Wylie |
ཡཀྵ་ལོ་ཀ་སརྦ་པ་ཤཾ་རཏྣ་སིདྡྷི་ཏན་ཏྲ། བོད་སྐད་དུ། གནོད་སྦྱིན་གྱིས་འཇིག་རྟེན་ཐམས་ཅད་དབང་དུ་སྡུད་པ་རིན་པོ་ཆེ་དངོས་གྲུབ་ཀྱི་རྒྱུད། དཔལ་རྡོ་རྗེ་གཏུམ་པོ་ལ་ཕྱག་འཚལ་ལོ། ། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བྱང་ཕྱོགས་ལྕང་ལོ་ཅན་གྱི་བྱང་ཤར་གྱི་མཚམས་ན། གནོད་སྦྱིན་གྱི་གཏེར་མཛོད་ཆེན་པོ་བརྒྱ་རྩ་བརྒྱད་ཡོད་པ་ལ། གནོད་སྦྱིན་གྱི་མེས་པོ་ཀུན་ན་ཏན་ཏྲི་ཀ་དང། གནོད་སྦྱིན་གྱི་མེས་མོ་ཁ་དྷར་པ་ཏ་ཧ་དང། བུ་དང་ཚ་བོ་འཁོར་དང་གཡོག་ཏུ་བཅས་པ་གྲངས་མེད་པས། བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་ལ་བསྐོར་ནས་བཞུགས་སོ།། དེའི་དུས་སུ་གཏེར་མཛོད་རྣམས་ལ་གནོད་སྦྱིན་རྣམས་འཁྲུགས་ཏེ་རྩོད་པ་གྱུར་ཏོ། ། དུས་དེར་གནོད་སྦྱིན་གྱི་མེས་པོ་ཀུར་ན་ཏན་ཏྲི་ཀས། གནོད་སྦྱིན་ཐམས་ཅད་ཀྱི་ཕོ་ཉ་ཨ་པ་ར་ཙིཏྟ་ཞེས་བྱ་བ་ལ། གཏེར་མཛོད་ཀྱི་ལྡེ་མིག་རྣམས་གཏད་པས། ཨ་པ་ར་དེ་གཏེར་མཛོད་ཀྱི་གསེབ་ན་ནོར་གྱིས་ནོན་ནས་རྡུལ་ཙི་རི་རི་ཡོད་པ་ལ། གནོད་སྦྱིན་རྣམས་ཀྱིས་བཀའ་བགྲོས་ཏེ།། ཨ་པ་ར་ལ་དམག་དྲངས་པས། ཨ་པ་ར་ཡིད་འཁྲུགས་པར་གྱུར་ནས། རྡོ་རྗེ་འཛིན་པ་ལ་འདི་སྐད་ཅེས་གསོལ་ཏེ་གཏེར་མཛོད་རྣམས་ཕུལ་ལོ། ། ཀྱེ་རྡོ་རྗེ་འཛིན་པ་ལགས།། ལྕང་ལོ་ཅན་གྱི་བྱང་ཤར་ན།། གཏེར་མཛོད་བརྒྱ་དང་རྩ་བརྒྱད་གདའ།། འོད་མཛོད་གཟི་བརྗིད་དཔལ་འབྱུང་དང།། དཀར་འཇོམས་དུང་དང་དུང་ཆེན་དང། ། རབ་ཏུ་ཚལ་དང། དཔལ་སྦྱིན་དང། རིན་ཆེན་འདུས། ཡིད་བཞིན་གྲུབ་དང། མགོན་མཛེས་པ་དར་འདུས། སེ་ན་ཏྲི་དང་དྷ་ར་པཾ། ཀུ་ཧ་དྲི་པུ། ཏ་རི་པ། རད་ན་སིདྡྷི། ཀ་ར་ཧ་ཏི་ན་ར་ཝ། མཛོད་ཆེན་ཉི་ཤུ་དགོས་འདོད་ཐམས་ཅད་འབྱུང་བ་འདི། དཔའ་བོ་ཡབ་ལ་བདག་འབུལ་ལོ།། དྲ་བ་ཅན་དང་མཛེས་པའི་ཚལ།། དགའ་བའི་ཚལ་དང་མཛེས་པའི་ཚལ།། བདུད་རྩི་ཕོ་བྲང་རིན་ཆེན་ཚལ། ། དཔལ་གྱི་ཚལ་དང་འོད་མཛེས་ཚལ།། ཡིད་བཞིན་ནོར་བུའི་མཛོད་ཆེན་དེ་བརྒྱད་ཀྱང།། དཔའ་བོ་ཡབ་ལ་བདག་འབུལ་ལོ།། གསེར་ཁང་བཅུ་དང་དུང་ཁང་བཅུ།། གཡུ་ཁང་བཅུ་དང་དངུལ་ཁང་བཅུ། ། མཛོད་ཕྲན་བརྒྱད་ཅུ་ཐམ་པ་ཡང།། དཔའ་བོ་ཡབ་ལ་བདག་འབུལ་ལོ།། གནོད་སྦྱིན་དམག་ཚོགས་ཞི་བར་མཛོད།། ཅེས་གསོལ་ཏེ།། ལྡེ་མིག་རྣམས་རྡོ་རྗེ་འཛིན་པ་ལ་ཕུལ།། དུས་དེར་རྡོ་རྗེ་འཛིན་པས་གནོད་སྦྱིན་རྣམས་དབང་དུ་སྡུད་པའི་ཏིང་ངེ་འཛིན་ལས་བཞེངས་ནས་འདི་སྐད་ཅེས་བཀའ་སྩལ་ཏོ། ། གནོད་སྦྱིན་དམག་ཚོགས་ང་ལ་ཉོན།། གནོད་སྦྱིན་ནང་ནས་སྟོབས་ཆེ་ཞིང།། འཇིག་རྟེན་དབང་སྡུད་ནུས་པ་ཡི།། ཞ་འོན་རྡོ་རྗེ་རྫུ་འཕྲུལ་ཁྱོད། ། གཏེར་མཛོད་བརྒྱ་དང་རྩ་བརྒྱད་ཀྱི།། མངའ་བདག་ཆེན་པོ་ཁྱོད་ཀྱྀས་ལ།། འཇིག་རྟེན་ཐམས་ཅད་དབང་དུ་བསྡུས།། ཞེས་གསུངས་ནས།། ཞ་འོན་ལ་སྤྱན་གདོངས་ཚུགས་སུ་བལྟས་ཏེ། གཏེར་མཛོད་ཀྱི་ལྡེ་མིག་རྣམས་གཏད་དོ། ། དུས་དེར་རྡོ་རྗེ་བདུད་འདུལ་གྱིས་ཐལ་མོ་སྦྱར་ཏེ། ཨེ་མ་ཧོ། འཇིག་རྟེན་དབང་དུ་སྡུད་པ་དང། གཏེར་མཛོད་བདག་པོ་བདག་གིས་བགྱི།། གནོད་སྦྱིན་ཀུན་གྱིས་བདག་གི་བྲན་གྱིས་ཤིག། ཅེས་སྨྲས་པ་དང། གནོད་སྦྱིན་ལོ་ཀ་སྐྱོང་བ་ཐལ་མོ་སྦྱར་ཏེ། གནོད་སྦྱིན་རྣམས་ཀྱིས་འདི་སྐད་ཅེས་གསོལ་ཏོ།། ཀྱེ་རྡོ་རྗེ་འཛིན་པ་ལགས།། ཕ་དང་མ་ཕྱི་ཐ་མི་དད། སྟོབས་དང་ནུས་པ་ལྷག་པར་མཉམ། གཏེར་དང་མཛོད་འདི་ཐུན་མོང་མཉམ། དཔའ་བོའི་འཁོར་ནི་ཀུན་ཀྱང་ཡིན།། ལྷག་པར་གཏེར་མཛོད་གཏོད་པ་གང།། ཞེས་མདུན་དུ་འདུག་སྟེ། མགྲིན་གཅིག་ཏུ་སྨྲས་པས། རྡོ་རྗེ་འཛིན་པས་འདི་སྐད་གསུངས་སོ། ། ཁ་རོ་ཡ་མི་གནོད་སྦྱིན་རྣམས་ཉོན་ཅིག། རྡོ་རྗེ་བདུད་འདུལ་འདི་ནི་སྔོན་རི་རབ་ཀྱི་ཁོང་སེང་ན་ཡར་ལ་དཔག་བསམ་གྱི་ཤིང་བྱ་བ་ཅིག་སྐྱེས་ཏེ། རྩེ་མོ་ལྷའི་ཡུལ་ན་ཡོད།། འབྲས་བུ་རོ་མཆོག་བརྒྱ་དང་ལྡན་པ་ཅིག་ལ་ལྷ་རྣམས་ལོངས་སྤྱོད་པས། དུས་ཅིག་ཙམ་ན་འབྲས་བུ་ཅིག་རི་རབ་ཀྱི་ཁོང་སེང་ན་མར་ལྷུང་བས།། ལྷ་མ་ཡིན་ཅིག་གིས་སྙེད་དེ་ཟོས་པས་རོ་བྲོ་སྟེ། ལྷ་མ་ཡིན་རྣམས་གྲོས་བྱས་ཏེ་ལྷ་རྣམས་ལ་སྨྲས་པ། ཤིང་འདིའི་སྐེད་པ་ངེད་ལ་ཡོད་པས་འབྲས་བུ་ཡང་ངེད་ལ་བླང། མི་སྟེར་ན་ཤིང་རྐེད་པར་གཅོད་བྱས་པས། ལྷ་རྣམས་ན་རེ་ངེད་རང་གིས་གསོད་ནམས་ལས་གྲུབ་པས་ཁྱོད་ལ་མི་སྟེར། ཤིང་གཅོད་ན་ཆོད་བྱས། ལྷ་མ་ཡིན་རྣམས་ཀྱིས་ཤིང་བཅད་པས་མ་ཆོད་དོ། ། དུས་དེར་འཁྲུག་པ་བྱས་པས་ལྷ་རྣམས་ཕམ་སྟེ་སྡུག་བསྔལ་ཆེན་པ་ཀྱི་ཧུད་ཅེས་ཟེར་བའི་དུས་སུ། ལྷའི་བུ་ནོར་བུ་བྱ་བ་ཅིག་གིས། སངས་རྒྱས་མར་མེ་མཛད་ལ་མེ་ཏོག་མན་ད་ར་བ་ཕུལ་ནས། བདག་ལྷ་མིན་འདུལ་བའི་གཉེན་པོར་དབང་བསྐུར་དུ་གསོལ།། ཅེས་ཞུས་པས། ཁྱོད་འདི་ནས་ཚེ་འཕོས་ཏེ་ཤཱཀྱ་ཐུབ་པའི་བསྟན་པ་ལ་རྡོ་རྗེ་བདུད་འདུལ་བྱ་བར་སྐྱེས་ནས། ལྷ་མ་ཡིན་དང་བདུད་ཐམས་ཅད་འདུལ་ཞིང། འཇིག་རྟེན་ཐམས་ཅད་དབང་དུ་སྡུད་པར་གྱུར་ཅིག་ཅེས་སྨོན་ལམ་བཏབ་པས། ཤཱཀྱ་ཐུབ་པའི་བསྟན་པ་ལ་རི་རབ་ཀྱི་བྱང་ཤར་དུང་ཆེན་གྱི་ཚལ་བྱ་བ་རུ། གནོད་སྦྱིན་ཛམྦྷ་ལ་དང། ཡུམ་རྒྱ་མཚོ་གླིང་གི་དབང་མོ་ཆེ་འཚོགས་པ་ལས་བུ་གཉིས་བྱུང་སྟེ། ཕོ་བོ་གནོད་སྦྱིན་མིག་པོ་ཆེ་དང། ནུ་བོ་རྣམ་ཐོས་སྲས་གཉིས་སྐྱེས་སོ།། དུས་དེར་གནོད་སྦྱིན་མིག་པོ་ཆེ་དང། མཚོ་སྨན་རྒྱལ་མོ་གཉིས་འཚོགས་པ་ལས། བུ་ཞ་འོན་རྡོ་རྗེ་བདུད་འདུལ་བྱུང་སྟེ། སྔོན་ཡང་ལྷ་མ་ཡིན་དང་བདུད་ཐམས་ཅད་བཏུལ་ལོ།། ད་ཡང་བདུད་དང་ལྷ་མ་ཡིན་འདུལ་ཞིང་འཇིག་རྟེན་དབང་དུ་སྡུད་ནུས་པས། དེའི་ཕྱིར་ན་གཏེར་མཛོད་ཀྱི་བདག་པོར་བསྐོས་པ་ཡིན་པས། གནོད་སྦྱིན་རྣམས་ཀྱིས་རྡོ་རྗེ་བདུད་འདུལ་ཀྱི་འཁོར་དང་བྲན་གྱིས་ཤིག་ཅེས་རྡོ་རྗེ་འཛིན་པས་བཀའ་སྩལ་པས། གནོད་སྦྱིན་གྱི་ཚོགས་རྣམས་ཀྱི་ནང་ནས་ཁུ་བོ་རྣམ་ཐོས་སྲས་དང། འབྲོག་གནས་མཆེད་ལྔ་དང། ཨ་པ་ར་ཙིཏྟ་དང། གནོད་སྦྱིན་ལག་ན་བེ་ཅོན་དང། ནོར་ལྷ་དཀར་པོ་རྣམས་ཀྱིས། དུས་དེར་ངོ་སོ་ལ་བསྟོད་དེ་བྲན་བྱ་བར་ཁས་བླངས་སོ།། གནོད་སྦྱིན་དམག་ཚོགས་བྱེ་བ་དུང་ཕྱུར་གྱིས་ཀྱང་འཁོར་དང་བྲན་གཡོག་བྱ་བར་ཁས་བླངས་སོ། ། དུས་དེར་ཞ་འོན་གྱི་མདུན་དུ་གནོད་སྦྱིན་ཀུན་གྱིས་ཐལ་མོ་སྦྱར་ཏེ་མགྲིན་གཅིག་ཏུ་འདི་སྐད་སྨྲས་སོ།། ཀྱེ་མ་རྡོ་རྗེ་བདུད་འདུལ་ཁྱོད།། རྡོ་རྗེ་འཛིན་པའི་དབང་བསྐུར་སྲས། ། མཛོད་བདག་ཆེན་པོ་ཁྱོད་བགྱིས་པས།། བདག་ཅག་རྣམས་ཀྱིས་བྲན་བགྱིས་ཏེ།། འཇིག་རྟེན་ཐམས་ཅད་དབང་བསྡུས་ལ།། ཟས་ནོར་ལོངས་སྤྱོད་ཁྱོད་ལ་དབུལ།། ཅེས་འཁོར་བྱ་བར་དམ་བཅས། ། དུས་དེར་འཁོར་དེའི་ནང་ནས་གནོད་སྦྱིན་འཇིག་རྟེན་སྐྱོང་ཞེས་སྐུ་བསྒྲུངས་པ། སྟོབས་ཆེ་ལ་ང་རོ་དྲག་པ། ཕྱག་གཡས་ན་གཟའ་བདུད་ར་ཧུ་ལ་བསྣམས། གཡོན་ན་རྒྱལ་པོ་རྣམ་ཐོས་སྲས་བསྣམས་པ་ཅིག་ཡོད་པ་དེ། འཁོར་གྱི་ནང་ནས་ལངས་ཏེ། རྡོ་རྗེ་འཛིན་པའི་མདུན་དུ་ཐལ་མོ་སྦྱར་ཏེ་འདི་སྐད་ཅེས་ཞུས་སོ།། ཀྱེ་རྡོ་རྗེ་འཛིན་པ་ལ། ཞ་འོན་རྡོ་རྗེ་བདུད་འདུལ་གྱི།། འཇིག་རྟེན་དབང་དུ་སྡུད་པ་ལ། རྟེན་དང་དམ་རྫས་ཅི་དང་གང། བོད་པའི་སྲོག་སྙིང་གང་དང་གང།། བསོད་ནམས་ལོངས་སྤྱོད་ཇི་ལྟར་བསྒྲུབ།། ཅེས་ཞུས་པས། རྡོ་རྗེ་འཛིན་པས་འདི་སྐད་གསུངས།། ཉོན་ཅིག་ལོ་ཀ་སྐྱོང་བ་ཁྱོད།། ཞ་འོན་བསྒྲུབ་ཐབས་ངས་བཤད་དོ། ། ཞེས་གསུངས་སོ།། འཇིག་རྟེན་དབང་སྡུས་ཀྱི་རྒྱུད་ལས། སྐྱེ་རྒྱུད་དང་གླེང་གཞིའི་ལེའུ་སྟེ་དང་པོའོ།།།། དེ་ནས་ཡང་དག་བཤད་བྱ་བ།། འཇིག་རྟེན་དབང་དུ་སྡུད་པ་ལ། ཐོག་མར་ཡིད་མཐུན་གནས་ཉིད་དུ། ། དཔའ་སྟོབས་ལྡན་པའི་རྣལ་འབྱོར་གྱིས།། འདི་ཞུས་བླ་མ་དུང་དུང་དྲན།། ཆོས་སྐྱོང་འདི་ལ་མོས་པ་ཡི།། རྣལ་འབྱོར་དམ་ཚིག་གཙང་བ་ཡིས།། དཀྱིལ་འཁོར་མདའ་གང་གྲུ་བཞི་བྱ། ། འཁོར་ལོ་རྩིབས་བཞི་མུ་ཁྱུད་བཅས།། གོང་རས་མཛེས་ལ་གྲུ་ཆད་ལྗང།། སྒོ་དང་རྩིག་པ་སྤྱི་དང་མཐུན།། དཀྱིལ་འཁོར་དེ་ཡི་སྟེང་ཉིད་དུ།། འོ་མ་ཅན་གྱི་ཤིང་དག་ལ།། རྟེན་གྱི་ཕོ་བྲང་བཅའ་བ་ནི།། རྐང་དང་རུ་ནི་གཞུ་གང་ལ། ། ལོགས་བཞི་ཁྲུ་རེ་འགྲིག་པར་སྦྱར།། བྱང་ཕྱོགས་ཤིན་ཏུ་བསྒྲིག་བྱ་སྟེ།། དེ་ལ་སྒོ་ནི་དབྱེ་གཅོད་བྱ།། སྒོ་ཡི་ཕྱི་རུ་རྣམ་ཐོས་ཀྱི་སྐུ་ཡང་བྲི།། ནུབ་ཏུ་འབྲོག་གནས་ལྷོ་རུ་ལག་ན་བེ་ཅོན་བྲི།། ཤར་དུ་ནོར་ལྷ་དཀར་པོ་བྲི། ། ཀུན་ཀྱང་ལོགས་ཀྱི་ཕྱི་རུ་བྲི།། ནང་དུ་ཞ་འོན་ཉིད་ཀྱི་སྐུ།། སྟག་པ་དག་ལ་བསྐོས་ལ་གཞག། ཕོ་བྲང་དེ་ཡི་ནང་དུ་ཡང།། གནོད་སྦྱིན་འཁོར་བཅས་དཔོན་གཡོག་གི། རྟེན་རྣམས་མ་ལུས་ཚང་བར་བྱས། ། རང་རང་ཕྱོགས་ཕྱོགས་དག་དུ་གཞག། གཏོར་མ་ཕོ་བྲང་སྟེང་དུ་གཞག། མདུན་དུ་པཱུ་ཙ་རྣམ་ལྔ་བཤམ།། ཕྱི་རྟེན་མདའ་མོ་བྱ་རྒོད་ལྔ།། འཕན་དང་སྟག་རས་གཟིག་རས་དང།། རིན་ཆེན་བཏགས་ལ་ཕྱོགས་བཞིར་གཟུགས། ། ཅིག་ནི་ཕོ་བྲང་རྩེ་རུ་གཟུག། འཕན་ལ་དཔོན་གཡོག་སྐུ་འབག་བྲི།། ནང་རྟེན་སེང་ལྡེང་སེང་གེ་དང།། རིན་ཆེན་དངུལ་གྱི་སྒྲོམ་བུ་དང།། ལྕགས་ཀྱི་ག་འུ་ཟངས་ཀྱི་སེང་གེ་དང།། གསེར་གྱི་རྟ་གཟུགས་ནང་དུ་ནི། ། ལྔ་ཀའི་སྐུ་འབག་སྔགས་དང་བཅས་པ་བྲི།། སྨན་དང་དྲི་བཟངས་བྱུག་པར་བྱ།། དཔོན་གཡོག་ལྔ་རུ་མངའ་གསོལ་ལ།། ཕོ་བྲང་ནང་དུ་རང་ཕྱོགས་གཞག། གསང་རྟེན་སེང་ལྡེང་སེང་གེ་ནི། ། ལྟོ་བ་སྦྱར་བའི་ནང་དག་ཏུ།། རྟེན་གྱི་འཁོར་ལོ་གསེར་གྱི་བྲིས་པ་དང།། རིན་ཆེན་སྣ་ཚོགས་བླུགས་བྱ་སྟེ།། དར་དང་ཟ་འོག་དག་གིས་གྲིལ།། ཕྱིང་ཁུང་དག་ཏུ་བཅུག་བྱ་སྟེ།། རང་གི་མཆན་ཁུང་གཡོན་དུ་བཅང། ། བླ་རྡོ་བཅའ་བ་འདི་ལྟ་སྟེ།། ཞ་འོན་བླ་རྡོ་ལུག་ནག་སྙིང།། ནོར་ལྷ་ཤེལ་ལ་མགོན་པོ་རྟ་ནག་སྙིང།། རིན་ཆེན་སྣ་ལྔ་འབྲོག་གནས་ལ།། རྣམ་ཐོས་སྲས་ལ་ནེ་ལེའི་སྙིང།། དེ་རྣམས་སྔགས་དང་བཅས་པ་ཡང། ། ནེ་ལེའི་བླུད་པུར་གཞུག་པར་བྱ།། དེ་ནི་ཕོ་བྲང་ཞབས་ལ་གདགས།། ནོར་དང་ལོངས་སྤྱོད་སྤེལ་བ་ཡང།། ཕྱུག་པོ་བདུན་གྱི་མཛོད་ནང་གིས།། འཕན་པོ་བདུན་གྱི་མལ་ས་གཡོས་ས་དང།། ཁ་དྲག་བདུན་གྱི་གོང་རྩ་གཡས་ཀྱི་གོས་དུམ་དང། ། རི་རྩེ་མཐོན་པོ་བདུན་གྱི་མེ་ཏོག་དང།། ལུང་ཆེན་བདུན་གྱི་ཆུ་སྣ་དང།། རྒྱལ་ཁམས་ཀུན་ཀྱི་འབྲུ་སྣ་དང།། རིན་ཆེན་སྣ་ཚོགས་དར་ཟབ་སྨན་སྣ་ཚོགས།། རྟ་ཕྱུགས་སྣ་ཚོགས་སྤུ་སྣ་ཚོགས། ། ཤ་མར་རྩི་བཅུད་ལ་སོགས་ཟས་སྣ་ཚོགས།། དེ་རྣམས་ཟངས་ཀྱི་བུམ་པར་བླུག། བུམ་པ་དག་ལ་སྔགས་ལྔ་བྲི།། ནོར་དང་ལོངས་སྤྱོད་སྤེལ་ཅིག་བྲི།། དེ་ནི་ཕོ་བྲང་འོག་གི་ཡང།། དཀྱིལ་འཁོར་ཆེན་པོའི་དབུས་སུ་གཞུག། འཇིག་རྟེན་དབང་སྡུད་ལས། རྟེན་བཅའ་བའི་ལེའུ་སྟེ་གཉིས་པའོ།།།། དེ་ནས་ཡང་དག་བཤད་བྱ་བ།། རང་ཉིད་གཏུམ་པོའི་ཏིང་འཛིན་ལྡན།། ཕོ་བྲང་དབུས་སུ་ཡི་གེ་ཀྵ། ། མཐིང་ནག་དེ་ལས་ཞ་འོན་བསམ།། ཛ:ཧཱུཾ་བཾ་ཧོས། བྱང་ཤར་གཏེར་མཛོད་དག་ནས་སྤྱན་དྲངས་དེ་ལ་བསྟིམ། ཧཱུཾ། རི་རྒྱལ་ལྷུན་པོའི་ཕ་རོལ་ནས།། གཉའ་ཤིང་འཛིན་གྱི་ཚུ་རོལ་ནས།། རྒྱ་མཚོ་ཆེན་པོའི་ཕ་རོལ་ནས། ། ལྕགས་རི་ནག་པོའི་ཚུ་རོལ་ནས།། དུར་ཁྲོད་ཆེན་པོའི་ཕ་རོལ་ནས།། མེ་ཏོག་གླིང་གི་ཚུ་རོལ་ནས།། རིན་ཆེན་གླིང་གི་ཁང་བཟངས་ནས།། བཻ་ཌཱུར་སྔོན་པོའི་ཁྲི་སྟེངས་ན།། དགེ་བསྙེན་ཆེན་པོ་བཞུགས་པ་ནི། ། མཚན་ནི་རྡོ་རྗེ་བདུད་འདུལ་ལོ།། སྐུ་མདོག་མཐིང་ནག་འཇིགས་པ་ལ།། དབུ་ལ་རིན་ཆེན་པྲོག་ཞུ་གསོལ།། ཕྱག་ན་ནོར་བུ་རིན་ཆེན་འཛིན།། གཡོན་ན་བདུད་རྩིའི་བུམ་པ་བསྣམས།། འཛམ་གླིང་ཆོས་ཀྱི་འཇིག་རྟེན་ནས། ། ནོར་དང་ཟས་ཀྱི་མངའ་ཐང་སྒྱུར།། ཞུན་མར་མངར་དང་སྦྱར་བ་ཡི།། ཞལ་ཟས་པཱུ་ཙ་འདི་བཞེས་ལ།། བསྒྲུབ་པ་པོ་ལ་སིདྡྷི་སྩོལ།། དངོས་གྲུབ་ཆུ་བའི་ཆར་ཆེན་ཕོབ།། ཅེས་བསྟོད་ལ། ཨོཾ་བཛྲ་རཏྣ་ཙིཏྟ་ལི་ཀ་སརྦ་ར་ག་རུ་གེ་ཧཱུཾ་ཕཊ་སྭཱ་ཧཱ། ཞེས་ནི་ཞག་ནི་བདུན་དུ་དྲང། ཨ་ཙ་ར་དང་སློབ་དཔོན་དར་འཕྱར་འབྱུང།། རང་ལ་གཞན་གྱིས་ནོར་སྟེར་འབྱུང།། མི་ཡི་དེད་དཔོན་བྱེད་པ་རྨི།། ཞ་འོན་དངོས་སུ་འོང་བར་འགྱུར། ། འཇིག་རྟེན་དབང་སྡུད་ལས། གཙོ་བོ་སྒྲུབ་པའི་ལེའུ་སྟེ་གསུམ་པའོ།།།། དེ་ནས་ཡང་དག་བཤད་པར་བྱ།། ཛམ་དཀར་ཤར་གྱི་རྟེན་ལ་བསམ།། དེ་ལ་ནོར་ལྷ་དཀར་པོ་བསྐྱེད།། ཛ:ཧཱུཾ་བཾ་ཧོས་སྤྱན་དྲངས་བསྟིམས། ། ཧཱུཾ། ཤར་ཕྱོགས་ལྷ་ཆེན་ནོར་ལྷ་ནི།། སུམ་ཅུ་རྩ་གསུམ་ལྷ་ཡུལ་ནས།། སྐུ་མདོག་དཀར་པོ་འཛུམ་པ་ལ།། ཕྱག་གཡས་རིན་ཆེན་འབར་བ་ཐོགས།། གཡོན་ན་རིན་ཆེན་སྒྲོམ་བུ་བསྣམས། ། བསོད་ནམས་ཅན་གྱི་མི་རྣམས་ལ།། ཟས་དང་ནོར་གྱི་ཆར་པ་འབེབས།། ཀ་ར་མཚལ་དང་སྦྱར་བ་ཡི།། ཞལ་ཟས་པཱུ་ཙ་འདི་བཞེས་ལ།། བསྒྲུབ་པ་པོ་ལ་སིདྡྷི་སྩོལ།། ཅེས་བསྟོད་ལ། ཨོཾ་མ་ཧཱ་ཀྲོ་དྷ་ཨཱརྱ་ཛམྦྷ་ལ་ཧྲི་ད་ཧཱུཾ། ཞེས་པ་ཞག་ལྔ་དྲང་བས་ནི།། མེ་ཏོག་དཀར་དང་འོད་དཀར་དང།། མི་དཀར་རྟ་དཀར་བཟང་པོ་འོང།། ནོར་ལྷ་དངོས་སུ་ཞལ་མཐོང་ངེས།། འཇིག་རྟེན་དབང་སྡུད་ལས། ནོར་ལྷ་སྒྲུབ་པའི་ལེའུ་སྟེ་བཞི་པའོ། །།། དེ་ནས་ཡང་ནི་བཤད་པར་བྱ།། ལྷོ་རུ་རྟེན་ལས་ཧཱུཾ་མཐིང་ནག། སྐུ་མདོག་མཐིང་ནག་འཇིགས་པ་ལ།། གཡས་ན་ཙན་དན་བེང་ཆེན་བསྣམས།། ནོར་བུ་རིན་ཆེན་ཕྱེ་མས་བཀང།། གཡོན་ན་ལྕགས་པར་ནག་པོའི་ནང། ། བདུད་རྩི་འཆི་མེད་ཟས་ཀྱིས་བཀང།། ཤ་ཁྲག་དམར་དང་སྦྱར་བ་ཡི།། ཞལ་ཟས་པཱུ་ཛ་འདི་བཞེས་ལ།། སྒྲུབ་པོ་ལ་སིདྡྷི་སྩོལ།། ཨོཾ་མ་ཧཱ་ཀཱ་ལ་ཧ་ན་ཧ་ན་བཛྲེ་ན་སྭཱ་ཧཱ། ཞེས་པ་ཞག་ལྔར་དྲང་བར་བྱ།། བན་དེ་བྱ་ནག་གཡག་ནག་འོང།། རྟ་པ་ནག་པོ་དོམ་ནག་ཁྱི་ནག་འོང།། མགོན་པོའི་ཞལ་ནི་མཐོང་བར་ངེས།། འཇིག་རྟེན་དབང་སྡུས་ལས། མགོན་པོ་བསྒྲུབ་པའི་ལེའུ་སྟེ་ལྔ་པའོ། །།། དེ་ནས་ཡང་ནི་བཤད་པར་བྱ།། ནུབ་ཏུ་རྟེན་ལ་ཀྵ་གཅིག་བསམ།། དེ་ལ་འབྲོག་གནས་སྐྱེད་པར་བྱ།། ཛ:ཧཱུཾ་བཾ་ཧོས་སྤྱན་དྲངས་བསྟིམ།། ཧཱུཾ། ནུབ་ཕྱོགས་འབྲོག་གནས་མཆོད་ལྔ་ནི།། རྒྱལ་བ་ཁྱུ་མཆོག་ཡང་དག་ཤེས། ། གང་པ་བཟང་པོ་ནོར་བུ་བཟང།། གནོད་སྦྱིན་སྲེད་སྤོང་ལྔ་བརྩེགས་ཏེ། གཅིག་དང་འདྲ་བའི་ཞལ་ལྔ་པོ།། དབུས་ལ་བྱོལ་སོང་མགོ་བོ་ཅན།། རྒྱལ་བ་ཁྱུ་མཆོག་གླང་གི་མགོ། ཡང་དག་ཤེས་ནི་སྤྲེའུའི་མགོ། གངས་པ་བཟང་པོ་རྟ་ཡི་མགོ། བུ་བཟང་པོ་ལུག་གི་མགོ། སྲེད་སྤོངས་ར་ཡི་མགོ་བོ་སྟེ།། ཕྱག་མ་གཡས་གཡོན་དང་པོ་གཉིས།། རིན་ཆེན་སྒྲོམ་བུ་ཐུགས་ཁར་འཛིན།། ཕྱག་མ་གཡས་ཀྱི་བར་པ་ན། ། རིན་ཆེན་གསེར་གྱི་འཁོར་ལོ་བསྣམས།། ཕྱག་མ་གཡོན་གྱི་བར་མ་ན།། ཟན་དྲོན་འབྲས་ཀྱི་སྡེར་བཟང་བསྣམས།། གཡས་ཀྱི་ཐ་མ་སྨན་སྣ་ཚོགས།། གཡོན་གྱི་ཐ་མ་ཤིང་ཐོག་འཛིན།། བཞུགས་པའི་གནས་ལ་ངེས་མེད་དེ། ། རེས་འགའ་གཡའ་སྤང་མཚམས་ན་བཞུགས།། རེས་འགའ་ཆུ་གླིང་ཚལ་ན་བཞུགས།། རེས་འགའ་མེ་ཏོག་གླིང་ན་བཞུགས།། འཛམ་གླིང་ཀུན་ཏུ་རྒྱུག་བྱེད་ཅིང།། འགྲོ་བ་རྣམས་ཀྱི་བཀྲག་མདངས་འཕྲོག། བུ་རམ་འབྲས་དང་སྦྱར་བ་ཡི།། ཞལ་ཟས་པཱུ་ཛ་འདི་བཞེས་ལ།། སྒྲུབ་པ་པོ་ལ་སིདྡྷི་སྩོལ།། ཅེས་བསྟོད་ལ། ཨོཾ་བཛྲ་ཡཀྵ་དེ་བ་པཉྩ་རཱ་ཛ་ཛ་ཛ། ཞེས་པ་ཞག་ལྔ་དྲང་བར་བྱ།། རྟ་དང་གླང་པོ་ལུག་དང་སྤྲེལ། ། ར་དང་སྐུ་ནི་དངོས་སུ་སྟོན།། འཇིག་རྟེན་དབང་སྡུད་ལས། འབྲོག་གནས་ཀྱི་བསྒྲུབ་པའི་ལེའུ་སྟེ་དྲུག་པའོ།།།། དེ་ནས་ཡང་ནི་བཤད་པར་བྱ།། བྱང་གི་རྟེན་ལ་བཻ་ལྗང་ལས།། དེ་ལས་རྣམ་སྲས་བསྐྱེད་པར་བྱ། ། ཛ:ཧཱུཾ་བཾ་ཧོས་སྤྱན་དྲངས་བསྟིམ།། ཧཱུཾ། བྱང་གི་ཕྱོགས་ན་བཞུགས་པ་ཡི།། རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས།། སྐུ་མདོག་ལྗང་ཁུ་འབར་བ་ལ།། གཡས་ན་གསེར་གྱི་སྤ་ལྕ་བསྣམས།། གཡོན་པ་དངུལ་གྱི་གཞོང་པ་རུ། ། གསེར་གྱི་ཉེ་ཆུང་སིལ་མས་བཀང།། ཆིབས་སུ་ངང་པ་གསེར་དྲ་ཆིབས།། རྣམ་ཐོས་བུ་ནི་མཐུ་རྩལ་ཅན།། གནོད་སྦྱིན་སྟོང་སྡེའི་འཁོར་དང་བཅས།། ལྕང་ལོ་ཅན་གྱི་ཕོ་བྲང་ནས།། སྐད་ཅིག་ཙམ་གྱི་འདིར་གཤེགས་ལ། ། སྨན་དང་སྤོས་སུ་སྦྱར་བ་ཡི།། ཞལ་ཟས་པཱུ་ཙ་འདི་བཞེས་ལ།། སྒྲུབ་པ་པོ་ལ་སིདྡྷི་སྩོལ།། ཅེས་བསྟོད་ལ། ཨོཾ་མ་ཧཱ་རཱ་ཛ་བཻ་ཤྲ་མ་ཎ་ཡེ་ཧཱུཾ་ཕཊ་སྭཱ་ཧཱ། ཞེས་པ་ཞག་ལྔ་དྲང་བར་བྱ།། རྟ་པ་དམག་དཔུང་ཆེན་པོ་དང། ། བྱིས་པ་ཁྱེའུ་ཆས་བཟང་དང།། རྣམ་སྲས་སྐུ་ནི་དངོས་སུ་སྟོན།། འཇིག་རྟེན་དབང་སྡུད་ཀྱི་རྒྱུད་ལས། རྣམ་ཐོས་སྲས་བསྒྲུབ་པའི་ལེའུ་སྟེ་བདུན་པའོ།།།། དེ་ནས་ཡང་དག་བཤད་པར་བྱ། ། མཚམས་མ་ཆོད་ཅིང་རྒྱུན་དུ་སྒྲུབ་འདོད་ན།། རྟེན་དང་བཅའ་ལུགས་གོང་མ་ལ།། གང་དུ་འགྲོ་ཡང་སྔགས་འདི་སྟོང་སྟོང་བགྲང།། ཨོཾ་བཛྲ་རཏྣ་ཙིཏྟ་ར་ག་ར་གེ་ཧཱུཾ་ཕཊ། ཨོཾ་མ་ཧཱ་ཀྲོ་དྷ་ཨརྱ་ཛམྦྷ་ལ་ཧྲི་ད། མ་ཧཱ་ཀཱ་ལ་ཡཀྵ་དེ་བ་པཉྩ་བཻ་ཤྲ་མ་ན་ཡེ། ས་མ་ཡ། ཞེས་རྒྱུན་དུ་བྱས་ན་བསམ་པ་ཐམས་ཅད་འགྲུབ་བོ།། འཛམ་བུ་གླིང་ལ་དབང་བྱེད་དང།། འགྲོ་བ་འདུས་ནས་ནོར་འབུལ་དང།། གཞན་གྱི་ཁ་ལོ་སྒྱུར་བ་དང། ། གཏེར་རྙེད་བུད་མེད་འདུ་བ་དང།། སྲིད་པའི་བདག་པོ་བྱེད་པར་འགྱུར།། དེ་ནས་ངན་པའི་རྟགས་བསྟན་པ།། འཇིགས་ཤིང་ཕྱ་སངས་ཁྱེར་བ་དང།། ཡོ་བྱད་འཕང་སེམས་བྱེད་པ་དང།། ཁྲོ་དང་བྱིང་དང་འགྲོ་སྙིང་འདོད། ། གཞན་གྱིས་ཟས་ནོར་ཁྱེར་གྱི་རྨི།། དེ་ལྟར་བྱུང་ན་བར་གཅོད་ཡིན།། ཏིང་ངེ་འཛིན་གསར་ཞིང་དྲག་སྔགས་བརྡེག། འཇིག་རྟེན་དབང་སྡུད་ལས། སྦྱི་སྒྲུབ་རྒྱུན་དུ་བྱ་བའི་ལེའུ་སྟེ་བརྒྱད་པའོ། །།། དེ་ནས་ཡང་ནི་བཤད་པར་བྱ།། རྟགས་རྫོགས་ཐོད་པ་མཚན་ལྡན་དུ།། ཆང་དང་བུ་རིམ་ཀ་ར་སྦྲང།། སྦྱར་ཏེ་དཀྱིལ་འཁོར་དབུས་སུ་གཞག། རང་གི་གོས་རྒྱན་གཡུ་ཁྲག་སྡིགས་ལ་སོགས། ། དཀྱིལ་འཁོར་དེ་ཡི་མདུན་དུ་སྤུངས།། སྤྱི་དྲིལ་སྔགས་ལ་འདི་གདགས་ཞག་གསུམ་དྲང།། རཏྣ་སིདྡྷི་པ་ལ། ཨོཾ་ཨཱཿཧཱུཾ་སིདྡྷི་སིདྡྷི་སྡུས་སྡུས་ཕོབ་ཕོབ་ཨ་ལ་ལ་ཧོ། ཞེས་ཞག་གྲངས་ཐིམ་པ་དང། གནོད་སྦྱིན་དཔོན་གཡོན་ལ་བསྟོད་པ་བྱ་ཞིང། ཐོད་པའི་ཆང་ལན་གསུམ་ལ་ཟད་པར་བཏུང།། སྡིགས་རྣམས་ནོར་རྟའི་བུམ་པར་བཅས། མིས་མ་མཐོང་བར་མཛོད་དུ་སྦ། འཇིག་རྟེན་དབང་སྡུད་ལས། དངོས་གྲུབ་བླང་བའི་ལེའུ་སྟེ་དགུ་པའོ། །།། དེ་ནས་ཡང་ནི་བཤད་པར་བྱ།། སྣོད་བཟང་ནང་དུ་ཆང་བུ་ལྔ།། རྒྱན་དང་ལྡན་པར་བཤམ་བྱ་སྟེ།། རང་ཉིད་གཏུམ་པོར་བསམ་བྱས་པའི།། མདུན་དུ་གནོད་སྦྱིན་དཔོན་གཡོག་བསམ། ། ཨོཾ་ཨཱཿ་ཧཱུཾ་ཞེས་ལན་བདུན་གྱིས།། རོ་མཆོག་བརྒྱ་དང་ལྡན་པར་བྱིན་གྱིས་བརླབ།། ཨོཾ་ན་མ:སརྦ་ཏ་ཐཱ་ག་ཏེ་བྷྱོ། བི་ཤྭ་མུ་ཁེ་བྷྱ:་སརྦ་ཐཱ་ཁཾ་ཨུད་ག་ཏེ་སྥ་ར་ཎ་ཨི་མཾ་ག་ཎ་ཁཾ་སྭཱ་ཧཱ། ཞེས་ལན་བདུན་དག་གིས་རྒྱ་ཆེ་གྲངས་མེད་སྤེལ། ། དེ་ནས་རང་རེའི་སྔགས་དག་ལ།། འདི་བཏགས་ལན་བདུན་དབུལ།། མ་ཧཱ་བ་ལིཾ་ཏ་པཱུ་ཙ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་པས་དཔོན་གཡོག་རྣམས་ཀྱིས་གསོལ་བར་བསམ།། གཏོར་མ་དབུལ་བའི་གོང་དུ། ། སྤྱི་དྲིལ་སྔགས་ནི་བརྒྱ་རྩ་བགྲང།། ཁཱ་ཧི་ཞེས་པའི་རྟིང་ལ། ཧཱུཾ། གནོད་སྦྱིན་ཆེན་པོ་རྡོ་རྗེ་བདུད་འདུལ་དཔོན་གཡོག་འཁོར་དང་བཅས་པ་ལ།། གནོད་སྦྱིན་བྱེ་བ་དུང་ཕྱུར་དང་བཅས་པ་རྣམས། ། མཆོད་སྦྱིན་གཏོར་མ་འདི་བཞེས་ལ།། བདག་གི་གནས་སྲུངས་འཁོར་སྐྱོངས་ཤིག། རིགས་བརྒྱུད་དར་ཞིང་རྒྱས་པར་མཛོད་ཅིག། ལོངས་སྤྱོད་སྤེལ་ལ་རྒྱགས་འཐུད་ཅིག། འཇིག་རྟེན་དབང་དུ་སྡུས་ལ་སྲིད་གསུམ་ཟིལ་གྱི་གནོན། ། མི་ཆེན་བྲན་བུ་ཁོལ་ལ་སྙན་གྲགས་སིདྡྷི་སྩོལ།། བགེགས་དཔུང་ཆོམས་ལ་གཡུལ་ངོ་ཟློག། ཧཱུཾ། གནོད་སྦྱིན་ཆེན་པོ་རྡོ་རྗེ་བདུད་འདུལ་པོ།། མཐུ་རྩལ་ཁྱད་འཕགས་གཞན་གྱིས་འགྲན་དུ་མེད། ། བྱང་ཕྱོགས་གནོད་སྦྱིན་ཀུན་གྱི་གཙོ་བོ་སྟེ།། དགོས་འདོད་གཏེར་མཛོད་མངའ་བདག་ཁྱེད་ལ་བསྟོད།། གང་ཞིག་ཁྱོད་ལ་དད་པས་གང་སྒྲུབ་པ།། རྣལ་འབྱོར་དེ་ཡི་མཐུ་དང་དཔུང་བྱེད་ཅིང། ། བར་གཅོད་དགྲ་བགེགས་ཚོགས་རྣམས་འཇོམས་མཛད་པ།། རྡོ་རྗེ་བདུད་འདུལ་འཁོར་དང་བཅས་ལ་ཕྱག་འཚལ་བསྟོད།། ཅེས་ཡི་གེ་བརྒྱ་པ་ཚར་གཅིག་བགྲང། བཛྲ་མུ་ཞེས་པས་གཤེགས་སུ་གསོལ་ལ། གཏོར་མ་ཁང་ཐོག་གཏང། དེ་ལྟར་རྒྱུན་གཏོར་མ་ཆད་པར་བཏང་ན། སྟོང་འཁོར་ལོས་སྒྱུར་བའི་རྒྱལ་པོ་དང་མཉམ་པར་འགྱུར་རོ།། འཇིག་རྟེན་དབང་སྡུད་ལས། རྒྱུན་གཏོར་གྱི་ལེའུ་སྟེ་བཅུ་པའོ།།།། དེ་ནས་ཡང་ནི་བཤད་པར་བྱ། ། འདི་ལ་མ་གྲུབ་སྤོགས་པ་དགོས་མི་སྲིད།། མན་ངག་གུད་ན་ཡོད་པ་མིན།། རྒྱུད་ལྟར་སྒྲུབ་པ་ཤིན་ཏུ་ཟབ།། གཟིར་དང་ལོག་གནོན་དགོས་མི་སྲིད།། རྟ་གཏོར་ཉ་ལ་གཏང་བ་དང། ། རྒྱུན་གཏོར་རྟག་ཏུ་གཏང་བ་ཤིས།། མཆོད་གཏོར་དག་ལ་མ་གཏང་ན།། འཁོར་མངས་བྱེ་བ་དུང་ཕྱུར་ཡང།། བཟའ་བཏུང་མེད་པས་འཐབ་ཅིང་རྩོད།། དེ་ཕྱིར་རྣལ་འབྱོར་ཁ་སྨས་མང།། དེ་ལ་མན་ངག་འདི་ལྟར་བྱ། ། འཇིག་རྟེན་སྲིད་པའི་ཟས་ནོར་མ་ལུས་པ།། རྡོ་རྗེ་བདུད་འདུལ་བྱེ་བ་དུང་ཕྱུར་དང་བཅས་པ་ལ།། མཆོད་པར་འབུལ་ལོ་བཞེས་ཤིག་དགེས་པར་མཛོད།། ཅེས་པས་ཐུན་མཚམས་སྐབས་སུ་དབུལ།། དེ་ལ་གནོད་སྦྱིན་རྣམས་ནི་རོལ་བར་བསམ། ། རྒྱུད་ལྟར་སྒྲུབ་པ་འདི་ནི་ངོ་མཚར་ཆེ།། འདི་སྒྲུབ་རྣལ་འབྱོར་དབང་ཕྱུག་ཏེ།། བསོད་ནམས་རིགས་བརྒྱུད་དར་བ་དང།། སྙན་གྲགས་ཆེན་པོ་ཐོབ་པ་དང།། མང་པོའི་དེད་དཔོན་བྱེད་པ་དང། ། ནོར་རྫས་ལོངས་སྤྱོད་གཏེར་མཛོད་བདག་པོར་འགྱུར།། ཁྲོས་པས་དགྲ་ནི་འཆི་བ་དང།། འདི་ལ་ཡོན་ཏན་བསམ་མི་ཁྱབ།། དམ་ཚིག་བླ་མ་དུང་དུང་དྲན་པ་དང།། རྒྱུད་ལྟར་བསྒྲུབ་པའི་སྒྲུབ་ལུགས་འདི། ། འགྲོ་བ་གཞན་ལ་སྤེལ་མི་བྱ།། རྟེན་དང་དམ་རྫས་བསྟན་མི་བྱ།། གཏོར་མ་རྒྱུན་དུ་འཆད་མི་བྱ།། འཇིག་རྟེན་དབང་སྡུད་ཀྱི་རྒྱུད་ལས།། གདམས་པ་ཆིངས་ཀྱི་ལེའུ་སྟེ་བཅུ་གཅིག་པའོ།།།། དེ་ནས་ཡང་ནི་བཤད་པར་བྱ། ། རྒྱུ་འདི་ཡིད་བཞིན་ནོར་བུ་ཡིན།། རྒྱུད་འདི་དགོས་འདོད་འབྱུང་བ་ཡིན།། རྒྱུད་འདི་འཇིག་རྟེན་དབང་སྡུད་ཡིན།། ཞེས་བཀའ་སྩལ་པ་དང། གནོད་སྦྱིན་འཇིག་རྟེན་སྐྱོང་བ་ལ་སོགས་པའི་འཁོར་བྱེ་བ་དུང་ཕྱུར་ཡི་རངས་ཏེ། རྡོ་རྗེ་འཛིན་པ་ལ་མངོན་པར་བསྟོད་དོ།། འཇིག་རྟེན་དབང་སྡུད་ཀྱི་རྒྱུད་ལས། འཁོར་རྣམས་ཡི་རང་བའི་ལེའུ་སྟེ་བཅུ་གཉིས་པའོ།།།། ཞ་འོན་རྡོ་རྗེ་བདུད་འདུལ་གྱི་རྒྱུད་འཇིག་རྟེན་དབང་དུ་སྡུད་པའི་རྒྱུད་ཅེས་བྱ་བ་ལྷ་ཡུལ་དུ་གྲགས་པ། ཨོ་རྒྱན་པདྨ་འབྱུང་གནས་ཀྱིས་སྐྱིད་མཁར་རོང་དུ་གཏེར་དུ་སྦས། འཁོན་ནག་བདུད་ཀྱི་སྤྲུལ་པས་ཕག་གི་ལོ་ལ་ཐོན།། བྲག་བཙན་དང་གཟའ་མིག་དམར་ལ་གཏད་དོ། ། རྫོགས་སོ།།།། རྒྱ་གར་སྐད་དུ། ཡཀྵ་ཡ་སེ་ནཱ་བཛྲ་ཨི་བྷི་དྷ་ར་གུ་ཧྱ་རཏྣ་ཏན་ཏྲ་ནཱ་མ། བོད་སྐད་དུ། གནོད་སྦྱིན་ཞ་འོན་རྡོ་རྗེ་བདུད་འདུལ་གྱི་གསང་བ་རིན་པོ་ཆེའི་རྒྱུད་ཅེས་བྱ་བ།
CLOSE WINDOW