CLOSE WINDOW

Gpb050.036: དོན་ཡོད་པ་དངོས་གྲུབ་བརྟན་པར་གཟིགས་པའི་རྒྱུད་ཅེས་བྱ་བ
Wylie

། དཔལ་ཐོད་པ་ནག་པོ་ཆེན་པོའི་རྒྱུད་ལས། ལྷའི་འཇིག་རྟེན་བཏུལ་བ་སྟེ་ལེའུ་ཉི་ཤུ་པའོ།།།། དཔལ་ཐོད་པ་ནག་པོ་ཆེན་པོའི་རྒྱུད་རྫོགས་སོ།།།། རྒྱ་གར་སྐད་དུ། ཨ་མོ་གྷ་སིདྡྷི་ཏིཥྛ་ཨ་བ་ལོ་ཏནྟྲ་ན་མ། བོད་སྐད་དུ། དོན་ཡོད་པ་དངོས་གྲུབ་བརྟན་པར་གཟིགས་པའི་རྒྱུད་ཅེས་བྱ། ཡབ་མངོན་རྫོགས་རྒྱལ་པོ་ལ་ཕྱག་འཚལ་ལོ།། སྔོན་འདས་པའི་དུས་མ་འོངས་པའི་སྔོན་རོལ་ན། སྲིད་པ་ཐམས་ཅད་ཡུམ་གྱི་བྷ་གར་ཤར་བར་མཁྱེན་ནས། བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་དང་ལྡན་པའི་དཔལ་ཧེ་རུ་ཀས། ཆོས་ཐམས་ཅད་ཐིག་ལེ་ཆེན་པོའི་ཚུལ་དུ་ཡེ་ནས་སངས་རྒྱས་ཤིང། རང་རིག་པའི་ཡེ་ཤེས་ཆེན་པོ་རང་བཞིན་གྱིས་རྣམ་པར་དག་པའི་ཚུལ་དུ་མཉམ་ཞིང་དབྱེར་མི་ཕྱེད་དེ། ཐམས་ཅད་སོ་སོ་མ་ཡིན་རང་བཞིན་མེད་པ་ཡུམ་གྱི་བྷ་ག་ལས་ཕྱིན་ཅི་ལོག་ཏུ་རྣམ་པར་ཞེན་ཅིང་ལོག་པར་རྟོགས་པར། བརྟགས་པའི་དབང་གིས་སྲིད་པ་ཐམས་ཅད་ཡུམ་གྱི་བྷ་གར་ཤར་བར་མཁྱེན་ནས། གསང་སྔགས་ལོག་པར་སྤྱད་པ་ཡིས།། སྲིད་པ་གསུམ་པོ་ཐམས་ཅད་ལ།། དྲེགས་པས་རིམ་པ་དབང་སྒྱུར་བ།། དགེ་བ་བྱེད་པ་བར་ཆད་བདུད། ། ང་རྒྱལ་ཁེངས་པའི་གཤིན་རྗེ་དང།། ཞེ་སྡང་དྲེགས་པའི་རུ་ཏྲ་དང།། གཏི་མུག་མྱོས་པའི་སྲིན་པོ་རྣམས།། སེམས་ཅན་ཀུན་ལ་དབང་ཆེ་སྟེ།། སྲིད་གསུམ་ལུས་རིམས་ཀྱི་འདུས།། ང་རྒྱལ་དྲེགས་པའི་གཟུགས་འཆང་བ། ། གཟུགས་ཕུང་ཆེ་ལ་གདོས་པ་རགས།། ང་རོ་ཆེ་ཞིང་གཏུམ་བག་ཅན།། སྲིན་པོ་ཤིན་ཏུ་མི་བསྒྲུངས་ལྡན།། ཕྱིན་ཅི་ལོག་ལ་ཡིད་ཆེས་པས།། མཚན་མའི་ཆོས་ལ་བློ་རྟས་ཏེ།། རང་བཞིན་མེད་པའི་དོན་དང་བྲལ། ། བདག་རྟོག་ལོག་པར་རྟོགས་པ་ཡིས།། སྲིད་པའི་ས་བོན་རྩུབ་མོས་འཕགས།། དམྱལ་བའི་སྡུག་བསྔལ་ཉམས་སུ་མྱོང།། བསྐལ་པ་བརྒྱད་ཁྲི་བཞི་སྟོང་འཁོར།། གལ་ཏེ་དེ་ལས་ཐར་ནས་ཀྱང། ། སླར་ཡང་སྲིད་པའི་ལུས་བླངས་ནས།། སྲིན་མོ་ཆེན་པོ་དེ་ལ་སྤྱོད།། སྲིན་མོ་དེ་ཡི་མཚན་ཉིད་ཀྱང།། ཞེ་སྡང་འབར་བའི་དངོས་ཉིད་མཚུངས།། ཞེན་པ་མེ་ཡིས་རབ་ཏུ་ཚིག། མ་མོ་མཁའ་འགྲོ་ལ་སོགས་ཏེ། ། ཆ་ལུགས་དུ་མས་བསྒྱུར་བྱས་ཤིང།། སྲིད་གསུམ་དུག་ཅན་དབང་དུ་སྡུད།། ཤིན་ཏུ་རྔམས་པའི་འཁོར་དང་བཅས།། གསོད་པའི་ལས་ལ་དཔའ་ཞིང་གྲིམས།། ཤ་དང་ཁྲག་ལ་སོགས་བཅད་དེ།། དེ་ལྟ་བུའི་སེམས་དང་ལྡན་པའི་སྲིན་པོ་དང་སྲིན་མོ་ཆེན་མོ་གདུལ་བའི་གནས་སུ་མཁྱེན་ནས། ཡུམ་གྱི་མཁའ་བདེ་བ་ཆེན་པོའི་ཀློང་ནས་ཐིག་ལེ་ཆེན་པོའི་ཚུལ་དུ་བཞེངས་ཏེ། ཆེ་མཆོག་ཧེ་རུ་ཀ་དབུ་ཉི་ཤུ་རྩ་གཅིག་པ་ཕྱག་བཞི་བཅུ་རྩ་གཉིས་པར་སྤྲུལ་ཏེ། དྲག་པོ་ང་རོ་ཧཱུཾ་ཞེས་བརྗོད་དེ། སྤྲུལ་པས་འཇིག་རྟེན་ཁམས་བཀང་ནས་སྲིན་པོ་འཁོར་དང་བཅས་པ་ཐུལ་བར་གྱུར་ཀྱང། སྲིན་མོ་ཐུལ་བར་མ་གྱུར་ཏེ། ཡབ་མངོན་རྫོགས་རྒྱལ་པོས་ཧཱུཾ་ཞེས་བརྗོད་པས། སྲིད་པའི་དམན་མོའི་ཚོགས་ཐམས་ཅད་རང་བཞྀན་ནི་མོ་རྣམས་ཀྱི་སྟེང་དུ་ཕྲད་པས་བརྒྱལ་བར་གྱུར་ཏེ། འཁོར་ཐམས་ཅད་བརྒྱལ་བར་མཁྱེན་ནས། སྲིན་མོ་ཉིད་དབང་དུ་བསྡུ་བའི་ཕྱིར། ཧཱུཾ་རཾ་ཧཱུཾ་ལ་ནི་ཡོ་ག་ནི་སྟམ་པ་ནན། ཅེས་བརྗོད་པས། རང་བཞིན་གྲུབ་པ་མོའི་ཚོགས་དང། ཡེ་ཤེས་བརྒྱལ་ཏེ་ཨ་ཀ་ཤ་སྟན་ནས་བཏིང་ངོ།། དེ་ལྟར་བཏིང་ཡང་མ་ཐུལ་བར་མཁྱེན་ནས། པཉྩ་ཡོ་ག་ནི་ས་མ་ཡ་ཕཊ། ཅེས་པས། ཇོ་མོ་རྣམས་ཀྱང་འབྱུང་བ་ལྔའི་རྒྱལ་མོས་མནན་པ་དང། དེ་ཡི་རྗེས་སུ་སྲིན་པོ་ཀྲོ་དྷི་ཤྭ་རི་དེ་ཉིད་སྤུ་ལངས་ཏེ་བྲེད་པར་གྱུར་ཏོ།། དེ་ལྟར་མཁྱེན་ནས་དེ་བཞིན་ཉིད་དུ་མུ་ཁ་ལེ་བྷ་ག་བདེ་ཀློང་ས་མ་ཡ་ཧཱུཾ་ཞེས་པས། འབྱུང་བ་ལྔ་ཡི་བདག་མོ་ཡང་ཡུམ་ཆེན་མོ་མུ་ཁ་ལེས་བརྗིས་པར་གྱུར་ཏོ།། དེ་ནས་སྲིན་མོ་ཀྲོ་དྷི་ཤྭ་རིས་དེ་མཐོང་བ་དང། ཤིན་ཏུ་སྡངས་ནས་བྲོས་ཏེ་འདོད་པའི་ཁམས་ལ་དབང་སྒྱུར་བའི་སྲིན་པོ་དང། སྲིན་པ་གཞན་དང་གནོད་སྦྱིན་མོ་ལ་ཐུག་པའི་བར་དུ་དབང་བསྡུས་ཏེ་གནས་སོ།། དེ་ནས་ཡབ་མངོན་རྫོགས་རྒྱལ་པོ་མཁྱེན་བཞིན་དུ། དེ་བཞིན་ཉིད་མུ་ཁ་ལེས་ས་མ་ཡ་སྟྭཾ་ཞེས་པས། ཡུམ་ཆེན་མོའི་ཞལ་ལྔ་ནས་ཧེ་རུ་ཀ་ལྔ་འཐོན་པར་གྱུར་ཏེ། བྷ་ག་ལྔའི་སྙོམས་པར་འཇུག་པའི་བྱང་ཆུབ་སེམས་ཀྱི་རྒྱུད་ལས། སྤྲུལ་པ་ཐ་དད་ཀྱིས་འཁོར་ཐ་དད་དབང་དུ་བསྡུས་པ་ཇི་ལྟ་བ་བཞིན་དུ། དཔལ་ཡཀྵ་ཧེ་རུ་ཀ་ལ་སོགས་པའི་ཚོགས་དཔག་ཏུ་མེད་པ་སྤྲུལ་ཏེ་བཏུལ་བས། འདོད་པ་ཁམས་ཀྱི་དབང་ཕྱུག་མ་འཁོར་དང་བཅས་པ་བརྒྱལ་བར་གྱུར་ཏོ།། དེ་ནས་ཡང་བཅོམ་ལྡན་འདས་དཔལ་ཧེ་རུ་ཀས་གསང་བའི་བདག་པོ་ལག་ན་རྡོ་རྗེ་སྤྲུལ་ཏེ། དུར་ཁྲོད་ཚོགས་ཀྱི་བདག་པོ་དང་འདོད་པ་ཁམས་ཀྱི་དབང་ཕྱུག་མ་བཏུལ་ཏེ་འཁོར་དེ་ཉིད་ན་གནས་སོ།། དེའི་ཚེ་ལྷ་གནོད་སྦྱིན་འདུལ་འཁོར་དེ་ན་གནས་པ་སྟན་ལས་ལངས་ཏེ། མགྲིན་པ་བཏེག་གནས་གདོང་དྲང་པོར་བལྟས་ཏེ་ཐལ་མོ་སྦྱར་ཏེ། ཡབ་མངོན་རྫོགས་རྒྱལ་པོ་ལ་འདི་སྐད་གསོལ་ཏོ།། ཀྱེ་བཅོམ་ལྡན་འདས་འདོད་པ་ཁམས་ཀྱི་དབང་ཕྱུག་མ་སྤྲུལ་པ་དང་བཅས་པ། གནས་ཐ་དད་ནས་འཁོར་ཐ་དད་པ་དང་བཅས་ཏེ་འདུས་པར་གྱུར་པ་འདི། ཐུགས་རྗེ་བསྐྱེད་དུ་གསོལ་ཞེས་ཞུས་པ་དང། དེ་ནས་བཅོམ་ལྡན་འདས་ཀྱི་ཡུམ་གྱི་མཁའ་ལ་ཡིད་བྱེད་པ་པོ་ཉིད་སྙོམས་པར་ཞུགས་པ་ལས། བྱང་ཆུབ་སེམས་ཀྱི་འོད་ཟེར་རྒྱུན་མ་ཆད་པར་བཀྱེ་བ་ལས། ཡུམ་འདོད་པ་ཁམས་ཀྱི་དབང་ཕྱུག་མའི་སྒྲིབ་པ་དག་པར་གྱུར་ནས། འཁོར་ཐམས་ཅད་ཀྱང་དྲན་པ་རྙེད་དེ་བདེ་བས་ཚིམ་པར་གྱུར་ཏོ།། འདོད་པ་ཁམས་ཀྱི་དབང་ཕྱུག་མ་ཉིད་སྤྲུལ་པ་འཁོར་དང་བཅས་ཏེ། བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུས་ཏེ་འདི་སྐད་ཅེས་གསོལ་ཏོ།། དེ་རིང་ཕན་ཆད་ཁྱེད་ཀྱི་འབངས།། སྔགས་ཀྱི་བདག་པོར་བདག་ཅག་གཉིས།། མཐུ་དབང་བྱིན་གྱིས་བརླབ་ཏུ་གསོལ། ། ཇི་ལྟར་འདི་དང་ཕྱི་མ་གཉིས།། བཀའ་རྣམས་འགྲོ་བའི་དོན་བསྒྲུབ་ཕྱིར།། གསུངས་པ་བཞིན་དུ་བདག་ཅག་བགྱིད།། གལ་ཏེ་དེ་ལྟར་མ་བགྱིས་ན།། མགོ་ལུས་སྙིང་ཡང་འགས་གྱུར་ཅིག། དུར་ཁྲོད་ཚོགས་ཀྱི་བདག་པོ་དང།། འདོད་པ་ཁམས་ཀྱི་དབང་ཕྱུག་མ།། ཕྱི་དུས་རྣལ་འབྱོར་ཕན་གདགས་ཕྱིར།། སྔོན་བྱུང་སྤྲུལ་པའི་ཚུལ་དང་ནི།། ཕྱིས་འབྱུང་སྤྲུལ་པའི་ཚུལ་སྨོས་ལ།། ཁྱེད་གཉིས་སྲོག་དང་མོན་མོ་རྣམས། ། མ་ལུས་པར་ནི་དུས་འདི་སྨོས།། དེ་སྐད་བཀའ་སྩལ་ཐོས་པ་དང།། འདོད་ཁམས་ལྕམ་དྲལ་འཁོར་བཅས་ཀྱིས།། སྟོན་པའི་བཀའ་ནི་གུས་པར་བླངས།། དཔལ་ཆེན་འབར་བའི་ཐུགས་རྗེ་ཡིས། ། ཕྱག་རྒྱ་བཞི་ཡིས་དབང་དུ་བསྡུས།། ཐབས་དང་ཤེས་རབ་གཅིག་པ་ལས།། བྱང་ཆུབ་སེམས་ཀྱི་བྱིན་བརླབས་ཀྱིས།། སྐད་ཅིག་དེ་ལ་འཇིག་རྟེན་འདས།། ཞེས་གསུངས་སོ།། དངོས་གྲུབ་བརྟན་པར་གཟིགས་པའི་རྒྱུད་ལས། ། དུར་ཁྲོད་ཚོགས་ཀྱི་བདག་པོ་ཇི་ལྟར་བཏུལ་བ་དང། བདེ་བ་ཐོབ་པ་དང། དམ་བཅས་པའི་ལེའུ་སྟེ་དང་པོའོ།།།། དེ་ནས་དཔལ་ཆེན་པོ་ཧེ་རུ་ཀ་ཡིས་བཀའ་སྩལ་པ་བཞིན་བྱ་བ་དང། ཕྱི་རབས་ཀྱི་རྣལ་འབྱོར་པ་བསྐྱང་བའི་ཕྱིར་འཇིག་རྟེན་པའི་ཚུལ་བཟུང་སྟེ། དཔལ་ཞབས་ལ་ཕྱག་འཚལ་ནས།། རང་སྲོག་གི་སྙིང་པོ་དང་དམོད་མོ་དུས་འདིར་བཞེས་སུ་གསོལ། དེ་ནས་དུར་ཁྲོད་ཚོགས་ཀྱི་བདག་པོ་དང། འདོད་པ་ཁམས་ཀྱི་དབང་ཕྱུག་མ་འཁོར་དང་བཅས་པས། ཕྱི་ནང་གསང་བའི་སྲོག་གི་སྙིང་པོ་དང་དམོད་མོ་རྣམས་སྨྲས་པ། ཨོཾ་བཛྲ་ཡཀྵ་དེ་བ་མ་ཧཱ་ཀཱ་ལ་ཀྲོ་དྷ་ཧཱུཾ་ཛཱ་ཛ་ཛ། ཨོཾ་བཛྲ་ཡཀྵ་དེ་བ་མ་ཧཱ་པེ་ཏ་ལི་ཧཱུཾ་ཛ་ཛ། ཨོཾ་མ་ཧཱ་ཀཱ་ལ་ཀུ་ད་ཀུ་ཏ་ཧཱུཾ་ཛ་ཛ་ཛ། ཀང་ཀ་ཁ་ར་ཛ་པེ་ཏ་ཡཀྵ་ནི་ཛ། ཨོཾ་མ་ཧཱ་ཀཱ་ལ་གུ་ན་ཧྲི་ཏ་ཧཱུཾ་ཛ་ཧཱུཾ་ཛ། མ་ཧཱ་ཀཱ་ལ་ཨརྒཾ་པྲ་ཏི་ཛ་ཡེ་སྭཱ་ཧཱ། ཧེ་བེ་དུ་འབར་མ་བི་དུ་བི་སྣུ་བེ་དུ་ཛ་ཛ་ཛ་ཧཱུཾ། ཨིནྡྲ་ཡ་མ་ཛ་ལ་ཡཀྵ་བུ་ཏ་བཧྣི་བ་ཡུ་རཀྵ་ནཱ་ག་ཙནྡྲ་སཱུ་རྱ་མ་ཏ་མ་པ་ཏ་ལ་ཏ་ལེ། ཨརྠ་ས་མ་བ་ཛ་ཛ་ཧཱུཾ། རྦད་བརྡེག་ལས་དང་ཐུན་མོང་རྣམས།། དཔའ་བོ་ཆེན་པོ་བཞེས་སུ་གསོལ།། ཨོཾ་མ་ཧཱ་ཀཱ་ལ་ནི་ཐུམ་ལམ་ཐུམ་རིལ་རྦད། བུ་ནི་ཛ་སྙིང་ལ་ཡ། ཏྲག་རགྴ་སྙིང་ཁ་རག་ཛ། མ་ཧཱ་ཀཱ་ལ་གཤོག་གཤའ་མ་ཧཱུཾ་རམ་ཀཱི་ལི་ཀཱི་ལི་ཨ་ནུ་ཤག་ཚལ་མཱ་ར་ཡ་ཧཱུཾ་ཕཊ། ཨོཾ་མ་ཧཱ་ཀཱ་ལ་ཧཱུཾ་ཆེ་གེ་མོ་ཞིག་ཨཾ་ཀུ་ཤ་ཧཱུཾ། གྲྀ་ཧྣ་གྲྀ་ཧྣ་ཤྲི་ཀྲཾ་གྲྀ་ཧྣ་གྲྀ་ཧྣ་ཧཱུཾ་ཕཊ། ཨཱ་ན་ཡ་ཨ་ན་ཡ་ཧཱུཾ་ཕཊ། ཤྲི་ཀྲཾ་ཨ་ན་ཡ་ཤྲི་ཀྲཾ་ཨ་ན་ཡ་ཧཱུཾ་ཕཊ། ཨོཾ་མ་ཧཱ་ཀཱ་ལ་དྷ་ར་ཙ་ཧཱུཾ་ཕཊ། ཧ་ན་ཧ་ན་མ་ཧཱ་ཀཱ་ལ་མཱ་ར་ཡ་ཧཱུཾ་ཕཊ། ད་ཧ་ད་ཧ་མ་ཧཱ་ཀཱ་ལ་ཧཱུཾ་ཕཊ། པ་ཙ་པ་ཙ་མ་ཧཱ་ཀཱ་ལ་ཧཱུཾ་ཕཊ། བནྡྷ་བནྡྷ་མ་ཧཱ་ཀཱ་ལ་ཧཱུཾ་ཕཊ། ཙྪིནྡྷ་ཙྪིནྡྷ་མ་ཧཱ་ཀཱ་ལ་ཧཱུཾ་ཕཊ། བིནྡྷ་བིནྡྷ་མ་ཧཱ་ཀཱ་ལ་ཧཱུཾ་ཕཊ། ཤྟ་པ་ནི་མཱ་ར་ཡ། ཨོཾ་མ་ཧཱ་ཀཱ་ལ་ཧཱུཾ་ཕཊ། ཨོཾ་མ་ཧཱ་ཀཱ་ལ་མོ་ཧཱ་གྷ་མོ་ཧ་གྷ་ཡ་ཧཱུཾ་ཕཊ། མཧཱ་ཀཱ་ལ་མོ་ཧཱ་ཀཱ་ལ་ཡ། མ་ཧཱ་ཀཱ་ལ་ཨུ་ཙ་ཏ་ཡ་ཧཱུཾ་ཕཊ། རོ་ལངས་ཆེན་པོ་དུར་ཁྲོད་བདག། སེམས་ཅན་རྣམས་ལ་ནད་འབེབས་ཤིང།། སྲོག་ཆགས་རྣམས་ཀྱི་སྲོག་གཅོད་པ།། བཅོམ་ལྡན་འདས་ཀྱིས་བཞེས་སུ་གསོལ།། མཧཱ་ཀཱ་ལ་འབར་མ་བེ་དུ་ཏིང་ཀྲིམ་ཤ་ར་མ་ཏི་ཐུཾ་ཐུཾ། མྱོག་མྱོག་ཡེད་ཡེད། ཤ་ར་མ་ཏི་གུག་ལིང་མྱོས་ལིང་ཤ་ལི་ལིང་ཙ་ཐུན་ཏ་བྷྱོ་ཐུཾ་ཐུཾ་མྱོགས་མྱོགས་ཤིག་ཤིག་ཙིཏྟ་བཾ་ཤི་ར་ཏི་རྒྱོབ་ཡེར། འདོད་པ་ཁམས་ཀྱི་དབང་ཕྱུག་མས་ཡུམ་དང་འཁོར་གྱི་སྙིང་པོ་མ་ལུས་པ་ཕུལ་བ། མ་མ་ཏྲག་རགྴ་སྙིང་ཁ་རག་ཙིཏྟ་སྲོག་ཏུང་དུག་ཛ་ཛ་ཧཱུཾ། མ་མ་ཏྲག་རགྴ་ཁ་མུད་ཏྲ་སྙིང་ཁ་རག་མོ་དུན་བྷྱོ་ཛ་ཛ། རུ་ལུ་རུ་ལུ་བྷྱོ། རུ་རུ་བེ་རོ་ཧེ་ཏིཥྟ་བ་ཏོ་སེ་རགྨོ་སྙིང་ཁ་རག་ཧཱུཾ་བྷྱོ་ཛ་ཛ། ཨོཾ་ཙ་པ་ཨ་ཤུ་མེ་སྭཱ་ཧཱ། ཨོཾ་ཙ་པ་ལ་ཨ་ཤུ་མ་ཨརྒྷཾ་པྲ་ཏི་ཡེ་སྭཱ་ཧཱ། ཏྲག་རགྴ་མ་ཧི་དུན་བྷྱོ། མཧཱ་ཡགྴ་ཏིག་སྣ་ནག་མོ་དུན་བྷྱོ། མ་སྤྲུལ་ལྷ་དང་ཀླུ་དང་རྒྱལ་པོ་དང།། སྲིན་པོའི་འཁོར་གྱིས་བསྐོར་བ་སྟེ།། མ་མོ་གནོད་སྦྱིན་ཐུན་མོང་དུ། ། བསྐོར་ཏེ་བདག་སྲོག་བསྐྱང་ཕྱིར་དུ།། དེ་དུས་བསྟན་པ་བསྲུང་བའི་ཕྱིར།། བདག་གི་སྲོག་ནས་བསྐུལ་བ་འདི།། དཔའ་བོ་ཆེན་པོས་བཞེས་སུ་གསོལ།། མ་རགྨོ་ཐུམས་ལིངས་སྙིང་རྩ་འདུས་སྲོག་སྲིག་སྲིག་ཤཾ་ཤཾ་ཁྱེར་ཁྱེར་བྷྱོ་ཡ། སྙིང་ཁྲག་ལ་རྩ་སྲོག་བྲེང་བྲེང་རྦད་རྦད། ཨོཾ་ཛ་ལ་ཛ་ལ་ཧཱུཾ་ཕཊ། མ་མ་སྲོག་ཏུག་ཏུག་ཁྲག་ལ་སྙིང་རྩ་རྦུད། མ་སྲོག་ཐུན་སྙིང་ལ་མ་བྷྱོ། མ་ར་ཡ་བྷྱོ་ཕཊ། ཁྲག་ཐུན་ནི་ཛ་ཛ། ནིར་མི་ཅི་མི་ཤ་ཀུ་རུ་ནི་ཤི་སྐུར་སྐུར། ཛ་ཛ་ནིར་མི་ཙི་ཙ་སྲི་ཏ་ནི་ཛམ་པ་ལ། ནི་ནརི་ཨཾ་ཀུ་ཤ་ཛ་སྭཱ་ཧཱ། མ་མ་སྙིང་ཁྲག་ཚལ་བ་དུན་ཏིང་ཧ་ལ་དུན་བྷྱོ་བྷྱོ། ཕྱི་དུས་སྐུར་གནས་འདིར་བརྗོད་ནས།། བདག་གི་ལས་བཅོལ་མ་བྱས་ན།། ཆད་པ་མི་ཟད་བདག་ལ་འབྱུང། ། བདག་ཅག་དམོད་མོ་འདི་ལྟ་བུས།། སེམས་ཅན་རྣམས་ལ་ནད་འབེབས་ཤིང།། སྲོག་ཆགས་རྣམས་ཀྱི་སྲོག་གཅོད་པས།། བཅོམ་ལྡན་འདས་ཀྱིས་བཞེས་སུ་གསོལ།། མ་མོ་རང་གི་སྙིང་ཁྲག་གིས་ཐུམས་རྦད། ཐང་མུ་ལེ་ཐང་མུ་ལེ་ཙིཏྟ་རྦད་རྦད། མུག་སྣི་མུག་སྣི་ཙིཏྟ་ནན། རགྨོ་ནི་རགྨོ་ནི་ཁ་ལ་ལོང་ཙིཏྟ་རྦད་རྦད། དུག་སྣི་ཙིཏྟ་རྦད་རྦད། ཀྱི་ཁ་ལོང་ཀྱི་ཁ་ལོང་ཙིཏྟ་རྦད་རྦད། རྩ་སྟི་རྩ་སྟི་ཙིཏྟ་རྦད་རྦད། ནིར་སྟི་ནིར་སྟི་ཙིཏྟ་མུག་མུག་ཐུམ་ཐུམ་སུབ་སུབ་ཏིསྟ་རྦད་རྦད། ཁ་འདར་ཡེད་ཡེད། ཐུམས་ཐུམས་རྦད་རྦད། སེ་ཁ་ལོ་མུན་ཁ་སྭཱ་ཧཱ། ཨོཾ་ཏདྱ་ཐཱ། རུ་རུ་བེ་ཏོ་ཏི་སྟ་བ་ཏོ་སི་རུ་རུ་བི་ཏོ་བད་ཏོཥྟ་སྲང་བ་སྟི་མཱ་ར་ཡ་ཕཊ། རགྨོ་རགྨོ་མ་མ་དུན་ཏིང་ཧེད་མ་ཧེད་བཛྲ་ཀ་རུ་ཤ་རྦད། སྙིང་ཁྲག་ཚལ་པ་རྦད་གཏུབས་ཙིཏྟ་རྦད། མྱོགས་མུགས་རྦད། སྙིང་ཁྲག་ཁ་ལ་རྦད། ཚལ་པུ་སེ་ན་སི་དུ་རྦད། ཧུར་ཐུམས་སྲོག་ལ་ཡ་རྦད། ཕྱི་དུས་བདག་གི་ལུས་གནད་ནས། དབབ་ཅིང་གཅད་དབབ་བྱས་ན།། ཚངས་པའི་ཚེ་དང་ལྡན་པ་ཡང། སྐད་ཅིག་ཡུད་ལ་འགུམ་པར་འགྱུར།། འདོད་པ་ཁམས་ཀྱི་གཙོ་མོ་ནི།། འཁོར་དང་བཅས་པས་སྔགས་ཕུལ་བ། ། ཨོཾ་ཀུ་ར་དྷ་ར་ནན། ཙ་ཤི་ཀུ་མ་ར་ཨ་ཤུ་དྷ་ཁུག་མུག་ཤི་རེ་མ་ཏི་ཁུག་ཉིད། ཀི་ལི་ཀི་ལི་ཙ་དུད་ཀེ་ས་མུད་ཉ་ང་བ་དད་ཏྲ་ཆུམ་སྭཱ་ཧཱ། ཨོཾ་ཤེ་ཁ་རུ་རུ་ཙི་ཏི་ཨ་ཤུག་མེ་བ་ཏི་རུ་ཏྲང་ཁ་ཤལ་རག་མོ་ཧཱུཾ། ཨོཾ་ཤ་ཁ་མ་མུད་ཉི་ཁ་ལ་ཡན། རུ་རུ་ཨ་ཤུ་མྱེ་སྱེ་ཁ་ཏེ་དུད་ཏ་མཱ་ར་ཡ། ཨོཾ་རུ་རུ་ཨ་ཤུ་མེ་ནི། ཛ་ཛ་སྙིང་ལོང་སྲོག་རྩ་རྦད་རྦད་རྦད། ཁྲག་རྩ་རྦད་རྦད། དབུགས་ཀྱིབ་ཀྱིབ་རྦོད། སྲོག་བྲེང་བྲེང། རྨུགས་རྨུགས། མྱོགས་མྱོགས་ཤ་རྦད། མ་ར་ཡ་ཕཊ། མ་མ་དེ་ཤོ་དུས་སྙིང་ལ་ཡམ། ཤི་ནི་ཀུ་རུ་ཐུམ་རྦད། ས་མ་ཡ་སུ་སྟཾ། ཁྲག་ནི་རྦད། ནི་ཏི་སྟཾ་ས་མ་ཡ་རྦད། ཁྲིག་ཏ་ཡ་མནྟི་ཤ་ཐཱ་རྦད། སུ་རག་ཤ་རྦད། བ་རུ་ནི་ཐིབས་སྙིང་དུམ་བུ། སྲོག་རྩ་ཕྲིག་ཕྲིག་རྦད་རྦད་སོད་སོད་ནི་ར་སྟི་ནི་ར་སྟི་རྦད་རྦད། མ་མ་ཨི་སྟི་སྲོག་ལ་ཕྱིག་ཡཾ། རག་ཤ་མ་མ་རུ་རུ་ན་རྦད། ཧཱུཾ་མཱ་ར་ཡ་རྦད། དུར་ཁྲོད་ཚོགས་ཀྱི་བདག་པོ་དང་འདོད་པ་ཁམས་ཀྱི་དབང་ཕྱུག་མ་འཁོར་དང་བཅས་པ་འཇིག་རྟེན་པའི་ཚུལ་བཟུང་ནས་སྔགས་ཕུལ་བའི་ལེའུ་སྟེ་གཉིས་པའོ། །།། དེ་ནས་དུར་ཁྲོད་ཚོགས་ཀྱི་བདག་པོ་དང་འདོད་པ་ཁམས་ཀྱི་དབང་ཕྱུག་མས། མངོན་རྫོགས་ཡབ་ལ་ཕྱག་འཚལ་ཏེ།། ཕྱི་དུས་རྣལ་འབྱོར་དོན་ཆེད་དུ། ། ཚོགས་བདག་འཁོར་དང་བཅས་པ་ཡི།། དཀྱིལ་འཁོར་ཆོ་ག་བཤད་དུ་གསོལ།། མངོན་རྫོགས་ཡབ་ཀྱིས་བཀའ་སྩལ་པ།། དུར་ཁྲོད་ཕུག་གམ་གང་རི་འདབ།། རི་གསུམ་རྩེ་འམ་ཆུ་འདུས་སྣར། ། ས་བདག་ལ་སོགས་གཏོར་མ་སྦྱིན།། དཔལ་གྱི་དཀྱིལ་འཁོར་ལྟ་བ་ཡིན།། མོན་མོ་སྐེ་རིངས་མཐོང་བའི་གནས།། མི་དང་སྟག་ཤ་ལ་སོགས་ཏེ།། དུག་དང་ཁྲག་གིས་ཆག་ཆག་གདབ།། དབུས་སུ་གྲུ་གསུམ་སོལ་བས་བྱུག། ཟླ་ཁམ་དམར་པོ་ཁྲག་གི་ཚུལ།། པདྨ་འདབ་མ་བརྒྱད་དང་ལྡན།། སྒོ་བཞི་པོ་ལ་གྲུ་བཞི་པོ།། རྟ་བབས་བཞི་དང་ཁྱམས་ལྡན་བྲི།། རཀྟ་ར་ས་ཡ་ནར་ལྡན།། དབུས་སུ་ཁམ་བུ་ཁྲག་གིས་བྱུག། ཀེང་རུས་རུལ་པས་མཐའ་བསྐོར་ཏེ།། ཞིང་ཆེན་གུར་ཕུབ་ཞིང་ཕྲན་ཡོལ།། ནལ་བུ་ཕོ་མོའི་རྒྱལ་མཚན་གཟུགས།། མི་སྙིང་རྟ་ཤ་ལ་སོགས་ཏེ།། སྣ་ཚོགས་ཤ་དང་འཆི་ཀའི་མཚལ།། གལ་ཕྱི་རུས་དང་མི་དང་གཏོར་མ་རབ་ཏུ་བྱ། ། རྩ་བ་མེད་པའི་ཐོད་པ་རུ།། ཁྲག་མཁྲིས་དུག་དང་ཤིང་ཏོག་དང།། སྣ་ཚོགས་ཁྲག་ནི་འབྱོར་ཚད་བླུགས།། ཆུ་དང་མྱོས་བྱེད་དུག་སྣ་གསུམ།། དེ་ཡང་གནོད་པའི་རྫས་སུ་སྦྱར།། ཤིང་ལོ་རླུང་ཁྱེར་ས་མ་ལྟུང། ། མཚན་བྱང་ཚིལ་ཆེན་རྭ་རུར་གཞུག། བྱང་ཤར་མཚམས་ཀྱི་མེ་ཉིད་ལ།། སྲེག་ཅིང་ཉུངས་ཀར་ཡུངས་ནག་གི། མེ་ལྷ་གཏོར་ཞིང་རྣམ་གསུམ་བཟླས།། ཤུན་ཆེན་སྟན་དུ་གདིང་བར་བྱ།། ཤུན་ཆེན་བླག་པ་དེ་བཞིན་བགོ། གུ་གུལ་དུད་པ་རྒྱུན་མི་གཅད།། ཞག་དགུ་བཟླས་པ་ཚང་བར་བྱ།། ཡིད་ལ་བྱང་ཤར་སྤྲིན་ནག་འཁྲུག། སྙིང་གཏོར་བཀང་ཞིང་དབང་དུ་བསྡུ།། ལྔ་ན་མོན་པ་སོག་པོ་འཐོན། ། ནང་གྲོལ་གཏོར་མ་དེ་རུ་སྦྱིན།། བདུན་ན་དངོས་སུ་འབྱུང་བར་བསམ།། འོད་དང་དྲི་ཞིམ་གང་བྱུང་རུང།། ཤ་ཁྲག་ལྷ་མོའི་གཏོར་མ་སྦྱིན།། བདུད་རྩིས་དམ་བསྲེ་དམ་ཡང་བསྐང།། ཏིང་ཀྲིམ་ཤ་རེའི་དྲག་སྔགས་བརྡེག། ང་ཡིས་བསྐུལ་བ་དབང་མེད་དུ།། སྔགས་བདག་ཕོ་མོ་ཤ་རུ་གནན།། དབུ་དགུ་ཁྲག་འཛག་སྙིང་ཡང་ཟ།། འཁོར་གྱིས་འགུགས་ཤིང་དེ་ལ་བསྟིམ།། ལིང་ག་འདར་ཞིང་འགུལ་བ་དང།། དཔལ་གྱི་སྐུ་བསྒོམས་གསང་སྔགས་བརྡེག། འབུམ་ཕྲག་གཅིག་ན་གཏོར་མ་སྦྱིན།། དེས་ཀྱང་སོད་པར་མ་གྱུར་ན།། ཕོ་མོ་སྦྲགས་ཏེ་དྲག་སྔགས་བརྡེག། དེས་ཀྱང་མེ་ལ་བསྲེག་ཅིང་བཟླས།། རེ་རེ་བརྒྱ་བརྒྱ་རྫོགས་དང་བསྲེག། ཡང་ན་བསྲེག་ཐལ་ཕྱོགས་བཞིར་གཏོར།། དེས་ཀྱང་ཉམས་པ་མ་སྒྲོལ་ན།། ཁྲག་གི་མཎྜལ་གྲུ་གསུམ་བྱ།། ཐ་མ་རྩང་མར་ཕུར་བུས་བསྐོར།། ར་ཐོད་ཕག་ཐོད་ཁྱི་ཐོད་གསུམ།། གཉན་པའི་གནས་སུ་སྐྱེར་ཕུར་གཟུགས། ། དུག་སྣ་ལྔ་དང་ཤིང་སྣ་ལྔ།། ཁྲག་སྣ་ལྔ་དང་མིང་རུས་རྣམས།། རྩ་བ་མེད་པའི་ནང་དུ་བླུགས།། མ་མོའི་སྔགས་ནི་དཀར་ནས་བཟླས།། བདག་ཉིད་གཉེན་པོའི་ལྷ་རུ་སྟེ།། བུད་མེད་ནག་མོ་རལ་པ་ཅན། ། རེའུ་ཡི་འབོའུ་རྐང་ལ་གོན།། ཤ་ཏུའི་ཙིཏྟ་གཡས་གཡོན་ཐོགས།། དམར་ཐབ་དམར་ལ་སྒྲུབ་པ་དང།། དམར་ཉིད་མ་མོར་འགྱུར་བ་དང།། དེ་ཡི་སྟོབས་ཀྱིས་ཡུལ་ཕྲོགས་ནས།། ཤ་ཏུ་སྒྲོལ་བྱེད་ཟ་བར་བསྒོམ། ། བརྒྱ་སྟོང་ཚད་ནི་ཚང་བར་བྱ།། འཁོར་རྣམས་གཅིག་ཏུ་འདུས་འགྱུར་ཏེ།། ལྷ་གནོད་མཛེས་ཀྱིས་བཅོམ་ལྡན་འདས་ཀྱི་ཞབས་ལ་སྤྱི་བོས་ཕྱག་འཚལ་ནས། ལུས་ལ་སྦྲུལ་ལྟར་འཁྱུད་ནས་གདུང་བ་བྱས་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། ཐོག་མར་རྣམ་པར་དག་པ་ལ།། བརྟགས་པའི་དབང་གིས་འཁོར་བར་འགྱུར།། དེ་ཕྱིར་ལྕམ་དྲལ་གཡོག་འཁོར་བཅས།། སྐུ་མདོག་ཕྱག་མཚན་བསྙེན་པའི་ཐབས། ། བཅོམ་ལྡན་འདས་ཀྱིས་བཤད་དུ་གསོལ།། རྫོགས་སངས་རྒྱས་ཀྱིས་བཀའ་སྩལ་པ།། ཉོན་ཅིག་གནོད་འདུལ་ལྷ་ཡི་གཙོ།། ལྟ་བ་དྲོད་ཀྱི་མན་ངག་དང།། སྤྱོད་པ་བསྒྲུབ་པའི་མན་ངག་དང།། ཁྱད་པ་ཚོགས་བདག་མན་ངག་གསུམ། ། སྔགས་པ་གདེང་དང་ལྡན་པ་ཡིས།། ཧཱུཾ་ལས་བྱུང་བའི་དཀྱིལ་འཁོར་བསྐྱེད།། བྷྲུཾ་ལས་གཞལ་ཡས་འདབ་མ་བརྒྱད།། དེ་རུ་ཉི་ཟླ་བཾ་ཆེན་ཐོགས།། ཧཱུཾ་ལས་དུར་ཁྲོད་བདག་པོ་ནི། ། ཁ་དོག་ནག་པོ་ཆེར་འབར་བ།། དར་ནག་གུ་ཟུ་སྐུ་ལ་གསོལ།། བརྗིད་པ་སྟག་གི་ཤམ་ཐབས་ཅན།། སྨིན་མ་ཁྲོ་གཉེར་འབར་བ་ལ།། རལ་པ་ཁམ་ནག་གྱེན་དུ་འཁྱིལ།། ཐོད་རློན་འཕྲེང་བས་དོ་ཤལ་བྱས། ། ཐོད་པ་སྐམ་པོའི་དབུ་བརྒྱན་ཅན།། ཁྲག་དང་ཞག་གི་མཆི་མ་ཅན།། དུར་ཁྲོད་འབར་བས་ལུས་བརྒྱན་ཅིང།། གཡས་ན་གྲི་གུག་འབར་བ་ཐོགས།། གཡོན་པ་ཐོད་པ་ཁྲག་གིས་བཀང། ། གཡོན་དུ་འདོད་ཁམས་གཙོ་མོ་ནི།། རླུང་ནག་འཚུབ་མའི་ནང་ཤེད་དུ།། ནག་མོ་ཞལ་གཅིག་ཕྱག་བཞི་སྐུ།། གླང་ཆེན་གྱི་ནི་སྟོད་གཡོགས་ལ།། རེ་ལྡེ་ཁྲ་བོའི་སྨད་གཡོགས་ཅན།། ཞིང་ཆེན་གྱི་ནི་ཡ་བས་བསྐོར། ། སྙན་གཡས་སེང་གེ་འཆོང་བ་ལ།། སྙན་གཡོན་སྤྲུལ་ནག་འཁྱུད་པ་སྟེ།། སྤྱི་གཙུག་ནས་ནི་ཟླ་རྒྱས་འཆར།། ལྟེ་བ་ནས་ནི་ཉི་མ་འཆར།། ཐོད་པ་ཚར་གསུམ་སྐུ་ལ་ཀླུབས།། གཡས་ཀྱི་དང་པོ་རལ་གྲི་ཐོགས། ། འོག་མ་ཁ་ཊྭཱཾ་རྩེ་གསུམ་པ།། གཡོན་གྱི་དང་པོ་ཐོད་ཁྲག་བསྣམས།། འོག་མ་ཐོད་པའི་འཕྲེང་བ་བགྲང།། བོང་བུ་ག་པ་ཕྱིན་ཕྱོགས་ཞོན།། འཁོར་ནི་ནག་མོ་འབུམ་སྡེས་བསྐོར།། ཕྱི་རིམ་པདྨ་དག་ལ་ནི། ། ཤར་ཕྱོགས་བརྒྱ་བྱིན་སྐུ་མདོག་དཀར།། ཕྱག་གཡས་ལྕགས་ཀྱུ་རྡོ་རྗེ་གདེངས་བ་གཡོན།། ཤར་ལྷོ་མེ་ལྷ་དམར་སེར་ཏེ།། ཕྱག་གཡས་གྷུན་ཏེ་མེ་དཔུང་ཐོགས།། གཡོན་པ་བགྲང་འཕྲེང་རླུང་ཡབ་ཐོགས།། ལྷོ་ཕྱོགས་གཤིན་རྗེ་སྐུ་མདོག་ནག། དབུ་ལ་མི་ཐོད་རྒྱུ་མས་བརྒྱན།། ཕྱག་གཡས་རལ་གྲི་གཡོན་དབྱུག་ཐོ།། ལྷོ་ནུབ་བདེན་བྲལ་དམར་ནག་ལ།། རལ་གྲི་ཐོད་པ་གཡས་གཡོན་ཐོགས།། ནུབ་ཏུ་ཆུ་ལྷ་སྐུ་མདོག་དམར། ། སྦྲུལ་མགོ་བདུན་གྱི་གདེངས་ཀ་ཅན།། ཕྱག་གཡས་བུམ་པ་སྦྲུལ་ཞགས་གཡོན།། ནུབ་བྱང་རླུང་ལྷ་དུད་ཁའི་མདོག། གཡས་པ་བ་དན་སྔོན་པོ་རྩེ་བརྒྱད་ལ།། གཡོན་པ་རླུང་གི་སྒྲོ་བ་ཐོགས།། བྱང་དུ་རྣམ་ཐོས་སྐུ་མདོག་ལྗང། ། ཕྱག་གཡས་རིན་ཆེན་དབྱུག་ཐོ་སྟེ།། ཕྱག་གཡོན་ནོར་གྱི་བུམ་པ་ཐོགས།། བྱང་ཤར་དབང་ལྡན་དམར་སྐྱ་སྟེ།། ཏྲི་ཤུལ་གཡས་ལ་རྔེ་ཆུང་གཡོན།། སྟེང་གི་ཕྱོགས་སྐྱོང་ཉི་མ་ནི།། སྐུ་མདོག་དམར་སེར་ཕྱག་གཉིས་ཏོག། འོག་གི་ས་བདག་ལྐུ་མདོག་སྔོ།། གཡས་པ་ཕག་རྒོད་མཆེ་བ་ལ།། གཡོན་པ་ཁྲུས་ཀྱི་བུམ་པ་ཐོགས།། དེ་ལྟར་ལྷ་ཀླུ་འབྱུང་པོས་བསྐོར།། བརྒྱད་དམ་བཅོ་ལྔའི་ནུབ་མོ་བཞུགས།། དེ་ལྟར་གདེང་ལྔ་ལྡན་པ་ཡིས། ། སྤྱི་ཡི་གཏོར་མ་ཤར་དུ་བཞག། མ་གཏོར་ལྷོ་རུ་ཐུན་གྱིས་ནུབ།། སྐམ་ཕྱེད་ཨ་མྲྀ་ཏར་སྦྱར་བའི།། ཁྲག་གི་ཟངས་བུ་བྱང་དུ་བཞག། ཚོགས་བདག་གཏོར་མ་དབུས་སུ་བཞག། གསུར་ཆེན་མེ་མར་ཁ་ལྔ་གཏང། ། ཤིང་ལོ་གཟུགས་ནི་གཏོར་མའི་དབུས།། ཕུང་མོ་གཟུགས་ལིང་ག་དེ།། ལྕགས་སམ་ནག་པོའི་མཚོན་གྱིས་གདབ།། ལྕམ་དྲལ་གཉིས་ཀྱི་ལག་ཏུ་གཏད།། ཡུངས་ཀར་ཡུངས་ནག་ཐལ་ཆེན་རྫས། ། ལྷོ་ནུབ་མཚམ་སུ་གཞག་པར་བྱ།། ཁྲག་འཐུང་གཟུགས་མ་མཚན་ལྡན་མ།། གཅིག་གམ་ཡང་ན་གཉིས་ཀྱང་གཞག། ནམ་མཁའི་ལྡིང་དང་ཙ་ར་དང།། ཤེལ་དང་གསུམ་པོ་ནག་པོས་བྱ།། ཉིད་ཀྱང་དཔལ་གྱི་ཆ་ལུགས་ཏེ། ། ཡུམ་དང་ཡབ་ཏུ་བསྒོམ་པར་བྱ།། ཁྲག་འཐུང་ཡབ་ཡུམ་གསལ་བ་ཡིས།། ལྕམ་དྲལ་ཕྱོགས་སྐྱོང་བཅས་པ་ཡང།། རང་གི་སྙིང་གི་ནང་ནས་དྲང།། སྔགས་ཉིད་བར་མ་ཆད་པ་དང། ། དེ་དུས་རྟགས་རྣམ་འབྱུང་བ་ནི།། མོན་པ་ནག་མོ་སྨྲ་ཞིང་འོང།། དཀར་གསུམ་མངར་གསུམ་ལ་སྡུས་བཀང།། ལྕགས་ཀྱི་སྤྱང་མོ་ངུ་ཞིང་ཟུག། དྲག་སྔགས་རྣམ་གསུམ་རིམས་ཀྱིས་བརྡེག། སྤྲིན་ནག་འཁྱུག་ཅིང་ཐོག་འབབ་ན། ། སྦྱིན་སྲེག་ཆོ་ག་རྒྱ་ཆེར་བྱ།། ཞིབ་ཅན་དམག་གི་དཔུང་འགྱེད་ན།། འཁོར་ལོ་དྲུག་པ་རིམས་ཀྱིས་བསྐོར།། ནམ་མཁའ་སྨུག་ནག་འཐིབས་པའི་ཚེ།། བདུད་མོ་ཤེལ་གྱི་སྤྱི་དཀར་གྱིས་བཀང། ། གནས་ཁང་འཁོར་རམ་ཐམས་ཅད་དུ།། ཆོམ་སྒྲ་ཆེ་དང་ཆུང་བ་ནི།། རྒྱལ་པོ་འམ་མ་མོ་དབང་དུ་སྡུ།། བསྐྲད་དང་གཏོར་མ་བྱིན་ཏེ་བཅོལ།། འཚེག་ན་འགོང་པོ་བསྐྲད་པར་བྱ།། ཆས་ངན་སྦྲང་མོར་བྱུང་བ་ན། ། བསྐང་གསོ་ཆོ་ག་རྒྱ་ཆེར་བྱ།། རང་ཉིད་ཉམས་ནི་མི་གསལ་ན།། ཕུར་བུ་བྱང་ཆུབ་སེམས་ཀྱིས་བསྐང།། རང་ཉིད་ངུ་སྙིང་འདོད་པའི་ཚེ།། རཀྟ་ཁྲག་གིས་བཀང་བར་བྱ།། སེང་སེང་འགྲོ་སྙིང་འདོད་གྱུར་ན། ། དབང་དུ་བསྡུས་ཏེ་གསལ་བར་བྱ།། འཇིགས་ཤིང་སྙིང་ན་མི་དགའ་ན།། བདུད་མོ་ནག་མོ་བྱ་མཆུ་ཡི།། ཉམས་སོད་ཡིན་པས་བསྒོམ་པར་བྱ།། འོད་དཀར་བྱུང་ན་རྒྱལ་པོ་བསྐྲད།། མེ་ཐུན་བྱུང་ན་དམ་སྲིད་ནན། ། བུད་མེད་བཟང་མོའི་ཚོགས་འོང་ན།། མ་དང་སྲིང་མོར་བསྟན་པར་བྱ།། གདུང་ཞིང་འཁོར་ལ་བྱམས་པ་དང།། བུ་ཚ་འཚོ་བར་རབ་ཏུ་བཤད།། སླས་དང་བྲན་མོ་གྲོགས་མོའི་ཚུལ།། བུ་མེད་རང་གནོད་འཁོར་ལ་བརྐམ། ། སྒྲ་སྙན་བྱུང་ན་ཚེ་ཉིད་སྒྲུབ།། སྒྲ་ཆེན་བྱུང་ན་དྲག་པོ་བྱ།། ཚུབ་མ་དམར་ནག་མཐོང་སླེབ་ན།། གཏོར་མ་བྱིན་ལ་དགྲ་ལ་རྦད།། ནམ་མཁའ་ལྡིང་གིས་བསྐང་བར་བྱ།། དྲི་ཞིམ་བྱུང་ན་ཟས་སྐོམ་སྒྲུབ།། ཙ་ར་རོག་པོས་བསྐང་བར་བྱ། ། ལྷ་མོ་དངོས་སུ་མཐོང་བ་དང།། མ་དང་བུ་རུ་དམ་བཅས་ཤིང།། རང་བྱུང་བདུད་རྩི་དམ་ཡང་བསྲེ།། མནའ་བསྒག་ལས་བསྒོ་ལ་སོགས་བྱ།། བཟང་པའི་རྟགས་རྣམས་གང་བྱུང་ཡང། ། ཉེ་བ་ཡིན་ཕྱིར་མཉེས་པ་དང།། དབང་དུ་བསྡུས་ན་ལས་རྣམས་འགྲུབ།། རྐྱེན་དང་འཕྲད་དང་མ་ཕྲད་ཀྱིས།། རིངས་མྱུར་གང་བདེ་མོ་ཉིད་གང་བདེར་བསྒྲུབ།། མཐོང་ནས་ཐ་ཚིགས་དམ་བཅས་པ།། དམ་ཉམས་ཀྱིས་ནི་འཇིགས་པའི་ཕྱིར། ། མགུ་དང་མི་མགུ་མེད་པར་བསྒྲུབ།། མང་པོའི་མདུན་དུ་ཐེ་ཚོམ་མེད་པར་བསྒྲུབ།། མ་མོ་དངོས་སུ་མཐོང་བ་ན།། ཁ་ན་མ་ཐོར་འགྱུར་སྲིད་པས།། སློབ་དཔོན་མ་གཏོགས་གཞན་མི་སྨྲ། ། གཅིག་པུ་གྲོགས་ཀྱང་མེད་པར་བསྒྲུབ།། དབང་བསྡུས་ཏིང་འཛིན་གསལ་བ་ནི།། མ་མཐོང་ན་ཡང་འགྲུབ་པར་འགྱུར།། རྒྱུན་དུ་བསྲིངས་ན་ཐེ་ཙོམ་མེད་པར་འགྲུབ།། དབྱར་ནི་གངས་རི་གཡའ་འདབས་སུ། ། དཔྱིད་ནི་ཆུ་མདོ་གངས་སུ།། སྟོན་ནི་སྤང་དང་འོབས་འདབས་སུ།། དགུན་ནི་དུར་ཁྲོད་ས་ཕུག་བསྒྲུབ།། གཏོར་མ་ནམ་གྱི་གུང་ལ་གཏང།། དངོས་གྲུབ་བརྟན་པར་གཟིགས་པའི་རྒྱུད་ལས། ཚོགས་བདག་ལྕམ་དྲལ་གྱི་དཀྱིལ་འཁོར་བསྟན་པ་དང་རྟགས་བསྟན་པའི་ལེའུ་སྟེ་གསུམ་པའོ།།།། དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་དངོས་གྲུབ་ཡོངས་སུ་རྫོགས་པའི་ཐབས་གསུངས་སོ།། བཻ་ཡེ་ཤེས་ལས་བྱུང་བ། ། གནོད་སྦྱིན་རྒྱལ་པོ་ནོར་གྱི་རྒྱུན།། ཏ་ན་སྒྲོལ་བའི་ལུང་གིས་ཀྱང།། གཉིས་སུ་མེད་ཁོ་ནའི་དོན་རྟོགས་ཀྱང།། བཻ་ཡེ་ཤེས་ལས་བྱུང་བ།། གནོད་སྦྱིན་རྒྱལ་པོ་ནོར་གྱི་རྒྱུན།། ག་ན་སྦྱོར་བའི་ལུང་གིས་ཀྱང། ། མི་ཡི་ཐུགས་དམ་བསྐང་བར་བྱ།། བཻ་ཡེ་ཤེས་ལས་བྱུང་བ།། རྒུ་ཚིག་རྒང་གི་འཁོར་ལོ་བསྟན།། ལྟ་བ་ཟབ་མོའི་དོན་རྫོགས་བྱ།། འཕྲིན་ལས་དགོངས་སྤྱོད་ཚང་བར་བྱ།། ཐུན་གྲུབ་རྟགས་ཀྱི་ཚད་ཕྱིན་པ། ། ཉོན་ཅིག་གནོད་འདུལ་ལྷ་ཡི་གཙོ།། དམར་ལ་དཀར་བ་ཆགས་པ་ནི།། གཉིས་སུ་མེད་པའི་དངོས་གྲུབ་ཐོབ།། འོད་དཀར་དྲི་ཞིམ་དོན་བྱུང་ན།། ལྷ་དང་བཅས་པ་གྲུབ་པ་ཡིན།། འོད་དམར་སྦྲུལ་དུ་ཆགས་པ་ནི། ། ཀླུ་དང་བཅས་པ་མངོན་དུ་འབྱུང།། འོད་ནག་དྲི་མ་མི་ཞིམ་ན།། གནོད་སྦྱིན་འཁོར་གྱིས་བསྐོར་བ་འགྲུབ།། འོད་འཁྲུག་སྙིང་ནི་འཕངས་མཐོ་ན།། གཤིན་རྗེ་འཁོར་དང་ལྡན་པ་ཡིན།། འོད་ལྡན་ནུས་མེད་སྤུ་ཟིང་ནི། ། བར་ཆོད་བྱེད་པས་བཟློག་པར་བྱ།། ཐུན་ཁྲག་ཁོལ་ན་སྒྲིབ་ཡོད་བཤགས།། འགུལ་ཞིང་འདི་ག་ན་ཕོ་ཉ་དགྱེད།། ཁོལ་ཞིང་རླངས་བྱུང་དྲག་པོར་འགྱུར།། ནག་པོ་དུག་ནི་མཐོང་བ་ན།། ཆོས་ཀྱི་དབྱིངས་ཀྱི་དངོས་གྲུབ་ཐོབ། ། དཀར་ན་ཞི་སྟེ་སེར་ན་རྒྱས།། དམར་ན་དབང་སྟེ་ནག་ན་དྲག། གང་གྲུབ་ཁ་དོག་འབྱུང་བ་བཞིས།། འཇམ་ལ་རིང་ན་གླུ་ཡི་སྒྲ།། ཐུང་ལ་རྩུབ་ན་བདུད་ཀྱི་སྒྲ།། འཆད་ཐུང་རྩུབ་ན་གཤིན་རྗེ་ཡིན། ། རྩེ་རྩུབ་ཐུང་ན་གནོད་སྦྱིན་ཉིད།། ཐུང་ཅིང་རྩུབ་ན་ཚོགས་བདག་ཉིད།། འཇམ་རིང་མཉེན་ན་མ་མོ་ཉིད།། དྲི་ཡི་བྱེ་བྲག་བཤད་པ་ནི།། དྲི་ཞིམ་འཕྲོ་བ་ལྷ་དང་ལྡན།། དྲི་ཞིམ་ངད་ལྡན་མ་མོ་སྟེ།། དྲི་མི་ཞིམ་ཞིང་ཉམས་དགའ་ན། ། ཀླུ་ལ་སོགས་པ་ཡིན་པར་བཤད།། བསེ་དྲིའི་དྲི་ལ་སྤུ་ཟིང་ན།། དེ་ནི་བར་ཆད་ཡིན་པར་བཤད།། དེ་ནས་འཁོར་རྣམས་ངོ་མཚར་དུ་གྱུར་ནས། ཚོགས་བདག་ལྕམ་དྲལ་ལ་བསྟོད་པ། ཧཱུཾ། སྐལ་པ་མེ་ལྟར་འབར་བ་ཡི། ། དུར་ཁྲོད་ཆེན་པོའི་དཀྱིལ་འཁོར་ནས།། སྟོབས་ཆེན་དྲང་སྲོང་ལྷ་ཡི་གཙོ།། རྔམ་བྱེད་བདུད་འདུལ་འགྱིང་བག་ཅན།། རྔམ་སྒྲས་འཇིག་རྟེན་ཁམས་ཁྱབ་པ།། མི་ཐུང་ཁྲོ་བོ་འགྱིང་བག་ཅན། ། འདུལ་བྱེད་མཆེ་བས་བདུད་དཔུང་འཇོམས།། སྨ་ར་ཁམ་པས་དུག་གསུམ་བསྲེག། སྨིན་མ་གློག་སྟོང་བསྐལ་པའི་འབྲུག་སྒྲ་སྒྲོགས།། དབུ་སྐྲ་ཁམ་ནག་སྲིད་པའི་རྩེ་ལ་འབར།། ཐོད་རློན་ཐོད་སྐམ་ར་རི་སྐུ་ལ་བརྒྱན་པ་ནི། ། སྐུ་གསུང་ཐུགས་དང་མཉམ་པར་སྦྱོར་བའི་རྟགས།། བདུད་ཀྱི་བེར་ནག་སྐུ་ལ་གསོལ་བ་ནི།། ཆོས་ཀྱི་སྐུ་ལ་འགྱུར་བ་མེད་པའི་རྟགས།། ཞིང་ལྤགས་རློན་པས་སྟོད་གཡོགས་བྱས་པ་ནི། ། དུར་ཁྲོད་གླིང་ནས་མ་མོ་འདུ་བའི་རྟགས།། སྟག་ལྤགས་བརྗིད་པའི་ཤམ་ཐབས་གསོལ་བ་ནི།། གདུག་པའི་ཞེ་སྡང་དབང་དུ་སྡུད་པའི་རྟགས།། སྦྲུལ་ནག་རིགས་བཞིས་སྐུ་ལ་བརྒྱན་པ་ནི།། འཕྲིན་ལས་བཞི་ལ་ཐོགས་པ་མེད་པའི་རྟགས། ། གཡས་པ་གྲི་གུག་འབར་བ་བསྣམས་པ་ནི།། མ་རིག་སྒྲིབ་པ་གཏན་ནས་གཅོད་པའི་རྟགས།། གཡོན་པ་ཐོད་རློན་དམར་གྱིས་བཀང་བ་བསྣམས་པ་ནི།། སྲིད་གསུམ་ཤ་ཁྲག་ཞལ་དུ་གསོལ་བའི་རྟགས། ། ཞབས་གཉིས་བརྐྱང་བསྐུམ་ཚུལ་དུ་བཞུགས་པ་ནི།། རྟག་ཆད་གཉིས་ཀྱི་མཐའ་ལས་འདས་པའི་རྟགས།། མི་རོ་བཾ་ཆེན་སྟེང་ན་བགྲད་དེ་བཞུགས་པ་ནི།། ལྷ་མི་གཡུལ་ལས་རྒྱལ་བའི་རྟགས། ། སྤྱན་གསུམ་ཐད་ཀར་གཟིགས་པ་ནི།། ཁམས་གསུམ་དགེ་སྡིག་བྱ་ར་མཛད་པའི་རྟགས།། བ་ཏི་ཁྲ་བོ་དབུ་ལ་བཅིངས་པ་ནི།། འདོད་ཁམས་ལྷ་ཡི་གཙོ་མོ་འགུགས་པའི་རྟགས།། བདུད་དཔུང་འདུལ་ཕྱིར་དར་ནག་རུ་མཚོན་བསྣམས། ། སྲིན་པོའི་གྲོང་ཁྱེར་འཇོམས་ཕྱིར་ལྕགས་ཀྱི་ཚེ་འབྲང་གསོལ།། ལྷ་མིན་རྡུལ་དུ་རློག་ཕྱིར་ཙན་དན་བེང་ཆེན་བསྣམས།། དགྲ་རྣམས་འདུལ་ཕྱིར་མོན་པ་ནག་པོར་སྤྲུལ།། སྲི་གཅན་འདུལ་ཕྱིར་ཁྱི་ནག་དོམ་བུར་སྤྲུལ། ། རུ་ཏྲ་འདུལ་ཕྱིར་དུར་ཁྲོད་ཀློང་ན་བཞུགས།། ཕོ་ཉ་གཙོ་མཛད་དུར་བྱ་ཀང་ཀ་ལྡིང།། ཁྲག་མཚོའི་གློང་ནས་སྲིད་པའི་མ་མོ་སྡུད།། སྡེ་དཔོན་ཆེན་པོའི་སྐུ་ལ་ཕྱག་འཚལ་བསྟོད། ། བསྐལ་པ་མེ་ལྟར་འབར་བའི་ཀློང་དཀྱིལ་ནས།། རླུང་ནག་འཚུམ་མ་འཁྱིལ་བའི་དཀྱིལ་འཁོར་ནས།། མ་ཅིག་འདོད་པ་ཁམས་ཀྱི་དབང་ཕྱུག་མ།། བདུད་ཀྱི་ཡུམ་ལ་གཤིན་རྗེའི་ལྕམ་ཅིག་མ།། ནག་མོ་རྔམ་པའི་མཆེ་བ་ཅན། ། མཐིང་ནག་གཅེར་བུ་རལ་པ་ཅན།། སྐུ་མདོག་ནག་མོར་བཞུགས་པ་ནི།། དོན་དམ་དབྱིངས་ལ་བསྐྱོད་པ་མེད་པའི་རྟགས།། རལ་པ་གཡས་ནས་གཡོན་དུ་འཁྱིལ་བ་ནི།། ཡུམ་གྱི་མཁལ་ལ་སྤྲུལ་པ་འགྱེད་པའི་རྟགས། ། རལ་པ་སྤྱི་གཙུག་གཅིག་ཏུ་འཁྱིལ་བ་ནི།། སྐྱེ་མེད་དོན་དམ་གཅིག་ཏུ་འཁྱིལ་བའི་རྟགས།། རལ་པའི་གསེབ་ནས་མེ་སྟག་འབར་བ་ནི།། ཐུགས་ཀྱི་སྤྲུལ་པ་ཕྱོགས་བཅུར་འགྱེད་པའི་རྟགས། ། ཐོད་རློན་འབར་བས་དབུ་ལ་བཅིངས་པ་ནི།། ཐུགས་རྗེ་སྤྲུལ་སྐུ་འགྲོ་དོན་མཛད་པའི་རྟགས།། གཡས་ན་སེང་ཆེན་མཚུངས་མེད་མཆོང་བ་ནི།། དམན་ཐོ་ཐམས་ཅད་ཟིལ་གྱིས་གནོན་པའི་རྟགས།། གཡོན་ནས་སྦྲུལ་གྱི་གདེངས་ཀ་འཕྱོ་བ་ནི། ། ཞེ་སྡང་མ་གཡོས་དབྱིངས་སུ་དག་པའི་རྟགས།། སྙན་ཆ་གསེར་གྱི་དྲིལ་བུ་འཁྲོལ་བ་ནི།། སངས་རྒྱས་ཀུན་ལ་བསྙེན་བཀུར་མཛད་པའི་རྟགས།། སྤྱན་རྩ་དམར་ལ་སྡང་མིག་བགྲད་པ་ནི། ། དགྲ་བགེགས་ཐམས་ཅད་རྩད་ནས་གཅོད་པའི་རྟགས།། ཤངས་ནས་ཁྲག་གི་དྲི་སྣོམ་པ།། དཔག་ཚད་བརྒྱད་ཁྲི་གནས་ནས་ལེན་པའི་རྟགས།། ཞལ་ནི་དྲག་པོའི་ཧོམ་ཁུང་གདེངས་པ་དེ། ། དམ་ཉམས་དགྲ་བོ་ཞལ་དུ་རྔུབ་པའི་རྟགས།། རྣོ་དུག་མཆེ་བ་ཟུར་གསུམ་གཙིགས་པ་ནི།། དགྲ་བགེགས་ཤ་ལ་ཆེམ་ཆེམ་གསོལ་བའི་རྟགས།། ཐུགས་རྗེས་ཆགས་པའི་རྟགས་སུ་རཏྟའི་ཐིག་ལེས་བརྒྱན།། དོན་དམ་བཅུད་ཀྱི་རྟགས་སུ་ཞག་གི་ཟོ་རིས་ཅན། ། འདུལ་བྱེད་འཕྲིན་ལས་རྟགས་སུ་ཐལ་ཆེན་མཚན་མ་བཏབ།། ཞིང་ལྤགས་རློན་པ་སྐུ་ལ་གསོལ་བ་ནི།། ཆོས་ཉིད་ཡང་དག་དོན་དང་ལྡན་པའི་རྟགས།། གླང་ཆེན་ཀོ་རློན་སྟོད་གཡོགས་ཕྱེད་དཀྲིས་པ་ནི། ། ཐེག་པ་མཆོག་གི་དོན་དང་ལྡན་པའི་རྟགས།། རེ་ལྡེ་ནག་པོས་གནམ་ཕྱེད་དཀྲིས་པ་ནི།། འཇིག་རྟེན་འདི་ན་ཆེ་བཙན་ལྡན་པའི་རྟགས།། ལྟེ་བའི་དཀྱིལ་ནས་ཉི་མ་འཆར་བ་ནི། ། སྡུག་བསྔལ་རྒྱ་མཚོ་མ་ལུས་སྐེམས་པའི་རྟགས།། ལྕགས་སྒྲོག་འབར་བས་ཞབས་ལ་དཀྲིས་པ་ནི།། འདོད་ཁམས་འདུལ་བའི་དབང་དང་ལྡན་པའི་རྟགས།། གཡས་ན་ཤང་ལང་ནག་པོ་བསྣམས་པ་ནི།། སྡུག་བསྔལ་སྐྱེ་ཤི་རྩད་ནས་གཅོད་པའི་རྟགས། ། འོག་ན་ཐོད་རློན་འཕྲེང་བ་བསྣམས་པ་ནི།། ཐུགས་རྗེས་འཁོར་བའི་གནས་ནས་འདྲེན་པའི་རྟགས།། གཡོན་པ་ཏྲི་ཤུལ་རྩེ་གསུམ་བསྣམས་པ་ནི།། དམ་ཉམས་ཁམས་གསུམ་རྡུལ་དུ་རློག་པའི་རྟགས། ། འོག་ན་ཐོད་རློན་དམར་གྱིས་བཀང་བ་ནི།། སྲིད་གསུམ་ཤ་ཁྲག་ཞལ་དུ་རྔུབ་པའི་རྟགས།། བོང་བུ་ནག་པོ་ཕྱིན་ཕྱོགས་ཞོན་པ་ནི།། གཏི་མུག་དོན་དམ་ཤེས་རབ་ལྡན་པའི་རྟགས། ། སྲིན་པོའི་ཨོག་མས་སྒ་རུ་བྱས་པ་ནི།། བདུད་དང་སྲིན་པོ་ཟིལ་གྱིས་གནོན་པའི་རྟགས།། སྦྲུལ་ནག་ཆུན་པོས་གོང་རྨེད་བྱས་པ་ནི།། ཞེ་སྡང་དབང་གིས་དགྲ་དཔུང་འཇོམས་པའི་རྟགས།། རུ་སྦལ་ནག་པོའི་ཕོ་བུས་བརྒྱན་པ་ནི། ། ཀླུ་རིགས་ཐམས་ཅད་དབང་དུ་སྡུད་པའི་རྟགས།། བདུད་ཀྱི་ཁྲམ་བམ་སྔ་ཤར་བཏགས་པ་ནི།། དམ་ཉམས་གང་ཡིན་ཁྲམ་ལ་འདེབས་པའི་རྟགས།། ནད་ཀྱི་རྐྱལ་པ་ཕྱི་ཤར་བཀལ་བ་ནི།། དཀོན་མཆོག་དབུ་འཕངས་སྨོད་པའི་དགྲ་བོ་ལ།། ནད་ཀ་ཆེན་པོ་འབེབས་པའི་རྟགས།། མ་མོ་འབུམ་ཕྲག་བྲན་དུ་འཁོལ་བ་ནི།། བསྟན་པ་བཤིག་པའི་དགྲ་ལ་དམག་དཔུང་འདྲེན།། མ་བདུད་འབུམ་ཕྲག་ཕོ་ཉར་ད་ཁྱེ་ལ། ། དབུ་འཕངས་སྨོད་པའི་ཉམས་པ་ཁྲིད་ལས་ཤོག། མ་ཅིག་མེ་འབར་ཁ་ནས་རྒྱ་མཚོ་སྐེམས།། མ་ཅིག་ལག་ན་རྡོ་འཕེན་རི་རབ་བསྙིལ།། མ་ཅིག་རལ་པ་མུན་ནག་སྟོང་ཁམས་ཁེབས།། ཁ་ན་མི་ཤ་རློན་པ་ཟ། ། ཁྲག་དང་ཞག་འཛག་རྒྱ་མཚོར་འཁྱིལ།། དཔལ་ཆེན་བུ་མོ་ད་ཚུར་སྤྱོན།། བདག་གིས་བཙུན་པར་ཁྱོད་བསྟོད་ཀྱིས།། མ་ཅིག་ལྷ་མོ་ད་ཚུར་སྤྱོན།། བཅོལ་བའི་ལས་རྣམས་གྲུབ་པར་མཛོད།། དངོས་གྲུབ་བརྟན་པར་གཟིགས་པའི་རྒྱུད་ལས། སྟ་ན་འགའ་ནའི་རྟགས་བརྟན་པ་དང་ལྕམ་དྲལ་ལ་བསྟོད་པའི་ལེའུ་སྟེ་བཞི་པའོ།།།། དེ་ནས་ཡུམ་འདོད་པ་ཁམས་ཀྱི་དབང་ཕྱུག་མས། བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་འཚལ་ནས། ཡཀྵ་ཀྲོ་དྷི་ཤྭ་རི་མའི་ཆ་ལུགས་བཟུང་ནས་གཡོན་ཕྱོགས་སུ་གནས་ཏེ། གར་བྱེད་ཅིང་དམ་དུ་འཁྱུད་པ་དང། འཆོར་བ་དང། འོ་བྱེད་པ་དང། ལིང་ག་ལ་རོལ་པར་བྱེད་ཅིང་ཆེད་དུ་བརྗོད་དོ། ། ཨེ་མ་ཧོ་ཐུགས་རྗེ་ཆེན་པོའི་བདག། བདག་ཀྱང་བསོད་ནམས་སྐལ་བར་ལྡན།། སྙོམས་འཇུག་དབང་གིས་མྱ་ངན་འདས།། ཕྱི་དུས་བསྟན་པ་བསྲུང་བའི་ཕྱིར།། འདས་དང་མ་འདས་ཚུལ་བཟུང་ནས།། ལྷ་སྲིན་སྡེ་བརྒྱད་དབང་བསྡུས་ཏེ། ། སྲིད་གསུམ་ཉམ་ཆུང་བདེ་སྤྱོད་ཅིང།། བསྟན་པ་བཤིག་པ་བསྒྲལ་བར་བགྱིའོ།། ཞེས་བརྗོད་དོ།། བདེ་བ་དང་ལྡན་ནས་རང་གིས་མཐོང་བའི་དོན་ལ་མི་གཡེང་བར་རྟོག་གོ། དེ་ནས་བཅོམ་ལྡན་འདས་ཧེ་རུ་ཀས་རྡོ་རྗེ་གསང་ལམ་དུ་ཧཱུཾ། དགེས་པའི་འཕྲོ་འདུ་བྷ་གར་ཐིམ།། གསང་བ་རྒྱས་པས་འཇིག་རྟེན་ཁམས།། རཀྟ་ཆགས་པས་གཡོས་པར་གྱུར།། དབང་གི་རྡོ་རྗེ་གྱུར་པ་རྣམས།། རྩ་བ་བཏེག་སྟེ་ཡིག་གནས་ནས། ། ཀུན་ནས་རྡོ་རྗེ་གནས་སུ་འདུས།། འཇིག་རྟེན་མི་ལ་སྨན་སླད་དུ།། ཐམས་ཅད་སྤྱི་དཔལ་ཡབ་ཡུམ་ལ།། ནག་མོ་ལ་སོགས་འདོད་ཁམས་ཀྱི།། ལྷ་སྲིན་སྡེ་བརྒྱད་ཡཀྵ་བདུད།། ཡུམ་ཆེན་སྤྱན་གཟིགས་ཡབ་ལ་བསྐུལ། ། ཡབ་ཀྱིས་གནོད་འདུལ་སྟན་ལས་རབ་ལངས་ནས།། བསྐོར་བ་བརྒྱ་ཕྲག་སྟོང་དུ་བྱས།། གུས་པའི་ཚུལ་དུ་མདུན་དུ་ནི།། པུས་བཙུགས་ཐལ་མོ་རབ་སྦྱར་ནས།། བཅོམ་ལྡན་འདས་ལ་འདི་སྐད་གསོལ། ། ཡབ་ཀྱི་དགོངས་པ་ཇི་ལྟ་བུ།། ཉག་གཅིག་ཡབ་ཀྱིས་བཀའ་སྩལ་པ།། བསྙེན་པའི་ཆོ་ག་སྔོན་བཞིན་ལས།། གཟས་ཟིན་ཉ་འམ་མར་ངོ་ལ།། འཁོར་ལོ་དྲུག་པའི་ཆོ་ག་དང།། སྲིན་མོ་ཐུན་གྱིས་གསད་པ་བརྩམ། ། གཏོར་མ་བྱིན་ལ་ལས་རྣམས་བཅོལ།། གདུག་པའི་བར་ཆད་སྤང་བའི་ཕྱིར།། ཞི་བའི་སྦྱིན་སྲེག་བར་དེར་བརྩམ།། བདག་རྟོག་ལོག་རྟོག་ཅན་ལ་ནི།། དགུག་པ་ལས་ཀྱི་ཆོ་ག་ནི།། གླང་ངམ་མཛོ་མོའི་པགས་པ་ལ། ། ནག་པོའི་ཞལ་ནི་ལེགས་བྲིས་ལ།། བྱ་རོག་འུག་པའི་སྒྲོ་རྩ་ཡིས།། དབུས་སུ་འཁོར་ལོ་བརྒྱད་བྲིས་ཏེ།། ཕྱ་རིམ་བཅུ་དྲུག་རྩིབས་དང་ལྡན།། རྔ་མོའི་སྟེང་ན་གནས་པ་སྟེ།། ཕྱི་རོལ་ཐོད་པ་ལྕགས་ཀྱི་འཕྲེང་བ་དག་དང་ལྡན། ། དུག་དང་བྷ་ག་ཁྲག་ཐལ་གསུམ་གྱིས་མིང་རུས་བྲིས།། བྱང་ཤར་མཚམས་སུ་ཁ་བལྟས་ལ།། ཁྲི་ཁྲག་གཅིག་ཏུ་བར་མི་གཅད།། ཤ་ཏུ་བཀུག་ནས་འོང་བར་བསམ།། ཨོཾ་མ་ཧཱ་ཀཱ་ལ་ཧཱུཾ་ཏྲི་ཐུན་མ་ཏྲི་ཏྲི་ཤ་ཀུ་རུ་ནི་ཨཱ་ཀརྵ་ནི་ཧཱུཾ་ཛ་ཛ་ཧྲི་ཧཱུཾ་ཕཊ། དབྱེ་བ་ལས་ཀྱི་ཆོ་ག་ནི།། དུར་ཁྲོད་རས་དང་གྲི་ཁྲག་གིས།། ནག་པོའི་ཞལ་ནི་བྲི་བར་བྱ།། ལུག་དང་སྤྱང་ཁུ་སྟེང་ན་གནས།། བྱ་རོག་འུག་པའི་བར་དུ་གཞུག། འཁོར་ལོ་རྩིབས་ནི་བཅུ་གཉིས་ལ།། བྱ་རོག་ཁྲག་གིས་མིང་རུས་བྲི།། ལྕགས་ཕྱེ་ཡུངས་ཀར་ཤང་ཚེས་བྲབ།། ཕྱི་རོལ་འཁོར་ལོ་མཚོན་ཆས་དགང།། ཨོཾ་རུ་ལུ་རུ་ལུ་ཙཀྲ་རྦད།། ཁ་ལ་ཁ་ལ་མ་ཏྲི་དུ་མ་རྦད། ཆེ་གེ་མོ་པྲ་ཤག་དུན་ཏྲིང་མཱ་ར་ཡ་ཕཊ། ལྷོ་ཡི་ཕྱོགས་སུ་ཁ་བལྟས་ལ།། བྱ་རོག་འུག་པའི་དང་རུས་བརྡེག། དེ་ཡིས་དབྱེ་བྱ་སོ་སོར་འགྲོ།། ལུང་དང་སྤྱང་ཀུ་གཟུགས་མཐོང་བས།། དེ་ཡིས་ཤིན་ཏུ་སོད་པར་བྱེད། ། ཁྲི་ཁྲི་བར་མ་ཆད་པར་བརྡེག། ཤིན་ཏུ་བསྐྲད་པའི་ལས་བྱ།། མ་ཧེ་འམ་དུར་ཁྲོད་རས་མ་ལ།། བྷ་ག་ཁྲག་གི་རབ་སྤངས་ལ།། རྩིབས་དགུའི་འཁོར་ལོ་བྲི།། རྟ་དང་མ་ཧེའི་སྟེང་ན་གནས།། རྟ་ཁྲག་དུག་གིས་ལེགས་བྲིས་ལ། ། ཨོཾ་ཤ་ནི་ཤ་ནི་ཙག་ཏྲ་རྦད། མུགྟི་ཐིང་རྦད། ཆེ་གེ་མོ་ཨུ་ཙ་ཏ་ཡ་དམ་ཕཊ། ལྷོ་ནུབ་མཚམས་སུ་ཁ་བལྟས་ལ།། ཁྲི་ཁྲི་བར་མ་ཆད་པར་བཟླས།། ཤིན་ཏུ་བསྲེག་པའི་ལས་བྱ་ན།། རོ་རས་སམ་ནི་ཞིང་ལྤགས་ལ། ། དྲི་བོའི་ཁྲག་གིས་ལེགས་མཚན་ཏེ།། ནག་པོའི་ཞལ་ནི་བྲི་བར་བྱ།། མཁས་པས་མེ་ཡི་སྟེང་ན་གནས།། ཚ་བ་གསུམ་དང་ལ་ཕུག་ཤིང།། འཁོར་ལོ་བཅུ་དྲུག་བྲི་བར་བྱ།། ཤིན་ཏུ་མིང་རུས་དུག་གིས་བྲི། ། ཨོཾ་ཛྭ་ལ་རཾ་ཛྭ་ལ་རཾ་ཤ་ནི་ཧ་དྷ་རུ་སུ་རུ་ནི་པ་ཙ་པ་ཙ་ནི།། ཡཀྵ་ཀཱ་ལ་ཛ་ལ་རཾ་ཆེ་གེ་མོ་མཱ་ར་ཡ་ཕཊ། ཤར་ལྷོ་མཚམས་སུ་ཁ་བལྟས་ལ།། ཁྲི་ཁྲི་བར་མ་ཆད་པར་བརྡེག། ལ་ཕུག་ནིམ་པ་མེ་ལ་བདུག། ཤིན་ཏུ་གསད་པའི་ལས་བྱ་ན།། དྲི་བོ་དག་གི་པགས་པ་ལ།། ནག་པོའི་ཞལ་ནི་བྲི་བར་བྱ།། བྱ་རོག་འུག་པའི་སྒྲོ་རྩ་འམ།། དེ་ཡི་ལག་པའི་རུས་པ་མཆོག། རྩིབས་བཅུ་པ་ཡི་འཁོར་ལོ་བྲི།། དུག་དང་ཁུ་བ་བཾ་ཁྲག་གིས། ། ཤིན་ཏུ་མིང་རུས་བྲི་བར་བྱ།། དྲག་པོ་ཨེ་ཡི་དབུས་སུ་བཞུགས།། ལྕགས་སམ་ནག་པོའི་ཕུར་པས་བརྡེག། ཀྱོ་འདྲ་མདུང་དང་རལ་གྲིས་གཏུབས།། ཨོཾ་མ་ཧཱ་ཀཱ་ལ་ཙཀྲ་ཀཱ་ལ་བནྡྷ་ཐུམ་བུ་ར་ཏི་ཀུ་རུ་རྦད་རྦད་ཕཊ། བྱང་གི་ཕྱོགས་སུ་ཁ་བལྟས་ལ།། ཁྲི་ཁྲི་བར་མ་ཆད་པར་བཟླས།། གནན་པ་ལས་ཀྱི་ཆོ་ག་ནི།། ནལ་བུ་ཕོ་མོའི་པགས་པ་ལ།། ནག་པོའི་ཞལ་ནི་བྲི་བར་བྱ།། འཁོར་ལོ་རྩིབས་ནི་བཅུ་གཉིས་ལ།། ཤིན་ཏུ་གཟུགས་དང་མིང་རུས་བྲི། ། ཕྱི་རོལ་ཟླུམ་པོ་སྦྲུལ་དང་ནི།། རྡོ་རྗེ་རྒྱ་གྲམ་བྲི་བར་བྱ།། ཨོཾ་མ་ཧཱ་ཀཱ་ལ་ཧ་ན་ཧ་ན་ནཱ་ཤ་ཡ་ནཱ་ཤ་ཡ་ཆེ་གེ་མོ་སྟམྦྷ་ནི་སྟམྦྷ་ནི་མཱ་ར་ཡ་ཧཱུཾ་ཕཊ། ནུབ་ཀྱི་ཕྱོགས་སུ་ཁ་བལྟས་ལ།། ཁྲི་ཁྲི་བར་མ་ཆད་པར་བཟླས། ། བྱང་ལྟའི་ཆུ་མིག་ལྐུགས་པ་རུ།། ས་བདག་མ་མོ་མདུན་སར་གནན།། སྤོགས་པ་ལས་ཀྱི་ཆོ་ག་ནི།། ནག་པོ་སྟོང་ཟ་དཀྱིལ་འཁོར་དུ།། ཐོད་པ་གསུམ་གསུམ་དགུ་ཡིས་བསྐོར།། རལ་གྲི་སྤུ་གྲིས་ཐ་མས་བསྐོར། ། དུམ་བུ་དྲུག་པའི་ཐོད་པ་རུ།། དུག་གི་མ་མོ་བསྐྱེད་ཅིང་བསྒྲུབ།། ཚ་བའི་རྫས་དང་ཏིལ་མར་ཁྲག། རྡོ་གསུམ་ཕྱེད་དང་ཡུངས་ཀར་ལ།། སྤུ་གྲི་དྲག་སྔགས་ཚར་བཅད་གསད།། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་གུ་ན་ཧྲི་ད་ཧཱུཾ་ཙཀྲ་རྦད་ཡཾ་ཡཾ་སྙིང་ཡཾ། ཏྲི་མ་ཁ་ཐུན་སྙིང་ལ་ཙིཏྲ་རུ་རུ་ཏི་སྟ་རྦད་སོད་རིལ་ཡམ་ཁྲམ་བ་ཏི་བྷྱོ། ཙིག་ཙིག་ཡམ་ཡཾ་དུད་ཏྲི་རྦད་ཏྲི་སྐོར་བ་ཁམ་རྦད། ཉ་ནས་ཉི་ཤུ་གཉིས་ལ་གནན། ། དང་པོ་ཕྱོགས་སུ་གཏོར་བྱས་ན།། ལས་རྣམས་འགྲུབ་པར་གདོན་མི་ཟ།། རབས་ཆད་ནག་པོའི་ཐོད་པ་རུ།། ཙིཏྟ་དང་ནི་རཀྟ་དང།། བཙན་དུག་ཡུངས་ཀར་ཉུངས་ནག་ལ།། བྱང་ཤར་མཚམས་ཀྱི་ཁུང་བུ་རུ། ། ཤིན་ཏུ་བཀུག་སྟེ་དེ་ལ་བསྟིམ།། རུ་རུ་ཤིགྟ་ཏྲི་མ་དུ་སོད། སྲོག་ཐུཾ་ཐུཾ་སོད། མ་རག་དུ་སོད། ཁ་རུག་ཤ་མ་སོད། སྲོག་ཐུཾ་ནི་སོད། ནིར་ཡ་ནི་ཡ་ཙ་ཐུཾ་ནི་སོད། ཤ་རྒྱུ་སྙིང་ཕྱུང། སྙིང་རྒྱུ་སྲོག་སོད། སྲོག་རྒྱུད་དབུགས་ལོང། མ་མོ་ཐུཾ་ཐུཾ་ཐོད། ཙ་ཐུན་མཱ་ར་ཡ་སོད། ཤག་ཐུན་མཱ་ར་ཡ་ཐུན་སོད། རུ་རུ་རགྨོ་མཱ་ར་ཡ་ཐུན་སོད། མ་མ་མུགྟི་གྷི་ན་ཐུན་སོད། མ་མ་ཤག་ཐུན་ཏིང་ཐུན་སོད། མ་མ་རྦད་མཱ་ར་ཡ་སོད། ཤག་ཤག་རགྨོ་ཐུན་སོད། ཉ་དང་ཚེས་བརྒྱད་དུས་སུ་གཏོར་མ་སྦྱིན།། བཟློག་གཏོར་མི་བསྡུ་ཆོ་འཕྲུལ་འབྱུང་དུས་གཏང།། དངོས་གྲུབ་བརྟན་པར་གཟིགས་པའི་རྒྱུད་ལས། དུར་ཁྲོད་ཚོགས་ཀྱི་བདག་པོ་ལྕམ་དྲལ་འཁོར་ལོ་བསྐོར་བ་དང་དྲག་སྔགས་ཐུན་གྱིས་གསད་པའི་ལེའུ་སྟེ་ལྔ་པའོ། །།། དེ་ནས་ལྷ་གནོད་འདུལ་གྱིས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། ཡབ་ཀྱི་དགོངས་པ་ཇི་ལྟ་བུ།། དུར་ཁྲོད་བདག་པོ་ལྕམ་དྲལ་གྱི། ། ཐོག་སེར་ལྟས་ངན་ཇི་ལྟ་བུ།། བཅོམ་ལྡན་འདས་ཀྱིས་བཤད་དུ་གསོལ།། མངོན་རྫོགས་ཡབ་ཀྱིས་བཀའ་སྩལ་པ།། དབེན་ལ་དགའ་བའི་གནས་ཉིད་དུ།། མཚམས་བཅད་མཐོ་གཟུགས་གཏོར་མ་གཏང། ། མཎྜལ་གྲུ་བཞི་ཁྲག་གིས་བྱུག། གྲུ་གསུམ་མཐིང་ནག་ཟླ་ཁམ་གསུམ།། གྲུ་བཞི་གྲུ་ཆད་ལྡན་པར་བྲི།། དྲི་བོ་ཕོ་མོའི་ཐོད་པ་རུ།། རྭ་སྙིང་ཕག་སྙིང་སྤྱང་སྙིང་དང།། ར་རོ་ཕག་པ་ཁྲ་བོའི་ཁྲག། བྱ་མོ་ནག་མོའི་སྒོ་ང་དང། ། བདུད་རྩི་ལྔ་དང་ཕུར་ཐལ་དང།། ཆང་དང་སྦྱར་ལ་མོ་ཐོད་བླུགས།། མི་དབང་རྣམ་ལྔ་འབྲས་ནི་སོ་བར་སྦྱར་ལ་རི་ལུས་བྱ། ནལ་བུའི་རྒྱལ་མཚན་དག་ལ་ལྕམ་དྲལ་སྐུ་འང་བྲི།། དྲི་བོ་ཕོ་མོ་ཐོད་པ་ཁ་སྦྱར་ལ། རྡོ་སོལ་གྱིས་ཡ་ཟི། རང་སྔགས་ཀྱིས་བསྐོར། ནང་དུ་གཏོར་མ་དང། རི་ལུ་དང། ཡུལ་དེའི་སྔོ་སྣ་མིང་དབྱིབས་དང། ཉ་ལྕིབས་རྡོ་དྲེག་རྣམས་བླུགས་ལ་རྒྱུ་མས་བཅིངས་ལ། དཀྱིལ་འཁོར་གྱི་དབུས་སུ་བསྒྲུབ། བར་བར་དུ་དུར་ཁྲོད་ཚོགས་ཀྱི་བདག་པོ་དང་གཟའ་དང་རྒྱུ་སྐར་གྱི་བདག་པོ་བསྐྱེད་ལ། ཤིན་ཏུ་ཡུལ་ཁམས་སུ་སེར་བ་ཕོབ་ཅིག་པར་བསྒོ། ནག་མོ་རེ་མ་ཏིས་སྟོན་ཟླ་གསུམ་ལ་ལྕགས་ཀྱི་སེར་བ་རི་རྡིབ་པ་ཙམ་ཕོབ་ཅིག་པར་བསྒོ། དྲག་པོ་གནམ་ལྕགས་ཀྱི་ཟོར་བ་དང་འཕྲབ་ཤིང་ཟངས་ཀྱི་སྐོན་ཙེལ། རྟ་ནག་དང་དྲེའུ་ནག་མཛོན་ག་ལ་བཀལ་བས། ཁོ་ཡི་ཡུལ་བཀང་ནས་ལོ་ཐོག་འཇོམས་པར་བསམས་ལ་འཛབ་བྱ། ཨོཾ་མ་ཧཱ་ཀཱ་ལ་གུན་ཧྲི་ད་ཧཱུཾ་ཛ། ཚོམ་རོལ་ཚོམ་རོལ་ཤར་ཤར་སིལ་སིལ་ཐར་ཐར་རཾ་རཾ་བྷྱོ་བྷྱོ་གྱུ་གྱུ་དུལ་ནལ་དུལ་ནལ་སྭཱ་ཧཱ། ན་ཧི་སད་ཡ་རེ་ཙ་ལི་སད་ཡ་བི་ཀུར་ཏི་བལ་པོ་བལ་ཀ་བྱེ་མ་ལ་ཁ་དྷར་རུ་རུ་ཤ་ཤ་ཤུ་ཤུ། དུཾ་བ་ལེ་དུམ་བ་ལེ་ན་ག་ལེ་ན་ག་ལེ། མེ་པུ་མ་པུ་ན་ཀ་ན་ཀ་ཏ་ཀ་ཏ་ཀ་ཧཱུཾ་ཕཊ། མ་མ་བྷྱོ་རུ་རུ་ས་མ་ཡ་སྟྭཾ་ཛ་ཡ་དུ་མ་དུ་མ་ཡགྴ་མ་ཡ་ཏྲག་རགྴ་བྷྱོ་རགྨོ་དུན་བྷྱོ་ཏི་སྟ་རྦད་ཁྲག་ལ་ཡ་སར་སར་སེར་སེར་ཐུམ་རིལ། ས་མ་ཡ་ལོ་ཐོག་ཆོམ་ཐོག་ཐོབ། ཏྲག་རགྴ་རུ་ལུ་རུ་ལུ་ཏྲང་དུ་སོ་ཏི་སྣིང་ཙེ་དུ་ན་དུ་ན་ཁྲན་དྷ་ཁྲན་དྷ་ཆེ་གེ་མོའི་ལོ་ཐོག་ལ་བྷྱོ་མཱ་ར་ཡ་ཏིག་སྣ་ཏིག་སྣ་བུ་ར་བུ་ར་ལོ་ཐོག་ལ་བྷྱོ་ཡ་ར་པ་ཙ་པ་ཙ་ཚལ་པ་ཚལ་པ་ལོ་ཏོག་བྷྱོ་ཡ་ར། དགུན་གྱི་དུས་ན་ཁ་བ་བུ་ཡུག་ཚུབ་རྟགས་ཡིན། ལུག་དང་བུད་མེད་སྤྱི་རྟགས་ཡིན། དེ་བྱུང་ན་ཐོད་པ་རི་སྣ་འམ་སྐ་མ་གོར་སྦ། ལས་དང་ཟོར་གྱི་དུས་སུ་རྒྱལ་མཚན་རྡབ། གསང་བའི་རྫས་བཞི་སྦྱིན་སྲེག་ཏུ་གཏང། ལྟས་ངན་སྐར་མ་ཝའི་ནུབ་མོ་བྱི་ལ་དང་སྤྱང་ཁུ་སྤྲེའུ་ཝ་གླ་བ་དང་ལྔ་པོ་ཐོད་དུ་བླུགས། སྲིན་བྱ་འུག་པ་ཕོ་རོག་གསུམ་གྱི་ཤ་དང་གཟུགས་མོ་ཐོད་དུ་བླུགས། དར་མཐིང་ནག་གིས་གུར་དབུབ། སྐུད་པ་དཀར་ནག་གིས་བཅིངས་ལ་སྐར་མ་ས་རིའི་ནུབ་མོ་རྦད། མ་ཧཱ་ཀཱ་ལ་ཏྲག་ཆིལ་ར་ཁྲི་རུ་རུ་རཾ་ཡ་རྫས་སྤྲུགས། ད་ན་ཀྲིག་རུ་རུ་རགྨོ་ཨ་ཤུ་ཡཾ། ཐུན་ཧྲིང་རགྨོ་ཁ་ལ་ཙ་ཙ་སྤྲུགས། སྟོང་བཟླས་ལ་དགྲ་ཕྱོགས་སུ་འཕང། དངོས་གྲུབ་བརྟན་པར་གཟིགས་པའི་རྒྱུད་ལས། དུར་ཁྲོད་བདག་པོ་ལྕམ་དྲལ་གྱིས་སེར་བ་དབབ་པ་དང་ལྟས་ངན་གྱི་ལེའུ་སྟེ་དྲུག་པའོ།།།། དེ་ནས་ཡང་ལྷ་གནོད་འདུལ་གྱིས། མངོན་རྫོགས་ཡབ་ལ་འདི་སྐད་གསོལ་ཏོ། ། དུར་ཁྲོད་བདག་པོ་ལྕམ་དྲལ་གྱིས་ནོར་བསྒྲུབ་པ་དངོས་གྲུབ་བླང་བའི་ཐབས་བཤད་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། ཉོན་ཅིག་གནོད་འདུལ་ལྷ་ཡི་གཙོ། ། བཀྲ་ཤིས་ཡིད་འོང་གནས་དེ་རུ།། མཎྜལ་ཟླུམ་པོ་དྲི་ཡི་ཐིག་ལེས་བྱུག། གསེར་དངུལ་རིན་ཆེན་བུམ་པ་རུ།། འབྲུ་དང་རིན་ཆེན་སྣ་ཚོགས་བླུགས།། འཛ་གད་ཕུད་དང་ཤིང་འབྲས་བླུགས།། ཨ་དཀར་པོ་ལས་ལྕམ་དྲལ་བསྐྱེད་དེ། དངོས་གྲུབ་གང་འདོད་ཡི་གེ་གདགས། ཨོཾ་མ་ཧཱ་ཀཱ་ལ་རཏྣ་གི་རུ་ཨ་མུ་ཀ་སིདྷི་ཨ་ཤོ་ཤ་ནི་ཤོ་ཤམ་ནི་སི་ཨ་རུ་རུ་ཏི་སྟ་བ་ཏོ་སི་ཨ་རུ་བག་ཤ་ཨ། སྟོང་བཟླས་ཤིང་དངོས་གྲུབ་བླང་ངོ། ། དངོས་གྲུབ་བརྟན་པར་གཟིགས་པའི་རྒྱུད་ལས། ལྷ་གནོད་འདུལ་ལྕམ་དྲལ་གྱིས་ནོར་བསྒྲུབ་པ་དང་ཕན་གདགས་པའི་ལེའུ་སྟེ་བདུན་པའོ།།།། དེ་ནས་བཅོམ་ལྡན་དཔའ་བོ་ལ།། གནོད་མཛེས་ལྷ་ཡིས་འདི་སྐད་གསོལ། ། རོ་ལངས་དུར་ཁྲོད་བདག་པོ་ཡི།། གསང་བ་སྔགས་ཀྱི་འཕྲེང་བ་མཆོག། ཕྱི་ནང་གསང་བ་གསུམ་གྱི་ཚུལ།། སྲོག་ནས་དྲང་ཞིང་སྙིང་བསྐྱང་ཕྱིར།། བསྙེན་པ་སྔགས་ཀྱི་ཆོ་ག་མཆོག། དཔའ་བོ་ཆེན་པོས་བཤད་དུ་གསོལ། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། ཉོན་ཅིག་གནོད་འདུལ་ལྷ་ཡི་གཙོ།། ཕྱི་ཚུལ་ལྷ་ཡི་དམག་དཔོན་བྱེད།། ནང་ནི་སྲིན་པོའི་སྲོག་ལ་རྔམ།། གསང་བ་བདུད་པོ་སྙིང་ལ་རོལ། ། དེ་ཡི་གསང་སྔགས་འདི་དག་གོ། ཀ་ཁ་ག་གྷ་ང། ཙ་ཚ་ཛ་ཛྷ་ཉ། ཊ་ཋ་ཌ་ཌྷ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཡ་ར་ཝ་ཤ་ཥ་ས་ཧ་ཀྵ། ཨ་ཨཱ། ཨི་ཨཱི། ཨུ་ཨཱུ། རྀ་རཱྀ། ལྀ་ལཱྀ། ཨེ་ཨཻ། ཨོ་ཨཽ། ཨཾ་ཨ། དེ་ནས་ནག་པོ་ཆེན་པོ་ནི། ། ཕྱི་ཚུལ་དབྱངས་ཡིག་བཅུ་བཞི་ལ།། ལྔ་པའི་ལྔ་པས་སྟེང་དུ་བརྒྱན།། ཀུན་གྱི་ཐོག་མར་བརྗོད་པའོ།། ལྔ་པའི་གསུམ་པ་བཟུང་བ་ལ།། སྡེ་ཚན་གཉིས་པའི་གསུམ་པ་ལ།། དྲུག་པའི་གཉིས་པོ་འོག་ཏུ་བསྙད། ། སྡེ་ཚན་དྲུག་པའི་དང་པོ་ལ།། དང་པོ་ཡི་ནི་གསུམ་པ་གཞག། བདུན་པ་ཡི་ནི་ཐ་མ་བཟུང།། གསུམ་པའི་བཞི་པ་བཟུང་བ་ལ།། དབྱངས་ཡིག་བཅུ་གཅིག་སྟེང་དུ་བརྒྱན།། ལྔ་པ་ཡི་ནི་བཞི་པ་བཟུང། ། ལྔ་པའི་ལྔ་པ་བཟུང་བ་ལ།། བདུན་པ་ཡི་ནི་བཞི་པར་བརྗོད།། དང་པོ་ཡི་ནི་དང་པོ་དང།། དྲུག་པ་ཡི་ནི་གསུམ་པ་གསུང།། དང་པོ་དང་པོ་བཟུང་བ་ལ།། དྲུག་པའི་གཉིས་པས་འོག་ཏུ་བསྙད།། དབྱངས་ཡིག་བཅུ་གསུམ་སྟེང་དུ་བརྒྱན། ། གསུམ་པ་ཡི་ནི་དང་པོ་བཟུང།། བདུན་པ་ཡི་ནི་བཞི་པ་ལ།། དབྱངས་ཡིག་དྲུག་པས་འོག་ཏུ་བརྒྱན།། དང་པོའི་ལྔ་པས་སྟེང་དུ་མཛེས།། སྡེ་ཚན་གཉིས་པའི་གསུམ་པ་ལ།། དབྱངས་ཡིག་བཅུ་གསུམ་སྟེང་དུ་བརྒྱན། ། གསུམ་པ་ཡི་ནི་དང་པོ་བཟུང།། བདུན་པ་ཡི་ནི་བཞི་པ་ལ།། དབྱངས་ཡིག་དྲུག་པས་འོག་ཏུ་བརྒྱན།། དང་པོའི་ལྔ་པས་སྟེང་དུ་མཛེས།། སྡེ་ཚན་གཉིས་པའི་གསུམ་པ་ལ། ། དབྱངས་ཡིག་གཉིས་པས་འོག་ཏུ་བསྙད།། བལྟབ་སྟེ་གསུམ་དུ་བརྗོད་པ་ནི།། ཡབ་ཀྱི་སྙིང་ནས་དྲང་བ་འོ།། དང་པོར་རྣམ་པར་སྣང་མཛད་བཞག། ལྔ་པ་ཡི་ནི་གསུམ་པ་གཟུང།། དྲུག་པ་ཡི་ནི་གཉིས་པས་བསྙད། ། དྲུག་པའི་དང་པོ་གཟུང་བ་ལ།། དང་པོ་ཡི་ནི་གསུམ་པ་བཞག། བདུན་པ་ཡི་ནི་ལྔ་པ་གཟུང།། གསུམ་པ་ཡི་ནི་བཞི་པ་ལ།། དབྱངས་ཡིག་བཅུ་གཅིག་སྟེང་དུ་བརྒྱན།། ལྔ་པ་ཡི་ནི་བཞི་པ་གཟུང།། ལྔ་པ་ཡི་ནི་ལྔ་པ་བརྗོད། ། བདུན་པ་ཡི་ནི་བཞི་པ་གཟུང།། ལྔ་པ་ཡི་ནི་དང་པོ་ལ།། དབྱངས་ཡིག་བཅུ་གཅིག་སྟེང་དུ་བརྒྱན།། བཞི་པ་ཡི་ནི་དང་པོ་གཟུང།། དྲུག་པ་ཡི་ནི་གསུམ་པ་ལ།། དབྱངས་ཡིག་བཅུ་པས་སྟེང་དུ་བརྒྱན། ། བདུན་པ་ཡི་ནི་བཞི་པ་ལ།། དབྱངས་ཡིག་དྲུག་པས་འོག་ཏུ་བརྒྱན།། དང་པོའི་ལྔ་པས་སྟེང་དུ་མཛེས།། གཉིས་པ་ཡི་ནི་གསུམ་པ་ལ།། དབྱངས་ཡིག་གཉིས་པས་འོག་ཏུ་བརྒྱན།། ལན་གསུམ་བརྗོད་པས་ཡུམ་གྱི་ཡིན། ། དང་པོར་རྣམ་པར་སྣང་མཛད་གཞག། ལྔ་པའི་ལྔ་པ་བཟུང་བ་ལ།། བདུན་པ་ཡི་ནི་བཞི་པ་གཞག། དང་པོ་ཡི་ནི་དང་པོ་དང།། དྲུག་པ་ཡི་ནི་གསུམ་པ་གཞག། དབྱངས་ཡིག་གཉིས་པ་བཟུང་བ་ལ། ། དང་པོ་ཡི་ནི་གསུམ་པ་བཞག། དབྱངས་ཡིག་དྲུག་པས་འོག་ཏུ་བསྙད།། གསུམ་པ་ཡི་ནི་ལྔ་པ་གཟུང།། བདུན་པ་ཡི་ནི་བཞི་པ་ལ།། དྲུག་པ་ཡི་ནི་གཉིས་པ་བསྙད།། དབྱངས་ཡིག་དགུ་པས་སྟེང་དུ་བརྒྱན། ། གསུམ་པའི་བཞི་པ་གཟུང་བ་དང།། བདུན་པ་ཡི་ནི་བཞི་པ་ལ།། དབྱངས་ཡིག་དྲུག་པས་འོག་ཏུ་བརྒྱན།། དང་པོའི་ལྔ་པས་མཛེས་པའོ།། གཉིས་པའི་གསུམ་པ་གཟུང་བ་ལ།། དབྱངས་ཡིག་གཉིས་པ་འོག་ཏུ་བསྙད། ། དུར་ཁྲོད་བདག་པོ་ནང་གི་ཡིན།། བཞི་པའི་དང་པོ་བཟུང་བ་ལ།། དྲུག་པའི་གཉིས་པས་འོག་ཏུ་བསྙད།། དང་པོ་ཡི་ནི་གསུམ་པ་གཞག། དྲུག་པའི་གཉིས་པ་བཟུང་བ་དང།། དང་པོ་ཡི་ནི་གསུམ་པ་བཞག། བདུན་པ་ཡི་ནི་དང་པོ་བཟུང།། གསུམ་པ་ཡི་ནི་བཞི་པ་ལ།། དབྱངས་ཡིག་བཅུ་གཅིག་སྟེང་དུ་བརྒྱན།། ལྔ་པའི་གསུམ་པ་བཟུང་བ་ལ།། དབྱངས་ཡིག་གསུམ་པས་སྟེང་དུ་བརྒྱན།། ལྔ་པའི་ལྔ་པ་བཟུང་བ་ལ། ། བདུན་པ་ཡི་ནི་བཞི་པ་བཟུང།། དང་པོ་ཡི་ནི་དང་པོ་བཟུང།། དྲུག་པ་ཡི་ནི་གསུམ་པ་ལ།། དབྱངས་ཡིག་གསུམ་པས་སྟེང་དུ་བརྒྱན།། དྲུག་པའི་དང་པོ་བཟུང་བ་ལ།། དབྱངས་ཡིག་བཅུ་གཅིག་སྟེང་དུ་བརྒྱན། ། ལྔ་པའི་བཞི་པ་བཟུང་བ་ལ།། དྲུག་པའི་དང་པོ་ཕྱིན་ཕྱོགས་བརྒྱན།། དབྱངས་ཡིག་བཅུ་གསུམ་སྟེང་མཛེས་པའོ།། གཉིས་པའི་གསུམ་པ་བཟུང་བ་དང།། འཆང་དང་འཁྱུད་པ་ཡུམ་གྱི་ཡིན།། ཐོག་མར་རྣམ་པར་སྣང་མཛད་བཞག། བདུན་པའི་བཞི་པ་བཟུང་བ་ལ།། དབྱངས་ཡིག་བཅུ་གཅིག་སྟེང་དུ་བརྒྱན།། ལྔ་པའི་བཞི་པ་བཟུང་བ་ལ།། དབྱངས་ཡིག་བཅུ་གཅིག་སྟེང་དུ་བརྒྱན།། བཞི་པའི་གསུམ་པ་བཟུང་བ་ལ། ། དབྱངས་ཡིག་དྲུག་པས་འོག་ཏུ་བརྒྱན།། དབྱངས་ཡིག་གཉིས་པ་བཟུང་བ་ལ།། ལྔ་པ་ཡི་ནི་གསུམ་པ་དང།། དྲུག་པ་ཡི་ནི་གཉིས་པ་བཞག། ལྔ་པའི་ལྔ་པ་བཟུང་བ་དང།། ལྔ་པའི་གསུམ་པ་བཟུང་བ་ལ། ། དབྱངས་ཡིག་བཅུ་གཅིག་སྟེང་དུ་བརྒྱན།། བཞི་པའི་གསུམ་པ་བཟུང་བ་ལ།། དབྱངས་ཡིག་ལྔ་པས་འོག་ཏུ་བརྒྱན།། དབྱངས་ཡིག་གཉིས་པ་བཟུང་བ་ལ།། ལྔ་པ་ཡི་ནི་གསུམ་པ་བཞག། དབྱངས་ཡིག་བཞི་པས་སྟེང་དུ་བརྒྱན། ། བདུན་པའི་གསུམ་པ་བཟུང་བ་ལ།། བཞི་པ་ཡི་ནི་ལྔ་པས་བསྙད།། དབྱངས་ཡིག་ལྔ་པས་འོག་ཏུ་བརྒྱན།། ལྔ་པའི་གསུམ་པ་བཟུང་བ་ལ།། དབྱངས་ཡིག་བཅུ་གཅིག་སྟེང་དུ་བརྒྱན།། བཞི་པའི་གསུམ་པ་བཟུང་བ་དང། ། དབྱངས་ཡིག་ལྔ་པས་འོག་ཏུ་བརྒྱན།། གཉིས་པ་ཡི་ནི་གསུམ་པ་ལ།། དབྱངས་ཡིག་གཉིས་པས་བསྙད་པ་གཉིས་སུ་བརྗོད།། བདུན་པ་ཡི་ནི་བཞི་པ་ལ།། དབྱངས་ཡིག་དྲུག་པས་འོག་ཏུ་བརྒྱན། ། དང་པོ་ལྔ་པས་སྟེང་དུ་མཛེས།། དུར་ཁྲོད་བདག་པོ་གསང་བའི་སྔགས།། དང་པོར་རྣམ་པར་སྣང་མཛད་བཞག། ལྔ་པའི་གསུམ་པ་བཟུང་བ་དང།། གཉིས་པའི་གསུམ་པ་བཟུང་བ་ལ།། དྲུག་པའི་གཉིས་པས་འོག་ཏུ་བསྙད། ། བདུན་པའི་གསུམ་པ་བཟུང་བ་ལ།། གཉིས་པ་ཡི་ནི་ལྔ་པ་བསྙད།། དབྱངས་ཡིག་བཞི་པས་སྟེང་དུ་བརྒྱན།། དང་པོ་ཡི་ནི་ལྔ་པ་བཞག། དང་པོ་ཡི་ནི་གཉིས་པ་བཟུང།། དྲུག་པའི་གཉིས་པ་བཟུང་བ་ལ། ། དང་པོ་ཡི་ནི་གསུམ་པ་བཞག། དབྱངས་ཡིག་དང་པོ་བཟུང་བ་ལ།། དབྱངས་ཡིག་བཅུ་གཅིག་སྟེང་དུ་བརྒྱན།། དང་པོ་ཡི་ནི་དང་པོ་བཟུང།། དྲུག་པའི་གཉིས་པ་བཟུང་བ་ལ།། དང་པོ་ཡི་ནི་གསུམ་པ་བཞག། ལྔ་པའི་ལྔ་པ་བཟུང་བ་ལ།། དབྱངས་ཡིག་བཅུ་གསུམ་སྟེང་དུ་བརྒྱན།། དྲུག་པའི་དང་པོ་བཟུང་བ་ལ།། དང་པོ་ཡི་ནི་གསུམ་པ་བཞག། ལྔ་པའི་ལྔ་པ་བཟུང་བ་ལ།། དབྱངས་ཡིག་བཅུ་གསུམ་སྟེང་དུ་བརྒྱན། ། གཉིས་པའི་གསུམ་པ་ལན་གཉིས་བརྗོད།། བདུན་པ་ཡི་ནི་བཞི་པ་བཟུང།། དབྱངས་ཡིག་དྲུག་པས་འོག་ཏུ་བརྒྱན།། དང་པོ་ལྔ་པ་སྟེང་དུ་མཛེས།། གཅེར་བུ་བོང་ཞོན་གསང་བའི་སྔགས། ། དེ་ནས་ནག་པོ་ཆེན་པོ་ནི།། འཇིག་རྟེན་ཚུལ་དུ་སྐུ་སྤྲུལ་ནས།། རྔམ་པ་སྟག་གི་གདན་ཅན་གྱི།། དེ་ཉིད་བསྒྲུབ་པའི་སྙིང་པོ་འདི།། དང་པོར་རྣམ་པར་སྣང་མཛད་བཞག། བདུན་པའི་དང་པོ་བཟུང་བ་དང། ། སྡེ་ཚན་དྲུག་པའི་གཉིས་པས་བསྙད།། དབྱངས་ཡིག་གསུམ་པས་སྟེང་དུ་བརྒྱན།། ལྔ་པའི་ལྔ་པ་བཟུང་བ་དང།། བདུན་པ་ཡི་ནི་བཞི་པ་བཟུང།། དང་པོ་ཡི་ནི་དང་པོ་བཟུང།། དེ་ནས་དྲུག་པའི་གསུམ་པ་བཟུང། ། བཞི་པའི་དང་པོ་བཟུང་བ་ལ།། དྲུག་པ་ཡི་ནི་གཉིས་པ་བསྙད།། དེ་ལ་དང་པོའི་གསུམ་པ་བཞག། བདུན་པའི་དང་པོ་བཟུང་བ་ལ།། བཞི་པ་ཡི་ནི་གསུམ་པ་བཞག། བདུན་པའི་གསུམ་པ་བཟུང་བ་ལ། ། དབྱངས་ཡིག་གསུམ་པས་སྟེང་དུ་བརྒྱན།། བཞི་པའི་དང་པོ་བཟུང་བ་ལ།། དབྱངས་ཡིག་གསུམ་པས་སྟེང་དུ་བརྒྱན།། དྲུག་པའི་དང་པོ་བཟུང་བ་ལ།། ལྔ་པ་ཡི་ནི་ལྔ་པ་བཞག། བཞི་པའི་གསུམ་པ་བཟུང་བ་ལ། ། དབྱངས་ཡིག་ལྔ་པས་འོག་ཏུ་བརྒྱན།། གཉིས་པའི་གསུམ་པ་བཟུང་བ་ནི།། དེ་ནི་རྔམ་པ་སྟག་ཅན་གྱིའོ།། ཕྱག་ན་ཙན་དན་བེང་ཆེན་བསྣམས།། ཁམ་ནག་སྐྲ་ཡང་གྱེན་དུ་བརྫེས།། དབྱངས་ཡིག་བཅུ་བཞི་བཟུང་བ་ལ། ། ལྔ་པའི་ལྔ་པས་སྟེང་དུ་བརྒྱན།། བདུན་པའི་དང་པོ་བཟུང་བ་ལ།། དྲུག་པའི་གཉིས་པས་འོག་ཏུ་བསྙད།། དབྱངས་ཡིག་གསུམ་པས་སྟེང་དུ་བརྒྱན།། ལྔ་པ་ཡི་ནི་ལྔ་པ་བཟུང།། བདུན་པ་ཡི་ནི་བཞི་པ་དང། ། དང་པོ་ཡི་ནི་དང་པོར་བཟུང།། དྲུག་པ་ཡི་ནི་གསུམ་པ་བཟུང།། བཞི་པའི་དང་པོ་བཟུང་བ་ལ།། དྲུག་པའི་གཉིས་པས་འོག་ཏུ་བསྙད།། དབྱངས་ཡིག་གསུམ་པས་སྟེང་དུ་བརྒྱན།། དྲུག་པའི་དང་པོ་བཟུང་བ་ལ། ། ལྔ་པ་ཡི་ནི་ལྔ་པ་བཞག། གཉིས་པའི་གསུམ་པ་བཟུང་བ་ནི།། གསོད་བྱ་འཇིག་རྟེན་པ་ཡིན་ནོ།། དུར་ཁྲོད་བདག་པོ་ཆེན་པོ་ནི།། དྲག་ལ་མཐུ་རྩལ་དྲག་ལྡན་པའི།། མཚོན་ཆ་འཁོར་ལོ་བསྐོར་བ་ཡི།། སེང་གེ་ཤ་ལ་རུབ་པ་བཞིན། ། ལྔ་པའི་ལྔ་པ་བཟུང་བ་དང།། དེ་ནས་བདུན་པའི་བཞི་པ་བཟུང།། དང་པོ་ཡི་ནི་དང་པོ་བཟུང།། དེ་ནས་དྲུག་པའི་གསུམ་པ་བཟུང།། བཞི་པའི་ཐ་མ་བཟུང་བ་ལ།། དྲུག་པའི་གཉིས་པའི་འོག་ཏུ་བསྙད། ། དབྱངས་ཡིག་གསུམ་པས་སྟེང་དུ་བརྒྱན།། བཞི་པའི་གཉིས་པ་བཟུང་བ་ལ།། དབྱངས་ཡིག་ལྔ་པས་འོག་ཏུ་བརྒྱན།། ལྔ་པ་ཡི་ནི་ལྔ་པ་བཞག། དྲུག་པའི་གསུམ་པ་བཟུང་བ་ལ།། ལྔ་པ་ཡི་ནི་ལྔ་པ་བཞག། བཞི་པའི་གཉིས་པ་བཟུང་བ་ལ།། དབྱངས་ཡིག་ལྔ་པས་འོག་ཏུ་བརྒྱན།། ལྔ་པ་ཡི་ནི་ལྔ་པ་བཞག། དྲུག་པའི་གཉིས་པ་བཟུང་བ་ལ།། དབྱངས་ཡིག་གསུམ་པས་སྟེང་དུ་བརྒྱན།། དྲུག་པ་ཡི་ནི་གསུམ་པ་བཞག། དྲུག་པའི་གཉིས་པ་བཟུང་བ་ལ།། ལྔ་པའི་གསུམ་པ་འོག་ཏུ་བསྙད།། བཞི་པ་ཡི་ནི་གསུམ་པ་བཞག། ལྔ་པའི་དང་པོ་བཟུང་བ་ལ།། དབྱངས་ཡིག་ལྔ་པ་འོག་ཏུ་བསྙད།། བཞི་པའི་ལྔ་པ་བཟུང་བ་ལ། ། དྲུག་པའི་གཉིས་པ་འོག་ཏུ་བསྙད།། དབྱངས་ཡིག་གསུམ་པས་སྟེང་དུ་བརྒྱན།། གཉིས་པ་ཡི་ནི་གསུམ་པ་བཟུང།། བདུན་པའི་གསུམ་པ་བཟུང་བ་ལ།། གཉིས་པའི་ལྔ་པ་འོག་ཏུ་བསྙད།། དབྱངས་ཡིག་གསུམ་པས་སྟེང་དུ་བརྒྱན། ། དང་པོ་ཡི་ནི་ལྔ་པ་བཞག། དྲུག་པ་ཡི་ནི་གསུམ་པ་བཞག། དྲུག་པ་ཡི་ནི་དང་པོ་བཟུང།། བདུན་པའི་གསུམ་པ་བཟུང་བ་ལ།། ལྔ་པ་ཡི་ནི་ལྔ་པས་བསྙད།། དབྱངས་ཡིག་བཅུ་གཅིག་སྟེང་དུ་བརྒྱན། ། བཞི་པའི་གསུམ་པ་བཟུང་བ་ལ།། དབྱངས་ཡིག་ལྔ་པས་འོག་ཏུ་བརྒྱན།། བདུན་པའི་དང་པོ་བཟུང་བ་ལ།། དང་པོ་ཡི་ནི་གསུམ་པ་བཞག། དུར་ཁྲོད་བདག་པོ་རྦད་པ་ཡིན།། ལྔ་པའི་ལྔ་པ་བཟུང་བ་ལ། ། བདུན་པ་ཡི་ནི་བཞི་པ་བཟུང།། དང་པོ་ཡི་ནི་དང་པོ་བཟུང།། དྲུག་པའི་གསུམ་པ་བཟུང་བ་དང།། བཞི་པ་ཡི་ནི་ལྔ་པ་ལ།། དྲུག་པའི་གཉིས་པ་འོག་ཏུ་བསྙད།། དབྱངས་ཡིག་གསུམ་པས་སྟེང་དུ་བརྒྱན། ། བདུན་པའི་གསུམ་པ་བཟུང་བ་ལ།། གཉིས་པའི་ལྔ་པ་འོག་ཏུ་བསྙད།། དབྱངས་ཡིག་གསུམ་པས་སྟེང་དུ་བརྒྱན།། དང་པོ་ཡི་ནི་ལྔ་པ་བཞག། དབྱངས་ཡིག་གསུམ་པའི་སྟེང་དུ་བརྒྱན།། དྲུག་པའི་གསུམ་པ་བཟུང་བ་ལ། ། དབྱངས་ཡིག་གཉིས་པས་འོག་ཏུ་བསྙད།། བཞི་པའི་གཉིས་པ་བཟུང་བ་ལ།། དབྱངས་ཡིག་དྲུག་པས་འོག་ཏུ་བསྙད།། ལྔ་པ་ཡི་ནི་ལྔ་པ་བཞག། དྲུག་པའི་གསུམ་པ་བཟུང་བ་ལ།། ལྔ་པ་ཡི་ནི་ལྔ་པ་བཞག། བཞི་པའི་གཉིས་པ་བཟུང་བ་ལ།། དབྱངས་ཡིག་ལྔ་པས་འོག་ཏུ་བསྙད།། ལྔ་པ་ཡི་ནི་ལྔ་པ་བཞག། དྲུག་པའི་གཉིས་པ་བཟུང་བ་ལ།། དབྱངས་ཡིག་བཞི་པས་སྟེང་དུ་བརྒྱན།། དྲུག་པ་ཡི་ནི་གསུམ་པ་བཞག། དྲུག་པ་ཡི་ནི་གསུམ་པ་ལ།། དབྱངས་ཡིག་ལྔ་པའི་འོག་ཏུ་བརྒྱན།། བདུན་པ་ཡི་ནི་གསུམ་པ་བཞག། དེ་ནས་དྲུག་པའི་གསུམ་པ་བཞག། དྲུག་པ་ཡི་ནི་དང་པོ་བཟུང།། དྲུག་པའི་གཉིས་པ་བཟུང་བ་ལ།། ལྔ་པ་ཡི་ནི་གསུམ་པས་བསྙད། ། བཞི་པ་ཡི་ནི་གསུམ་པ་བཞག། ལྔ་པའི་དང་པོ་བཟུང་བ་ལ།། དབྱངས་ཡིག་ལྔ་པས་འོག་ཏུ་བརྒྱན།། དེ་ལ་ཡང་ནི་ལན་གཉིས་བརྗོད།། བཞི་པའི་ལྔ་པ་བཟུང་བ་ལ། ། དྲུག་པའི་གཉིས་པ་འོག་ཏུ་བསྙད།། དབྱངས་ཡིག་གསུམ་པས་སྟེང་དུ་བརྒྱན།། བདུན་པའི་དང་པོ་བཟུང་བ་ལ།། དང་པོ་ཡི་ནི་གསུམ་པ་བཞག། བདུན་པའི་གསུམ་པ་བཟུང་བ་ལ།། གཉིས་པའི་ལྔ་པ་འོག་ཏུ་བསྙད། ། དང་པོ་ཡི་ནི་ལྔ་པ་བཞག། དབྱངས་ཡིག་བདུན་པས་སྟེང་དུ་བརྒྱན།། དྲུག་པ་ཡི་ནི་གསུམ་པ་བཟུང།། དེ་ནས་དྲུག་པའི་དང་པོ་བཟུང།། དང་པོའི་གཉིས་པ་བཟུང་བ་ལ།། དྲུག་པའི་གཉིས་པས་འོག་ཏུ་བསྙད། ། དང་པོ་ཡི་ནི་གསུམ་པ་བཞག། བཞི་པའི་གཉིས་པ་བཟུང་བ་ལ།། དབྱངས་ཡིག་བདུན་པས་སྟེང་དུ་བརྒྱན།། དེ་ལ་ལྔ་པའི་གསུམ་པ་དང།། བདུན་པ་ཡི་ནི་གསུམ་པ་བཞག། དྲུག་པའི་གཉིས་པ་བཟུང་བ་ལ། ། ལྔ་པའི་གསུམ་པ་འོག་ཏུ་བསྙད།། བཞི་པ་ཡི་ནི་གསུམ་པ་བཞག། དང་པོའི་དང་པོ་བཟུང་བ་ལ།། དྲུག་པའི་གསུམ་པ་འོག་ཏུ་བསྙད།། དབྱངས་ཡིག་གསུམ་པ་སྟེང་བརྒྱན་ལ།། དང་པོ་ཡི་ནི་ལྔ་པ་བཞག། བཞི་པ་ཡི་ནི་གསུམ་པ་ལ།། དབྱངས་ཡིག་ལྔ་པས་འོག་ཏུ་བརྒྱན།། དྲུག་པ་ཡི་ནི་གཉིས་པ་ལ།། ལྔ་པའི་གསུམ་པས་འོག་ཏུ་བསྙད།། བཞི་པ་ཡི་ནི་གསུམ་པ་བཞག། བདུན་པ་ཡི་ནི་གསུམ་པ་ལ།། དྲུག་པའི་གཉིས་པས་འོག་ཏུ་བསྙད། ། དབྱངས་ཡིག་བཅུ་གསུམ་སྟེང་བརྒྱན་ལ།། དང་པོ་ཡི་ནི་གསུམ་པ་བཞག། དྲུག་པ་ཡི་ནི་གཉིས་པ་ལ།། གཉིས་པའི་དང་པོ་འོག་ཏུ་བསྙད།། བདུན་པ་ཡི་ནི་གསུམ་པ་ལ། ། དབྱངས་ཡིག་བཅུ་གཅིག་སྟེང་དུ་བརྒྱན།། ལྔ་པ་ཡི་ནི་གསུམ་པ་བཞག། གཉིས་སུ་བརྗོད་པར་བྱ་བ་ཡིན།། བདུན་པ་ཡི་ནི་བཞི་པ་ལ།། དེ་ལ་ལྔ་པའི་གསུམ་པ་བཞག། གོང་མ་བཞིན་དུ་ལན་གཉིས་བརྗོད། ། གཉིས་པ་ཡི་ནི་གསུམ་པ་ལ།། དབྱངས་ཡིག་གཉིས་པས་འོག་ཏུ་བརྒྱན།། ལྔ་པ་ཡི་ནི་ལྔ་པ་དང།། དྲུག་པ་ཡི་ནི་གཉིས་པ་བཟུང།། དྲུག་པ་ཡི་ནི་དང་པོ་བཟུང།། བདུན་པའི་བཞི་པ་བཟུང་བ་ལ། ། དབྱངས་ཡིག་དྲུག་པས་འོག་བརྒྱན་ལ།། དང་པོའི་ལྔ་པས་སྟེང་དུ་བརྒྱན།། ལྔ་པ་ཡི་ནི་གཉིས་པ་ལ།། གསུམ་པ་ཡི་ནི་དང་པོ་བཞག། དུར་ཁྲོད་བདག་པོའི་གསད་པའི་སྔགས།། དེ་ནས་བདུད་པོ་ནག་པོ་ནི། ། བདུད་བེར་གསེར་ག་བཙན་དན་བེང།། ཀླད་ཁྲག་ཙིཏྟ་སྦེད་སྣོད་བར།། སྐུ་ལ་རྟེན་ཏེ་མེ་ཆེན་འབར།། སྲོག་ལ་རྔམ་པའི་འཁོར་གསུམ་ཡང།། ཕག་དང་རྔ་མོ་སྟག་གི་མགོ། གཡས་པ་གསུམ་ཀའི་ཕྱག་མཚན་ནི། ། གྲི་གུག་ཁ་ཊྭཱཾ་སྟེ་ལེབ་ཐོགས།། གཡོན་པ་གསུམ་ཀ་ཐོད་པ་འཛིན།། འཁོར་གསུམ་བསྐོར་བའི་སྲོག་གི་སྔགས།། མངོན་རྫོགས་ཡབ་ཀྱི་སྦྱན་སྔར་བརྗོད།། དབྱངས་ཡིག་བཅུ་བཞི་བཟུང་བ་ལ།། ལྔ་པའི་ལྔ་པས་སྟེང་དུ་བརྒྱན། ། བདུན་པའི་དང་པོ་བཟུང་བ་ལ།། དྲུག་པའི་གཉིས་པས་འོག་ཏུ་བསྙད།། དབྱངས་ཡིག་གསུམ་པས་སྟེང་དུ་བརྒྱན།། ལྔ་པ་ཡི་ནི་ལྔ་པ་དང།། བདུན་ཡི་ནི་བཞི་པ་བཟུང།། དང་པོ་ཡི་ནི་དང་པོ་དང། ། དྲུག་པ་ཡི་ནི་གསུམ་པ་བཟུང།། དྲུག་པ་ཡི་ནི་གཉིས་པ་ལ།། དབྱངས་ཡིག་ལྔ་པས་འོག་ཏུ་བརྒྱན།། ལྔ་པ་ཡི་ནི་དང་པོ་བཟུང།། བདུན་པ་ཡི་ནི་བཞི་པ་ལ།། དབྱངས་ཡིག་དྲུག་པས་འོག་ཏུ་བརྒྱན། ། དང་པོ་ལྔ་པ་སྟེང་དུ་བཞག། ལྔ་པ་ཡི་ནི་གཉིས་པ་ལ།། གསུམ་པ་ཡི་ནི་དང་པོ་བཞག། ནག་པོ་བདུད་ཀྱི་སྲོག་སྔགས་ཡིན།། ལྔ་པ་ཡི་ནི་ལྔ་པ་དང།། བདུན་པ་ཡི་ནི་བཞི་པ་བཟུང།། དང་པོ་ཡི་ནི་དང་པོ་དང། ། དྲུག་པ་ཡི་ནི་གསུམ་པ་བཟུང།། དྲུག་པ་ཡི་ནི་གཉིས་པ་ལ།། དང་པོ་ཡི་ནི་གཉིས་པ་བཞག། བདུན་པ་ཡི་ནི་ཐ་མ་བཟུང།། བཞི་པ་ཡི་ནི་གསུམ་པ་ལ།། དབྱངས་ཡིག་ལྔ་པས་འོག་ཏུ་བརྒྱན།། ལྔ་པའི་གསུམ་པ་བཟུང་བ་ལ། ། དབྱངས་ཡིག་བཅུ་གཅིག་སྟེང་དུ་བརྒྱན།། དང་པོ་ཡི་ནི་ལྔ་པ་བཞག། བཞི་པ་ཡི་ནི་ལྔ་པ་ལ།། དྲུག་པའི་གཉིས་པ་འོག་ཏུ་བསྙད།། དབྱངས་ཡིག་གསུམ་པས་སྟེང་དུ་བརྒྱན།། གཉིས་པའི་གསུམ་པས་བཟུང་བ་ནི། ། འཁོར་གསུམ་གཅིག་ཏུ་དྲིལ་བའི་སྔགས།། ནག་པོ་གསུམ་གྱི་སྙིང་དང་ཁྲག། གྲི་རྒོད་སྙིང་ཆེན་མ་ཉམས་པ།། ལྕགས་སྤར་བླུགས་ལ་དར་ནག་གཅད།། མིང་བྱང་བསྐོར་ཏེ་རྦད་སྔགས་བརྡེག། གོང་བཞིན་ལུ་གུ་རྒྱུད་གཉིས་ལ།། བཞི་པའི་གསུམ་པ་བཟུང་བ་ལ།། བདུན་པའི་བཞི་བཟུང་ལན་གཉིས་བརྗོད།། བཞི་པའི་དང་པོ་བཟུང་བ་ལ།། དབྱངས་ཡིག་གསུམ་པས་སྟེང་བརྒྱན་ལ།། དང་པོ་ཡི་ནི་དང་པོ་བཞག། བདུན་པ་ཡི་ནི་གསུམ་པ་ལ།། བཞི་པའི་ལྔ་པ་འོག་ཏུ་བསྙད།། བཞི་པའི་དང་པོ་བཟུང་བ་ལ།། དྲུག་པའི་གཉིས་པ་འོག་ཏུ་བསྙད།། དང་པོ་ཡི་ནི་གསུམ་པ་བཞག། དྲུག་པ་ཡི་ནི་དང་པོ་ལ།། དང་པོ་ཡི་ནི་གསུམ་པ་བཞག། དེ་ནས་བདུན་པའི་ཐ་མའོ།། དྲུག་པའི་གཉིས་པ་བཟུང་བ་ལ།། ལྔ་པའི་གསུམ་པ་འོག་ཏུ་བསྙད།། བཞི་པའི་གསུམ་བཞག་ལན་གཉིས་བརྗོད།། བདུན་པོ་ནག་པོ་རྦད་པའི་སྔགས།། དངོས་གྲུབ་བརྟན་པར་གཟིགས་པའི་རྒྱུད་ལས། དུར་ཁྲོད་བདག་པོའི་ཕྱི་ནང་གསང་བ་གསུམ་གྱི་སྔགས་དང། བདུད་པོ་དཔོན་གཡོག་འཁོར་དང་བཅས་པའི་སྔགས་བཏུ་བའི་ལེའུ་སྟེ་བརྒྱད་པའོ།།།། དངོས་གྲུབ་བརྟན་པར་གཟིགས་པའི་རྒྱུད་རྫོགས་སོ། །།། ཨོ་རྒྱན་གྱི་སློབ་དཔོན་ཐོར་ཅོག་དགུ་པ་དང། བོད་ཀྱི་ལོ་ཙ་བ་བཻ་རོ་ཙ་ན་དང། རྩང་ལེགས་གྲུབ་ཀྱིས་བསམ་ཡས་ཀྱི་དཀོར་བསྲུངས་སུ་བསྒྱུར་ཅིང་གཏན་ལ་ཕབ་པའོ། །།།

CLOSE WINDOW