CLOSE WINDOW

Gpb050.005: གནོད་སྦྱིན་ཨ་པ་ར་ཙིཏྟ་ཡོན་ཏན་བཀོད་པའི་རྒྱུད་ཀྱི་རྒྱལ་པོ་ཞེས་བྱ་བ
Wylie

རྒྱ་གར་སྐད་དུ། ཡཀྵ་ཨ་པ་ར་ཙིཏྟ་གུ་ཎ་བྷུ་ཧ་རཱ་ཛ་ཏནྟྲ་ནཱ་མ། བོད་སྐད་དུ། གནོད་སྦྱིན་ཨ་པ་ར་ཙིཏྟ་ཡོན་ཏན་བཀོད་པའི་རྒྱུད་ཀྱི་རྒྱལ་པོ་ཞེས་བྱ་བ། བཅོམ་ལྡན་འདས་དཔལ་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ། ། འདི་སྐད་ཉི་ཟླ་གསང་བའི་རྒྱུད་ལས་ཐོས་པའི་དུས་གཅིག་ན། གསང་བའི་བདག་པོས་བཀའ་སྩལ་པ།། ཨེ་མ་ངོ་མཚར་རྨད་དུ་བྱུང།། རྒྱུད་ཀྱི་ཡོན་ཏན་བསམ་མི་ཁྱབ།། ནོར་ལྷའི་ནུས་པ་བརྗོད་མི་ལང། ། ཐམས་ཅད་དབང་དུ་འདུ་བས་ན།། དབང་ཆེན་དབང་ཕྱུག་འཁོར་ལོས་སྒྱུར།། འདི་གྲུབ་ཡོན་ཏན་བསམ་མི་ཁྱབ།། ལྷ་འདྲེ་མི་གསུམ་དབང་དུ་འདུས།། ཁམས་གསུམ་འཁོར་བའི་འཇིག་རྟེན་ན།། དབང་དུ་མི་འདུ་གང་ཡང་མེད། ། དཔེར་ན་ནམ་ལ་དབྱར་གྱི་དུས།། ཤ་རུས་དག་ལ་སྦྲང་འདུ་བཞིན།། མི་ནོར་ཐམས་ཅད་དབང་དུ་འདུ།། སེམས་ཅན་ཀུན་གྱི་ཡིད་ཀྱང་འཕྲོག། ཐམས་ཅད་དགའ་ཞིང་དད་པ་སྐྱེ།། ཀུན་གྱི་སྙིང་དགའ་ཡིད་དུ་འོང། ། བཟའ་བཏུང་ནོར་དང་ལོངས་སྤྱོད་རྣམས།། རྣལ་འབྱོར་པ་ལ་ཐམས་ཅད་འདུ།། བསོད་ནམ་རི་རྒྱལ་ལྷུན་པོ་འདྲ།། ཚེ་ཡང་བསྐལ་པ་བདུན་དུ་ཐུབ།། གཟི་བརྗིད་ཉི་མའི་འོད་དང་མཉམ། ། ལྷ་མོ་ཀླུ་མོ་གནོད་སྦྱིན་མོ།། མི་ལ་སོགས་པའི་བུ་མོ་རྣམས།། བདག་ལ་ཤིན་ཏུ་ཆགས་པར་འགྱུར།། མཁའ་འགྲོ་མ་ཚོགས་ཐམས་ཅད་ཀྱང།། བུ་གཅིག་པུ་ཡི་མ་བཞིན་བྱམས།། ལྷ་ཀླུ་གནོད་སྦྱིན་འབྱུང་པོ་ཡང། ། གཙུག་གི་ནོར་བུ་རིན་ཆེན་ལྟར།། བདག་ལ་རྟག་ཏུ་སྤྱི་བོས་འཁུར།། བདུད་དང་སྲིན་པོ་ལ་སོགས་པ།། འཇིག་རྟེན་དྲེགས་པའི་ལྷ་འདྲེ་ཡང།། བྲན་བཞིན་ཅི་བཅོལ་ལས་རྣམས་བྱེད།། དེ་ཕྱིར་རྟག་ཏུ་བརྩོན་པར་བྱ། ། ཞེས་གསུངས་སོ།། དེ་ནས་ཡང་རིན་པོ་ཆེ་གསང་རྒྱུད་ལས་འདི་སྐད་ཐོས་ཏེ། གསང་བའི་བདག་པོས་བཀའ་སྩལ་པ།། རྒྱུད་འདིའི་ཡོན་ཏན་བསམ་མི་ཁྱབ།། ཐམས་ཅད་འདུ་བར་འགྱུར་བ་ཡིན། ། ལྷ་འདྲེ་མི་གསུམ་དབང་དུ་འདུ།། དེས་ན་བསོད་ནམས་སྐྱེད་པ་ཡིན།། གང་ན་འདུག་པའི་ས་ཕྱོགས་དེར།། དགྲ་ཡི་གནོད་པ་མི་འབྱུང་ངོ།། རྐྱེན་གྱི་སྦྱོར་བ་ཞི་བ་དང།། ཁྲོས་པས་ཐམས་ཅད་འཆི་བར་འགྱུར། ། སུམ་ཅུ་རྩ་གསུམ་ལྷ་དང་མཉམ།། ལྷ་མ་ཡིན་གྱི་ལོངས་སྤྱོད་དང།། རིན་ཆེན་གཏེར་རྣམས་བདག་ལ་སྟེར།། ཐ་སྐད་དྲི་མེད་ལྷ་མོ་ཡང།། བདག་ལ་ཆགས་འགྱུར་དངོས་གྲུབ་ཐོབ།། དེ་བས་དེ་མཐོང་ངོ་མཚར་ཆེ། ། འདི་གྲུབ་ཡོན་ཏན་བསམ་མི་ཁྱབ།། དེ་ཕྱིར་རྒྱུད་འདི་བཅང་བར་བྱ།། ཞེས་གསུངས་སོ།། དེ་ནས་ཡང་འབྱུང་པོ་འདུལ་བྱེད་ཀྱི་རྒྱུད་ལས་འདི་སྐད་ཐོས་ཏེ།། གསང་བའི་བདག་པོས་བཀའ་སྩལ་པ། ། གང་ཞིག་འདི་ལ་སུ་དད་པ།། འཛིན་ནམ་འཆང་ངམ་ཀློག་པ་དང།། རྗེས་སུ་སྒྲུབ་པར་བྱེད་པ་དེ།། མི་ཟད་གཏེར་ལ་ལོངས་སྤྱོད་དང།། ནོར་གྱི་བདག་པོར་ཐེ་ཚོམ་མེད།། གང་ཞིག་ཐེ་ཚོམ་མི་ཟ་བར། ། འདི་ལ་མངོན་པར་བརྩོན་འགྱུར་ན།། ལྷ་ཡི་དབང་པོའི་རྒྱལ་སྲིད་ཀྱང།། དངོས་སུ་འགྲུབ་པར་ལུང་བསྟན་ན།། མི་ཡི་རྒྱལ་སྲིད་སྨོས་ཅི་དགོས།། ཚངས་པ་དང་ནི་བརྒྱ་བྱིན་གྱི།། བུ་མོ་ཐ་སྐར་དྲི་མེད་དང། ། སྲོག་དཀར་ལྷ་ཡི་བུ་མོ་ཡང།། བདག་ལ་ཤིན་ཏུ་ཆགས་གྱུར་ན།། མི་ཡི་བུ་མོ་སྨོས་ཅི་དགོས།། ཉ་ཟླ་ལ་སོགས་གཟའ་བརྒྱད་ཀྱིས།། དེ་ཡི་གཟི་བརྗིད་མི་ཐུབ་ན།། ཁམས་གསུམ་སྐྱེ་བོས་སྨོས་མི་དགོས། ། འཆི་བདག་བདུད་ཀྱི་ཚོགས་ཀྱིས་ཀྱང།། དེ་ལ་བར་ཆོད་མི་ནུས་ན།། ལོག་འདྲེན་བགེགས་ཀྱིས་སྨོས་ཅི་དགོས།། འཇིག་རྟེན་གསུམ་ན་གནས་པ་ཡི།། སྐྱེ་འགྲོ་ཐམས་ཅད་དབང་འདུས་ན།། ནོར་དང་ལོངས་སྤྱོད་སྨོས་ཅི་དགོས། ། འདོད་ཡོན་ལྔ་ལ་ལོངས་སྤྱོད་དང།། ཅི་བསམ་ལྷུན་གྱིས་གྲུབ་པ་ཡི།། དངོས་གྲུབ་ཆེན་པོ་ཐོབ་འགྱུར་ན།། བཟའ་བཏུང་ཡོ་ལང་སྨོས་ཅི་དགོས།། དེས་ན་འདི་ལ་ནན་ཏན་བྱ།། ཞེས་གསུངས་སོ། ། དེ་ནས་ཡང་སྲོག་རྩ་མངོན་ཆུང་གི་རྒྱུད་ལས་འདི་སྐད་ཐོས་ཏེ། གསང་བའི་བདག་པོས་བཀའ་སྩལ་པ། ཨེ་མ་ཧོ།། རྒྱུད་ཆེན་རྒྱལ་པོ་འདི་ལྟ་བུ།། འདས་པའི་སངས་རྒྱས་རྣམས་ཀྱིས་ཀྱང།། འཇིག་རྟེན་འདི་རུ་སྔར་མ་གསུངས། ། མ་འོངས་སངས་རྒྱས་ཐམས་ཅད་ཀྱང།། ཕྱིན་ཅད་གསུང་བར་ཡོངས་མི་འགྱུར།། དེ་ལྟར་སངས་རྒྱས་ཐམས་ཅད་ལ།། ང་ཡིས་བཤད་པ་མ་གཏོགས་པ།། གཞན་གྱིས་གསུངས་པ་ཡོད་མ་ཡིན། ། བསམ་འཕེལ་ནོར་བུ་རིན་ཆེན་ལྟར།། འཇིག་རྟེན་ཁམས་ན་ཤིན་ཏུ་དཀོན།། འདི་ཡི་ཡོན་ཏན་བསམ་མི་ཁྱབ།། རྒྱུད་འདི་ཕྱོགས་བཅུ་གར་གནས་པས།། ནོར་ལྷའི་ཚོགས་ཀྱང་དེ་ན་གནས།། ནོར་ལྷ་གང་ན་གནས་པ་ན། ། མི་ཟད་གཏེར་ཡང་དེ་ན་ཡོད།། རྒྱུད་འདི་འཛིན་ནམ་འཆང་བ་དང།། ཀློག་དང་ཁ་དོན་བྱེད་པ་དང།། བསྒྲུབ་ཅིང་མཆོད་པར་བྱེད་པ་དེ།། མི་ཟད་གཏེར་ལ་ལོངས་སྤྱོད་ཅིང།། དུས་གསུམ་སངས་རྒྱས་བྱིན་གྱིས་རློབ། ། ལྷ་སྲིན་སྡེ་བརྒྱད་སྲུང་ཞིང་སྐྱོབ།། ནོར་ལྷའི་ཚོགས་ཀྱང་དངོས་གྲུབ་སྟེར།། ཐམས་ཅད་མོས་ཤིང་གུས་པར་འགྱུར།། ལྷ་འདྲེ་མི་གསུམ་དབང་དུ་འདུ།། འདོད་ཡོན་ལྔ་ལ་ལོངས་སྤྱོད་དང། ། ཅི་བསམ་ཐམས་ཅད་འགྲུབ་པར་འགྱུར།། ལྷ་མ་ཡིན་གྱི་ལོ་ཐོག་དང།། རིན་ཆེན་གཏེར་རྣམས་བདག་ལ་སྟེར།། ཐ་སྐར་དྲི་མེད་ལྷ་མོ་ཡང།། བདག་ལ་ཤིན་ཏུ་ཆགས་པར་འགྱུར།། སྒྲུབ་པ་པོ་ནི་གང་གནས་ཀྱང། ། དགྲ་ཡི་གནོད་པ་མི་འབྱུང་ངོ།། ཁྲོས་པས་ཐམས་ཅད་འཆི་བར་འགྱུར།། འདི་ནི་བཟླས་པ་ཙམ་གྱིས་ཀྱང།། གླིང་བཞིའི་འཇིག་རྟེན་མི་སེམས་སྒུལ།། ནོར་དང་ལོངས་སྤྱོད་ཆར་བཞིན་འབབ།། བཟའ་བཏུང་བར་སྣང་སྤྲིན་ལྟར་འདུ། ། སུམ་ཅུ་རྩ་གསུམ་གནས་སུ་སྐྱེས།། ལྷ་ཡི་རྒྱལ་པོས་དབང་བསྐུར་ཞིང།། ཚེ་ཡང་བསྐལ་པ་དྲུག་ཏུ་ཐུབ།། ཡི་དྭགས་གནས་སུ་ཡོངས་མི་སྐྱེ།། དེ་ཕྱིར་བསྒྲུབ་ལ་བརྩོན་པར་བྱ། ། ཞེས་གསུངས་སོ།། དེ་སྐད་ཅེས་བཀའ་སྩལ་པ་དང།། འཇིག་རྟེན་གྱི་ཁམས་ཀྱང་རྣམ་པ་དྲུག་ཏུ་གཡོས་ཤིང། ནམ་མཁའ་ལས་རིན་པོ་ཆེའི་ཆར་ཆེན་པོ་ཡང་བབས་སོ།། འཇིག་རྟེན་གྱི་ཁམས་ན་སེམས་ཅན་དམུས་ལོང་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་ནི་མིག་དང་ལྡན་པར་གྱུར་ཏོ། ། འོན་པ་རྣམས་ཀྱང་སྒྲ་ཐོས་པར་གྱུར་ཏོ།། ཞ་བོ་རྣམས་ཀྱང་འགྲོ་ཤེས་པར་གྱུར་ཏོ།། ལྐུག་པ་རྣམས་ཀྱང་སྨྲ་ཤེས་པར་གྱུར་ཏོ། ། སེམས་ཅན་དབུལ་ཞིང་ལོངས་སྤྱོད་ཆུང་བ་རྣམས་ཀྱང་འབྱོར་པ་དང་ལྡན་པར་གྱུར་ཏོ།། དེ་ནས་འཁོར་ཐམས་ཅད་རྗེས་སུ་ཡི་རང་ནས།། བཅོམ་ལྡན་འདས་གསང་བའི་བདག་པོ་ལ་བསྟོད་པ།། བཅོམ་ལྡན་དཔའ་བོ་རྡོ་རྗེ་འཆང། ། རྟོག་མེད་སྤྲོས་བྲལ་ཆོས་སྐུ་ལ།། ལོངས་སྤྱོད་རྫོགས་པའི་སྐུར་བསྟན་ནས།། བདུད་འདུལ་དོན་མཛད་ཁྱོད་ལ་འདུད།། སེམས་ཅན་བདེ་ལ་དགོད་པའི་ཕྱིར།། བདག་ཅག་འདུས་པའི་འཁོར་རྣམས་ལ། ། རྒྱུད་ཆེན་གསུངས་པ་ཡི་རང་ངོ།། ཞེས་རྗེས་སུ་ཡི་རང་བར་གྱུར་ཏོ།། གནོད་སྦྱིན་ཡོན་ཏན་བཀོད་པའི་རྒྱུད་ཀྱི་རྒྱལ་པོ་ཞེས་བྱ་བ་རྫོགས་སོ།། རྒྱ་རྒྱ་རྒྱ།།།།

CLOSE WINDOW