྦྲུལ་དང་མེ་རི་སྟེ།། སྲིད་པ་རུ་སྦལ་ལྟོ་བར་བཅའ།། བར་སྣང་མེ་ཐོད་མཁའ་ལ་བཅའ།། ཤ་སྣ་ཁྲག་སྣ་ཚིལ་དང་ནི།། དུག་དང་འོ་མ་དེ་བཞིན་ཆང།། མར་ནག་ཉུངས་ཀར་ཉུངས་ནག་དང། ། བསྲེག་རྫས་ལིང་གས་ཡོངས་སུ་བསྐོར།། ནུབ་དང་ལྷོ་རུ་ཁ་ལྟས་ལ།། རག་ཤིང་འཕྲེང་ཐོགས་གོས་ནག་གོན།། ལྷ་ཡི་ང་རྒྱལ་ཟིལ་གནོན་བསྒོམ།། ཞག་བདུན་གསལ་གསུམ་དྲག་སྔགས་བཟླས། ། ཉི་མའི་གུང་དང་ནམ་གུང་ལ།། བསྐུལ་དང་བཏབ་པ་དྲག་སྔགས་རེ།། རྫས་དང་ལིང་གར་མིང་བྱང་བསྲེག། ལྷ་རེ་བསྐུལ་ལ་དྲག་སྔགས་བཅུས།། རྫས་དང་ལིང་ག་རེ་རེ་དབུལ།། གདུག་པ་ཅན་རྣམས་ཚར་གཅད་ཕྱིར། ། བདུན་པ་རྟགས་རྩུབ་མང་ན་སྤོགས།། ཐ་མ་ཐོར་བར་ཙཀྲ་གྲུབ།། ལས་ཀྱི་ཐུན་དབབ་བྱེ་ཚན་བརྡེག། ཐལ་བ་གཞན་རྣམས་ལིང་ག་ལ།། ཟོར་དུ་བརྡེག་དང་གནོད་སར་འཕང།། ལས་ཀྱི་ཙཀྲའང་དེ་བཞིན་གནས། ། དེ་ཡི་གསང་སྔགས་བསྟན་པ་ནི།། སྐུ་གསུང་ཐུགས་ལས་འཐོན་པའོ།། ས་ནཱ་ག་དུ་རམ། ས་ནཱ་ག་ཨུ་ནན། ས་ནཱ་ག་ཨུ་ནན་གཟེར་ཕྱུང་སྲོག་ལ་དུན་རཾ་ཙིཏྟ་པྲེང་ཤག་ཐུན་རྦད། ཨེ་རཾ། ས་ནཱ་ག་ཙི་ཏྲ་དུ་མེ་སྲོག་ལ་ཡམ་ཤག་རྦད། རཾ་ཁ་རཾ་ཛྭ་ལ་རཾ། དྲག་པོ་ཚར་གཅད་ཆོ་གར་བཤད།། རུ་སྦལ་ཁྲ་བོའི་གསང་བའི་རྟོག་པ་ལས།། ཚར་གཅད་པའི་འཕྲིན་ལས་ཀྱི་ལེའུ་སྟེ་དགུ་པའོ།།།། དེ་ནས་ཕན་གདགས་ཆོ་ག་བཤད། ། དྲག་པོའི་རྗེས་ལ་ཤིས་པ་འམ།། ཡང་ན་གོང་བུ་བྱ་བ་ཡིན།། གནས་མཆོག་ཡིད་དང་འཐད་པ་རུ།། དང་ཞི་བའི་ལས་བྱ་བ།། འཇམ་ཞིང་སྣུམ་ལ་དཀར་བའི་ས།། ཡོ་བྱད་ལ་སོགས་བསགས་བྱས་ལ། ། མཎྜལ་རྒྱ་གཅད་དཀར་པོར་བྱ།། དྲི་སྤོས་ལྡན་པས་བྱུག་པ་བྱ།། དབུས་སུ་ཧོཾ་ཁུང་ཟླུམ་པོ་ལ། ཁྲུ་གང་རྒྱ་གཅད་མཛུབ་གང་དཔངས།། ཞེང་དུའང་ནི་སོར་བཞི་ལྡན། ཁྲུ་གང་གཏེར་དུ་བརྐོ་བར་བྱ། ། དབུས་སུ་པདྨ་འདབ་མ་བརྒྱད།། གེ་སར་ཀུན་དྷ་ལྟ་བུ་ལ།། ཐ་མ་ཁོར་ཡུག་ཟླུམ་པོ་དཀར།། ཧོཾ་ཤིང་ལྕང་མ་གླང་མ་དང།། བལ་བུ་འཕང་མ་ཁྲུ་གང་ལ།། ཟླུམ་པོའི་དབྱིབས་སུ་བྲི་བར་བྱ།། བསྲེག་རྫས་འབྲས་བུ་ནས་ཆེན་དང། ། རྩི་མར་མེ་ཏོག་དཀར་པོ་དང།། རྩི་བཅུད་འོ་མ་ལྕེ་ཕོག་དཀར།། ཡམ་ཤིང་ལྡན་པ་དབུལ་བར་བྱའོ།། དང་པོས་གང་ལྟ་ལྷ་སྒོམ་ཞིང།། བསྐུལ་རེ་སྔགས་བཅུས་བསྲེག་རྫས་དབུལ། ། ཞི་བར་གྱུར་ཅིག་བརྗོད་པར་བྱ།། ཐལ་འཇམ་གཙང་མའི་རས་ཀྱིས་དྲིལ།། ཞི་བའི་གནས་སུ་སྦ་བར་བྱ།། གདུག་པ་མ་ལུས་ཞི་བར་འགྱུར།། དེ་ནས་བཅོམ་ལྡན་འདས་ཀྱིས་གསང་སྔགས་འདི་གསུངས་སོ། ། ཧུར་ཁཾ་བཾ་རིལ་ས་ནཱ་ག་ཐུ་ཤན་[¿¿¿¿]ཏིང་ཀུ་རུ། ཛྙཱ་ན་སརྦ་ཧོའི། ཐམས་ཅད་ཞི་བར་བྱེད་པ་ཡིན།། རུ་སྦལ་ཁྲ་བོའི་རྟོག་པ་ལས། ཞི་བའི་ལས་ཏེ་སྦྱིན་སྲེག་གི་རིམ་པའི་ལེའུ་སྟེ་བཅུ་པའོ།།།། རྡོ་རྗེ་རྣོན་པོས་ཡང་གསོལ་པ། ། འཕྲིན་ལས་སྦྱོར་ཀ་དེ་ལྟར་ན།། གདུག་པ་ཀླུ་གཉན་ས་བདག་གི། སྡོང་ཟླ་གཟིར་བ་ཇི་ལྟར་ལགས།། ཡང་དག་རྫོགས་པས་བཀའ་སྩལ་པ།། ཀུན་ཏུ་འཁྲུག་པ་ཐེ་བྲང་ཡིན།། སྣ་འདྲེན་འགོང་པོ་རྒྱལ་ཐེའུ་ཀླུ། ། བྱད་མ་མ་མོས་བྱེད་པ་སྟེ།། བཙན་གྱི་ཀྱང་ནི་བློ་བུར་འཁྲུག། ཀླུ་བཙན་རྟག་པར་གནོད་པར་བྱེད།། དམ་སྲི་ཀླུ་སྲིན་ཉེན་སློང་བས།། དྲག་པོ་རྫས་ཀྱི་གཟིར་བར་བྱ།། ཉ་སྦྲུལ་སྦལ་པའི་ཤ་ཡིས་ནི། ། བསྲེགས་ན་ཀླུ་གཉན་ས་བདག་བསྐྲོད།། གུ་གུལ་སྤྲུ་མའི་དུད་པ་ཡིས།། རྒྱལ་པོ་དང་ནི་ཐེའུ་བྲང་གཟིར།། མི་ཤའི་དུད་པས་དམ་སྲི་གཟིར།། ཁུ་ཡུག་རྩ་ཡི་དུད་པས་ནི།། ཀླུ་བསེན་མོ་དག་གཟིར་བར་བྱེད། ། གུ་གུལ་ནག་པོ་བཙན་དུག་བསྲེག། བཙན་དང་སྲོག་བདག་སྐྲག་པ་ཡིན།། ཕག་རྟུག་རྔ་མོའི་རྟུག་པ་བསྲེག། དེ་ཡིས་མ་མོ་གཟིར་བར་བྱེད།། དྲེགས་པའི་སྤྱི་བཤིག་སྒོ་གཞིག་བྱ།། སརྦ་རྩ་སྦུར། སྲོག་གཟིར་བྲེང་ཤར་ཡི་རྦད། ཡང་ན་རྫས་རྒོད་བཅོ་བརྒྱད་བསྲེག། མི་རྟག་བྱ་ཡི་ཚིལ་བུ་དང།། ཉ་སྦྲུལ་སྦལ་པའི་ཤ་དག་དང། ཁྱི་ཕག་སྤྱང་ཀིའི་བྲུན་དང་ནི།། ར་དུག་རེ་ལྕག་ཐལ་ནུར་དང།། བཙན་དུག་རླུང་རུ་རྟ་མིག་དང། ། གུ་གུལ་ནག་པོ་མུ་ཟི་དང།། མཛོ་དང་དྲེའུ་ཁྱི་སྤུ་སྦྱར་ཏེ།། ལིང་ག་འམ་ཙཀྲ་བདུག་པར་བྱ།། ནད་པ་ཡང་ནི་བདུག་པར་བྱ།། དེ་ཡིས་སྡོང་ཟླར་གྱུར་པ་ཀུན།། མྱོས་དང་སྐྲག་དང་བརྒྱལ་ནས་འགྲོས།། ཤ་རུས་ཞིག་དང་ཁ་སྦུབ་འགྱེལ། ། དྲན་པ་ཉམས་ཤིང་སྲོག་དང་འབྲལ།། ཅེས་གསུངས་སོ།། རུ་སྦལ་ཁྲ་བོའི་རྟོག་པ་བཅུ་གཅིག་པའོ།།།། རྡོ་རྗེ་སྙིང་པོས་ཡང་གསོལ་པ།། སྡོང་ཟླ་གཟིར་བ་དེ་ལྟར་ན། ། སྡོང་ཟླ་གཞི་མར་བཅས་པ་ཡི།། རྟགས་དང་དྲོད་ཚད་ཇི་ལྟར་ལགས།། ཡང་དག་རྫོགས་པས་ངེས་བཤད་པ།། ཐོག་མར་སྤྲེའུ་དང་བྱི་ལ་བོང་བུ་དང།། ལྷ་ཁང་མཆོད་ཁང་ཐངས་སྐུ་ལུགས་སྐུ་དང།། བུ་ཆུང་ཁྱེད་ཁུ་བཙུན་པ་སྤྲང་པོ་དང། ། མཛེ་ཅན་རྒྱ་ལྟ་འབག་སེང་དང།། རེ་ཧྲུལ་ཁང་སྟོང་སྒོ་ཆུང་དོག་པར་འཛུལ།། གཉིས་པ་ཉ་དང་སྦལ་ལྕོང་རྟ་བླའོ།། སེ་སིང་འབུ་དང་བྲ་མ་གྲོག་མོ་དང།། སྦྲང་བུ་མཆུ་རིངས་མ་དང་ཆུང་མ་དང། ། སྲིང་མོ་མཛའ་མོ་གཉེན་བཤེས་བུད་མེད་དང།། བུད་མེད་ནག་མོ་སྔོ་དང་དཀར་མོ་དང།། བཙུན་པ་དགེ་བསྙེན་མོ་དང་ཁྱི་ཕག་ཝ་དང།། གསུམ་པའི་རྟགས་ནི་ར་ལུག་མང་པོ་དང།། བ་གླང་སྡིག་པ་རྟ་དང་ར་ཐག་དང། ། གཅན་སྤྱང་ཆུ་དང་ཚེར་མ་སྟོན་པ་དང།། མི་དང་སྲོག་ཆགས་སྟོན་པ་ཡིན།། བཞི་པའི་རྟགས་ནི་གླང་ཆེན་ཞིང་ཆེན་དང།། མཐའ་མེད་ནགས་དང་ཐང་ཆེན་གད་པ་དང།། བྲག་གཡང་ཤ་དང་ཆུ་དང་ལུང་སྟོང་དང། ། མི་ལུས་མགོ་བརྙན་དག་ཏུ་སྟོན་པ་ཡིན།། ལྔ་པའི་རྟགས་ཏེ་ཞང་བློན་མི་ཆེན་དང།། སྦལ་སྦྲུལ་དང་ཆུ་རྟ་ཆུ་ལུགས་དང།། རི་དང་ཆུ་དང་མཚེའུ་དང་ལྟེང་ཀའོ།། དྲུག་པའི་རྟགས་མཚན་རྩད་པོ་བཙན་མོ་དང། ། རི་རབ་རྒྱ་མཚོ་ངན་རི་ཤ་ར་དང།། ལྟ་འདྲོད་སྣ་ཚོགས་མདོག་ལྡན་རྦ་རྒལ་དང།། ཆུ་ཆེན་རྒྱུན་འབབ་ལུ་མ་རྫིང་བུ་སྟོན།། དེ་ནི་གནས་ཀྱི་བདག་པོ་རིམ་པ་བཞིན།། ཐེ་བྲང་འགོང་པོ་ས་གསེན་ས་བདག་གཉན། ། རིགས་ཀྱི་ཀླུ་དང་རིགས་བཞིའི་གནས་སུ་གཏོད།། ཐུབ་ན་དང་པོ་ནང་ནས་ཕྱི་རུ་སྟོད།། གདོན་ཀྱང་ཆུ་ལ་ཆོ་འཕྲུལ་ཆེ་འཕྲ་སྟོན།། མི་ཐུབ་རིམ་པས་ཕྱི་ནས་ནང་དུ་སྟོད།། གདོན་ཀྱང་ཆེ་ལ་ཆོ་འཕྲུལ་ཇེ་ཆེ་སྟོན། ། གནས་ནས་རིམ་པས་གནས་པ་ཇི་བཞིན་དུ།། གནོད་པའི་དུས་སུ་ཕྱི་ནས་ནང་དུ་སྟོད།། གདོན་མགོ་ཆོག་ན་ནང་ནས་ཕྱི་རུ་སྟོད།། དེས་ཐུབ་ཕྱི་རོལ་རྟགས་རྣམས་སྟོན།། དེ་ནས་ཐ་མ་དམ་སྲི་འགོང་པོ་ཡི། ། རྟགས་རྣམས་བྱུང་ནས་མཚམས་གདོན་གཏང་རག་གཏང།། དེ་མ་ཤེས་ན་སླར་ལ་ནང་དུ་སྟོད།། དཔེར་ན་བཙོན་ཐར་མི་འགྲོས་འཛིང་ཀ་སྲོག་དང་མཚུངས།། རྟགས་ལོག་གདོན་ལྷང་བློ་བུར་ནད་ཀྱང་འོང། ། ཐེ་བྲང་འགོང་པོའི་རྟགས་དེ་མ་བྱུང་ན།། ཀླུ་གཉན་གཉིས་ཀའི་མགོ་ནས་མ་ཐར་བས།། བརྩོན་འགྲུས་དྲག་པོས་དཔའ་བརྟུལ་བསྐྱེད་ཅིང་བྱ།། རུ་སྦལ་ཁྲ་བོའི་རྟོག་པ་བཅུ་གཉིས་པ།། རྡོ་རྗེ་རྣོན་པོ་རལ་གྲི་ཆེ། ། རྡོ་རྗེ་མི་ཐུབ་འཇིགས་པ་ཡིས།། ཨེ་མ་སངས་རྒྱས་ཐུགས་རྗེའི་སྐུ།། མི་རྟོག་ཆོས་དབྱིངས་འདས་པ་ཡི།། གདུག་པ་འདུལ་བྱེད་ཁྱོད་ཕྱག་འཚལ།། སྔགས་ཀྱི་ངོ་བོ་ཁྱོད་ཕྱག་འཚལ།། བླ་མེད་སྐྱོབ་མཛད་ཁྱོད་ལ་འདུད། ། མུན་སེལ་སྒྲོན་མེ་ཁྱོད་ཕྱག་འཚལ།། ནད་སེལ་སྨན་པའི་མཆོག་ལ་འདུད།། ལེའུ་སྟེ་བཅུ་གཉིས་པའོ།།།། འཕགས་པ་འཇམ་དཔལ་གཤིན་རྗེ་གཤེད་ཀྱི་རྒྱུད།། རུས་སྦལ་ཁྲ་བོའི་རྟོག་པ་ཞེས་བྱ་བ་རྟོག་པ་བཅུ་གསུམ་པ། གདུག་པ་གསུམ་འདུལ་ཀྱི་རྒྱུད་རྫོགས་སོ།། ས་མ་ཡ་ན་ར་སྐན།།།།
CLOSE WINDOW