Wylie |
རྒྱ་རྒྱ་རྒྱ། གཏེར་རྒྱ། སྦས་རྒྱ། གཏད་རྒྱ། ཨྠི+ྀ།།།། རྒྱ་གར་སྐད་དུ། མ་ཧཱ་ཡཀྵ་རཱ་ཛ་ཙིཏྟ་བཛྲ་ར་ག་ར་ཏི་མ་ཧཱ་གུ་ཧྱ་ཏན་ཏྲ་ནཱ་མ། བོད་སྐད་དུ། གནོད་སྦྱིན་གྱི་རྒྱལ་པོ་རིན་ཆེན་སྦྱིན་རྡོ་རྗེ་བདུད་འདུལ་གྱི་གསང་བའི་རྒྱུད་ཆེན་པོ་ཞེས་བྱ་བ།། བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོ་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ལྷའི་ཡུལ་ལྕང་ལོ་ཅན་གྱི་གནས་ཕྱག་ན་རྡོ་རྗེའི་ཕོ་བྲང་ན་བཞུགས་ཏེ། དེའི་ཚེ་བྷ་ག་ཝན་དང་འཁོར་ཐམས་ཅད་གདན་འཛོམ་ནས།། ལྷ་མ་སྲིན་སྡེ་བརྒྱད་ཀྱིས་ཡོངས་སུ།། བསྐོར་ཏེ་ཕྱག་འཚལ་ནས། ། རང་རང་གི་སྲོག་གི་སྙིང་པོ་ཕུལ་ནས་རྒྱུད་མང་པོ་བཤད་པའི་ཚེ། འཁོར་དེའི་ནང་ནས་གནོད་སྦྱིན་གྱི་གཟུགས་ལ་བདུད་དང་གཤིན་རྗེའི་ཆ་བྱད་ཅན་ཤིན་ཏུ་གདུག་པའི་ཚོགས་རྣམས།། གནོད་སྦྱིན་སྟོང་ཕྲག་ལྔ་བརྒྱ་དང་བཅས་པ་ཐམས་ཅད་ཀྱང་ལག་ན་གདུག་པའི་མཚོན་ཆ་ཐོགས་པ་སྲོག་གཅོད་པ་ལ་དགའ་བ་ཞིག་གིས། ། རང་རྟགས་སྲོག་གི་སྙིང་པོ་མདོངས་གསོལ་དུ་ཕུལ་ནས། ཤིན་ཏུ་དལ་ཆགས་ཤིང་བརྡལ་བའི་སྐད་ཀྱིས་འདི་སྐད་ཅེས་གསོལ་ཏོ། ། ཁ་ནས་གསོད་པའི་སྔགས་ཟློས་ཤིང།། ཨེ་མ་ཧོ། གནོད་སྦྱིན་ཆེན་པོ་བརྒྱད་ལ་སོགས།། ང་ཡི་འཁོར་དུ་གཏོགས་པ་ཡི།། གནོད་སྦྱིན་ཆེན་པོ་ཧ་ར་སྟོང་ཕྲག་ལྔ་བརྒྱ་རྣམས། ། བྷ་ག་ཝན་གྱི་བཀའ་ཉན་ཏེ།། ལྷ་རྣམས་དར་ནི་ཟ་བ་རྣམས།། བྷ་ག་ཝན་གྱིས་བཀའ་སྩོལ་མཛོད།། བྷ་ག་ཝན་གྱིས་བཀའ་སྩལ་པ།། ཉོན་ཅིག་གདུག་པའི་གནོད་སྦྱིན་ཚོགས།། ལས་ངན་བྱེད་ན་དམྱལ་བར་སྐྱེ། ། དམ་ཚིག་ཉམས་ན་དམྱལ་བར་སྐྱེ།། བདེ་གཤེགས་གཞུང་བཞིན་བསྒྲུབ་པ་ལ།། སྲུང་བའི་ལས་རྣམས་གྲུབ་པར་གྱིས།། དཀོན་མཆོག་སྨོད་པའི་རྒྱལ་པོ་དང།། དམ་སྲི་བྱེད་པའི་བན་དྷེ་དང།། སྐུ་ལ་བསྡོ་བའི་སྐྱེ་བོ་དང། ། མཚམས་མེད་དུག་ཅན་བུད་མེད་དང།། གནོད་སྦྱིན་ཁྱོད་ཀྱིས་ཟ་བར་གྱིས།། ཞེས་གསུངས་སོ།། གནོད་སྦྱིན་གྱིས་གསོལ་བ། ཆོས་བྱེད་ཐམས་ཅད་བསྲུང་བ་དང།། བླ་མ་མགོན་རྣམས་བསྲུང་བ་དང། ། བུདྡྷ་བསྟན་པ་གཉན་པོ་ལ།། གནོད་བྱེད་ཐམས་ཅད་བཟློག་པར་གྱི།། བྷ་ག་ཝན་གྱིས་བཀའ་སྩལ་པ།། ཁྱོད་ཀྱི་དེ་ལྟར་བྱས་གྱུར་ནས།། བུདྡྷ་སརྦ་མཉེས་པར་བྱེད།། ང་ཡི་ཐུགས་ཀྱང་མཉེས་པར་བྱེད།། དེ་ཅིའི་ཕྱིར་ཞེ་ན། ང་ཡིས་བསྟན་པའི་ཆོས་འདི་དག། བུདྡྷ་སརྦའི་ཡུམ་མོ།། དེའི་ཕྱིར་བསྟན་པ་བསྲུང་བ་ནི།། བུདྡྷ་སརྦའི་ཐུགས་བསྲུང་བ་ཡིན།། ཞེས་གསུངས་སོ།། དེ་ནས་འཕགས་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ། ། བྷ་ག་ཝན། ཤིན་ཏུ་གདུག་པའི་གནོད་སྦྱིན་ཚོགས།། སྐྱེ་བ་སྔོན་རོལ་གང་དུ་བླངས།། ལས་སུ་བྱ་བ་གང་ལ་སྤྱོད།། བྷ་ག་ཝན་གྱིས་བཀའ་སྩོལ་ཅིག། བྷ་ག་ཝན་གྱིས་བཀའ་སྩལ་པ། ། རྡོ་རྗེ་བདུད་འདུལ་གསང་རྒྱུད་འདི།། སྔགས་ཀྱི་བདག་པོ་དེ་ལ་དྲིས།། དེ་ཡིས་ཁྱོད་ལ་ལེགས་པར་འཆད།། ཅེས་གསུངས་པ་དང། ཀུན་དགའ་བོས་དྲི་བར་སེམས་པ་དང། ཕྱག་ན་རྡོ་རྗེས་ཀུན་དགའ་བོའི་སེམས་ཀྱིས་རྟོག་པ་ཐུགས་ཀྱིས་མཁྱེན་ནས། ཀུན་དགའ་བོ་ལ་གླང་པོ་ཆེའི་ལྟ་སྟངས་ཀྱིས་གཟིགས་ནས་བཀའ་སྩལ་པ། ཉོན་ཅིག་ཨཱརྱ་ཀུན་དགའ་བོ།། ཤིན་ཏུ་གདུག་པའི་གནོད་སྦྱིན་ཚོགས།། སྔོན་ཆད་ལྷ་ཡུལ་ནང་ན་འདུག། ལས་སུ་ལྷ་ཡི་ལོངས་སྤྱོད་སྤྱོད།། མིང་ནི་རྡོ་རྗེ་ནོར་བུའོ།། ཞེས་གསུངས་སོ།། ཀུན་དགའ་བོས་གསོལ་བ། བཅོམ་ལྡན་འདས། རྡོ་རྗེ་ནོར་བུ་ལྷ་ཡི་སྐུ།། གནོད་སྦྱིན་དག་ཏུ་སྐྱེས་པ་ཡི།། ལས་ཀྱི་རྣམ་སྨིན་ཅི་ལས་བྱུང། ། གསང་བའི་བདག་པོས་བཀའ་སྩོལ་ཅིག། བྷ་ག་ཝན་གྱིས་བཀའ་སྩལ་པ།། ཉོན་ཅིག་ཨཱརྱ་ཀུན་དགའ་བོ།། ཡོངས་འདུ་ས་བརྡོལ་ལྗོན་ཤིང་ལ།། ལྷ་དང་ལྷ་མིན་རྩོད་པ་ལ།། ལྷ་རྣམས་འཕམ་པར་གྱུར་བ་ལས། ། རྡོ་རྗེ་ནོར་བུ་ལྷ་ཡི་བུ།། མར་མེ་མཛད་ནི་བུདྡྷ་ལ།། མན་དྷ་ར་བ་མེ་ཏོག་མངོན་གཏོར་ནས།། སྤྱན་སྔར་སྨོན་ལམ་འདི་བཏབ་བོ།། བཅོམ་ལྡན་བདུད་དང་བདུད་རིགས་ཀྱི།། ལྷ་དང་ལྷ་མིན་གཉེན་པོར་ཤོག། མར་མེ་མཛད་ནི་བུདྡྷ་ཡིས།། མགོ་ལ་ཕྱག་ནི་རེག་མཛད་དེ།། འདོད་པའི་ཁམས་ལ་དབང་བྱེད་པས།། རྡོ་རྗེ་བདུད་འདུལ་ཞེས་བྱ་བའི།། གནོད་སྦྱིན་དག་ཏུ་སྐྱེ་བ་ནི།། དེར་ཁྱོད་སྐྱེ་བར་ཐེ་ཚོམ་མེད། ། བཛྲ་པཱ་ཎིས་བྱིན་གྱིས་རློབ།། ཆོས་དང་མཐུན་པར་བསྟན་བསྲུང་ངོ།། ཞེས་མར་མེ་མཛད་ཀྱིས་ལུང་བསྟན་ནོ།། ཤིན་ཏུ་གདུག་པའི་ལས་བྱེད་སྤྱོད།། ལག་ན་རྡོ་རྗེའི་བུ་རུ་སྐྱེ།། ལྷ་ཡི་དུག་ལྔའི་ཤུགས་ལས་བྱུང། ། མར་མེ་མཛད་ཀྱི་སྤྱན་སྔ་རུ།། རྒྱལ་བ་ཤཱཀྱ་ཐུབ་པ་དང།། སྨོན་ལམ་དག་པར་བཏབ་པའི་མཐུས།། ད་ལྟ་ཤཱཀྱ་ཐུབ་པ་ཡི།། བསྟན་པ་བསྲུང་བ་བརྩོན་པར་བྱེད།། ཅེས་གསུངས་སོ།། བྷ་ག་ཝན་གྱིས་ལེགས་སོ་ཞེས་པ་གནང་སྟེ། ལེགས་སོ་ལེགས་སོ།། ལག་ན་རྡོ་རྗེ་དེ་བཞིན་ཏེ།། ཇི་ལྟར་ཁྱོད་ཀྱིས་བསྟན་པ་བཞིན་ནོ།། དེ་ནས་ཨཱརྱ་ཀུན་དགའ་བོས་གསོལ་པ།། ཤིན་ཏུ་གདུག་པའི་གནོད་སྦྱིན་ཚོགས།། འདུལ་བའི་གཉེན་པོར་བཀའ་སྩོལ་ཅིག། ཉོན་ཅིག་ཨཱརྱ་ཀུན་དགའ་བོས།། ཤིན་ཏུ་གདུག་པའི་གནོད་སྦྱིན་ཚོགས།། གཉའ་ཤིང་འཛིན་ལ་གནས་བཅས་ནས།། སྟེང་འོག་ཀུན་ཏུ་རྒྱུག་བྱེད་ཅིང།། སེམས་ཅན་ཀུན་གྱི་སྲོག་ཀྱང་གཅོད། ། དབུགས་ནི་རྔུབ་པ་ཙམ་གྱིས་ཀྱང།། སེམས་ཅན་མང་པོ་ཁ་རུ་ཟ།། འདོད་ཁམས་འདི་དག་ཕུང་བར་བྱེད།། དེ་ཚེ་ང་ནི་གཏུམ་པོར་སྤྲུལ།། དེ་དག་འདུལ་བར་བྱས་པ་ལ།། གནོད་སྦྱིན་རྣམས་ནི་འདི་ལྟ་སྟེ། ། སྐྲ་ནི་གྱེན་སོང་ལྕེ་ཡང་དྲིལ།། མིག་རྩ་རིག་རིག་རྐན་སྒྲ་བརྡེབ།། ཁྱོད་ཉིད་ཟ་བར་བྱའོ་ཞེས།། དེ་ལ་ངས་ནི་འདི་སྐད་བརྗོད།། ཉོན་ཅིག་གདུག་པའི་གནོད་སྦྱིན་ཚོགས།། དུ:་ཁ་མ་ཧཱ་བཟོད་པར་གྱིས། ། ང་ཡི་སྐུ་ལ་མེ་འབར་ཏེ།། དུས་མཐའི་མེ་ལྟར་རབ་ཏུ་འབར།། རི་དང་ཁྱིམ་ཡང་འབར་བར་བྱས།། གནོད་སྦྱིན་རྣམས་ནི་རབ་ཏུ་ཚིག། གདུང་བའི་སྐད་ཀྱིས་འདི་སྐད་ཟེར།། ཨེ་མ་ཐུགས་རྗེ་ཆེན་པོ་མ་ལགས་སམ། ། བདེ་བར་གཤེགས་པས་སྐྱབ་ཏུ་གསོལ།། ཀྱི་ཧུད་བདག་ཅག་རྣམས་འཚིག་ཅིང་བརླག། ཨེ་མ་ཐུགས་རྗེ་ཅན་ཆེན་ཏེ།། ཞི་ཡང་སེམས་ཅན་འདུལ་དོན་དུ། དྲི་མ་མེད་པས་ཁྲོ་བོར་སྤྲུལ།། གདུག་པ་འདུལ་ཕྱིར་ཁྲོ་བོའི་སྐུལ། ། སྟོན་མཛད་རྡོ་རྗེ་འཆང་ལ་སྐྱབས་སུ་མཆི།། བདེ་གཤེགས་ཇི་ལྟར་བཀའ་སྩལ་པ།། དེ་ལྟར་བདག་ཅག་བགྱིད་པར་འཚལ།། འདོད་ཁམས་འདི་ན་གང་འཁོད་པ།། ང་ཡི་དབང་དུ་མི་འདུས་མེད། ། བདག་གི་རིག་པ་འབུལ་ལགས་ན།། ཐུགས་རྗེ་ཆེན་པོས་བཞེས་སུ་གསོལ།། ཨོཾ་མ་ཧཱ་ཡཀྵ་བཛྲ་ཙིཏྟ་ར་ག་ར་ཏི།། གསང་སྔགས་བཀའ་རྣམས་བསྐྱང་བ་དང།། བུདྡྷའི་བསྟན་པ་བསྲུང་བ་དང།། ཆོས་བྱེད་ཐམས་ཅད་བསྲུང་ངོ་ཞེས། ། ཡི་དམ་ཆེན་པོ་དེར་བཅས་སོ།། དབང་བསྐུར་མིང་བཏགས་དམ་ཚིག་ཤེས་པ་བྱིན།། རྡོ་རྗེ་འཇིགས་བྱེད་བདུད་དཔུང་འཇོམས།། ཆོས་ཀྱི་བསྲུང་མ་ཆེན་པོར་བསྐོས།། ཆོས་དང་མཐུན་པར་བསྟན་པ་བསྲུངས། ། ཞེས་གསུངས་སོ།། རིན་ཆེན་སྦྱིན་གྱི་རྒྱུད་ལས། གླེང་གཞིའི་ལེའུ་སྟེ་དང་པོའོ།།།། དེ་ནས་ཨཱརྱ་ཀུན་དགའ་བོས།། བྷ་ག་ཝན་ལ་འདི་སྐད་གསོལ་ཏོ།། འདོད་ཁམས་དབང་བྱེད་གནོད་སྦྱིན་ནི། ། ཤིན་ཏུ་གདུག་ཅིང་མི་བསྲུན་ན།། དེ་ཡི་གཉེན་པོ་གང་ལ་བགྱི།། གཉེན་པོ་བསྒྲུབ་པ་བཀའ་སྩོལ་ཅིག། བྷ་ག་ཝན་གྱིས་བཀའ་སྩལ་པ།། ཉོན་ཅིག་ཨཱརྱ་ཀུན་དགའ་བོ།། གནོད་སྦྱིན་སྒྲུབ་པའི་རྣལ་འབྱོར་པས། ། ཕྱག་ན་རྡོ་རྗེ་བསྒྲུབ་པར་བྱ།། དང་པོ་དབེན་པའི་གནས་དག་ཏུ།། སྟེགས་བུ་ཤིན་ཏུ་མཛེས་པ་ལ།། ཙན་དན་བསྲེགས་པའི་དུད་པ་དང།། མ་ཀི་ཙི་དང་བཅས་པའོ།། བདུད་རྩི་དང་ནི་གཏོར་མ་དང། ། བྱུགས་ནས་མེ་ཏོག་ནག་པོ་དགྲམ།། དམ་ཚིག་བསྐྱེད་ལ་ཡེ་ཤེས་གཞུག། ཕྱི་ནང་གསང་གསུམ་དག་གིས་མཆོད།། ཀཱ་ཡ་བཱཀྐ་ཙིཏྟའི་རྟགས་བྱུང་ནས།། དེ་ནས་བསྒྲུབ་ལ་འཇུག་པར་བྱ།། ནོར་བུ་རིན་ཆེན་སྦྱིན་གྱི་རྒྱུད་ལས། གཉེན་པོ་བསྒྲུབ་པའི་ལེའུ་སྟེ་གཉིས་པའོ།།།། དེ་ནས་ཨཱརྱ་ཀུན་དགའ་བོས།། གསང་བདག་དེ་ལ་འདི་སྐད་དོ།། གནོད་སྦྱིན་གྱི་ནི་ངོ་བོ་གང་ངེས་པའི་ཚིག་ནི་གང་ལ་བགྱི།། མན་ཏྲའི་བདག་པོས་བཀའ་སྩོལ་ཅིག། ཉོན་ཅིག་ཨཱརྱ་ཀུན་དགའ་བོ།། འདོད་པ་སྟེར་བས་གནོད་སྦྱིན་ནོ།། ལས་རྣམས་བྱེད་པས་དམ་ཅན་ནོ།། སེམས་ཅན་སྐྱོབ་ཕྱིར་མགོན་པོའོ།། བསྟན་ལ་དགའ་བས་མཐུ་སྟོབས་ཅན། ། དེ་ཕྱིར་ཆོས་སྐྱོང་ཆེན་པོའོ།། འཇིགས་ཚུལ་སྟོན་པས་གཤིན་རྗེ་འོ།། གནས་པའི་ཆ་ལུགས་བདུད་ཀྱི་གཙོ།། འཕོངས་པའི་རེ་སྐོང་ནོར་ལྷའོ།། ནོར་བུ་རིན་ཆེན་སྦྱིན་རྒྱུད་ལས། གནོད་སྦྱིན་གྱི་མཚན་ཉིད་བསྟན་པའི་ལེའུ་སྟེ་གསུམ་པའོ། །།། དེ་ནས་ཨཱརྱ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་རྡོ་རྗེ་འཆང་ཆེན་པོ།། དེ་ཡི་མཐུན་པའི་གནས་གང་ལགས།། གསང་བའི་བདག་པོས་བཀའ་སྩལ་པ། ། ཉོན་ཅིག་ཨཱརྱ་ཀུན་དགའ་བོ།། བྱང་དུ་ཁ་བལྟས་གསེར་གྱི་མདོག། གཉའ་ཤིང་འཛིན་འདྲའི་རི་ཡང་རུང།། རི་ནག་རྩེ་མོ་གནམ་དུ་སོང།། གནམ་སྒོ་བསྐོར་འདྲ་རི་ཟླུམ་མམ།། ཆུ་གླིང་མེ་ཏོག་གླིང་ཡང་རུང། ། རྒྱ་མཚོ་ཆེ་འམ་དུར་ཁྲོད་དོ།། གདེང་དང་ལྡན་པའི་རྣལ་འབྱོར་པས།། སྒྲུབ་ན་དངོས་གྲུབ་ཐོབ་པར་འགྱུར།། རྡོ་རྗེ་རིན་ཆེན་སྦྱིན་རྒྱུད་ལས། གནས་བཙལ་བའི་ལེའུ་སྟེ་བཞི་པའོ།།།། དེ་ནས་ཨཱརྱ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ། ། བྷ་ག་ཝན་ཤིན་ཏུ་གསང་བའི་གནོད་སྦྱིན་ནི།། དང་པོ་བསྒྲུབ་ན་ཇི་ལྟར་སྒྲུབ།། མན་ཏྲའི་བདག་པོས་བཀའ་སྩོལ་ཅིག། ཉོན་ཅིག་ཨཱརྱ་ཀུན་དགའ་བོ།། འདི་ལ་དོན་ནི་རྣམ་གསུམ་སྟེ། ། བསྙེན་བསྒྲུབ་ལས་ལ་སྦྱར་བ་ཡི།། བསྙེན་པ་ལ་ན་གཏོར་མ་དང།། ཕྱི་མཚམས་བསྲུང་ཞིང་ནང་མཚམས་གཅད།། ངང་ལ་བྲི་ཞིང་རྒྱན་རྣམས་དགྲམ།། དམ་རྫས་བསག་ཅིང་ཕྱི་མཆོད་བྱ།། ཐུགས་ཀྱི་སྙིང་པོ་འདི་བཟླས་བྱ། ། ཨོཾ་མ་ཧཱ་ཡཀྵ་བཛྲ་རཏྣ་ཙིཏྟ་ཧཱུཾ་ར་ག་ར་ཏི། ཨོཾ་མ་ཧཱ་ཡཀྵ་རཏྣ་ཙིཏྟ་གུ་ཎ་ཧྲི་ད་ཧཱུཾ། ཡོན་ཏན་གྱི་སྙིང་པོའོ།། མ་ཧཱ་ཡཀྵ་ཧཱུཾ། ཉེ་བའི་སྙིང་པོའོ།། སྤྱན་དྲང་བའི་སྔགས་ལ། ཨེ་ཧྱེ་ཧི་མ་ཧཱ་ཡཀྵ་བཛྲ་རཏྣ་ཙིཏྟ། ཛ་ཧཱུཾ་བཾ་ཧོ། རིན་ཆེན་སྦྱིན་གྱི་རྒྱུད་ལས། བསྙེན་པ་དང་ཕྱི་སྒྲུབ་པའི་ལེའུ་སྟེ་ལྔ་པའོ།།།། ཀུན་དགའ་བོ་ཡིས་ཡང་གསོལ་པ།། སྒྲུབ་པའི་ཐབས་ནི་ཡང་གསུངས་ཤིག། བསྙེན་པའི་རྫས་དང་མཆོད་པའི་རྫས། ། གསད་པའི་རྫས་དང་སྔགས་རྣམས་ནི།། སྔགས་ཀྱི་བདག་པོས་བཀའ་སྩོལ་ཅིག། བྷ་ག་ཝན་གྱིས་བཀའ་སྩལ་པ།། ཉོན་ཅིག་ཨཱརྱ་ཀུན་དགའ་བོ།། གདུག་པའི་ས་ལ་མཎྜལ་བརྩིག། མཐིང་ནག་གྲུ་གསུམ་བརྩེགས་མ་ལ། ། ཟླ་གམ་སྨུག་ནག་གསུམ་གྱིས་བསྐོར།། ཕྱི་རིམ་ཙཀྲ་རྩིབས་དྲུག་ལྡན།། གྲུ་བཞི་ལ་ནི་སྒོ་བཞི་པ།། ཐམས་ཅད་དུག་ཁྲག་རོ་སོལ་བྱུག། དབུས་སུ་གསང་བའི་བདག་པོ་ནི།། གཉེན་པོའི་ཚུལ་དུ་བསྒོམ་པར་བྱ། ། བདུད་ཀྱི་བེར་ནག་སྐུ་ལ་གསོལ།། སྦྲུལ་དང་དུར་ཁྲོད་ཆས་ཀྱིས་བརྒྱན།། མགོ་ཡི་འཕྲེང་བའི་དོ་ཤལ་བྱ།། ཁ་ནས་ཁྲག་འཛག་འཇིགས་པར་བྱེད།། ཁ་ཊྭཱཾ་གཡས་ལ་བན་དྷ་གཡོན། ། ཞབས་ཀྱིས་སྲིན་པོ་གནོན་པར་མཛད།། དེ་ཡི་གཡས་དང་གཡོན་གཉིས་སུ།། རྣོན་པོའི་དང་ནི་ཉི་མ་མིག། གྲོགས་པོའི་ཚུལ་དུ་དགོད་པར་བྱ།། འཇིགས་བྱེད་དང་ནི་གཟི་ལྡན་མ།། རྣོན་པོ་ནག་པོ་འདི་རྣམས་ནི། ། དེ་དག་སྐུ་མདོག་ནག་པོ་སྟེ། ཟླ་གམ་དག་ལ་ཕོ་ཉའི་ཚུལ།། དེ་དག་འདི་ལས་བསྐྱེད་པའོ།། ཧི་རི་རཾ་རཾ་མ། ཀྵ་ལས་བསྐྱེད་པའི་གནོད་སྦྱིན་བརྒྱད།། ཙཀྲ་བརྒྱད་ལ་དགོད་པར་བྱ།། ཁྲག་ལས་བསྐྱེད་པའི་གནོད་སྦྱིན་ཚོགས། ། ལྕགས་ཀྱི་བྱ་ཁྲག་བརྒྱ་སྟོང་སྤྲུལ།། རྡོ་རྗེ་རིན་ཆེན་སྦྱིན་རྒྱུད་ལས།། དཀྱིལ་འཁོར་སྐྱེད་པའི་ལེའུ་སྟེ་དྲུག་པའོ།།།། དེ་ནས་ཨཱརྱ་ཀུན་དགའ་བོས།། གསང་བའི་བདག་པོ་གནོད་སྦྱིན་འདི། ། ཇི་ལྟར་སྐུ་འདི་བསྙེན་པར་བྱ།། གསང་བའི་བདག་པོས་བཀའ་སྩལ་པ།། ཉོན་ཅིག་ཨཱརྱ་ཀུན་དགའ་བོ།། ཨ་ཀ་རུ་ནི་ནག་པོ་ལ།། གནོད་སྦྱིན་ཅི་འདྲའི་སྐུ་བྲིས་ལ།། བཻ་ཌཱུརྻ་ཡིས་མདོག་བསྒྱུར་ལ། ། རིན་ཆེན་གསེར་གྱི་སྙིང་པོ་བྲི།། སྐུ་བསྐྱེད་རབ་གནས་བྱིན་བརླབས་ལ།། གཙུག་གམ་མགུལ་དུ་གདགས་པར་བྱ།། བསྲུང་བའི་མཆོག་ཏུ་འདི་འགྱུར་རོ།། ལུས་དང་དྲི་མ་བཞིན་དུ་འོ།། རིན་ཆེན་སྦྱིན་གྱི་རྒྱུད་ལས། བླ་རྡོ་བཟུང་བའི་ལེའུ་སྟེ་བདུན་པའོ།།།། ཉོན་ཅིག་ཨརྱ་ཀུན་དགའ་བོ།། འདི་ལ་མཐུན་པའི་དམ་རྫས་ནི།། བདུད་ཁུག་ནག་པོ་སྦྱི་དཀར་དང།། མདའ་མོ་བྱ་རྒོད་མཐིང་ནག་དང།། འཕགས་མཆོག་དམ་པ་བླ་མེད་པ། ། བ་དན་དམར་སེར་མང་པོ་བཤམ།། བ་དན་ནག་པོ་བོད་པའི་རྫས།། འདི་ནི་ནང་གི་རྟེན་རྫས་སོ།། གྲི་རྒོད་སྙིང་དང་ཝ་ཡི་སྙིང།། ཁྲ་ཡི་ཙིཏྟ་ལ་སོགས་པ།། སྨན་དང་སྤོས་དང་སྙིང་པོས་བརྒྱན། ། གསང་བ་ཡི་ནི་རྟེན་རྫས་སོ།། རྟག་ཏུ་རྟེན་པའི་མཆོད་རྫས་ནི།། རིན་པོ་ཆེ་ནི་འབར་བ་དང།། གསང་བ་ལྔ་དང་ཤ་ལྔ་དང།། མཚན་ལྡན་སྣོད་དུ་འབྲུ་བཅུད་དོ།། ནང་ནུབ་མཆོད་པའི་རྫས་རྣམས་ནི།། ཤ་ཆེན་སྨུག་པོ་གཅལ་དུ་བཀྲམ། ། བདུད་རྩི་ལྔ་ཡི་གཏོར་མ་དང།། རཀྟ་དམར་གྱི་ཨརྒྷ་དང།། རྒྱ་ཕོར་རིན་ཆེན་གསེར་སྐྱེམས་སོ།། ཉི་ཤུ་རྩ་ལྔ་ལོན་པ་ལ།། དྲག་ཤུལ་གཡུལ་ངོར་བསད་པའི་རོ།། སྟེང་དུ་སྡིག་པའི་གཡང་གཞི་དགབ། ། འོག་ཏུ་དར་གྱི་ས་གཞི་གདིང།། གཟུངས་ཐག་ཕྱོགས་བཞིར་གདགས་པར་བྱ།། དེ་ལ་གནོད་སྦྱིན་དཔོན་གཡོག་བསྡུ།། རྩང་མདུང་དམ་པོ་འདོམ་གང་ལ།། མི་ལྤགས་རྒྱལ་མཚན་གདགས་པར་བྱ། ། དེ་ཡི་ཤ་ཁྲག་མཆོད་རྫས་སོ།། རྡོ་རྗེ་རིན་ཆེན་སྦྱིན་གྱི་རྒྱུད་ལས།། རྫས་བསྟན་པའི་ལེའུ་སྟེ་བརྒྱད་པའོ།།།། ཡང་ནི་ཀུན་དགའ་བོས་གསོལ་པ།། འཁོར་ལོའི་རྒྱུད་དང་བྲི་བའི་ཐབས།། དེ་ཡི་སྔགས་དང་དབྱེ་བ་རྣམས། ། གསང་བའི་བདག་པོས་བཀའ་སྩོལ་ཅིག། སྔགས་ཀྱི་བདག་པོས་བཀའ་སྩལ་པ།། ལེགས་པར་ཉོན་ཅིག་ཀུན་དགའ་བོ།། གསད་པ་སྲོག་གི་འཁོར་ལོ་ནི།། དུར་ཁྲོད་དག་གི་རས་ལ་ནི། ། གྲུ་གསུམ་བསྣོལ་མར་ཡང་དག་ལྡན།། དེ་དབུས་ཨེ་དབྱིབས་བྲི་བར་བྱ།། དབུས་སུ་གཟུགས་བྲིས་མཐར་སྔགས་བསྐོར།། ཨོཾ་ཙཎྜ་མ་ཧ་རོ་ཥ་ཎ་ཡཀྵ་རཏྣ་ཙིཏྟ་ཨ་མུ་ཀཾ། ཁཱ་ཧི་ཁཱ་ཧི་མ་ར་མ་ར། གྲྀཧྣ་གྲྀཧྣ། ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ། ཚིན་དྷ་ཚིན་དྷ། བྷིན་དྷ་བྷིན་དྷ། ཁ་ཐུན་ཏྲི་ཛ་མཱ་ར་ཡ་ཕཊ། དབུས་སུ་བཛྲ་སྙིང་མགོ་ཆོད།། འཁོར་ལོ་རྩིབས་དྲུག་དག་ལ་ནི།། དང་པོ་ལ་ནི་དགོད་པར་བྱ། ། ཁ་ལ་མུ་ལོང་ཏྲི་དགྲ་ལ་རྦད།། གཉིས་པ་ལ་ནི་དགོད་པ་ནི།། སུད་ན་པྲ་ཤྟི་རྦད། གསུམ་པ་ལ་ནི་རྨུགས་རྦད་དོ།། བཞི་པ་མ་ལ་ཤྲི་ཏྲི་ལ་རྦད། རྩ་ཁྲི་ཁྲ་རི་ཡབ་རྦད་ལྔའོ།། དྲུག་པ། མི་ཛི་ཛི་དེ་ལ་རྦད། ཨ་མུ་ཀཾ་ཨི་ནི། སྔགས་འདི་ནི། དགྲ་བོ་འཁོར་ལོའི་ལོགས་ལ་དགོད།། དགྲ་བོའི་འཁོར་ལོའི་ཐ་མ་རལ་གྲིས་བསྐོར།། དུག་དང་ཁྲག་དང་སྐེ་ཚེ་དང། ཤངས་ཚེ་དག་གི་ཁུ་བས་ནི།། ཁྲ་ཡི་སྒྲོ་རྩས་བྲི་བར་བྱ།། དུར་ཁྲོད་སོལ་བས་ཚུབ་མ་དང། ། བདུད་རྩི་དྲི་ཆུ་རྐང་རྗེས་དང།། གཟུགས་བྱས་སྙིང་ཁར་འཁོར་ལོ་གཞུག། སྣ་ལྔ་འམ་ནི་ཞིང་རྒྱུད་བཅིངས།། བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ་མ་ཧཱ་ཡཀྵ་ཨ་མུ་ཀཾ། ཁ་ཏས་མ་བཛྲ་ཨ་མོ་ཧ་ཡ། ཤྲི་ཧྲི་ཨ་ན་ཡ་ཧཱུཾ་ཕཊ། དུག་གི་ཆུ་ཡི་བྱུག་ནས་སུ།། རང་བྱུང་དྲག་པོའི་སྣོད་ནང་དུ།། ག་མི་ཏ་ཡི་སྲད་བུས་བཅིངས།། དེ་ནས་གྲུ་གསུམ་ཐུར་དུ་བསྒྱུར།། དང་པོ་དགུག་པའི་སྔགས་འདི་བཟླས།། ཨོཾ་བྷ་ཏ་པ་ཏྲ་ཧཱུཾ། ན་མཿཏྲ་ཡད་ཧི་ཀ་ནན། སརྦ་ཏ་ཐ་ག་ཏ་ཡཱ། སརྦ་པྲ་མ་ཡ། པ་ཏྲ་ཏི་ཧ། ཏ་རྦ་ས་ནི། དྷ་མ་ཙ་ལ་ནི་སྭཱ་ཧཱ། ཨོཾ་ཨ་ས་མན་ཏོ་ཏ། ཨ་ནན་པ་ཏ། བྷ་ནི་ཏོ་ཤ་ས་ནི་ཧ་ར་ཧ་སྨ་ར། བྷི་ནི་ག་ཏ་ར། ག་པུད་ཏ་དྷ་མེ་ཏེ། ས་ར་ས་ར། མས་མ་མ་པ་ལ། ཧ་ས་ཧ་ས། ཏྲ་ཡ་ཏྲ་ཡ་ཡ་ག་བྷ་ནི་བྷ་ར། མ་ཧཱ་གྷ་རེ་ཛྭ་ལ་ནི་ས་ག་རེ་མ་ཧཱ་ཡཀྵ་ནི་ཀུ་ནི་ཁུ་ནརི་ཤོག་ཛ་ཧཱུཾ་བཾ་ཧོ། ཞེས་པ་ནི་བརྒྱ་རྩ་བརྒྱད་དུ་བཟླས།། གདུག་པ་ཅན་དེར་འདུས་ནས།། གསང་སྔགས་ལྡན་པའི་དུར་ཁྲོད་ཀྱི། ། རྡོ་ལེབ་དག་གིས་དོང་ཁ་གཅད།། རྡོ་རྗེ་རིན་ཆེན་གྱི་རྒྱུད་ལས།། འཁོར་ལོ་བསྟན་པའི་ལེའུ་སྟེ་དགུ་པའོ།།།། དེ་ནས་འཕགས་པ་ཀུན་དགའ་བོས།། གསད་པའི་སྔགས་རྫས་གང་ལ་བགྱི། ། དེ་ནས་ངན་སྔགས་གང་གིས་བརྡེག། གསང་བའི་བདག་པོས་བཀའ་སྩལ་པ།། ཉོན་ཅིག་འཕགས་པ་ཀུན་དགའ་བོ།། བཟླས་པ་ཚད་དུ་ཕྱིན་པ་དང།། ཞག་ནི་སུམ་ཅུ་རྩ་ལྔའི་བར།། རྦད་པའི་ལས་ལ་གཏད་པར་བྱ། ། གནོད་སྦྱིན་དྲག་སྔགས་བདུན་པ་འདི།། གང་ལ་བཏབ་ཀྱང་མི་འཆོར་ཏེ།། རྡོ་རྗེའི་བྲག་ཀྱང་འགེམས་པར་བྱེད།། བཛྲ་སྙིང་མགོ་ཆོད།། ཁ་ལ་མུ་ལེ་ཏྲི་དགྲ་ལ་རྦད།། པུད་ན་པྲ་ཏི་རྦད། མུགས་རྦད། མ་ག་ལ་ཤི་ཏྲི་རྦད། བ་རི་ཁྲ་རི་ཡི་རྦད། མ་ཛི་ཛི་དེ་ལ་རྦད། མ་ཧཱ་ཡཀྵ་ར་ཙིཏྟ་རྦད། ཡཀྵ་སྙིང་ཁྲག་རྩ་སྲོག་བྲེང་བྲེང། ཛ་ལ་ཛ་ཧཱུཾ་ཕཊ། ཡཀྵ་སྲོག་ལ་ཏུག་ཏུག། ཁྲག་བླངས་སྙིང་ལ་ཐུན། མ་ཧཱ་ཡ་ཀྵ་སྲོག་ཐུཾ། ཙིཏྟ་ལ་མ་ར་ནརི་རྦད། མཱ་ར་ཡ་རྦད། ཁྲ་ཐུན་ནརི་ཛ། ར་ག་ར་ཏི་སྙིང་ཤ་ཀུ་རུ་རུ་ཐུཾ་རྦད། ར་ཛ་རཱའ་ཛ་སྙིང་ལ་ཐུན་རྩན་ཁ་ལ་རྩངས་ས་མ་ཡ་རྦད། སྤྱན་དྲངས་བྱེ་བ་དྲུག་འབུམ་ཡོད།། སྐུ་གསུང་ཐུགས་ལ་གྲངས་མེད་དོ། ། རྦད་པ་རྒྱལ་པོ་དྲུག་འབུམ་མོ།། བན་དྷེ་འབུམ་ལ་སྐྱེ་བོ་ཁྲི།། བུད་མེད་ལ་ནི་སྟོང་སྟོང་ངོ།། ཁུགས་པའི་མཚན་མ་བྱུང་ནས་ནི།། གསད་པའི་ལས་ནི་བརྩམ་པར་བྱ།། གཟས་པ་པོ་ལ་མིང་མི་བཟའ།། ལྕགས་ཕྱེ་རྡོ་ཕྱེ་དུག་ཕྱེ་དང། ། ཡུངས་ཀར་ཡུངས་ནག་ཐལ་ཆེན་དང།། ཁྲག་སྣ་དག་ནི་སྣ་ཚོགས་ཀྱིས།། གསད་པའི་རྒྱལ་པོ་བྱ་བ་སྟེ།། བན་དྷེ་བདུན་འབུམ་སྐྱེ་བོ་འབུམ།། བུད་མེད་ཁྲི་ཡིས་འགྲུབ་པར་འགྱུར།། གསོད་ན་ལྷོ་ནུབ་ཁ་བལྟས་ཏེ། ། གོས་སྔོན་གྱོན་ནས་རྒྱན་ཆས་བརྒྱན།། རྡོ་རྗེ་ཁ་ཊྭཱཾ་ལག་ན་ཐོགས།། གདུག་པ་ཁྲོས་པའི་སེམས་ཀྱིས་སུ།། དྲག་སྔགས་འདི་ཡིས་བརྡེག་པར་བྱ།། མ་ཧཱ་ཡཀྵ་བཛྲ་རཏྣ་ཙིཏྟ་ཨ་མུ་ཀ་ཤ་ཏྲུཾ་ཙིཏྟ་ལ་མ་ར་ཡ་ནརི་ཛ། ཙི་ཏཾ་ཤག་ཐུམ་རིལ་ལི་ལི་རྦད་ཛ་ཛ། སུ་ན་ཛ་ལ་རྦད། མ་ཧཱ་ཡཀྵ་བཛྲ་རཏྣ་ཙིཏྟ་སརྦ་ཡཀྵ་ཤག་ཚེ་ལེ་ཚལ་པ་ཤ་ཆོད། སྲོག་རྦུད་ཡཀྵ་ཧཱུཾ། སྲོག་ལ་ཚལ་བུ་རྩ་ཁྲོམ།། ཙུགས་ཁྲོམ། སྙིང་རྦུད་ས་སྙིང་ལ་ཡ། སྙིང་སྙིང་པར་ཆུག། སྲོག་སྤར་དུ་སྡུད།། ཡག་ཏི་ཤྟིག་སྣ། ཙིཏྟ་རོལ་ཤ་ཏྲི་ཛ། སྙིང་ལ་ཤད་ཤད་མཱ་ར་ཡ་རྦད་ཛ། ཡག་ཤ་རོ་ག་ར་ཏེ། ཙིཏྟ་འདུ་ཤ་སོད། སྙིང་ལ་ཤུད་ཤུད་མཱ་ར་ཡ་རྦད་ཛ། རྒྱལ་པོ་ལ་ར་ཛ་གུལ་ཐུལ་ལོ། ། བན་དེ་ལ་ཡཀྵ་དེ་ཡ་ནི་བན་དྷེའི་སྲོག་རྩ་ལ་རྦད། སྐྱེ་བོ་ལ་ནི་ཁ་ལ་ཡཀྵ་མཱ་ར་ཡ་རྦད། བུད་མེད་ལ་ནི་ལོང་པ་ཙ་ལོང་པ་ཙ། འབྱུང་པོ་ལ་ནི་ཕྲེ་ད་བིགྷྣན་དྲི་དྲི་མཱ་ར་ཡ་ཕཊ། རིན་ཆེན་སྦྱིན་གྱི་རྒྱུད་ལས། སྔགས་དང་ཐུན་གྱི་ལེའུ་སྟེ་བཅུ་པའོ། །།། དེ་ནས་འཕགས་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་དཔལ་ཆེན་རྡོ་རྗེ་འཛིན།། གནོད་སྦྱིན་དབང་དུ་མ་འདུས་ན།། དབང་དུ་བསྡུ་བའི་སྐལ་བའི་ཐབས། ། སྔགས་ཀྱི་བདག་པོས་བཀའ་སྩོལ་ཅིག། ཉོན་ཅིག་འཕགས་པ་ཀུན་དགའ་བོ།། མ་བཅོས་གཅིག་ཏུ་གསལ་བར་བརྟག། ལྟ་བས་དབང་དུ་བསྡུ་བའོ།། ཕྱག་ན་རྡོ་རྗེའི་ཏིང་འཛིན་གྱིས།། དཔའ་བོས་སེང་གེ་བཞིན་དུ་སྤྱོད། ། མི་གཙང་ངོ་ཚ་རྣམ་པར་སྤང།། ལུས་ལ་བདུད་རྩི་རྣམ་ལྔ་བྱུག། དེ་བཞིན་ཟས་སུ་བཟའ་བར་བྱ།། ཨཱན་དྷ་མུ་ཥ་ཁ་སྦྱར་དུ།། རྒྱལ་པོ་ནོར་དང་བཅས་པ་གཞུག། སྲིད་པའི་ལྷོ་ནས་བཟློག་པར་བྱ། ། རང་སྲོག་རང་ལ་བསྟན་པར་བྱ།། གནོད་སྦྱིན་ཐམས་ཅད་དཀྲུག་པ་དང།། ཧེ་རུ་ཀ་ཡི་ཏིང་འཛིན་གྱིས།། བོད་སྔགས་ཟློས་ཤིང་རྦད་སྔགས་དཀྲུག། གསང་སྔགས་དེ་བཞིན་ཉིད་དུ་སྟེ།། ཐོད་པ་ནག་པོའི་ནག་དག་ཧུ། ། ཐུན་དང་དུག་གི་གཏོར་མ་སྦྱིན།། རཀྟ་ཏ་སྦྲེང་ཞིང་སྔགས་འདི་བཟླས།། ཨོཾ་ཧ་ཡཀྵ་རཏྣ་ཙིཏྟ་ཀར་མ་རྩི་ཀྲ་རེ་ཡ་ཧཱུཾ་ཕཊ། ཡཀྵ་སྙིང་ཤི་ཙིཏྟ་ཁ་རཾ་ཁ་ཧི་རྩ་བདུན་རྩ་ཨུ0f84ག་ཤ་ཁ་ཧི། ཕུ་ཡ་རག་ཤ་ཁ་ཧི་ཡག་ཤ་ནཾ་ཧ་ར་ཧ་ར་ཧེ། མ་ཧཱ་ཡཀྵ་རཏྣ་ཙིཏྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། སྲོག་སྲོག་སྒོལ་སྒོལ་རིན་ཆེན་ཧང་ཧང། ཨ་མུ་ཀཾ་ཁྲག་ཏུ་སྐྱུགས།། གཏོར་མ་ཆེན་པོ་འདིར་ཁུག་སོད་ཞལ་དབྱེའོ།། ནོར་བུ་རིན་ཆེན་སྦྱིན་རྒྱུད་ལས། དབང་དུ་བྱ་བའི་ལེའུ་སྟེ་བཅུ་གཅིག་པའོ།།།། དེ་ནས་འཕགས་པ་ཀུན་དགའ་བོས།། གསོལ་པ་རྟགས་དང་མཚན་མ་སྩོལ།། གསང་བའི་བདག་པོས་བཀའ་སྩལ་པ།། ཉོན་ཅིག་འཕགས་པ་ཀུན་དགའ་བོ། ། ཉམས་དང་རྨི་ལམ་དག་ཏུ་ནི།། སློབ་དཔོན་དང་ནི་ཨ་ཙ་ར།། འོད་དང་སྒྲ་དང་གྲིབ་མ་དང།། མི་ནག་ཁྱི་ནག་བྱ་ནག་དང།། མུན་ནག་སྲོས་སམ་ཚུབ་ནག་འབྲུབ།། དམག་དང་དར་ཐོགས་རྐྱལ་པ་ཐོགས། ། ཞགས་ཐོགས་མང་པོ་སེམས་ཅན་འཛིན།། ཤིང་གཅོད་ལིངས་འདེབས་སེམས་ཅན་གསོད།། གྲི་ཐོགས་ཤན་པའི་ལས་བྱེད་མི།། ཙིཏྟ་རློན་པ་ཟ་བ་དང།། བན་དྷ་ཁྲག་ཅན་འཐུང་བ་དང། ། དེ་ནི་འགྲུབ་འགྱུར་ཐེ་ཚོམ་མེད།། རྡོ་རྗེ་རིན་ཆེན་སྦྱིན་རྒྱུད་ལས། རྟགས་དང་མཚན་མ་བསྟན་པའི་ལེའུ་སྟེ་བཅུ་གཉིས་པའོ།།།། དེ་ནས་འཕགས་པ་ཀུན་དགའ་བོས།། གསང་བདག་དེ་ལ་འདི་སྐད་གསོལ། ། བསྟན་པ་གཤིག་པའི་དགྲ་བོ་ལ།། ངན་ཐབས་བྱ་ན་གང་གིས་བྱ།། རྫས་སུ་བཙལ་ན་གང་དང་གང།། དེ་ལ་ངན་ཐབས་གང་གིས་བརྡེག། སྔགས་ཀྱི་བདག་པོས་བཀའ་སྩོལ་ཅིག། གསང་བའི་བདག་པོས་བཀའ་སྩོལ་པ། ། ཉོན་ཅིག་འཕགས་པ་ཀུན་དགའ་བོ།། དྲག་ཤུལ་གཡུལ་ངོར་བསད་པ་ཡི།། ཐོད་པ་ནག་པོའི་ནང་དག་ཏུ།། ཚ་བ་གསུམ་དང་ཡུངས་ཀར་ཡུངས་ནག་དང།། དུག་དང་རིམས་ཁྲག་སྐེ་ཚེ་དང། ། ལྕགས་ཕྱེ་རྡོ་ཕྱེ་དུག་ཕྱེ་དང།། དངུལ་ཕྱེ་བཙན་དུག་འདི་རྣམས་ལ།། ལྔ་འབུམ་དག་ཏུ་སྔགས་འདི་བསྒྲུབ།། བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ་སརྦ་ཡཀྵ་སྙིང་ཁ་ལ་རཀྵ་རྦད། ཏུབས་ཙིཏྟ་བཾ་ག་ལ་འུབས། མྱོས་སྙིང་ཁྲག་པྲ་ཧ་རུ་རུ་ཐུམས་ཡཀྵ་ཧེ་ཐུཾ། ཡཀྵ་མོ་བྷྱོ་ཐུམས། དུ་ཐུམ་པྲ་མ་ཐུམ།། ཤི་ནི་ཐུམ། ནརི་དུ་ཐུཾ། ཨི་ཨུ་ཨ་ས་མ་ཡ་ཐིབས་ལིང་ཤར། ཡང་སོད། མཱ་ར་ཡ་སོད། སྐབས་སུ་དྲག་པོའི་ཕོ་ཉ་གཏོང།། གང་ལ་དམིགས་པ་སྨོད་པར་བྱ། ། འབེན་གང་ཙམ་ནས་འཕངས་ལ་གཏང།། གནས་པ་དག་ཏུ་མ་ཕོག་ན།། ཞག་གསུམ་བསྐྱར་ལ་ཐུགས་དམ་བསྐང།། མནན་པ་ལས་ཀྱི་རིམ་པ་བྱ།། རྡོ་རྗེ་རིན་ཆེན་སྦྱིན་རྒྱུད་ལས།། ཟོར་འཕངས་པའི་ལེའུ་སྟེ་བཅུ་གསུམ་པའོ། །།། དེ་ནས་འཕགས་པ་ཀུན་དགའ་བོས་གསུངས་པ། སྒྲུབ་པའི་རྟགས་ནི་རྫོགས་པ་དང།། ལས་གཞུག་གཅོད་པ་བཀའ་སྩོལ་ཅིག། གསང་བའི་བདག་པོས་བཀའ་སྩལ་པ། ཉོན་ཅིག་འཕགས་པ་ཀུན་དགའ་བོ། ། བཟླས་པ་ལས་ཀྱི་གཞུག་གཅད་ནི།། འཕྲིན་ལས་ཡང་སྙིང་འབུམ་བཟླས་བྱ།། དམོད་དོ་ལས་ཀྱི་གཞུག་གཅད་ནི།། གནོད་སྦྱིན་ཀུན་གྱི་དམོད་མོ་བཟླས།། མནན་པ་ལས་ཀྱི་གཞུག་གཅད་ནི། ། སྒྲུབ་པའི་ཐོད་པ་དུར་ཁྲོད་ཁྱེར།། རང་ཉིད་གསང་བདག་ང་རྒྱལ་གྱིས།། དུར་ཁྲོད་རས་སམ་གྲོ་ག་ལ།། བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ་མ་ཧཱ་ཡཀྵ་ཁཱ་ཧི་ཁཱ་ཧི།། མ་ར་མ་ར། གྲྀ་ཧྣ་གྲྀ་ཧྣ་བན་དྷ་བན་དྷ། ཧཱུཾ་ཧཱུཾ། ཕཊ་ཕཊ། མིང་དང་ཡི་གེ་མཚམས་བཞིར་བྲི།། དུག་དང་སྐེ་ཚེས་བྲི་བར་བྱ།། གཟུགས་བརྙན་སོར་ནི་བཅུ་དྲུག་པའི།། སྙིང་ཁར་བཅུག་ལ་ཐོད་པར་ནི།། བཅུག་ནས་སྐུད་པས་རྒྱ་གྲམ་བྲི།། གྲུ་གསུམ་དུར་ཁྲོད་སོལ་བས་བྱུག། ཕུར་བུ་བཙུགས་ལ་ཐོད་པར་གཞག། རིགས་ངན་ཁྱིམ་ནས་མེ་བླངས་ལ།། ཚེར་མ་ཅན་རྣམས་རོ་མ་ལ།། བླངས་ཕྱིན་ལན་གསུམ་བསྲོས་ནས་ནི།། དེ་ཉིད་སྦས་ན་ཚངས་པ་ཡི།། ཚེ་ལྡན་པ་ཡང་འཆི་བར་འགྱུར། ། གཞན་ལ་ཡང་ནི་སྨོས་ཅི་དགོས།། ཀླུ་ཡོད་ས་རུ་སྦས་པ་ན།། མཛེ་ནད་ཀྱིས་ནི་ཟིན་པར་འགྱུར།། མཁའ་འགྲོ་འདུ་བའི་སར་སྦས་ན།། རིམས་ཀྱིས་ཀྱང་ནི་འཆི་བར་འགྱུར།། སྦྱིན་སྲེག་ལས་ཀྱི་མཇུག་གཅོད་ནི། ། ལས་དང་རྗེས་མཐུན་འབྲུབ་ཁུང་དུ།། དེ་དང་མཐུན་པའི་མེ་ལྷ་བསམ།། དེ་ལྟར་གནོད་སྦྱིན་བསམ་པར་བྱ།། མཆོད་རྫས་དེ་བཞིན་དབུལ་བར་བྱ།། རབ་ཏུ་ཚ་བའི་མེ་དག་དང། ། ཚེར་མ་ཅན་གྱི་ཤིང་དག་དང།། ཏིལ་དང་དུག་ཆུས་བྱུགས་ལ་དབུལ།། བར་དུ་མིང་བཅུག་སྒྲུབ་བྱ་ཡིས།། དྲག་ཤུལ་ཤི་བའི་རོ་བཟུང་ལ།། དེའི་ཤ་གཏུབས་བྱིན་རླབས་མིང་ཡིག་ལས།། ཁྲོ་བོ་འདྲ་བ་དེ་ལ་བབས། ། ལྕགས་ཀྱུས་སྙིང་དྲངས་རླུང་གིས་བརྡེག། རྣམ་ཤེས་བསྟིམ་ལ་ཕུར་པས་བརྡེག། བསད་ནས་མེ་ལ་སྦྱིན་སྲེག་བྱ།། མ་ལྷ་མོ་སྨོས་བརྒྱ་རྩ་བརྒྱད།། ལྷ་ལ་རྩ་བའི་སྔགས་ཀྱིས་དབུལ།། འབུམ་པ་བརྒྱད་ཀྱིས་བརྟགས་པ་ལ། ། འབུལ་ཏེ་བར་དུ་མིང་རུས་གཞུག། ཨོཾ་ཙཎྜ་མ་ཧཱ་རོ་ཥ་ཎ་མ་ཧཱ་ཡཀྵ་ཙིཏྟ་ཛྭ་ལ་མ་ན་ལ་ཧ་ན་ཧ་ན་སརྦ་རྨི་རུ་ཡོ་ཏ་ཡ་ཏྲག་ཧཾ་ཤ་ཐུན་མཱ་ར་ཡ་ཕཊ།། དེ་ཚེ་དུར་ཁྲོད་སྣོད་རྣམས་ཀུན།། དེ་རུ་འདུ་ཞིང་ཟ་བར་བསམ། ། བསོད་ནམས་ཅན་ལ་བཅུ་གཉིས་འོང།། འབྲིང་དང་ཐ་མ་ཕྱེད་ཀྱི་ཕྱེད།། སྲེག་ན་འཆི་བར་གདོན་མི་ཟ།། རྡོ་རྗེ་རིན་ཆེན་སྦྱིན་རྒྱུད་ལས། ལས་ཀྱི་གཞུག་གཅོད་སྦྱིན་སྲེག་བསྟན་པའི་ལེའུ་སྟེ་བཅུ་བཞི་པའོ། །།། ཉོན་ཅིག་འཕགས་པ་ཀུན་དགའ་བོ།། གཞན་ཡང་རབ་ཏུ་བཤད་བྱ་བ།། འདི་ནི་བསམ་པ་ཙམ་གྱིས་ཀྱང།། ལྷ་ཆེན་ཉིད་ཀྱང་ངེས་པར་འཇིག། ཕྱག་ན་རྡོ་རྗེའི་རྣལ་འབྱོར་པས།། གདུག་པ་ཁྲོས་པ་བསམ་པ་ཡིས། ། མིང་གི་ཡི་གེ་དང་པོ་ལས། གསད་བྱ་མདུན་དུ་བསམ་པར་བྱ།། རྣམ་པར་ཤེས་པ་དེ་ལ་བསྟིམ།། དེ་ཡི་ལྟེ་བའི་རྩ་ཁ་ལ།། རྣལ་འབྱོར་ཅན་གྱིས་ལག་པ་གཅད།། དེ་མ་ཐག་ཏུ་སྤྱི་གཙུག་བསམ། ། ཁྲག་སྐྱུག་འདར་ཞིང་འོང་སྐྱེས་ཀྱང།། ཁ་ནི་ཐུར་དུ་སྦུབ་པར་བསམ།། སོ་རྩི་མ་ཡི་གཟུགས་ཅན་ནི།། སྣང་མཛད་ལམ་ཞུགས་སྙིང་ཁར་ནི།། ཁ་སྦྱར་ནང་གི་གནས་མཐོང་ནས།། དེ་ཕུང་སོག་འབྲལ་མཐོང་ནས་ནི། ། རོ་ནི་དུམ་བུ་སྟོང་དུ་གཏུབ།། བཟའ་ཡམ་ཡང་ན་གཏོར་བར་བྱ།། རྡོ་རྗེ་རིན་ཆེན་སྦྱིན་རྒྱུད་ལས། ཏིང་ངེ་འཛིན་གྱིས་གསད་པའི་ལེའུ་སྟེ་བཅོ་ལྔ་པའོ།།།། གནོད་སྦྱིན་ཆེན་པོའི་གཏོར་མའི་ནང། ། དུར་ཁྲོད་རས་ལ་དེ་མིང་བྲིས།། མིང་སྨོས་བརྒྱ་རྩ་བརྒྱད་བཏབ་ན།། བསམ་པ་གང་ཡང་དེ་ཡིས་འགྲུབ།། མིག་རྣ་སྣ་ཡི་དྲི་མ་དང།། རང་གི་ཤུ་ར་མ་རྣམས་ལ།། རུ་ལུ་བྱས་ནས་གཏོར་མར་ནི། ། བཅུག་ནས་བྱིན་པ་དབང་དུ་བྱེད།། ཉོན་ཅིག་འཕགས་པ་ཀུན་དགའ་བོ།། གཞན་ཡང་རབ་ཏུ་བཤད་བྱ་ན།། ཐོད་པ་མ་ཆག་མ་གས་པར།། གནོད་སྦྱིན་ཀུན་གྱི་སྙིང་པོ་བྲི།། བཟླས་ནས་ཡུངས་ཀར་དེ་རུ་བླུག། དགྲ་བའི་སྒོ་གོང་སྦས་པ་ན།། ནོར་དང་བཅས་པ་ཟླ་དྲུག་གིས།། བརླག་པར་འགྱུར་བར་ཐེ་ཚོམ་མེད།། རྡོ་རྗེ་རིན་ཆེན་སྦྱིན་རྒྱུད་ལས།། ཐབས་ཀྱི་ལེའུ་སྟེ་བཅུ་དྲུག་པའོ།།།། དེ་ནས་འཕགས་པ་ཀུན་དགའ་བོས། ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་དམ་སྲི་མཁན་པོ་དེ།། དམ་ཅན་བྱད་དུ་བཅུག་པ་ལ།། རིག་སྔགས་བཟློག་ན་ཇི་ལྟར་བཟློག། གསང་བའི་བདག་པོས་བཀའ་སྩོལ་ཅིག། གསང་བའི་བདག་པོས་བཀའ་སྩལ་པ།། ཉོན་ཅིག་འཕགས་པ་ཀུན་དགའ་བོ།། གཞན་གྱི་རིག་སྔགས་བཟློག་པ་ནི།། བླ་མ་ལ་ནི་བསྲུང་མི་དགོས།། ཆང་བུ་ཉིད་ལ་གཟུགས་བྱས་ཏེ།། གྲོ་ག་ཤོག་བུ་གཟུགས་ལ་གདགས། ། དུར་ཁྲོད་རས་ལ་འཁོར་ལོ་ནི།། རེའུ་མིག་ཉི་ཤུ་རྩ་གཅིག་ལ།། ནང་དུ་ཡི་གེ་དགོད་པར་བྱ།། མ་ཧཱ་ཡཀྵ་ཧཱུཾ། མཚམས་བཞི་དག་ཏུ་བསྒྲུབ་བྱ་ཡི།། དབྱེ་བ་སྔགས་དང་བཅས་པ་བྲི།། བི་ཏང་པ་ཡ་བི་ཏང་པ་ཡ། ཕྲངས་མ་ཕྲོལ་ཤིག་མཱ་ར་ཡ་ཕྱེ།། ནང་གི་རེའུ་མིག་དགུ་རྫོགས་ནས།། ཕྱི་རོལ་ཡི་གེ་བཅུ་གཉིས་ལ།། ཨོཾ་བཛྲ་རཏྣ་ཙིཏྟ་ར་ག་ར་ཏི་ཧཱུཾ། སུམ་འབུམ་གྲངས་ནི་ཚ་བ་དང།། རྟ་དང་མ་ཧེའི་ལྟོ་བར་གཞུག། རབ་ཏུ་རྔ་མོའི་ལུས་ལ་གཞུག། བྱ་རོག་འུག་པའི་སྒྲོ་ཡིས་སྐྱོན།། ཁྱི་དང་བྱ་ཡི་སྐེ་ལ་གདགས།། མེ་དང་ཆུ་ཡི་འཁོར་ལོར་གཞུག། ཐ་མ་བརྒྱབ་གཅོད་རི་ལ་མནན།། ཤྲི་ཤི་ཕུར་པ་སོར་གསུམ་གདབ།། རིག་སྔགས་བཅད་པའི་ལས་དག་ནི། ། གཞན་ཡང་རབ་ཏུ་བཤད་བྱ་བ།། དུར་ཁྲོད་རས་སམ་གྲོ་ག་ལ།། ལྷ་སྦྱིན་གཟུགས་ནི་བྲི་བྱས་ལ།། རྩིབས་ལ་སྔགས་འདི་དགོད་བྱས་ལ།། ཨོཾ་ཏ་བཛྲ་པ་རི་རི་ཕཊ། མ་ཧཱ་ས་ང་གྷ་ན་ཧཱུཾ། ས་ཤིང་ཟླ་ཤིང་ས་ད་ཧཱུཾ། ལོ་ཤིང་ཁ་ལ་ར་ཤ་རྦད། ཧཱུཾ་དུ་ན་རྦད། ཐིབ་ནན་བཟླས་ནས་ལྕེ་ལ་གདབ།། ངག་དང་བྱད་ཐིམ་ཉམས་པ་ཡ་ནན་ནྣ་ནྣ། སེང་ལྡེང་ཕུར་པ་སོར་བཞི་ལ།། སྔགས་འདི་བརྒྱ་དང་རྩ་བརྒྱད་དུ། ། བཟླས་ནས་ལྕེ་ལ་གདབ་པར་བྱ།། ཨོཾ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ་མ་ཡཀྵ་ཀཱི་ལི་ཀཱི་ལ་ཡ་བཱག་ཙིཏྟ་ཨ་མུ་ཀཾ་མཱ་ར་ཡ་ཕཊ། ཚ་ཚ་ནག་པོའི་ནང་བཅུག་ནས།། རྣལ་འབྱོར་མལ་འོག་གྲུ་གསུམ་གཞུག། སྟེང་འོག་རྒྱ་གྲམ་རི་རབ་མནན། ། དེ་ལ་སོགས་པ་གཞན་དུ་ཡང།། བརྒྱ་འམ་སྟོང་ངམ་ཁྲི་རུ།། དེས་ནི་དབང་ཕྱུག་ཆེན་པོ་ཡང།། འཆི་འགྱུར་འདི་ལ་གདོན་མི་ཟ།། རྡོ་རྗེ་རིན་ཆེན་སྦྱིན་རྒྱུད་ལས། རིག་སྔགས་གཅད་པའི་ལེའུ་སྟེ་བཅུ་བདུན་པའོ། །།། དེ་ནས་འཕགས་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ།། བསོད་ནམས་འདོད་པ་གང་དག་གིས།། དེ་ནི་ཇི་ལྟར་བསྒྲུབ་པར་བགྱི།། སྔགས་ཀྱི་བདག་པོས་བཀའ་སྩལ་པ། ། ཉོན་ཅིག་འཕགས་པ་ཀུན་དགའ་བོ།། སྒྲུབ་པའི་གནས་ནི་དབེན་པ་རུ།། པདྨ་འདབ་བརྒྱད་གེ་སར་ལ།། རིན་ཆེན་རྣམ་ལྔ་དག་གིས་ནི།། ཐ་མ་འཇའ་ཚོན་སྣ་ལྔས་བསྐོར།། ཁྱམས་དང་རྟ་བབས་སྒོ་བརྒྱན་ལྡན། ། རིན་ཆེན་མཛེས་པའི་རྒྱན་ལྡན་བྲི།། པདྨ་ཕྱོགས་ཀྱི་འདབ་མ་ལ།། སྨན་ལྔ་འབྲུ་ལྔ་སྙིང་པོ་ལྔ།། རིན་ཆེན་དྲི་ཡི་བཅུད་ཀྱིས་བཀང་བ་ཡི།། བུམ་པ་ལྔ་དང་བདུད་རྩིས་བཀང་བའི་སྣོད།། འབྲས་བུར་བཅས་པས་ཁ་རྒྱན་བྱ། ། མགུལ་པ་གཙང་མའི་གོས་ཀྱིས་བཅིངས།། དེ་སྟེང་དཔོན་གཡོག་མཚན་མ་དགྲམ།། མདུན་དུ་ནོར་གྱི་དངོས་གྲུབ་སྩོལ་ཅིག་པ།། བྱང་བུ་རེ་རེ་བྲིས་ལ་གཞག། མཚམས་བཞི་རུ་ནི་སྤོས་སྣོད་གཞག། མེ་ཏོག་འཕྲེང་དང་མར་མེ་དང།། སྣ་ཚོགས་དར་གྱི་རྒྱལ་མཚན་དགྲམ།། གདུགས་ཀྱི་བླ་རེས་བརྒྱན་པར་བྱ།། འཇིག་རྟེན་ཟས་ཀྱི་བྱེ་བྲག་ནི།། མ་ལུས་འཚོགས་པར་བསོགས་བྱས་ལ།། ཉིན་དང་མཚན་མོ་དུས་དྲུག་ཏུ། ། ཚོགས་དང་གཏོར་མ་རྒྱུན་མི་གཅད།། སེར་སྣ་མེད་པའི་སེམས་ཀྱིས་མཆོད།། རང་ཉིད་གསང་བདག་ང་རྒྱལ་གྱིས།། ལྕགས་ཀྱུའི་ཕྱག་རྒྱ་བཅས་ནས་ཀྱང།། གནོད་སྦྱིན་དཔོན་གཡོག་དགུག་པར་བྱ། ། སྔགས་ཀྱི་བདག་པོ་འདི་དག་ཡིན།། གཟུང་བ་དངོས་གྲུབ་འདི་ལ་ཡོད།། ཐམས་ཅད་གྲུབ་ཕྱིར་གསད་པར་བྱའོ།། ཨོཾར་ག་རུ་གེ་ཙིཏྟ་ཧཱུཾ། ཨོཾ་མ་ཧཱ་ཀྲོ་དྷ་ཛམྦྷ་རི་ཧྲི་ད་ཧཱུཾ།། ཨོཾ་མ་ཧཱ་ཀཱ་ལ་ཧ་ན་ཧ་བཛྲ་ན་སྭཱ་ཧཱ། ཨོཾ་ཡཀྵ་དེ་བ་པཉྩ་ར་ཛ་ཛ་ཛ། ཨོཾ་མ་ཧཱ་ར་ཛ་བེ། གློ་དང་སྦྲིད་པ་གཡལ་ལ་སོགས།། སྔགས་ཀྱི་བར་ཆད་མི་བྱའོ།། སྐྱེན་ན་སྔགས་ཀྱི་ནུས་པ་ཉམས།། བུལ་ན་བཟླས་པ་གྲངས་མེད་འགྱུར།། མགོན་པོའི་གནས་ནས་དབེན་རུང་ནི། ། འདས་ནས་འགྲོ་བར་མི་འགྱུར་རོ།། འདས་ན་བར་ཆད་རང་ལ་འོང།། བར་དུ་རོལ་མོའི་སྒྲ་བསྒྲག་ཅིང།། གུས་པའི་སེམས་གྱིས་མཆོད་བསྟོད་བྱ།། མ་གྲུབ་པ་ལ་བྱིན་མི་རློབ།། དེ་བས་གུས་པས་མཉེས་པར་བྱ། ། གཙོ་བོ་དག་ལ་འབུམ་བཟླས་ཤིང།། འཁོར་ལ་ཁྲི་ཁྲི་བཟླས་པར་བྱ།། སྒྲུབ་པའི་སྔགས་དང་ལས་རྣམས་རྫོགས།། མཚན་མ་བྱུང་བར་མ་གྱུར་ན།། བར་ཆོད་མཚན་མ་ཡིན་སྲིད་པས། ། འཇིགས་ཤིང་ཕྱ་སངས་ཁྱེར་བ་དང།། ཡོ་བྱད་ཕངས་སེམས་བྱེད་པ་དང།། ཁྲོ་དང་འགྲོ་ནི་འདོད་པ་དང།། བྱིང་ཞིང་ཡིད་ལ་མི་དྲན་དང།། རྨི་ལམ་གཞན་གྱིས་ནོར་ཁྱེར་ན།། བར་ཆད་བཟློག་པའི་ཆོ་ག་བྱ། ། འབྲུ་དང་མེ་ཏོག་ཆར་འབབ་དང།། རིན་པོ་ཆེ་ནི་རྙེད་པ་ན།། འཕྲལ་གྱི་བཟའ་བ་ཐ་མ་ཡིན།། གལ་ཏེ་དེ་ལྟར་མ་བྱུང་ན།། འཕགས་པ་རྨུགས་འཛིན་མདུན་དུ་ནི།། ཞག་གཅིག་སྨྱུང་པར་གནས་བྱས་ལ། ། ཁྲུས་བྱས་གོས་དཀར་གྱོན་ནས་སུ།། ལུས་ལ་དྲི་ཞིམ་སྤོས་ཀྱིས་བྱུག་པར་བྱ།། ཟླ་བ་ཡར་ངོའི་ཚེས་བརྒྱད་ལ།། ལྕི་བའི་དཀྱིལ་འཁོར་དབུས་སུ་ནི།། དཀར་གསུམ་མངར་གསུམ་སྦྱར་བའི་ཆུས།། ཁྱོར་བ་སྟོང་དང་རྩ་བརྒྱད་དུ། ། མཆོད་ནས་ཀུན་ཏུ་དུ་རུའི་སྤོས་ཀྱིས་བདུག། དེ་ཡི་མཚན་མོ་རྨི་ལམ་དུ།། གཏེར་ནི་བརྒྱ་སྟོང་སྟོན་པར་འགྱུར།། དེར་ནི་ཙན་དན་དག་གམ་ནི།། རྒྱས་པ་ཡིན་ནི་ཤིང་རྣམས་སམ།། ཀ་ར་བཱི་རིའི་ཤིང་རྣམས་ལ། ། རིན་ཆེན་སྣ་ཚོགས་འབྲུ་སྣ་ཚོགས།། དེ་ལ་སོགས་པ་རྒྱས་པའི་རྫས་རྣམས་ལ།། རྒྱས་པའི་སྦྱིན་སྲེག་བརྒྱ་ཕུལ་ནས།། རྒྱལ་སྲིད་ངེས་པར་ཐོབ་པར་འགྱུར།། ལོངས་སྤྱོད་ཕྲན་ཚེགས་སྨོས་ཅི་དགོས། ། ནོར་བུ་རིན་ཆེན་སྦྱིན་རྒྱུད་ལས། ནོར་སྒྲུབ་པའི་ལེའུ་སྟེ་བཅོ་བརྒྱད་པའོ།།།། ཨོཾ་མ་ཧཱ་ཡཀྵ་རཏྣ་ཙིཏྟ་ཧཱུཾ། གུ་ཎ་ཧྲི་ད་ཧཱུཾ། འདི་ཡི་ཡོན་ཏན་བསམ་མི་ཁྱབ།། རྒྱལ་པོ་གཡུལ་དུ་འཇུག་པའི་ཚེ།། སྤྱི་བོར་སྙིང་པོ་འདི་བཅིངས་ནས། ། བསྟོད་དང་གསང་སྔགས་འདི་བརྗོད་ན།། དགྲ་བོ་འདོད་པ་བཞིན་དུ་དབང་དུ་བྱེད།། ཞི་དང་རྒྱས་དང་དབང་དང་མངོན་སྤྱོད་དང།། དགུག་དང་བཀར་དང་རེངས་དང་བསྐྲད་པ་དང། ། དགུག་དང་ཚིག་འཕྲོག་གཟུགས་བསྒྱུར་བསྲུང་ལ་སོགས།། ལས་དེ་རྣམས་ཅི་དགའ་བྱེད།། འདི་ནི་ལེགས་པར་འགྲུབ་འགྱུར་ན།། ཇི་ལྟར་འདོད་པ་འགྲུབ་པར་འགྱུར།། ཡུལ་དུ་འཇུག་པའི་ཚེ་འདིས་བཟློག་པའི་ལེའུ་སྟེ་བཅུ་དགུ་པའོ། །།། བཅོམ་ལྡན་འདས་གསང་བའི་བདག་པོས་དེ་སྐད་ཅེས་བཀའ་སྩལ་པ་དང། ཚེ་དང་ལྡན་པ་ཀུན་དགའ་བོས་གསོལ་པ། བཅོམ་ལྡན་གང་ཟག་སྣོད་ཀྱི་རིམ་པ་ནི།། རྒྱུད་འདི་གང་ལ་བསྟན་པར་བྱ། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། ཉོན་ཅིག་འཕགས་པ་ཀུན་དགའ་བོ།། མི་སྣང་པ་ཡི་རིམ་པ་ལ།། ཁ་བུབ་དང་ནི་ཞབས་རྡོལ་དང།། དྲི་མ་ཅན་དང་སོམ་ཉི་ཟ།། ལོག་ཆོས་ཅན་དང་གཡེང་བ་ཅན། ། དཀའ་ཐུབ་ཅན་དང་རྟོག་པ་ཆེ།། མི་འགྲུབ་གཡེང་བས་གཞན་དོན་བྱེད།། དམ་མེད་དམྱལ་བའི་རྒྱུད་ཅན་ལ།། རྣ་བར་ཡང་ནི་མི་སྒྲོག་གོ། ཙན་དན་ལྟ་བུའི་གང་ཟག་ལ།། དམ་སྲི་བྱེད་པའི་གང་ཟག་ལ། ། རྣ་བ་ཡང་ནི་མི་སྒྲོག་གོ། རིན་ཆེན་ལྟ་བུའི་གང་ཟག་ལ།། ཤིན་ཏུ་གདམ་ཏེ་སྦྱིན་པར་བྱའོ།། རིན་ཆེན་སྦྱིན་གྱི་རྒྱུད་ལས། གང་ཟག་གི་སྣོད་བསྟན་པའི་ལེའུ་སྟེ་ཉི་ཤུ་པའོ།།།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པ་དང། ཚེ་དང་ལྡན་པ་ཀུན་དགའ་བོ་ལ་སོགས་པ་འདུས་པའི་འཁོར་དག་གིས་ལྷའི་མེ་ཏོག་གཏོར་ནས། ཞི་བའི་ལས་མཛད་བོ་དྷི་ས་ཏྭའི་ཚུལ།། རྒྱས་པའི་ལས་མཛད་དགའ་ལྡན་ལྷ་ཡི་ཚུལ། ། དབང་གི་ལས་མཛད་གཏུམ་པོ་འཇིགས་པའི་ཚུལ།། དྲག་པའི་ལས་མཛད་ཀུན་ལ་བརྗོད་དུ་མེད།། རྒྱལ་བ་སངས་རྒྱས་དེ་ལ་ཕྱག་འཚལ་ལོ།། གདུག་པ་འདུལ་ཕྱིར་ཞལ་ནས་བདུད་རྩི་ཤར། ། བསྟན་པ་བསྲུང་ཕྱིར་ཞལ་ནས་རྒྱུད་གསུངས་པ།། བདུད་རྩི་གསང་རྒྱུད་དེ་ལ་ཕྱག་འཚལ་ལོ།། ཞེས་བསྟོད་དོ།། ཚེ་དང་ལྡན་པ་ཀུན་དགའ་བོ་ལ་སོགས་པ་འདུས་པའི་འཁོར་རྣམས་དགའ་ཞིང་མགུ་ནས་ཡི་རངས་ཏེ། གསང་བའི་བདག་པོས་བཀའ་སྩལ་པ།། བདག་གིས་སྤོབས་པར་གྱུར་བ་ནི། དེ་བཞིན་གཤེགས་པས་བྱིན་གྱིས་བརླབས་ཞེས་གསུངས་པ་དང། ལྷའི་མེ་ཏོག་གཏོར་ནས། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། ། གནོད་སྦྱིན་གྱི་རྒྱལ་པོ་རིན་པོ་ཆེ་བྱིན་གྱི་རྒྱུད་གསང་བའི་ལེའུ་སྟེ་ཉེར་གཅིག་པའོ།།།། རིན་པོ་ཆེ་སྦྱིན་གྱི་རྒྱུད་དགོས་འདོད་འབྱུང་བ་ཞེས་བྱ་བ་རྫོགས་
CLOSE WINDOW