CLOSE WINDOW

Gpb049.024: རྡོ་རྗེ་ཁྱུང་ནག་གསང་བ་རིན་པོ་ཆེའི་རྒྱུད་ཅེས་བྱ་བ
Wylie

རྒྱ་གར་སྐད་དུ། བཛྲ་ག་རུ་ཌ་ཀཱ་ལ་གུ་ཧྱ་རད་ན་ནཱ་མ་ཏན་ཏྲ། བོད་སྐད་དུ། རྡོ་རྗེ་ཁྱུང་ནག་གསང་བ་རིན་པོ་ཆེའི་རྒྱུད་ཅེས་བྱ་བ། དཔལ་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གི་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས། རྡོ་རྗེ་འཛིན་པ་ཆེན་པོ་ཉིད།། མཚོ་ཆེན་པོ་ཀླུ་གཉན་གྲོང་ཁྱེར་ན་རྟེན་དང་འཇིག་རྟེན་ལས་འདས་པའི་འཁོར་དཔག་ཏུ་མེད་པ་དང་ཐབས་ཅིག་ཏུ་བཞུགས་སོ།། དེའི་ཚེ་དེའི་དུས་ན་བཅོམ་ལྡན་འདས་ཀྱིས་གདུག་པ་འདུལ་བར་བྱེད་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། ཨོཾ་ཙཎྜ་མ་ཧཱ་རོ་ཤ་ན་ཧཱུཾ་ཕཊ། ཨོཾ་བཛྲ་ཀྲོ་དྷ་ག་རུ་ཌ་ཧཱུཾ་ཕཊ། ཅེས་སྐུ་གསུང་ཐུགས་རྡོ་རྗེ་ལས་འཐོན་ནོ།། དེ་ནས་ས་བདག་ཀླུ་གཉན་ཐམས་ཅད་བརྒྱལ་ཞིང་འགྱེལ་ནས་དབང་དུ་འདུས་པར་གྱུར་ཏོ། ། གླེང་གཞིའི་ལེའུ་སྟེ་དང་པོའོ།།།། དེ་ནས་བྱང་ཆུབ་སེམས་དཔའ་ལས་ཀྱི་ཕྱག་ན་རྡོ་རྗེས། རྡོ་རྗེ་འཛིན་པ་ཆེན་པོ་ལ་འདི་སྐད་ཅེས་གསོལ་ཏོ། ། ཀྱེ་མ་བཅོམ་ལྡན་འདས་འཛམ་བུ་གླིང་ནས་སེམས་ཅན་ཐམས་ཅད་ཀླུ་གཉན་ས་བདག་ལ་སོགས་པའི་གདུག་པའི་ནད་ཀྱིས་སྡུག་བསྔལ་གྱུར་པ་ཐམས་ཅད་ལ་ཕན་གདགས་པའི་ཕྱིར། རྡོ་རྗེ་ཁྱུང་གི་དོན་རིམ་པར་བཤད་དུ་གསོལ། ། ཞེས་གསོལ་ཏོ།། གླེང་བསླངས་པའི་ལེའུ་སྟེ་གཉིས་པའོ།།།། དེ་ནས་བཅོམ་ལྡན་འདས་རྡོ་རྗེ་འཛིན་པས་བཀའ་སྩལ་པ། ང་ཉིད་ཕྱག་ན་རྡོ་རྗེ་ནི། སྐུ་མདོག་ལྗང་སྔོན་ཆེན་པོ་ལས། ། གདུག་པ་ཐམས་ཅད་འདུལ་བ་དང།། དབང་ཆེན་ཐམས་ཅད་དབང་བསྡུའི་ཕྱིར།། བྱ་ཁྱུང་ཉིད་དུ་སྐུ་སྤྲུལ་ཏེ།། མཆུ་ནི་གནམ་ལྕགས་རྡོ་རྗེའི་མཆུ།། གཤོག་པ་རྡོ་རྗེས་གཏམས་པ་གདེངས། ། འཇིག་རྟེན་ཁམས་ཀུན་གཡོགས་པར་ཁེབས།། སྡེར་མོས་ས་བདག་ཀླུ་གཉན་འཛིན།། ཞལ་ནས་སྔགས་ཟེར་དྲག་པོ་འཕྲོ།། ཐམས་ཅད་དབང་དུ་སྡུད་མཛད་པ།། དེ་ཡི་དོན་ཉིད་སྒྲུབ་འདོད་པས།། ཆུ་མིག་སྐམ་མམ་ཐང་སྐམ་གནས། ། ཡང་ན་ཡིད་དང་མཐུན་གནས་སུ།། གྲུ་གསུམ་སུམ་བརྩེགས་དཀྱིལ་འཁོར་ལ།། ཤར་དུ་ཞི་བའི་འབྲུབ་ཁུང་བྲུ།། བྱང་དུ་རྒྱས་པའི་འབྲུབ་ཁུང་བྲུ།། ནུབ་ཏུ་དབང་གི་འབྲུབ་ཁུང་སྟེ། ། ལྷོར་ནི་དེ་བཞིན་དྲག་པོའོ།། ཞི་རྒྱས་དབང་དྲག་རྫས་རྣམས་བསོག། ཅེས་གསུངས་སོ།། སྒྲུབ་པ་སྔོན་དུ་བྱ་བའི་ལེའུ་སྟེ་གསུམ་པའོ།།།། དེ་ནས་ཡང་དག་བཀའ་སྩལ་པ། དང་པོ་བསོད་ནམས་ཚོགས་བསག་ཕྱིར། ། མདུན་ཉིད་རྣམ་པར་དག་པ་བྱ།། དེ་ནས་སྟོང་བ་ཉིད་དུ་བྷེཾ།། དེ་ནས་ཧཱུཾ་དང་རྡོ་རྗེ་ལས།། བདག་ཉིད་རྡོ་རྗེ་འཛིན་པ་ཡི།། ཐུགས་ཁར་ཧཱུཾ་ལས་ཁྱུང་ནག་ནི།། སྔར་ལྟར་འཇིགས་པའི་སྐུར་བསྐྱེད་ནས། ། སྤྱན་དྲངས་མཆོད་ནས་བདག་ལ་ཐིམ།། དབང་བསྐུར་བྱིན་བརླབས་རྫོགས་པར་བྱ།། ཞེས་གསུངས་སོ།། བསྒོམ་པའི་རིམ་པའི་ལེའུ་སྟེ་བཞི་པའོ།།།། དེ་ནས་ལས་ཀྱི་ཕྱག་ན་རྡོ་རྗེས་གསོལ་བ། དེ་ལྟར་གསུངས་པའི་དོན་དེ་ཡི། ། གསང་སྔགས་རིམ་པ་བཤད་དུ་གསོལ།། ཞེས་གསོལ་པས།། རྡོ་རྗེ་འཛིན་པས་བཀའ་སྩལ་པ།། གསང་སྔགས་རིམ་པ་འདི་ལྟ་སྟེ།། ཨོཾ་ཙནྜ་མ་ཧཱ་རོ་ཥ་ན་ཧཱུཾ་ཕཊ། ཨོཾ་བཛྲ་ག་རུ་ཌ་ཀྲོ་དྷ་ས་ཀྲ་བུ་མེ་ནཱ་ག་ནན། སྲོག་ཚིག་ནན་རྦད། ལུས་རྟུལ་མཱ་ར་ཡ་ཕཊ། རཾ་རཾ་ཛྭ་ལ་རཾ་ཛྭ་ལ་ཤི་ཤི་རྟུལ་ཕུང་མཱ་ར་ཡ་སོད། བསྙེན་ཅིང་སྒྲུབ་པའི་གསང་སྔགས་སོ།། ཨག་ནེ་ནཱ་ག་རཾ་རཾ་ཛྭ་ལ་ཛྭ་ལ་མཱ་ར་ཡ་ཕཊ། ནཱ་ག་ཤན་ཏིང་ཀུ་རུ་ཡེ་སྭཱ་ཧཱ། ནཱ་ག་པུཥྟིཾ་ཀུ་རུ་ཡེ་སྭཱ་ཧཱ། ནཱ་ག་པ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ། ནཱ་ག་མཱ་ར་ཡ་ཕཊ། ཧཱུཾ་ཧཱུཾ་ཕཊ་ཕཊ། མཱ་ར་ཡ་མཱ་ར་ཡ། སྥོ་ཊ་ཡ་སྥོཊ་ཡ་ཕཊ། ཅེས་པ་ནི་ལས་ལ་སྦྱར་བའི་སྔགས་སོ།། ཨོཾ་པུ་མེ་ཧཱུཾ་ལཾ་ཨོཾ་ལཾ་མོ་ཧ་ག་ཡ་སྟཾ་པ་ནན་ཧཱུཾ་ཧཱུཾ་ཕཊ་ཕཊ། མཐའ་བཏུལ་བའི་སྔགས་སོ།། ཨོཾ་བཛྲ་པཱ་ཎི་བཛྲ་ག་རུ་ཌ་ཧཱུཾ་ཕཊ། ཨོཾ་སིདྷི་ཨར་ཐ་ག་རུ་བི་ཤ་དེ་སྟོ་ག་ནན། ཁ་ཐཾ་ཁ་ཐཾ། ཉི་མ་ས་བླ་དན། ཀླད་པ་ནན། ཙིཏྟ་གུ་ལི་ནན། ཀུ་ན་ཤི། ཙི་ཏྲ་མུ་ཀྲ་བཟློག་བྱེར། ནཱ་ག་ཤིག། ནཱ་ག་ནཱཾ། ནཱ་གའི་མགོ་ལ་ནན། ནཱ་ག་རཱ་ཛ་བྱེར་བྱེར་ཧཱུཾ་ཧཱུཾ་ཕཊ་ཕཊ། ཆུ་མིག་དཀྲུག་པའི་སྔགས་སོ།། ཨོཾ་ཁྲོཾ་ཁྲོཾ་ཁྲོཾ་ཁྲོཾ་ཁྲོཾ་ཨོཾ་བཛྲ་པཱ་ཎི་བཛྲ་ག་རུ་ཌ་ཧཱུཾ་ཧཱུཾ། ནཱ་ག་དུ་ན་ཤིག། ནཱ་ག་བཟློག། ནཱག་སྤ་ར་ཤ་བཟློག། ཀླུ་ལོག་ན་བཟློག་པའི་སྔགས་སོ།། ཨོཾ་བཛྲ་པཱ་ཎི་བཛྲ་ག་རུ་ཌ་བཱ་ལིན་ཨི་དན་གྲྀཧྣ་གྲྀཧྣ་ཁཱ་ཧི་ཁཱ་ཧི། གཏོར་མ་དབུལ་པའི་སྔགས་སོ།། ཞེས་གསུངས་སོ།། གསང་སྔགས་བསྟན་པའི་ལེའུ་སྟེ་ལྔ་པའོ། །།། དེ་ནས་རིམ་པས་བཀའ་སྩལ་པ།། བསྙེན་པ་བདུན་འབུམ་ཉི་ཁྲི་དང།། ལས་ལ་སྦྱར་བ་ཁྲི་ཉིད་དེ།། ཆུ་མིག་དཀྲུག་ཕྱིར་འབུམ་ཡང་བཟླས།། སྦྲུལ་དང་སྦལ་པ་ལྕོང་མོ་དང། ། ཉ་དང་སྡིག་པ་རྟ་གླང་དང།། སྡོམ་དང་ཤ་བ་ཉ་ལྕིབས་ལས།། བྱས་པའི་གཏོར་མ་གཞག་བྱས་ལ།། དེ་བཞིན་དེ་ལ་བྱས་པ་ཡི།། ཀླུ་གཉན་གཟུགས་ནི་འབྲུབ་ཁུང་གཞག། སྣ་ཚོགས་ཐུན་གྱིས་བྲབ་པར་བྱ། ། གདུག་པའི་རྫས་ཀྱི་སྣ་ཚོགས་པས།། གཟུགས་དང་ལིང་ག་དག་ལ་བརྡེག། མྱོས་དང་རློམས་དང་འཆི་བར་འགྱུར།། རྟོགས་མེད་ལྟ་བ་ཆེན་པོ་ཡིས།། གཉིས་མེད་དབྱིངས་སུ་བསྒྲལ་བར་བྱ།། ཞེས་གསུངས་སོ། ། གསང་བའི་རྒྱུད་ལས།། དོན་ཀུན་འདུས་པའི་ལེའུ་སྟེ་དྲུག་པའོ།།།། དེ་ནས་གཞན་ཡང་བཀའ་སྩལ་པ།། རྡོ་རྗེ་བྱ་ཁྱུང་སྒྲུབ་པའི་དུས།། བསྟོད་ཅིང་བསྐུལ་པ་འདི་ལྟར་བྱ།། ཊུ་ཊུ་ཋུ་ཋུ་ཨ་ཀྵོ་མ་ར་མ་ཡ་བྷྱོ་བྷྱོ། ཧཱུཾ་བྱ་ཁྱུང་རྩལ་གྱི་རྒྱལ་པོ་ནི།། བཞུགས་ནི་ནམ་མཁའི་དཀྱིལ་ན་བཞུགས།། དྲུག་ལྡན་གདུག་པ་འདུལ་བའི་དབུ།། མཆུ་ནི་གནམ་ལྕགས་རྡོ་རྗེའི་མཆུ།། ས་བདག་ཀླུ་གཉན་ཟས་སུ་ཟ།། ཀླུ་གཉན་རྒྱལ་པོ་ཚལ་པར་འགེམས། ། རྡོ་རྗེའི་གཤོག་པས་ཐམས་ཅད་ཁྱབ།། སྡེར་མོས་ས་བདག་ཀླུ་གཉན་གྱི།། ཡུལ་དང་མཁར་དུ་བཅས་པ་འཛིན།། སྐུ་ཡང་དྲག་ཏུ་གསིགས་པ་ཡིས།། ས་བདག་ཀླུ་གཉན་སྙིང་འགས་འགྱུར།། རིགས་ཀྱི་ཁྱུང་ཆེན་སྐུ་བསྐྱོད་པས། ། གདུག་པ་ཐམས་ཅད་དབང་དུ་སྡུད།། གནམ་ལྕགས་རྡོ་རྗེའི་མཆུ་ཅན་དེ།། མཁའ་ལ་ཕྱར་བས་ཀླུ་གཉན་རྣམས།། སྙིང་འགས་སྲོག་དང་བྲལ་བར་འགྱུར།། རིགས་ཀྱི་ཁྱུང་ནི་ཐོག་བས་དྲག། སྤྲུལ་པའི་ཁྱུང་ནི་གློག་བས་མགྱོགས།། ཁྱུང་གི་ཐོག་འབེབས་ཤ་ར་ར།། གདུག་འདུལ་ཁྱུང་ཆེན་སི་ལི་ལི།། གླུ་གཉན་ཤ་ལ་རྐན་འདེབས་ཤིང།། རྟག་ཏུ་ཤ་དང་ཁྲག་ལ་གསོལ།། སྔགས་ཀྱི་འོད་ཟེར་ཤ་ར་ར། གཤོག་པའི་མཚོན་སྡེབས་ལྕིབས་སེ་ལྕིབས།། གདུག་པའི་ཁྱུང་ནག་ལས་ལ་བྷྱོ།། ཞེས་བསྐུལ་ལ་ཐུན་བྲབ་པར་བྱའོ།། ཞེས་གསུངས་སོ།། བསྟོད་ཚིག་བསྐུལ་བའི་ལེའུ་སྟེ་བདུན་པའོ། །།། དེ་ནས་རིམ་པར་བཤད་ཀྱིས་ཉོན།། བཟླས་པ་བྱེད་པའི་དུས་ཉིད་དུ།། སྡུག་དང་མི་སྡུག་གཟུགས་སྟོན་ཅིང།། རང་གི་ཏིང་འཛིན་བཏང་མི་བྱ།། བཟང་པོ་མི་དང་སྤྲོ་མི་བྱ།། ངན་པ་མི་དང་སྒྱིད་མི་ལུག། འཇིགས་པའི་གཟུགས་དང་སྒྲས་འབྲིད་ཀྱང།། དེ་ཡི་རྗེས་སུ་འབྲེང་མི་བྱ།། དུས་དང་རྣམ་པ་ཐམས་ཅད་དུ།། རྟོག་པ་མེད་པའི་རྣལ་འབྱོར་བྱ།། རང་གི་ཏིང་འཛིན་མ་རྟོགས་པ།། རྟོག་པའི་རྗེས་སུ་མི་འབྲང་བྱ། ། ཞེས་གསུངས་སོ།། དྲོད་ཉམས་ཉམས་ཀྱི་ལེའུ་སྟེ་བརྒྱད་པའོ།།།། དེ་ནས་བཅོམ་ལྡན་འདས་ལ།། འཁོར་རྣམས་ཀྱིས་བསྟོད་པ།། བཅོམ་ལྡན་ཐུགས་རྗེ་ཆེན་པོའི་བདག། འགྲོ་བ་ཡོངས་ཀྱི་དཔལ་མགོན་མཛད། ། གདུག་པའི་ཚོགས་རྣམས་ཀུན་གདུལ་བ།། འགྲོ་བ་སྐྱོབ་ལ་ཕྱག་འཚལ་བསྟོད།། ཅེས་གསོལ་པ་དང། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ།། རྡོ་རྗེ་ཁྱུང་གི་རྒྱུད་འདི་འགྲོ་བ་སེམས་ཅན་རྣམས་ལ་ཀླུ་གཉན་དང་ས་བདག་བསྲུང་བའི་ཕྱིར། ཤིན་ཏུ་ཡིད་ལ་བཟུང་བར་བྱའོ།། ཞེས་བཀའ་སྩལ་བ་དང།། འཁོར་རྣམས་རྗེས་སུ་ཡི་རང་ངོ།། རྒྱུད་ཡོངས་སུ་བཟུང་བའི་ལེའུ་སྟེ་དགུ་པའོ།།།། རྡོ་རྗེ་ཁྱུང་ནག་རིན་པོ་ཆེ་གསང་རྒྱུད་ཅེས་བྱ་བ་རྫོགས་སོ། །།། གུ་རུ་བ་སུ་དྷཱ་ར་དང། རྡོ་རྗེ་ཡང་དབང་གཏེར་གྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། ས་མ་ཡཱ་རྒྱ་རྒྱ་རྒྱ།།།།

CLOSE WINDOW