Wylie |
ཐི་རྒྱ། ནི་རྒྱ། སུ་རྒྱཿ།།།། རྒྱ་གར་སྐད་དུ། བཛྲ་ཀྲི་ཡི་ཨུ་ཀྲ་ན་བི་ཐ་བ་ར་པ་ནི་ད་ར་ཙཀྲ་དྷ་ར་ཨི་ཀ་ཀ་ལ་ཏན་ཏྲ། བོད་སྐད་དུ། རྡོ་རྗེ་གཙུག་ལག་དྲག་པོ་ངན་སྔགས་དུག་ཆུ་ནག་པོ་འཁོར་ལོ་འཛིན་པ་གཟེར་གྱི་རྒྱུད། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ།། དེ་ནས་གསང་བའི་བདག་པོ་ཡིས།། བརྡ་ཡིས་གཙོ་ལ་གསོལ་བ་བཏབ། ། གཙོ་བོས་བརྡ་དོན་བཀའ་སྩལ་པ།། བརྡབ་སྐུལ་རྡོ་རྗེ་སྟོབས་པོ་ཆེ།། བཞི་གསུམ་རྣམ་པ་བཅུ་གཉིས་ཀྱིས།། འཁོར་ལོ་དུག་ཆུ་གཟེར་བརྟན་པ།། གྱེན་འགྲོ་སྔགས་རྣམས་བཟློག་པ་སྟེ།། ཐུར་འགྲོའི་སྔགས་རྣམས་རྣལ་མ་ཡིན། ། རང་ཐད་རྣམ་ཤེས་འབྲུ་གཅིག་སྟེ།། སྣེལ་བཞི་འགྲོ་བ་དཀྲུག་པའི་ལས།། གནས་པ་རྩ་ཡི་འཁོར་ལོ་ནི།། སྤྱི་བོ་དཔྲལ་བ་མགྲིན་པ་སྙིང།། ལྟེ་བ་གསང་གནས་དྲུག་ཏུ་བརྟེན།། ཆོས་ཀྱི་དབྱིངས་ཀྱི་འཁོར་ལོ་ནི། ། དང་པོ་གཅིག་ལ་བཞི་ཡི་ཚུལ།། ཡེ་ཤེས་རོལ་པའི་འཁོར་ལོ་ནི།། དཀྱིལ་འཁོར་རྣམ་དྲུག་ཡན་ལག་བཅས།། སྤུ་གྲི་འཁོར་ལོ་བྱིན་བརླབས་བཞི།། སྡེ་བརྒྱད་སྣང་བ་དྲུག་ཡིན་ཏེ། ། དགྲ་ཡི་རྒྱུད་དུ་ལྔ་སྣང་ལ།། དེ་ལ་ཡན་ལག་བཞི་བཞི་བརྩི།། ཆེ་མཆོག་རྒྱུད་དུ་ཡན་ལག་ལྔ།། དེ་ལ་ཡན་ལག་བཞི་བཞི་བརྩི།། རིགས་ལྔ་ཡན་ལག་བཞི་ལྡན་ཡིན།། དབང་ཆེན་རྒྱུད་དུ་ལྔ་སྣང་ལ།། རིགས་ལྔ་ཡན་ལག་བཞི་སྣང་བའོ། ། ཕུར་པའི་རྒྱུད་དུ་ལྔ་སྣང་ལ།། རིགས་ལྔ་ཡན་ལག་བཞི་སྣང་བའོ།། སྟོབས་ཆེན་རྒྱུད་དུ་བརྒྱད་སྣང་ལ།། ཡན་ལག་དྲུག་དབྱེ་ལྔ་ལ་བཞི།། བྱ་ཁྱུང་རྒྱུད་དུ་ལྔ་སྣང་ལ།། ཡན་ལག་བཞི་ནི་བརྩི་བར་བྱ། ། ལས་བཞི་བཅུ་དང་བརྒྱ་རྩ་གཅིག། འབུམ་དུ་སྦྱར་བ་རྒྱུད་དུ་གཅེས།། རྒྱུད་དྲུག་མན་ངག་སྤྱིར་སྦྱར་བའོ།། དེ་བསྒྲུབ་འཁོར་ལོ་ཡིན་པར་འདོད།། ཡན་ལག་བཅུ་དྲུག་བརྩི་བ་ནི།། སྐུ་བསྐྱེད་པ་ནི་ཟུང་བཞི་པར། ། དེ་ལྟར་བཅུ་དྲུག་སྔོན་པོ་པའོ།། ཉི་མ་བཞི་རུ་འཁོར་ལོ་བསྐོར།། དང་པོ་ཚེ་དང་ཡེ་ཤེས་བསྲུང།། གཉིས་པ་འཁོར་དང་ལོངས་སྤྱོད་བསྲུང།། གསུམ་པས་དབང་དང་ཆུང་སྲིད་སྲུང།། བཞི་པས་བཀྲག་དང་གཟི་མདངས་བསྲུང། ། རྒྱས་པའི་ལས་དང་བཞི་སྦྱར་བས།། ཚེ་དང་ཡེ་ཤེས་འཁོར་ལོངས་སྤྱོད།། དབང་ཐང་ཆུང་སྲིད་བཀྲག་གཟི་མདངས།། རྒྱས་པར་བྱེད་ཅེས་བརྒྱ་རུ་བསྟན།། དང་པོ་ཚེ་དང་ཡེ་ཤེས་འགུགས། ། གཉིས་པས་བླ་དང་སྤྲུལ་པ་འགུགས།། གསུམ་པས་སྲོག་བྱེད་ཤེས་པ་འགུགས།། བཞི་པས་གཟུགས་ཀྱི་ཕུང་པོ་འགུགས།། བསད་པས་ལས་སུ་བསྟན་པ་ནི།། གཅིག་པས་མགོ་འཁོར་གཉིས་ཡིད་འཁྲུག། གསུམ་པས་ཁྲག་སྐྱག་བཞི་པས་སྒྲོལ།། ཚེ་དང་ལོངས་སྤྱོད་དབང་ཐང་དང།། བཀྲག་དང་གཟི་མདངས་དབང་དུ་བྱེད།། གནན་པས་ཚེ་དང་ཡེ་ཤེས་ནས།། གཟུགས་ཀྱི་བར་དུ་བཞི་གནོན་བྱེད།། བསྐྲད་པས་ཡུལ་དང་ཁྱིམ་དང་ནི། ། སྡེ་དང་མཚམས་ལས་སྐྲོད་པར་བྱེད།། བཀུག་པས་ཚེ་ནས་གཟུགས་སོགས་བཞི།། དབྱེ་བས་གསང་སྡེ་བརྒྱད་དམ་བཞི།། སྨྱོ་འབྲོས་ཆེ་ནས་གཟུགས་ཀྱི་བར།། དེ་ལས་ལས་རྣམས་ཀུན་ལ་སྦྱར། ། ཆེ་མཆོག་ལ་སོགས་རྒྱུད་ལྔ་ཡིས།། ཡན་ལག་བཅུ་དྲུག་བརྩི་བ་ནི།། ཕྱི་དྲུག་ནང་བཞི་གསང་བ་གསུམ།། གསང་ཆེན་གཉིས་ལ་སྦས་གཏེར་གཅིག། གང་རུང་རྫོགས་ནས་འཁོར་ལོ་བསྐོར།། རྡོ་རྗེ་གཙུག་ལག་དྲག་པོ་ངན་སྔགས་དུག་ཆུ་ནག་པོ་འཁོར་ལོ་འཛིན་པ་གཟེར་གྱི་རྒྱུད་ལས། འཁོར་ལོ་བཞི་དང་ཡན་ལག་བཅུ་དྲུག་གི་གཟེར་བསྟན་པའི་ལེའུ་སྟེ་དང་པོའོ།།།། གསང་བ་སྔགས་བཞི་བསྟན་པ་ནི།། རང་བཞིན་གྲུབ་པའི་ཕྱི་ནང་གསང། ། ཕྱི་ནང་སྣོད་བཅུད་ཡེ་ནས་གནས།། བསྟན་པ་གསུང་རབ་ཚིག་གི་ཚོགས།། ཕྱི་ནང་སྔགས་རྒྱུད་མདོ་གཟུངས་སྔགས།། བཏགས་པ་ཚིག་ནི་ཡི་གེ་སྔགས།། གསང་སྔགས་གཟུངས་སྔགས་སྙིང་པོ་རེ། ། རེ་རེ་དག་ལ་བཞི་བཞི་སྦྱར།། གསང་སྔགས་ཀྱི་ནི་གསང་སྔགས་དང།། གསང་སྔགས་ཀྱི་ནི་རིག་སྔགས་དང།། གསང་སྔགས་གཟུངས་སྔགས་གསང་སྔགས་སྙིང་པོ་སྟེ།། དེ་བཞིན་སྦྱར་བར་རྒྱས་པར་འགྱུར། ། གསང་སྔགས་ཨོཾ་དྲངས་མགོ་མནན་པ།། རིག་སྔགས་ན་མ་ན་མོ་སྟེ།། གཟུངས་སྔགས་ཏདྱ་ཐས་དྲང་པའོ།། ངེས་པར་དྲངས་ཞེས་བསྟན་པ་ཡིན།། སྙིང་པོ་ངེས་མེད་ཐབས་ཤེས་རབ། ། འབྲེལ་དང་རྐྱང་པས་དྲང་པའོ།། འདུལ་བྱཻད་འཕྲིན་ལས་སྔགས་ནི་གསུམ།། བསྒྲུབ་པའི་དྲག་སྔགས་དམོད་མོའི་སྔགས།། གདབ་པའི་དྲག་སྔགས་གསུམ་དུ་བཤད།། བསྒྲུབ་པ་ཨོཾ་དྲངས་གདབ་པ་ཨེ། ། དམོད་མོའི་སྙིང་པོ་ལྟ་བུ་སྟེ།། ངེས་མེད་དྲངས་པ་གསུམ་གྱི་ཚུལ།། བསྒྲུབ་པའི་བསྒྲུབ་དང་བསྒྲུབ་དམོད་དང།། བསྒྲུབ་པའི་གདབ་པ་གསུམ་དུ་འགྱུར།། དམོད་དང་གདབ་པ་རྒྱས་པར་སྦྱར།། དེ་རེ་ཕྱི་སོགས་སྦྱར་བར་བྱ། ། ལྔ་ཚན་དགུ་ཡིས་དྲག་སྔགས་ནི།། འཇིག་རྟེན་དྲེགས་པ་ཀུན་ལ་བརྩི།། དེ་ལ་རྒྱ་གཙུག་སྭ་གདགས་བྱ།། རྡོ་རྗེ་གཙུག་ལག་དྲག་པོ་ངན་སྔགས་དུག་ཆུ་ནག་པོ་འཁོར་ལོ་འཛིན་པ་གཟེར་གྱི་རྒྱུད་ལས། སྔགས་བཞི་ཡན་ལག་དང་བཅས་པའི་གཟེར་གྱི་ལེའུ་སྟེ་གཉིས་པའོ།།།། ལིང་ག་ཆེན་པོ་ལས་བསྟན་པ།། ཕྱི་དང་ནང་དང་གསང་བ་དང།། གསང་ཆེན་ལིང་ཁ་རྣམ་པ་གཅིག་ཁྱད་པར་ལིང་ཁ་ཐུན་མོང་གཉིས། ཁྱད་པར་རྣམ་བཞི་བསྟན་པ་ནི།། མིག་དང་རྣ་བ་སྣ་དང་ཡིད། ཁྱད་པར་ལིང་ཁ་བསྟན་པ་ཡིན།། དེ་དག་དངོས་མེད་མཐུ་ཡིས་གསད།། ཐུན་མོང་ཕྱི་ཡིས་ནོར་བདུན་འགྲུབ།། ནང་གི་རྫས་གསང་རྟེན་ལས་འགྲུབ། ། གསང་བ་ཉི་ཟླ་ཁུ་བས་སྦྲུ།། གསང་ཆེན་ལས་ཀྱི་འགྲུབ་པའོ།། དེ་ལ་ཏིང་འཛིན་འཕྲོ་འདུ་བྱ། རྡོ་རྗེ་གཙུག་ལག་དྲག་པོ་ངན་སྔགས་དུག་ཆུ་ནག་པོ་འཁོར་ལོ་འཛིན་པ་གཟེར་གྱི་རྒྱུད་ལས། ལིང་ཁ་བཞིའི་གཟེར་བསྟན་པའི་ལེའུ་སྟེ་གསུམ་པའོ། །།། ཕྱག་རྒྱ་ཆེན་པོ་ལ་བསྟེན་པ།། རྣམ་པ་བཞི་རུ་ཤེས་བྱ་སྟེ།། འབྱུང་བ་ཉོན་མོངས་ཤེས་པ་དང།། ཆོས་ཉིད་རང་སར་གྲོལ་བའི་སྐུ།། སྐྱེ་ཤི་སེམས་ཅན་ཀུན་ལ་ཁྱབ། ། གནས་དང་བཅའ་དང་བསྒྲུབ་པའི་རྒྱ།། དམ་ཚིག་ལ་སོགས་བཞི་ལ་སྦྱར།། བཞི་གསུམ་ལྔ་གསུམ་དྲུག་དང་གསུམ།། བདུན་གསུམ་སྦྱོར་བ་ལས་བརྩི་བ།། རྒྱུད་དོན་བཞི་དང་དྲུག་ལ་སྦྱོར། རྡོ་རྗེ་གཙུག་ལག་དྲག་པོ་ངན་སྔགས་དུག་ཆུ་ནག་པོ་འཁོར་ལོ་འཛིན་པའི་རྒྱུད་ལས། ཕྱག་རྒྱ་བཞི་དང་རྒྱུད་ཀྱི་ཡན་ལག་དྲུག་བཅུ་རྩ་དྲུག་གི་གཟེར་བསྟན་པའི་ལེའུ་སྟེ་བཞི་པའོ།།།། དུག་གི་གཟེར་གྱི་རྒྱུད་ཆེན་འདི།། སྣོད་ལྡན་རྨ་བྱ་ལྟ་བུས་བཟུང། ། སྣོད་མེད་རྣམས་ཀྱིས་གཟུང་འགྱུར་ན།། སྡུག་བསྔལ་དུག་གཟེར་མྱོང་བར་འགྱུར།། ཚེ་ཡི་འདུ་བྱེད་མྱུར་དུ་འབྱུང།། དེ་ནས་རབ་ཏུ་བཏགས་ལ་བཟུང།། རྡོ་རྗེ་གཙུག་ལག་དྲག་པོ་ངན་སྔགས་དུག་ཆུ་ནག་པོ་འཁོར་ལོ་འཛིན་པའི་གཟེར་གྱི་རྒྱུད་ལས། ། རྨ་བྱ་སྣོད་ཀྱིས་དུག་ཆུ་གཟེར་གཟུང་བའི་ལེའུ་སྟེ་ལྔ་པའོ།།།། རྡོ་རྗེ་གཙུག་ལག་དྲག་པོ་ངན་སྔགས་དུག་ཆུ་ནག་པོ་འཁོར་ལོ་འཛིན་པའི་གཟེར་གྱི་རྒྱུད་རྫོགས་སོ། ། ཐི་རྒྱ། ནི་རྒྱ། སུ་རྒྱ།།།། རྒྱ་གར་སྐད་དུ།། བཛྲ་ཀྲི་ཡི་ཨུ་ཀྲ་ན་མི་མན་ཏྲ་ཨ་ཀ་ནེ་པ་ནི་ཨི་ཀ་ཙཀྲ་ཏན་ཏྲ། བོད་སྐད་དུ། རྡོ་རྗེ་གཙུག་ལག་དྲག་པོ་ངན་སྔགས་མེ་ལོང་རྣམ་པར་བཀོད་པ་འཁོར་ལོ་གཟེར་གྱི་རྒྱུད།
CLOSE WINDOW