Wylie |
ནཱ་ཐ་བཛྲ་ཨི་བྷི་ད་ར་ཏན་ཏྲ་ན་མ། བོད་སྐད་དུ། མགོན་པོ་རྡོ་རྗེ་བདུད་འདུལ་གྱི་རྒྱུད་ཅེས་བྱ་བ། ཁ་ཆེའི་སྐད་དུ། གནོད་སྦྱིན་རྡོ་རྗེ་བདུད་འདུལ།། ཨོ་རྒྱན་སྐད་དུ། ཡཀྵ། བལ་པོའི་སྐད་དུ། གནོད་སྦྱིན་གྱི་དྲག་སྔགས་བདུན་པ། བྲམ་ཟེའི་སྐད་དུ། ཁམས་གསུམ་སྲོག་འཕྲོག། བཅོམ་ལྡན་འདས་པདྨ་དབང་ཆེན་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོ་དེས་སྲོད་ལ་བདུད་གཏུལ། ཐོ་རངས་རྡོ་རྗེ་གདན་གྱི་སྤོ་ལ་རྡོ་རིན་པོ་ཆེ་འབར་བའི་གནས། མཚོན་ཆ་སྣ་ཚོགས་བུ་ཡུག་འཚུབ་པའི་ཡུལ། ཤིན་ཏུ་རྔུབ་པའི་ལྗོངས། གནོད་སྦྱིན་འབར་བའི་གྲོང་ཁྱེར། མ་མོའི་ཚོགས་འདུས་པའི་གྲོང་རྡལ། རིན་པོ་ཆེ་འབར་བའི་གཞལ་ཡས་ཁང་ན་བཞུགས་ཏེ། དེར་འདུས་པའི་འཁོར་ནི། ནག་པོ་བདུད་འདུལ་ཆེན་པོ་དང། གནོད་སྦྱིན་མོ་ཀུན་དུག་མ་དང། དེའི་འཁོར་གནོད་སྦྱིན་རྣོན་པོ་དང། ཉི་མའི་མིག་ནང་གིའོ།། ཕྱིའི་བློན་པོ་ཀུན་གྱི་འཇིགས་བྱེད་དོ།། གཞན་ཡང་འདུས་པའི་ཚོགས་མཁའ་འགྲོ་མ་དང། མ་མོའི་ཚོགས་དང། གནོད་སྦྱིན་གྱི་ཚོགས་དང། བདུད་ཀྱི་ཚོགས་དང། ནག་པོའི་ཚོགས་ཐམས་ཅད་འདུས་ཏེ། དེ་དག་ཐམས་ཅད་ཀྱིས་བཅོམ་ལྡན་འདས་ལ་བདུད་རྩི་ལྔའི་མཆོད་པ་དང། མེ་ཏོག་སྣ་ཚོགས་ཀྱིས་གཏོར་ཞིང་ཕྱག་འཚལ་ཞིང་ཀུན་ཏུ་བསྐོར་རོ།། མགོན་པོ་རྡོ་རྗེ་བདུད་འདུལ་གྱི་རྒྱུད་ལས། གླེང་གཞིའི་ལེའུ་སྟེ་དང་པོའོ།།།། དེ་ནས་ཡང་དེའི་ཚེ་དེ་དག་གི་ནང་ནས།། རི་རབ་ཀྱི་བང་རིམ་ལ་གནས་པའི་མགོན་པོ་རྡོ་རྗེ་བདུད་འདུལ་གྱིས།། རྡོ་རྗེ་འཆང་ལ་འདི་སྐད་ཅེས་གསོལ་ཏོ། ། ཀྱེ་ཀྱེ། རྡོ་རྗེ་འཆང་ཆེན་བཀའ་སྩལ་འཚལ།། བདག་ཅག་འདུས་པའི་ཚོགས་རྣམས་ནི།། འཚལ་སྐལ་ཡང་ནི་གང་ལ་བགྱི།། ལས་སུ་ཅི་བགྱི་བཀའ་སྩོལ་ཅིག། རྡོ་རྗེ་འཆང་ལ་བདག་ཉན་འཚལ། ། དེ་སྐད་ཅེས་ཞུས་པ་དང། རྡོ་རྗེ་འཆང་གིས་བཀའ་སྩལ་པ།། ཉོན་ཅིག་མགོན་པོ་འཁོར་དང་བཅས།། ཁྱོད་ཀྱི་ལས་དང་ཟས་དག་ནི།། བསྟན་པ་འབྱུང་དང་དུས་དང།། གནས་དང་བསྙེན་པ་བསྒྲུབ་པ་དང། ། གསད་པ་མ་གྲུབ་སྤོགས་ཆོག་དང།། སྔགས་དང་རྫས་དང་ཏིང་འཛིན་དང།། ཕྱག་རྒྱ་དང་ནི་བསྐུལ་བ་དང།། ཐུན་དང་ཟོར་དང་བསྲེག་དང་མནན།། དུས་མིན་འཆི་བ་བཟློག་པ་དང།། ནད་ཞི་དཔལ་བསྐྱེད་རིགས་བརྒྱུད་སྤེལ། ། དགུག་དང་ཞི་བ་དབང་དུ་བྱ།། རྟགས་དང་མཚན་མ་བསྟན་གྱིས་འཁོར་ཚོགས་ཉོན།། རྡོ་རྗེ་བདུད་འདུལ་གྱི་རྒྱུད་ལས། ཞུས་པ་དང་གླེང་བསླངས་པའི་ལེའུ་སྟེ་གཉིས་པའོ། །།། རྡོ་རྗེ་འཆང་ཆེན་གྱིས་ཁྱོད་ལ་བསྟན་པ་གཉེར་དུ་གཏད།། སངས་རྒྱས་བསྟན་པ་གནས་པ་ཡི།། རྣམ་བཞི་འཁོར་རྣམས་བསྲུང་བ་དང།། དཀར་པོའི་ཕྱོགས་ཀྱི་འཁོར་རྣམས་ལ།། བསྲུང་བ་སྐྱབ་པ་ཁྱོད་ཀྱིས་གྱིས། ། གནོད་གདུག་རྣམ་གཉིས་བསྒྲལ་བར་གྱིས།། རྡོ་རྗེ་བདུད་འདུལ་གྱི་རྒྱུད་ལས། ལུང་བསྟན་པ་དང་གཉེར་གཏད་པའི་ལེའུ་སྟེ་གསུམ་པའོ།།།། རྡོ་རྗེ་འཆང་ཆེན་བཅོམ་ལྡན་འདས། ། བདག་གི་ཟས་སྐལ་གང་ལ་བགྱི།། ཞུས་པ་ལས། རྡོ་རྗེ་འཆང་གིས་བཀའ་སྩལ་པ།། ཁྱོད་ཀྱི་ཟས་ཀྱི་སྐལ་བ་ནི།། སངས་རྒྱས་བསྟན་པ་ལ་གནོད་དང།། ནག་པའི་ཕྱོགས་སུ་གཏོགས་པ་རྣམས།། མི་ཤ་མི་ཁྲག་ཚིལ་བུར་བཅས། ། རྗེན་པ་བཙོས་པ་སྣ་ཚོགས་རྣམས།། ཁྲག་སྣ་ཚོགས་པའི་ཐུན་རྫས་རྣམས།། རབ་ཏུ་མང་བ་བསོག་པར་བྱ།། རྡོ་རྗེ་བདུད་འདུལ་གྱི་རྒྱུད་ལས། ཟས་སྐལ་བསྟན་པའི་ལེའུ་སྟེ་བཞི་པའོ། །།། དེ་ནས་རྡོ་རྗེ་འཆང་ཆེན་གྱིས།། བསྟན་པ་འབྱུང་བའི་རིམ་པ་ནི།། གོས་ངན་རེ་བ་གོན་པའི་དུས།། དེའི་ཚེ་ང་ཡི་བསྟན་པ་འབྱུང།། ཟས་ངན་ལྕི་བ་ཟ་བའི་དུས།། དེ་ཚེ་ང་ཡི་བསྟན་པ་འབྱུང། ། དེ་ལ་སོགས་པ་མཐའ་ཡས་མཆོག། དེ་ཚེ་ང་ཡི་བསྟན་པ་འབྱུང།། རྡོ་རྗེ་བདུད་འདུལ་གྱི་རྒྱུད་ལས། བསྟན་པ་འབྱུང་བའི་ལེའུ་སྟེ་ལྔ་པའོ།།།། དེ་ནས་རྡོ་རྗེ་འཆང་ཆེན་གྱིས།། དུས་ནི་ཉི་ཟླ་ཤིས་པ་ལའོ། ། བསྙེན་བསྒྲུབ་ལས་ལ་སྦྱར་བའོ།། མ་གྲུབ་སྤོགས་པའི་ཆོ་ག་དང།། བསྲེག་དང་མནན་པའི་ཆོ་ག་འོ།། དུས་ནི་ར་བ་བཞིའི་དཔྱིད་ཟླ་ར་བའོ།། གནས་ན་ལྷ་ཁང་ངམ་དབུ་རྩེའི་བར་ཁང་ངམ། བྲག་དམར་ནག་ཆོས་ཟངས་ལྟ་བུ་འམ། རི་གསུམ་འདུས་པའི་རྩེ་འམ། ཡིད་དུ་འོང་བའི་གནས་སམ། བསྙེན་པའི་དུས་ནི་ཡར་ངོའི་ཚེས་གཅིག་གམ། གཉིས་སམ། བརྒྱད་ཀྱི་བར་དུའོ།། བསྒྲུབ་པའི་དུས་ནི་ཚེས་བཅུ་བདུན་ནས། བཅོ་ལྔའི་བར་དུའོ།། ལས་སྦྱོར་གྱི་དུས་ནི་བཅུ་དྲུག་ནས། ཉི་ཤུ་གཉིས་ཀྱི་བར་རོ།། མ་གྲུབ་ན་སྤོགས་པ་ནི་ཉི་ཤུ་གསུམ་ནས། དགུའི་བར་དུའོ།། སྦྱིན་སྲེག་དང་མནན་པ་ནི། ཉི་ཤུ་དགུའི་གནམ་སྟོང་ལ་ཤིས་སོ། ། མགོན་པོ་རྡོ་རྗེ་བདུད་འདུལ་གྱི་རྒྱུད་ལས། བསྙེན་བསྒྲུབ་ལས་སྦྱོར་མ་གྲུབ་སྤོགས་ཆོ་ག་མནན་བསྲེག་གི་ལེའུ་སྟེ་དྲུག་པའོ།།།། དེ་ནས་རྡོ་རྗེ་འཆང་ཆེན་གྱིས།། རྟེན་གྱིས་གང་ཟག་མཚན་ཉིད་བསྟན། ། ཞེ་སྡང་ཆེ་ལ་སྒོམ་སྲན་ཆེ།། བློ་བརྟན་སྐྱོ་ངལ་མེད་པ་དང།། སེམས་ལ་བརྣབ་ཅིང་ལས་སྦྱོར་མཁས།། མགོན་པོ་རྡོ་རྗེ་བདུད་འདུལ་གྱི་རྒྱུད་ལས། བསྒྲུབ་པའི་རྟེན་གྱི་གང་ཟག་མཚན་ཉིད་བསྟན་པའི་ལེའུ་སྟེ་བདུན་པའོ། །།། དེ་ནས་ཡང་རྡོ་རྗེ་འཆང་ཆེན་གྱིས།། སྔགས་ཀྱི་དབྱེ་བ་བཤད་ཀྱིས་ཉོན།། ཨོཾ་བཛྲ་རཏྣ་ཙིཏྟ་ར་ག་རུ་གེ་ཧཱུཾ་ཕཊ། ཨོཾ་བཛྲ་རཏྣ་ཙིཏྟ་ར་ག་ར་ཏི་བདུད་ཏྀང་སྐྱོལ་སྐྱོལ་ཏིང་ཏིང་ཛ་ཛ། ཨོཾ་བཛྲ་རཏྣ་བན་དྷ་བདུད་མ་ཏིང་སྐྱོལ་ཏིང་ཛ་ཛ། བཛྲ་མ་ལ་ཡཀྵ་མ་ཀ་ཏྲི་སྐྱོལ་ཛ་ཛ། བཛྲ་ཛྙཱ་ན་ནཱ་ག་རཱ་ཛ་ཧ་ཧ་རྦད། ས་མ་ཡ་ཛ་ཛ་ཡ་ཀྲ་ཙ་ཀྲ་དུན་དུན་ཛ་ཛ། ཨོཾ་བཛྲ་རཏྣ་ཙིཏྟ་ར་ག་ར་ཏི་སྭཱ་ཧཱ། ཨོཾ་བཛྲ་རཏྣ་ཙིཏྟ་ར་ག་རུ་གེ་ཧཱུཾ། ཨོཾ་བཛྲ་རཏྣ་ཙིཏྟ་ར་ག་ར་ཏི་ཆེ་གེ་མོ་ཙིཏྟ་ཤཾ་ལོང། སྙིང་ལ་བྷྱོ། ཨོཾ་རཏྣ་ཙིཏྟ་ཆེ་གེའི་བཛྲ་སྙིང་མགོ་ཆོད། ཁ་ལ་མུ་ལོ་ཏ་ཁྲི་དགྲ་ལ་རྦད། སྤུ་ན་པྲ་ཏི་རྦད། མུགས་རྦད། མ་ལ་ག་ཤི་ལྕེ་ལ་རྦད། བ་རི་ཁ་རི་ཡ་རྦད། ཨོཾ་རཏྣ་ཙིཏྟ་ར་ག་ར་ཏི་ཆེ་གེ་མོ་ཛ་ཛ། སྟཾ་བྷ་ཡ་སྟཾ་བྷ་ཡ་ཧཱུཾ་ཕཊ། མགོན་པོ་རྡོ་རྗེ་བདུད་འདུལ་གྱི་རྒྱུད་ལས། སྔགས་ཀྱི་ལེའུ་སྟེ་བརྒྱད་པའོ།།།། དེ་ནས་ཡང་རྡོ་རྗེ་འཆང་ཆེན་གྱིས།། ཁྱོད་ཀྱི་སྐུའི་རྟེན་དང་དམ་རྫས་བསྟན། ། རྒྱ་ཆེན་ས་ཡི་དཀྱིལ་འཁོར་ནི།། རྒྱ་དང་ཁྱོན་དུ་མདའ་གྲུ་བཞི།། དབུས་སུ་ཨེ་དབྱིབས་གྲུ་གསུམ་པ།། ཟླ་གམ་ཐོད་འཕྲེང་མེ་རི་དང།། གྲུ་ཆད་ལྷ་རྣམས་བཅས་པའོ།། སྣ་ཚོགས་མཛེས་པའི་གཞལ་ཡས་ཁང། ། བླ་རེ་གདུགས་དང་བ་དན་དང།། འཕན་དང་སེང་ལྡེང་སེང་གེར་བཅས།། དཔའ་བོ་གྲིར་ཤིའི་རོ་རས་ལ།། རིན་ཆེན་སྣ་ལྔས་བྲིས་པའི་སྐུ།། ཁྱི་ནག་སྙིང་གི་ཐུགས་དམ་བསྐངས།། སྐྱེས་པ་གྲིར་ཤིའི་ཤ་ཁྲག་དང། ། གཡག་ལ་སོགས་པའི་ཤ་ཁྲག་ལ།། གཏོར་མའི་རྒྱུ་ནི་བྱ་བར་ཤིས།། ཁྱད་པར་བདུད་རྩི་རྣམ་ལྔས་མཆོད།། ཕྱི་ཡི་མཆོད་པ་འདི་ལྟ་སྟེ།། གསང་ཕྱི་རིན་ཆེན་འབར་བ་ལ།། ཞུན་མར་བུ་རམ་བསྲེས་པས་བྱུག། ཞུན་མར་ཕྲོམ་དང་ཞོ་འོ་མ།། ཐུད་དང་འཁུར་བ་སྣ་ཚོགས་དང།། ཤ་སྣ་རྣམ་པ་སྣ་ཚོགས་དང།། བུ་རཾ་ཀ་ར་སྦྲང་རྩི་དང།། ཞལ་ཟས་སྣ་ཚོགས་པ་ཡིས་མཆོད།། གསེར་གཡུ་ཟངས་ལྕགས་ལ་སོགས་པ། ། སྣ་ཚོགས་པ་ཡི་རྫས་ཀྱིས་མཆོད།། རྟ་དང་གླང་པོ་ལ་སོགས་པ།། སྣ་ཚོགས་པ་ཡི་མཆོད་པ་བྱ།། དར་དང་ཟ་འོག་ལ་སོགས་པ།། བར་སྣང་ཁེབས་པའི་དར་གྱིས་མཆོད།། རྫ་རྔ་གླིང་བུ་པི་ཝང་དང། ། དུང་ལ་སོགས་པ་སྒྲ་ཡིས་མཆོད།། སྣ་ཚོགས་སྤྱན་གཟིགས་རྟ་གཏོར་རྒྱུན་གཏོར་དང།། དུས་ཀྱི་མཆོད་པ་མི་གཅད་དབུལ།། མགོན་པོ་རྡོ་རྗེ་བདུད་འདུལ་གྱི་རྒྱུད་ལས། མཆོད་པའི་ལེའུ་སྟེ་དགུ་པའོ། །།། དེ་ནས་རྡོ་རྗེ་འཆང་ཆེན་གྱིས།། བསྙེན་བསྒྲུབ་ལས་སྦྱོར་དུས་གསུམ་དུ།། ལིང་ག་དང་ནི་འཁོར་ལོ་བསྟན།། སྤྲ་ཚིལ་ལིང་ག་སོར་བཞིའི་ཚད།། དེ་ཡི་སྙིང་ཁར་བསྒྲུབ་བྱའི་གཟུགས།། རྩང་རིས་བཅས་ཏེ་བྲི་བར་བྱ། ། དྲི་མ་མེད་དར་ལེ་བརྒན་ལ།། ཙཀྲ་རྩིབས་དྲུག་མུ་ཁྱུད་བཅས།། དབུས་སུ་དགྲ་ཡི་མིང་རུས་བྲིས།། དེ་ཡི་ཕྱི་རིམ་མུ་ཁྱུད་ལ།། གཉེན་པོ་ལྷ་ཡི་སྔགས་ཀྱང་བྲི།། ཕྱི་རིམ་འཁོར་ལོ་རྩིབས་དྲུག་ལ། ། མགོན་པོའི་སྲོག་སྔགས་བྲི་བར་བྱ།། འཁོར་ལོའི་རྩིབས་ལ་མིང་རུས་བྲིས།། དེ་ཡི་ཕྱི་རིམ་མུ་ཁྱུད་ལ།། རྡོ་རྗེ་ར་བ་མེ་རིས་བསྐོར།། དྲི་མ་མ་སོང་དར་ནང་གྲིལ།། ཚོན་སྣ་ལྔ་ཡིས་བཅིངས་བསྡམས་ལ།། མཆུ་གསུམ་སྙིང་འཕྲིག་མེད་པའི་ཐོད་ནང་དུ། ། རང་འོག་ཨེ་དབྱིབས་གྲུ་གསུམ་ནང་དུ་བཅུག། དེ་རྗེས་པང་ལ་གནས་པར་བྱ།། དེ་ནས་པདྨའི་མཆན་ཁུང་གདགས།། དེ་ནས་རྡོ་རྗེ་འཆང་ཆེན་གྱིས།། བཀའ་ཉན་གསུང་སྟོད་བྱེད་པ་དང། ། དམ་ལ་མི་འགལ་ཅི་བགྱི་ཉན།། མགོན་པོ་རྡོ་རྗེ་བདུད་འདུལ་གྱི་རྒྱུད་ལས། ལོག་གནོན་རྟེན་གྱི་འཁོར་ལོའི་ལེའུ་སྟེ་བཅུ་པའོ།།།། དེ་ནས་རྡོ་རྗེ་འཆང་ཆེན་གྱིས།། གཉེན་པོ་གོང་དུ་བསྒོམ་པར་བྱའོ། ། ལས་མཁན་རྡོ་རྗེ་བདུད་འདུལ་ནི།། སྐུ་མདོག་མཐིང་ནག་འབར་བ་ལ།། རལ་པ་ཁམ་ནག་གྱེན་དུ་ཁྱིལ།། སྨ་ར་སེར་པོ་གྱེན་དུ་འགྲེང།། ཨག་ཚོམ་ནག་པོ་ཐུར་ལ་འཕྱང།། སྤྱན་གསུམ་དམར་བ། སྨིན་མ་གློག་ལྟར་འཁྱུག་པ།། མཐའ་བེར་ནག་པོ་སྐུ་ལ་གསོལ། ཐོད་སྐམ་ལྔས་དབུ་བརྒྱན་པ། ཐོད་རློན་ལྔ་བཅུས་དོ་ཤལ་བྱས་པ། རིན་པོ་ཆེའི་དབུ་རྒྱན་དང་རྣ་རྒྱན་བྱས་པ། སྐ་རགས་སུ་བཅིངས་པ། ཕྱག་གཡས་ན་ཁ་ཊྭཱཾ་ཁ་གསུམ་ལ་དཔལ་དར་ནག་པོ་འཕྱར་ཐབས་སུ་བསྣམས་པ། གཡོན་གྱི་དུང་དམར་ནང་ན་དམ་ཉམས་བསྒྲལ་བའི་སྙིང་ཁྲག་གིས་བཀང་ནས་གསོལ་བ། དེའི་ཡུམ་གནོད་སྦྱིན་དུག་མོ་ནི་སྐུ་མདོག་མཐིང་ནག་ལ། ཕྱག་གཡས་དུག་གི་རྐྱལ་པ་ཁ་ཕྱེ་ནས་དཀོན་མཆོག་གསུམ་གྱི་སྐུ་དགྲ་རྡུལ་དུ་རློག་པ། གཡོན་ན་ཞལ་ཟས་ཀྱི་བྱེ་བྲག་སྣ་ཚོགས་པ་དང་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་བསྣམས་ནས་བསྒྲུབ་པ་པོ་ལ་དགོས་འདོད་རེ་བ་ཡིད་བཞིན་དུ་སྐོང་བའོ། ། གཡས་སུ་གནོད་སྦྱིན་རྣོན་པོ་སྐུ་མདོག་ནག་པོ་ཞལ་གཅིག་ཕྱག་བཞི། ཕྱག་གཡས་དགྲ་སྟ། དེ་འོག་རལ་གྲི། གཡོན་དང་པོ་ནད་རྐྱལ། དེ་འོག་རྡོ་རྗེ་བཅུ་ཞགས། གཡོན་ཕྱོགས་ན་གནོད་སྦྱིན་ཉི་མ་མིག་དམར་སེར་ཞལ་གཅིག་ཕྱག་བཞི། གཡས་དང་པོ་དར་ནག་གཡོབ་པ། དེ་འོག་ཁྲག་རྐྱལ་ལོ།། གཡོན་དང་པོ་རྡོ་རྗེ་ཞགས་པ། དེ་འོག་མདུང་དམར་བསྣམས་པ། དེའི་རྒྱབ་ན་གནོད་སྦྱིན་ཀུན་གྱི་འཇིགས་བྱེད་སྐུ་མདོག་ནག་པོ་ཞལ་གཅིག་ཕྱག་གཉིས་པ། གཡས་གྲི་གུག། གཡོན་བ་དན་ནག་པོ་འཕྱར་བའོ།། ཐམས་ཅད་ལ་ཐོད་པ་སྐམ་པོས་བརྒྱན་པ། རིན་པོ་ཆེ་སྣ་ཚོགས་ཀྱིས་བརྒྱན་པའོ། ། དེའི་འཁོར་ནི་གནོད་སྦྱིན་སྟོང་སྡེས་བསྐོར་བའོ།། དེ་རྣམས་ནི་ཤིན་ཏུ་འཇིགས་ཤིང་བཞིན་མི་སྡུག་པ།། ཁ་དོག་ཕྱག་མཚན་འདི་འདྲ་མ་ངེས་ཏེ་སྣ་ཚོགས་སུ་སྣང་བའོ།། དེའི་ཡང་སྤྲུལ་གསུམ་སྤྲུལ་སྣ་ཚོགས་པས་དཀོན་མཆོག་གི་འཁོར་རྣམ་བཞི་ལ་གནོད་པའི་བསྟན་པ་བཤིག་པ་དེ་ལ་གསོད་པ་དང། འཆིང་བ་དང། བརྡེག་པ་དང། འདེད་པ་དང། མཚོན་ཆ་སྣ་ཚོགས་ཀྱིས་གསོད་ཅིང་བརྡེག་པ་དང། བསྲེག་ཅིང་འཚོད་བ་དང། ཤ་ཟ་བ་དང། ཁྲག་འཐུང་བ་དང། ཤ་ཟ་ཞིང་སྙིང་བཏོན་ནས་བསྒྲུབ་པ་པོ་ལ་སྟེར་བ་དང། དེ་དག་འདྲ་བའི་བྲན་དང། གཡོག་དང། ཡང་གཡོག་དང། ཡང་བྲན་ལ་སོགས་བསམ་གྱི་མི་ཁྱབ་པས་བཀའ་ཉན་ཅིང། གསུང་བསྟོད་པ་གསལ་བར་བསྒོམ། མགོན་པོ་རྡོ་རྗེ་བདུད་འདུལ་གྱི་རྒྱུད་ལས། ཏིང་ངེ་འཛིན་གྱི་ལེའུ་སྟེ་བཅུ་གཅིག་པའོ།།།། དེ་ནས་ཡང་རྡོ་རྗེ་འཆང་ཆེན་གྱིས། པདྨ་དབང་གི་ཕྱག་རྒྱ་ཡིས། མགོན་པོ་དགུག་པའི་ཕྱག་རྒྱ་ནི། ལྕགས་ཀྱུས་དགུག་ཅིང་ཟིལ་གྱིས་མནན་པའི་ཕྱག་རྒྱ་པདྨ་དབང་གི་མན་ངག་མཐེ་བོང་གཉིས་གཞིབས། སོར་མོ་ཕྲལ་ལ་བརྐྱང། བྱིན་བརླབས་དབང་བསྐུར་འབྲེལ་བའི་ཕྱག་རྒྱ་ཡིན། ལག་གཡོན་རྡོ་རྗེ་ཁུ་ཚུར་བཅིངས་པ་ལ། མཐེབ་མཛུབ་བཞི་པོ་ལྕགས་སྒྲོག་ལྟ་བུར་སྦྲེལ། གཏོར་མ་བྱིན་ལ་དབང་དུ་འདུས་པར་བྱས་ལ། གཉིས་སུ་མེད་པར་ལྟ་བའོ།། མགོན་པོ་རྡོ་རྗེ་བདུད་འདུལ་གྱི་རྒྱུད་ལས། དགུག་པ་དང་དབང་དུ་བྱ་བའི་ལེའུ་སྟེ་བཅུ་གཉིས་པའོ།།།། དེ་ནས་ཡང་རྡོ་རྗེ་འཆང་ཆེན་གྱིས། རྟགས་དང་མཚན་མ་དངོས་ཉམས་རྨི་ལམ་གསུམ་དུ་ལྡན་པ་ནི། རྟགས་སུ་འོད་དམར་ནག་གམ། དར་འཕྱར་བ་འམ། རང་གི་སློབ་དཔོན་དུ་འོང་ན། མགོན་པོ་རྡོ་རྗེ་བདུད་འདུལ་ལོ།། བུད་མེད་ཁྲག་རྐྱལ་ཐོགས་པ་ནི། ཡུམ་ཀུན་དུག་མའོ།། ཨ་ཙ་རཱ་ནི། རྣོན་པོའོ།། སེང་གེ་བརྩད་པོ་བློན་པོ་ཉི་མ་མིག། མི་རེང་དང་བན་བོན་དུ་འོང་བ་དེ། ཀུན་གྱི་འཇིགས་བྱེད་དོ།། དམག་མང་པོ་དང། ལུང་བ་དར་གྱིས་ཁེངས་པ་དང། མེ་ཆེན་པོ་འབར་བ་རྨི་བ་ནི། དཔོན་གཡོག་ཡོ་གྲུབ་པའི་རྟགས་སོ།། སྤྲང་པོ་མཛེ་པོ་ཆུ་དང་ནི། ། རྟ་དང་བོང་བུ་ཁྱི་དང་ནི།། ནག་མོའི་ལུས་ལ་ཆགས་སྤྱོད་པ།། མེ་དང་བཙུན་པ་སྙིང་མི་དགའ།། ངན་པའི་རྟགས་རྣམས་ཡིན་པར་གསུངས།། བཙས་མ་བརྔ་དང་རྨོས་བྱེད་པ།། ཤ་ཁྱིམ་འདེད་དང་ཤ་ཟ་བ། ། སྲོག་གཅོད་སྙིང་ཟ་ཁྲག་འཐུང་དང།། གཞན་གྱིས་བསད་པ་རྨི་བ་དུས་ཐེབས་སོ།། མགོན་པོ་རྡོ་རྗེ་བདུད་འདུལ་གྱི་རྒྱུད་ལས། རྟགས་དང་མཚན་མའི་ལེའུ་སྟེ་བཅུ་གསུམ་པའོ། །།། དེ་ནས་ཡང་རྡོ་རྗེ་འཆང་ཆེན་གྱིས། གནོད་སྦྱིན་གྱིས་རྒྱུད་དྲག་སྔགས་བདུན་པ་བསྟན་པ་ནི། གོང་འདྲས་མ་ཐུབ་ལས་འགྱངས་ནས།། མ་གྲུབ་སྤོགས་ཆོག་བྱ་བ་ནི།། དཀྱིལ་འཁོར་གོང་དང་འདྲ་བ་ལས། ། གྲུ་གསུམ་སུམ་བརྩེགས་ཁྲག་གིས་བྱུག། ཟླ་གམ་གསུམ་ལ་བ་དན་འཕྱར།། གུར་དབུབ་པ་ནི་དཀྱིལ་འཁོར་རོ།། ལིང་ག་བཅའ་བའི་རྒྱུ་ནི། ཆུ་ཕ་ག་ཚུ་གའི་ས་དང། དྲི་ཆེན་དྲི་ཆུ་གོས་དུམ་དང། སྲུབ་མའི་ལོ་མ་དང། གངས་ཀྱི་དུམ་བུ་དང། གྲོག་མཁར་གྱི་ས་དང། བདུན་བརྩེགས་ལ། བག་ཕྱེ་ལ་གཟུགས་བྱའོ།། གྲོ་ག་འམ་ཤིང་ཤུན་ལ་གཟུགས་བྱའོ།། དེ་ཡང་རིད་ཅིང་སྐེམ་པར་བྲི། གསད་པའི་ཐུན་རྫས་ནི། ། ཨ་བི་ཤ་ལ་སོགས་པའི་དུག་སྣ་ཚོགས་དང། གསེར་གྱི་རྟུན་བུ་དང། ལྕགས་ཀྱི་རྟུན་བུ་དང། སྐེ་ཚེ་ཤང་ཚེ་དང། རིམས་ཀྱི་ཁྲག་དང། རེའུ་ནག་པོའི་ཁྲག་དང། གྲི་ཁྲག་དང། ཁྱི་དང་ཕག་པའི་ཁྲག་དང། ཙཎྜ་ལི་མིའི་མི་ཁྲག་དང། དེ་རྣམས་བསྲེས་ལ་དྲག་སྔགས་བདུན་པའི་སྔགས་བགྲང་ཞིང་སྔགས་བཟླས་པ་ནི། བཛྲ་ཁྲག་ཐུར་ཐུར་ཐུཾ་ཁྲི་ཤག་ཐུཾ་རྦད། པྲ་མ་ཙིཏྟ་ཤག་ཐུཾ་རྦད། དུམ་པ་རི་མ་ཐུཾ་རྦད། ཙན་ཏི་ཙན་ཏི་མེ་ས་རི་རྦད། པྲ་མ་དུར་མ་ས་དུར་རྦད། མ་ཧཱ་ཐུཾ་རིལ་ཙིཏྟ་ཤག་རྦད། ཙིཏྟ་མ་དུར་ཧ་ལ་ཧ་དུ་ས་རི་བྷྱོ་བྷྱོ་རྦད། གསང་བ་ཐུན་ནག་དྲག་སྔགས་ལས་སྦྱོར་རོ།། མགོན་པོ་རྡོ་རྗེ་བདུད་འདུལ་གྱི་རྒྱུད་ལས། དྲག་སྔགས་བདུན་པ་མ་གྲུབ་སྤོགས་ཆོག་བྱ་བའི་ལེའུ་སྟེ་བཅུ་བཞི་པའོ། །།། དེ་ནས་རྡོ་རྗེ་འཆང་ཆེན་གྱིས།། ལས་འཇུག་སྦྱིན་སྲེག་རིམ་པ་བསྟན།། གོང་གི་ཨེ་དབྱིབས་ནང་དུ་ནི།། གཏུམ་པའི་རོ་བསྲེགས་མགལ་དུམ་དང། ། མེ་རེག་མ་ལ་མེ་བླངས་ཏེ།། ཞིང་གི་པགས་པས་རླུང་ཡབ་བྱ།། ཤིན་ཏུ་དྲག་པར་མེ་སྤར་ལ།། དེར་ནི་སྦྱིན་སྲེག་རིམ་བཞིན་སྦྱར།། མཱ་ར་ཡ་ཡི་ལིང་ག་དང། ཁྱི་ནག་སྙིང་དང་ཤ་དང་ཁྲག། བྱ་རོག་སྙིང་དང་ཤ་ཁྲག་བཅས། ། ལུག་ནག་སྙིང་དང་ཤ་དང་ཁྲག། གཞན་ཡང་ཤ་ཆེན་ཤ་སྣ་ཚོགས།། ཁྲག་སྣ་རྣམ་པ་སྣ་ཚོགས་དང།། ཕྱེ་མ་གསུམ་དང་ཡུངས་དཀར་ཡུངས་ནག་མུ་ཟི་དང།། ལྕགས་ཕྱེ་སྐེ་ཚེ་ཤངས་ཚེ་དང། ། དེ་རྣམས་ཐུན་དུ་བྲབ་པའི་སྦྱིན་སྲེག་བྱ།། མགོན་པོ་རྡོ་རྗེ་བདུད་འདུལ་གྱི་རྒྱུད་ལས། ལས་འཇུག་སྦྱིན་སྲེག་གི་ལེའུ་སྟེ་བཅོ་ལྔ་པའོ།།།། དེ་ནས་རྡོ་རྗེ་འཆང་ཆེན་གྱིས།། མནན་པའི་རིམ་པ་བསྟན་པ་ནི། ། གོས་དུམ་གཅིན་རྟུག་རྐང་རྗེས་དང།། བདུན་བརྩེགས་དང་བག་ཕྱེ་དང།། མཱ་ར་ཡ་ཡི་ལིང་ཀ་བྱ།། སྙིང་ཁར་མིང་རུས་གཞུག་བྱས་ལ།། སྦྱིན་སྲེག་རིམ་བཞིན་སྦྱར་བ་ཡི།། ཁྱུ་བ་ནག་པོའི་ཐོད་པར་གཞུག། ཐོད་པ་ཐག་པ་ནག་པོས་བསྡམ།། དུར་ཁྲོད་གནས་སམ་ཡི་དགས་ཐམས་ཅད་དུ།། ཡང་ན་རོ་ཁུང་རྙིང་པ་འམ།། ལྷ་ཁང་རྙིང་པའི་ཐེམ་འོག་མནན།། ས་ཀླུ་གནས་པའི་ས་རུ་མནན།། མགོན་པོ་རྡོ་རྗེ་བདུད་འདུལ་གྱི་རྒྱུད་ལས། ལས་གཞུག་མནན་པས་བསྡུ་བའི་ལེའུ་སྟེ་བཅུ་དྲུག་པའོ།།།། དེ་ནས་རྡོ་རྗེ་འཆང་ཆེན་གྱིས། མ་ཧཱ་ཀཱ་ལ་བཛྲ་ལ་བསྟོད་པ་ནི།། མགོན་པོ་རྡོ་རྗེ་བདུད་འདུལ་གྱི། ཐུགས་རྗེ་ཐབས་ཀྱིས་བདུད་བཏུལ་བ།། གཞོན་ནུ་དཔའ་བོ་ཁྲོས་པའི་སྐུ།། ཁྲོ་བོའི་རྒྱལ་པོ་ཁྱོད་ལ་བསྟོད།། མགོན་པོ་གཡུལ་ལས་རྣམ་རྒྱལ་ཏེ།། ཕྱག་ན་ཁ་ཊྭཱཾ་ཐོད་ཁྲག་བསྣམས།། མགོན་པོ་རྡོ་རྗེ་འཇིགས་བྱེད་ཁྱོད་ལ་བསྟོད། ། མགོན་པོ་རྒྱལ་པོ་ཁྱོད་ནི་ཕ་རོལ་འདུལ་ལ་མཁས།། སྤྱན་དམར་གསུམ་བགྲད་མཆེ་བ་གཙིགས།། ཧཱུཾ་དང་ཕཊ་ཀྱི་སྒྲ་སྒྲོགས་པ།། མ་རུངས་འཇོམས་བྱེད་ཁྱོད་ལ་བསྟོད།། ཕྱག་ན་མཚོན་ཆ་སྣ་ཚོགས་བསྣམས། ། སྦྲུལ་དང་ཐོད་པའི་འབྲེང་བས་བརྒྱན།། སྐུ་ལ་ཐ་བེར་ནག་པོ་གསོལ།། མགོན་པོ་རྡོ་རྗེ་བདུད་འདུལ་ཁྱོད་ལ་ཕྱག་འཚལ་བསྟོད།། མགོན་པོ་ཁྱོད་ནི་འཁོར་ཡང་གནོད་སྦྱིན་སྟོང་སྡེས་བསྐོར། ། སྐུ་མདོག་ནག་པོ་བསྐལ་པའི་མེ་ལྟར་འབར།། རྔམ་པའི་སྟོབས་ཀྱིས་བགེགས་རྣམས་འདུལ་མཛད་པ།། མགོན་པོ་བགེགས་འདུལ་ཁྱོད་ལ་ཕྱག་འཚལ་བསྟོད།། བགེགས་དང་ལོག་འདྲེན་འདུལ་མཛད་པ། ། ཕྱི་རོལ་བདུད་ཆེན་འདུལ་བའི་སྐུ།། ནང་གི་དགོངས་པ་འཇམ་ལ་ཞི།། ཞི་ཁྲོ་ཁྱོད་ལ་ཕྱག་འཚལ་བསྟོད།། རིག་པ་འཛིན་པ་རྣམས་ཀྱིས་ཁྲོ་ཆེན་ཁྱོད་འཕགས་པས།། མཐུ་རྩལ་མི་ཉམས་མངའ་བས་ན།། སྲིད་པ་གསུམ་པོ་མཐར་ཕྱིན་པས། ། བདུད་འདུལ་འཇིགས་བྱེད་ཁྱོད་ལ་བསྟོད།། ཅེས་བཅོམ་ལྡན་འདས་ཀྱིས་བདུད་བཏུལ་བའི་དུས་དེར་བསྟོད་པའོ།། མགོན་པོ་རྡོ་རྗེ་བདུད་འདུལ་གྱི་རྒྱུད་ལས། བསྟོད་པའི་ལེའུ་སྟེ་བཅུ་བདུན་པའོ། །།། དེ་ནས་ཡང་རྡོ་རྗེ་འཆང་ཆེན་གྱིས་འདི་སྐད་ཅེས་བཀའ་སྩལ་ཏོ།། ཀྱེ། ང་ཡི་འཁོར་དུ་གཏོགས་པ་ཡི།། མགོན་པོ་རྡོ་རྗེ་བདུད་འདུལ་དང།། གནོད་སྦྱིན་ཕོ་ཡི་ཚོགས་རྣམས་དང། ། གནོད་སྦྱིན་མོ་ཡི་ཚོགས་རྣམས་དང།། དེ་དག་ལ་སོགས་འཁོར་རྣམས་ལ།། དྲག་སྔགས་བདུན་པའི་རྒྱུད་བཤད་ཟིན་གྱིས།། ཁྱོད་ལ་གཏད་དོ་ཟུང་ཞིག། རྒྱུད་འདི་ནི་ཐུན་མོང་མ་ཡིན་པའི་རང་བཞིན་ཏེ། འདི་ལྟ་བུའི་རྒྱུད་འདི་ཤིན་ཏུ་ཡང་རྙེད་པར་དཀའ་འོ་ཞེས་བཀའ་སྩལ་ཏོ།། རྡོ་རྗེ་བདུད་འདུལ་གྱི་འཁོར་གནོད་སྦྱིན་ཕོ་དང།། གནོད་སྦྱིན་མོ་དང། གནོད་སྦྱིན་མང་པོ་ལ་སོགས་པ་རྣམས། བཅོམ་ལྡན་འདས་ལ་མངོན་པར་དགའ་འོ། ། དེ་ནས་དེ་དག་ཐམས་ཅད་དགའ་ཞིང་མགུ་བར་གྱུར་ཏེ། བཅོམ་ལྡན་འདས་ལ་མཆོད་པ་སྣ་ཚོགས་པས། གསང་བདག་རྡོ་རྗེ་འཆང་གྱིས་མཆོད་དེ། འཁོར་དེ་དག་བཅོམ་ལྡན་འདས་ལ་རྗེས་སུ་ཡི་རང་ནས་མི་སྣང་བར་གྱུར་ཏོ། ། མགོན་པོ་རྡོ་རྗེ་བདུད་འདུལ་གྱི་རྒྱུད་ལས། རྗེས་སུ་ཡི་རང་བའི་ལེའུ་སྟེ་བཅོ་བརྒྱད་པའོ།།།། མགོན་པོ་རྡོ་རྗེ་བདུད་འདུལ་གྱི་རྒྱུད་དྲག་སྔགས་བདུན་པའི་རྒྱུད་ཅེས་བྱ་བ་རྫོགས་སོ། །།། རྡོ་རྗེ་གདན་གྱི་མཆོད་རྟེན་ནག་པོའི་བསྲུངས་མར་བསྐོས་པའོ།། ཌཱ་ཀི་མ་རྣམས་ལ་ཕྱག་ན་རྡོ་རྗེས་བཀའ་བསྒོ་གཉེར་གཏད་ནས་ཕྱག་རྒྱས་བཏབ་ནས་གཏད་དེ། ཕྱི་རབས་ལས་འཕྲོ་ཅན་དང་ཕྲད་པར་ཤོག། ཅེས་སྨོན་ལམ་བཏབ་བོ།། སློབ་དཔོན་པདྨས་རྡོ་རྗེ་གདན་གྱི་མཆོད་རྟེན་གྱི་ནང་ནས་ཕྱུང་ནས་ཕྱི་རབས་ཀྱི་བསྟན་པ་བསྲུང་བའི་དོན་དུ་བསམ་ཡས་དབུ་རྩེའི་ཀྭ་ཁོལ་དུ་སྦས་པ། བསམ་ཡས་རྒྱ་གར་གླིང་ཆུང་ནས་གྲཝ་པ་བདག་གི་གཏེར་གྱི་ཁ་བྱང་རྙེད། དབུ་རྩེ་བར་ཁང་ཀ་ཁོལ་ནས་རྒྱུད་དང་སྒྲུབ་ཐབས་བཅས་པ་རྙེད། ཕྱི་རབས་ཀུན་ལ་ཕན་ཕྱིར་སྤེལ་བ་ཡིན།། ང་རང་གིས་ཉམས་སུ་ལོང་བའི་ཆོས་སོ། ། ཀུན་ལ་མེད་པའི་ཁྱད་ཆོས་ཨྠི+ྀ། ས་མ་ཡཱ།།།།
CLOSE WINDOW