Wylie |
།།། རྒྱ་གར་སྐད་དུ། མཱ་ར་ན་ཀྲོ་དྷ་ཀ་པཱ་ལ་གུ་ཧྱ་ཏནྟྲ་ནཱ་མ། བོད་སྐད་དུ། བདུད་ཁྲོས་པ་ཐོད་པའི་འཕྲེང་བ་ཅན་གསང་བའི་རྒྱུད་ཅེས་བྱ་བ།། དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། ། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་དཔལ་ཆེན་པོ་ཉིད་འོག་མིན་གྱི་གནས་རྡོ་རྗེ་བཙུན་མོའི་བྷ་ག་ལ་དགེས་པ་ཆེན་པོའི་ཚུལ་དུ་བཞུགས་སོ།། དེའི་ཚེ་དེའི་དུས་ནས་ཞེ་སྡང་གདུག་པའི་པའི་འབྲས་བུ་མངོན་དུ་གྱུར་པ་ནི། བར་དུ་གཅོད་པས་ན་བདུད། རབ་ཏུ་གཏུམ་པའི་ཆ་བྱད་ཅན་གྱི་བདུད་དེ་ནི། སེམས་ཅན་རྣམས་ཀྱི་ཤ་དང་ཁྲག་རློན་པ་ཟ་ཞིང་འཐུང་ལ། འཁོར་ཕོ་ཉ་དང་ཕྱག་བརྙན་གྱི་བདུད་བཅུ་ནི། རབ་ཏུ་མི་སྲུན་ཅིང་སྐྱེ་འགྲོ་རྣམས་ཀྱི་དབུགས་རྔུབ་སྟེ་ཤ་རུས་ཟ་ལ། དོན་སྙིང་རྣམས་ནི་གཙོ་བོ་སྟོབས་པའི་ཚུལ་གྱིས་རབ་ཏུ་རྒྱུག་གོ། དེའི་ཚེ་དཔལ་ཆེན་པོ་ཉིད་སེམས་ཅད་རྣམས་ལ་ཐུགས་བརྩེ་བས་ཐུགས་རྗེ་ཆེན་པོའི་ཆོ་འཕྲུལ་གྱིས། བདུད་དེ་ཉིད་ཀྱི་སེམས་ཀྱི་རྣམ་པར་ལ་དཔལ་ཆེན་པོ་ཉིད་དུ་རང་སྣང་སྟེ། གདུལ་བྱ་དུས་ལ་བབ་པས་ན་དེའོ།། དེའི་ཚེ་བདུད་དེ་ལ། དཔལ་ཆེན་པོས་བཀའ་སྩལ་པ། སེམས་ཅན་ལ་གནོད་པ་མ་བྱེད། སྲོག་གཅད་པས་ནི་མཐར་དམྱལ་བར་འགྲོ་བར་འགྱུར་རོ།། ཞེས་གསུངས་སོ།། བདུད་ཀྱིས་གསོལ་པ། སེམས་ཅན་ལ་གནོད་པ་མི་བྱེད་ན། ཕ་དང་མ་ལ་གནོད་པ་བྱེད་དགོས་ལ། སྲོག་མི་གཅད་དུ་ཟས་ཤ་ཁྲག་འཐུང་བ་ལགས་སོ།། དམྱལ་བ་བགྱི་བ་ནི་གང་ལགས། བདག་ཆ་མ་མཆིས་སོ།། ཞེས་གསོལ་ཏོ།། བདུད་ཁྲོས་པའི་རྒྱུད་ལས། གླེང་གཞི་དྲིས་ལན་དང་བཅས་པའི་ལེའུ་སྟེ་དང་པོའོ། །།། ཡང་དཔལ་ཆེན་པོས་བཀའ་སྩལ་པ།། སེམས་ཅན་ལ་གནོད་པ་བྱས་པས་ནི་མི་བདེ་བ་འབྱུང་བ་ཡིན་ལ། སྲོག་གཅད་པས་ནི་ཚེ་ཐུང་ངོ།། དམྱལ་པ་བྱ་བ་ནི་ན་པ་དང། ཚ་བ་དང། གྲང་བ་དང། འཇིགས་ཤིང་སྐྱི་གཡའ་བའི་སྡུག་བསྔལ་མང་པོ་ཉམས་སུ་མྱོང་བར་འགྱུར་རོ།། ཞེས་བཀའ་སྩལ་པ་དང། བདུད་འཇིགས་སྐྲག་སྟེ། ཀྱེ་དཔལ་ཆེན་པོ་ལགས། ནོངས་པ་མི་བཟད་པ་དེ་ལྟ་ན་གནོད་པ་གང་ལ་བགྱིད། སྲོག་མི་གཅོད་ཅིང་ཤ་ཁྲག་གི་འཚལ་མ་སྤངས་ན། འཚལ་བའི་ཟས་གང་ལ་བགྱི་ཞེས་གསོལ་ཏོ།། དཔལ་ཆེན་པོས་བཀའ་སྩལ་པ། གནོད་པ་བྱེད་པར་འདོད་ན་ཡང། ནག་པོའི་ཕྱོགས་རྣམས་ལ་བྱོས་ཤིག་སྲོག་གཅོད་ན་ཡང་མཚམས་མེད་པ་ལྔ་བྱེད་པ་དང། དཀོན་མཆོག་གསུམ་གྱི་སྐུ་དགྲ་རྣམས་ཀྱི་གཅོད་པར་བྱ་བ་ཡིན་པས་ན་ཆོད་ཅིག། ཟས་སུ་མཾ་ས་བཏབ་པའི་གཏོར་མ་དང། ཉམས་པ་སྡིག་ཅན་དེ་དག་གི་ཤ་ཁྲག་ལ་ཟོ་ཞིག། ཅེས་བཀའ་སྩལ་པས། བདུད་དེ་རབ་ཏུ་དགའ་ཆེ་སྟེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། ཀྱེ་མ་སྔོན་ཆད་མ་རིག་མ་རྟོགས་ནས།། ཤ་ཟོས་ཁྲག་འཐུང་ལས་ངན་བགྱིས། ། བག་ཆགས་སྒྲིབ་པ་བྱང་གྱུར་ཅིག། སླད་ནས་མི་བགྱིད་དམ་ཆ་ཡིས།། དཔའ་བོ་ཆེན་པོས་དབང་རྟགས་གསོལ།། ཞེས་གསོལ་ཏེ། དཔལ་ཆེན་པོའི་ཞབས་ལ་གཏུགས་ན་དེ་ཉིད་དུ་འདུག་གོ། དེའི་ཚེ་དཔལ་ཆེན་པོ་ཉིད་ཀྱིས། བཛྲ་ཀ་ཏ་རི་ཨ་བྷི་ཥིཉྩ་མཾ། ཞེས་བརྗོད་ནས། དགྲ་བགེགས་ཀྱི་ལུས་བཏུལ་བའི་ཕྱིར་ལག་པ་གཡས་པར་ཤེལ་དཀར་གྱི་གྲི་བྱིན་ནོ།། ཀ་པཱ་ལི་མཱ་ལ་ཨ་བྷི་ཥིཉྩ་མི། ཞེས་བརྗོད་ནས། དཔལ་ཆེན་པོའི་འཁོར་གྱི་བསྒྲུབ་མཆོག་རྣམས་ལ་གཏོང་དང་གྲོགས་མི་ཟད་པར་བྱ་བའི་ཕྱིར་ཐོད་པའི་འཕྲེང་བ་དབང་རྟགས་སུ་བྱིན་ནོ།། བདུད་ཁྲོས་པའི་རྒྱུད་ལས། བདུད་བསྟན་པ་ལ་བཞག་ནས་དབང་བསྐུར་ད་ཨེ་དམ་ཕོག་པའི་ལེའུ་སྟེ་གཉིས་པའོ། །།། ཡང་དཔལ་ཆེན་པོས་བཀའ་སྩལ་པ། ཕྱི་རབས་ཀྱི་རྣལ་འབྱོར་པས་བསྟན་པ་བསྲུང་བའི་ཕྱིར་བདུད་ཉིད་བསྒྲུབ་པའི་ཐབས་བཤད་ཀྱིས། ལེགས་པར་ཉོན་ཅིག། ཨེ་མ་ཧོ། མ་འོངས་དུས་སུ་རྣལ་འབྱོར་པས།། དབེན་པའི་གནས་འདུག་ནས་སུ།། མདའ་གང་ལྡན་པའི་མཎྜལ་ལ།། དུར་ཁྲོད་ཐལ་བས་སྤར་ཁབ་གཏང།། གདུག་པའི་རྗེས་ན་ལྟ་ཕྱིར་རོ།། དེ་ཡི་དབུས་སུ་གྲུ་གསུམ་སྟེ། རྩེ་མོ་ལྷོ་འམ་དགྲ་ཕྱོགས་བསྟན།། ནང་དུ་རོ་སོལ་དུག་གིས་བྱུག། མཉེས་པའི་རྫས་སུ་འདི་དག་བསག། ལུག་ནག་གསོབ་ནི་ལེགས་རྒྱངས་ལ།། རྭ་ལ་དར་སྣས་བརྒྱན་པ་དང།། སྐྱེ་རུ་མིང་རུས་བྲིས་ལ་གདགས། ། བཤོས་བུ་ནག་པོ་ཁྲུ་གང་ལ།། མདའ་ནག་དར་ནག་བཏགས་པ་གཟུགས།། མདའ་ལ་ལིང་ཀ་མིང་བྱང་གདགས།། གཏོར་མ་བདུད་རྩི་རག་ཏ་སྟེ།། རང་ཉིད་བདུད་ཆས་ལྡན་པར་བྱའོ།། བསྒྲུབ་པའི་རྫས་ནི་འདི་དག་གོ། དམ་རྫས་ནི་འདི་དག་གོ། དམ་རྫས་བསྙེན་པའི་ཚུལ་དང་འདྲ།། བསྙེན་པའི་དུས་ཀྱི་བཤོས་བུ་བཏང།། བཤོས་ནག་བསམ་པ་བྱས་ལ་བཞག། ཁྱད་པར་དུ་ནི་འདི་རྣམས་བསག། གཟས་པའི་རྫས་བསྡུས་ལིང་ག་བྱ། ། མགོ་དང་སྙིང་ཀ་ལྟེ་བ་རུ།། རུས་དང་མིང་དང་བླ་གདགས་གསུམ།། གླིང་མའི་བྱང་བུ་མཚོན་གང་ལ།། རྨེ་བའི་ཁྲག་གིས་བྲིས་ལ་གཞུག། སྐྱེ་ནས་མཁར་ནག་དག་གིས་གདགས།། ལྕགས་ཕུར་བདུད་དུ་སྐྱེས་པ་ཅིག། འབྲུབ་ཁུང་ལྷོ་ཡི་ཟུར་ལ་གཟུགས།། ལིང་ག་འབྲུབ་ཁུང་ནང་བསྡུ་སྟེ།། འཁར་ནག་ཕུར་པ་དེ་ལ་གདགས།། ཉུངས་ཀར་ལ་སོགས་ཐུན་རྫས་ལ།། ཐུན་དུ་བསྔགས་ཏེ་བརྡེག་པར་བྱ། ། མཁའ་ལྡིང་ཉི་མས་འཇིགས་པའི་གསོབ།། བྲང་འགྲོའི་གསོབ་དང་ལྦས་གསོབ་གསུམ།། ནང་དུ་ལིང་ག་གཞུག་པ་སྟེ།། རི་རྩེ་རི་ཟུར་ཆུ་ལ་བསྐུར།། ལས་མཐའ་གནན་པའི་རྫས་སུ་བསྔགས། ། ལི་རི་སུ་ཏྲའི་ཁྲག་ལ་ནི།། ཧ་ལའི་དུག་རྣམས་སྦྱར་ལ་མངག། ཉེ་རིང་ཁང་ཁྱིམ་ཕྱོགས་སུ་འཕང།། བདུད་ཁྲོས་པའི་རྒྱུད་ལས།། བསྙེན་བསྒྲུབ་ཀྱི་རྫས་དང། བཅའ་གཞི་གནན་པ་དང། ཟོར་བསྟན་པའི་ལེའུ་སྟེ་གསུམ་པའོ། །།། ཡང་དཔལ་ཆེན་པོས་བཀའ་སྩལ་པ། དེ་ལྟར་རྫས་རྣམས་ཚོགས་གྱུར་ནས།། ཕྱི་རབས་རྣལ་འབྱོར་པ་དེ་ནི།། བདག་ཉིད་བདུད་དུ་བསྒོམ་པ་དེས།། སྐུ་མདོག་ནག་པོ་ཆེན་པོ་ལ། ། ཞལ་གཅིག་ཕྱག་ཀྱང་གཉིས་པ་སྟེ།། གཡས་པ་ཤེལ་གྱི་གྲི་ཁུག་འཛིན།། གཡོན་པ་སྤར་པ་གདེངས་པ་སྟེ།། དགྲ་བོའི་སྲོག་སྙིང་གཅོད་པར་བསམ།། འཁོར་ཡང་དེ་འདྲ་གྲངས་མེད་པས།། དམ་ཉམས་ཡུད་ཙམ་གྱིས་བཀུག་ནས། ། བདག་ཉིད་མདུན་དུ་སྒྲོལ་བ་སྟེ།། དོན་སྙིང་བདག་ལ་སྟོབས་པར་བསམ།། དེ་ལ་སྔགས་ནི་འདི་ཡིན་ཏེ།། མ་ར་ན་ཐུམ་ཤིག་སོད།། མ་ར་ན་ཨ་མུ་ཀ་བཾ་སོད།། མ་ར་ན་སྙིང་ཏུལ་པྲི་ཤ་སྟཾ་བྷ་ཡ་སོད་སོད། དེ་སྐད་ཅེས་ནི་བཟླས་པ་ཡི།། རྟགས་ཀྱི་རྣམ་པ་འདི་རྣམས་སོ།། མི་ནག་རྟ་ནག་བཞོན་པ་འམ།། རྟ་ནག་ཁྱི་ནག་མི་ནག་དང།། བདུད་པོ་དངོས་སུ་འོང་ཡང་སྲིད། ཁང་པ་འཚེག་པ་འམ་སྒོ་ནི་འཚིག་དང་འཁྲོག། བྱ་རོག་ཚོགས་ཆེན་འདུ་བའོ།། བདུད་ཁྲོས་པའི་རྒྱུད་ལས། ཏིང་ངེ་འཛིན་དང། སྔགས་དང། རྟགས་བསྟན་པའི་ལེའུ་སྟེ་བཞི་པའོ།།།། ཡང་དཔལ་ཆེན་པོས་བཀའ་སྩལ་པ། དེ་ལྟར་རྟགས་རྣམས་མཐོང་གྱུར་ནས། ། ལིང་ག་གསོལ་ཏུ་བཅུག་ནས་ནི།། འབྲུ་ཁུང་གཏིང་དུ་གཞུག་པར་བྱ།། དེ་ལ་ཐུན་རྣམས་བྲབ་ཅིང་གསོབ།། ར་ལུག་འབྲི་གཡག་རི་དགས་སམ།། བྱ་བྱིའུ་ལ་སོགས་བསད་པའམ།། དངོས་སུ་བསད་ཅིང་རྨི་བའམ། ། བདག་ལ་དོན་སྙིང་སྟོབས་པའོ།། དེ་ལྟར་བྱུང་ན་ལས་གཞུག་བསྡུ། ཅི་འདོད་འགྲུབ་པར་གདོན་མི་ཟ།། བདུད་ཁྲོས་པའི་རྒྱུད་ལས། སྒྲུབ་པ་རྟགས་དང་དྲོད་གཟུང་བའི་ལེའུ་སྟེ་ལྔ་པའོ། །།། ཡང་དཔལ་ཆེན་པོས་བཀའ་སྩལ་པ། སྤྱན་དྲངས་ནས་ནི་མཆོད་པ་དབུལ།། ལས་ལ་མངག་ཅིང་འཕྲིན་ལས་བཅོལ། ཧཱུ~ཾ། གྲུ་གསུམ་མཐིང་ནག་འབར་བའི་དཀྱིལ་འཁོར་ནས།། བདུད་ཀྱི་རྒྱལ་པོ་གཤེགས་སུ་གསོལ། ། ཡག་ཤ་འབར་བ་གཤེགས་སུ་གསོལ།། བདུད་ཀྱི་བདུད་ཅིག་ཁྱོད་ལས་ལྷག་པ་མེད།། འགྲོ་བ་མི་ཡི་བདུད་དུ་ཁྱོད་བསྐོར་ཏེ།། དགྲ་བོའི་བདུད་དུ་ཁྱོད་ལས་ལྷག་པ་མེད།། མི་ཟད་ཡུན་གྱི་མཐའ་ཡང་མི་གཏོང་ལ། ། རྒྱབ་རྟེན་དཔུང་གཉེན་དུ་ཡང་ཁྱོད་ལས་མི་ཚོལ་དུ།། མཐུན་པའི་དམ་རྫས་མཆོད་པ་དམ་པ་དང།། དགྲ་བོའི་ཤ་ཁྲག་མཆོད་པར་བཞེས་སུ་གསོལ།། མཆོད་པ་བཞེས་ནས་འཕྲིན་ལས་གྲུབ་པར་མཛོད། ས་མ་ཡ་ཨི་མཾ་བྷ་ལིང་ཏ་དགྲ་བགེགས་ལ་ཁ་རཾ་ཁཱ་ཧི། རགྟ་ཁཱ་ཧི། པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། དེ་ནས་འཕྲིན་ལས་བཅོལ་བ་ནི། ཧཱུ~ཾ། དམ་ཚིག་ཆེན་པོའི་དུས་ལ་བབ།། སྲོག་གི་གཤེད་དུ་བསྐུལ་བ་ནི། ། བདུད་རྒྱལ་ཐོད་པའི་འཕྲེང་བ་ཅན།། སྐུ་ནི་མཐིང་ནག་ཆེན་པོ་ལ།། ཆིབས་སུ་བདུད་རྟ་ནག་པོ་ཆིབས།། ལྕགས་མདུང་ནག་པོ་གཡས་ན་ཐོགས།། གཡོན་ན་ཐོད་པའི་འཕྲེང་བ་བགྲང།། ཐོད་པ་སྐམ་པོའི་དབུ་རྒྱན་ཅན། ། མི་ལྤགས་རློན་པ་སྐུ་ལ་གསོལ།། རྒྱུ་མ་སྦྲུལ་གྱིས་ལུས་བརྒྱན་ཅིང། ཁྲག་དང་ཞག་གི་ཐིག་ལེ་ཅན།། མཆེ་བ་གཙིགས་ཤིང་གསུས་པོ་ཆེ།། ཙིཏྟའི་ཁྲག་ལ་ལོངས་སྤྱོད་པས། ཁྱོད་ནི་སྲོག་བདག་ཆེན་པོ་སྟེ། ། སྲིང་ཅིག་རྡོ་རྗེ་རེ་མ་ཏི།། མིང་སྲིང་གཉིས་ཀྱི་དམ་བཅས་པ།། དམ་བཅས་བཞིན་དུ་ཕྲིན་ལས་མཛོད།། སྔོན་ཚེ་དཔལ་ཆེན་ཧེ་རུ་ཀས།། དབང་རྟགས་ཐོད་པ་བྱིན་ནས་ནི།། བཀའ་སྩལ་དམ་ཕོག་མཛད་པའི་ཚེ། ། དེ་ཚེ་ཁས་བླངས་དམ་བཅས་པ།། བསྒྲུབ་མཆོག་བསྐྱང་བར་དམ་བཅས་ཤིང།། དགྲ་བོ་བསྒྲལ་བར་ཁས་བླངས་པས།། དམ་ཉམས་བསྒྲལ་པའི་དུས་ལ་བབ། ཁྱོད་ནི་སྲོག་བདག་ཆེན་པོ་སྟེ།། དགྲ་བོའི་སྲོག་ལ་མངའ་ཐང་མཛོད། ། སྲོག་དབུག་ལོང་ཞིག་ས་མ་ཡ།། སྲོག་རྩ་ཆོད་ཅིག་ས་མ་ཡ། ཁྱོད་ཀྱི་ཟས་སྐལ་ཁམས་གསུམ་ཤ་ཡིན་ཏེ།། དམ་ཉམས་ཤ་ནི་ཟན་དུ་གསོལ།། དགྲ་བོའི་ཤ་ལ་ཁ་རཾ་ཁཱ་ཧི།། ཟོ་ཞིག་འཆོ་ཞིག་ཐོད་འཕྲེང་ཅན། ཁྱོད་ཀྱི་སྐོམ་ནི་སྐྱེ་འགྲོའི་ཁྲག་ཡིན་ཏེ།། དགྲ་བོའི་ཁྲག་ནི་སྐོམ་དུ་གསོལ།། དགྲ་བོའི་ཁྲག་ལ་པི་པ་ཏོ།། འཐུང་ཞིག་འཐུང་ཞིག་ཐོད་འཕྲེང་ཅན། ཁྱོད་ནི་དམག་དཔོན་ཆེན་པོ་སྟེ།། ས་གཞི་ཐམས་ཅད་དམག་གིས་ཁེངས། ། དགྲ་བོའི་ཡུལ་དུ་དམག་འདྲེན་གྱིས། དམག་སྣ་དྲོངས་ཤིག་ཐོད་འཕྲེང་ཅན།། དམག་གཞུག་རྟུལ་ཅིག་ཐོད་འཕྲེང་ཅན།། གོ་མཚོན་སྟོར་ཅིག་ཐོད་འཕྲེང་ཅན།། དམག་དཔུང་བསྐྱེད་ལ་རུ་མཚོན་ཕྱོར། ། དགྲ་བོའི་ཡུལ་དུ་དམག་དྲོངས་ལ།། དམ་ཉམས་དགྲ་པོའི་བླ་མཁར་ཤིག། བླ་ཤིང་ཆོད་ལ་བླ་རྡོ་རྐུས།། བླ་ཆུ་ཧུབ་ཀྱི་ཐོབ་ལ་ཤོག། ཁྱོད་ཀྱི་དམ་ཚིག་དུས་ལ་བབ།། དུས་ལ་བབ་བོ་ས་མ་ཡ། ། མ་གཡེལ་བཅོལ་བའི་འཕྲིན་ལས་མཛོད།། དེ་སྐད་ཅེས་ནི་བསྐུལ་བྱ་བ།། དེ་ནས་ཕོ་ཉ་རབ་བཀྱེ་བ།། ཤེས་པ་ལིང་ག་དག་ལ་བསྟིམ།། ཧཱུ~ཾ། དེ་ཡི་ཐུགས་ཀྱི་སྤྲུལ་པ་ལས།། བཀའ་ཉན་ཕོ་ཉའི་ཚོགས་ཆེན་ནི། ། སྟེང་གི་ཕྱོགས་ནས་དགྲ་བོ་འགུགས་བྱེད་པ།། བདུད་ཀྱི་རྒྱལ་པོ་ཁྲོ་བདག་འབར་བ་རྗེ།། ཕྱག་ན་བདུད་ཀྱི་སྤར་ཤད་འབར་བ་བསྣམས།། སྟེང་གི་ཕྱོགས་ནས་དགྲ་བོ་ཁུག་ལ་ཤོག། མཱ་ར་ཡ་ཛཿཛཿ་ཆེ་གེ་མོ་མཱ་ར་ན་སྒ་བུ་ནན་ཛཿཛཿ། ཧཱུཾ། ཤར་གྱི་ཕྱོགས་ནས་དགྲ་བོ་འགུགས་བྱེད་པ།། བདུད་ཀྱི་རྒྱལ་པོ་མ་ཧཱ་ཁྲོ་བདག་རྗེ།། ཕྱག་ན་བདུད་ཞགས་ནག་པོ་བསྣམས།། ཤར་གྱི་ཕྱོགས་ནས་དགྲ་བོ་ཁུག་ལ་ཤོག། ཧཱུ~ཾ། ཤར་ལྷོ་མཚམས་ནས་དགྲ་བོ་འགུགས་བྱེད་པ། ། བདུད་ཀྱི་རྒྱལ་པོ་ཏི་ཏི་ཏི་མྱག་རྗེ།། ཕྱག་ན་བདུད་ཀྱི་གསོད་བྱེད་སྤུ་གྲི་རྣོན་པོ་བསྣམས། ཤར་ལྷོ་མཚམས་ནས་དགྲ་བོ་ཁུག་ལ་ཤོག། ཧཱུ~ཾ། ལྷོ་ཡི་ཕྱོགས་ནས་དགྲ་བོ་འགུགས་བྱེད་པ། ། བདུད་ཀྱི་རྒྱལ་པོ་ཁྲོ་བདག་ཐོད་པ་རྗེ།། ཕྱག་ན་བདུད་ཁྲམ་སྟག་གི་མགོ་ཅན་བསྣམས།། ལྷོ་ཡི་ཕྱོགས་ནས་དགྲ་བོ་ཁུག་ལ་ཤོག། ཧཱུ~ཾ། ལྷོ་ནུབ་མཚམས་ནས་དགྲ་བོ་འགུགས་བྱེད་པ། ། བདུད་ཀྱི་རྒྱལ་པོ་དམུ་བདུད་བྲང་དཀར་རྗེ།། ཕྱག་ན་ཤོད་ཀྱི་སྒྲོ་བ་མི་འགྲོ་ཅན། ཁལ་དུ་བོང་བུ་གྭ་པ་ལྕགས་མཐུར་ཅན་ལ་བསྐྱིལ།། ལྷོ་ནུབ་མཚམས་ནས་དགྲ་བོ་ཁུག་ལ་ཤོག། ཧཱུ~ཾ། ནུབ་ཀྱི་ཕྱོགས་ནས་དགྲ་བོ་འགུགས་བྱེད་པ། ། བདུད་ཀྱི་རྒྱལ་པོ་ཚངས་པ་བདུད་ཁྲོ་རྗེ།། ཕྱག་ན་བདུད་ཀྱི་དྲིལ་ཞགས་འབར་བ་བརྣམས།། ནུབ་བྱང་ཕྱོགས་ནས་དགྲ་བོ་ཁུག་ལ་ཤོག། ཧཱུཾ། ནུབ་བྱང་མཚམས་ནས་དགྲ་བོ་འགུགས་བྱེད་པ། ། བདུད་ཀྱི་རྒྱལ་པོ་ཏིང་རི་མགོ་སྟོན་རྗེ།། ཕྱག་ན་བདུད་ཤ་ནག་པོའི་ཐོད་པ་བསྣམས།། ནུབ་བྱང་མཚམས་ནས་དགྲ་བོ་ཁུག་ལ་ཤོག་ཧཱུ~ཾ། བྱང་གི་ཕྱོགས་ནས་དགྲ་བོ་འགུགས་བྱེད་པ།། བདུད་ཀྱི་རྒྱལ་པོ་ཁྲོ་རྗེ་རུ་རྒྱལ་རྗེ། ། ཕྱག་ན་བདུད་རྟ་ནག་པོ་མགོ་གཅོད་བསྣམས།། བྱང་གི་ཕྱོགས་ནས་དགྲ་བོ་ཁུག་ལ་ཤོག། ཧཱུ~ཾ། བྱང་ཤར་མཚམས་ནས་དགྲ་བོ་འགུགས་བྱེད་པ།། བདུད་ཀྱི་རྒྱལ་པོ་སྤྱི་བདུད་ཡམ་པ་ཁྲོ་རྗེ་ནག་པོ་རྗེ། ། ཕྱག་ན་བདུད་ཀྱི་ཏྲྀ་ཤུལ་རྩེ་གསུམ་བསྣམས།། བྱང་ཤར་མཚམས་བས་དགྲ་བོ་ཁུག་ལ་ཤོག། ཧཱུ~ཾ། འོག་གི་ཕྱོགས་ནས་དགྲ་བོ་འགུགས་བྱེད་པ།། བདུད་ཀྱི་རྒྱལ་པོ་ས་མདོག་ནག་པོ་རྗེ། ཕྱག་ན་ཆུ་སྲིན་ཕུར་པ་གཏི་མུག་ཕག་མགོ་ཅན། ། སྐྱེས་འགྲོ་ཐམས་ཅད་གསོད་པར་བྱེད།། འོག་གི་ཕྱོགས་ནས་དགྲ་བོ་ཁུག་ལ་ཤོག། མ་ར་ན་ཛ་ཛ། ཆེ་གེ་མོ་ནི་ར་མ་ར་ཡ་རྦད་པུ་ནན་ཛ་ཛ། ཞེས་ནི་རྦད་དེ་བླ་ཚེ་དགུག། བདུད་ཁྲོས་པའི་རྒྱུད་ལས། བསྟོད་བསྐུལ་ཕོ་ཉ་བདག་པའི་ལེའུ་སྟེ་དྲུག་པའོ།།།། ཡང་དཔལ་ཆེན་པོས་བཀའ་སྩལ་པ། ལྷ་རྟགས་བྱུང་ནས་དགྲ་རྟགས་རྣམས།། བུལ་ལས་དེ་བག་བུལ་ན།། མི་ལུས་མོ་ཤིང་བྱང་བུ་ལ།། དྲིལ་བུ་སྟེ་ཆེ་དགུའི་ལྕགས་ལ་གཟུགས། ། དེ་ལ་ཐུན་གྱིས་བྲབས་ཏེ་གསང།། མགོ་བའི་ལྷ་དང་འདི་ཡིས་དབྱེ།། འབོབ་དང་ཁྱི་ལུད་རྭ་རུ་དང།། ཞབས་མ་གུ་གུལ་ཟ་འོག་བསྲེགས།། མཚན་མའི་མིང་རུས་དེ་ལ་བདུག། དགྲ་ལྷ་ཕོ་ལྷ་ཡུལ་ལྷ་དང།། མོ་ལྷ་སྲོག་ལྷ་རྒྱལ་པོ་སྟེ།། རྒྱལ་རྟེན་ཕྲལ་ལ་གསད་པར་བྱའོ།། བདུད་ཁྲོས་པའི་རྒྱུད་ལས། སྤོགས་པའི་ཆོ་ག་ལྷ་དང་དབྲལ་བའི་ལེའུ་སྟེ་བདུན་པའོ།།།། དེ་སྐད་ཅེས་བཀའ་སྩལ་ནས། དཔའ་བོ་ཆེན་པོ་གཙོ་བོ་དང་འཁོར་ལྟར་སྣང་བའི་དེ་ཉིད་ཡང་དག་པར་མི་སྣང་བར་བྱས་ཏེ། རྩ་བའི་ལོངས་སྤྱོད་རྫོགས་པའི་སྐུ་ལ་ཐིམ་སྟེ། ཆོས་ཀྱི་སྐུ་དང་ཐ་མི་དད་པར་གྱུར་ཏོ།། བདུད་དེ་ཉིད་ཀྱང་བསྟན་པ་བསྲུང་བའི་དོན་དུ་ཉེ་བར་འཁོད་དེ། ལེགས་ཉེས་ཀྱི་གཟུ་བོ་མཛད་དོ།། འཁོར་རྣམས་ཀྱང་གཙོ་བོ་ལ་འདུད་པའི་ཚུལ་གྱིས་གནས་པར་གྱུར་ཏོ།། བདུད་ཁྲོས་པ་ཐོད་པའི་འཕྲེང་བ་ཅན་གསང་བའི་རྒྱུད་ཅེས་བྱ་བ་རྫོགས་སོ། །།། རྒྱ་གར་སྐད་དུ། ཙིཏྟ་ཐུན་ཀཱ་ལ་ནཱ་མ་ཏནྟྲ། བོད་སྐད་དུ། སྙིང་ཟོར་ནག་པོའི་རྒྱུད་ཅེས་བྱ་བ། དཔལ་ལྡན་རྡོ་རྗེ་འཛིན་པ་ལ།། སྒོ་གསུམ་ཀུན་ནས་ཕྱག་འཚལ་ལོ།
CLOSE WINDOW