Wylie |
། ཤྲཱི་དུར་རྩིར་རག་ཏ་སྟི་ལ་ཐ་ཏན་ཏྲ།། བོད་སྐད་དུ།། དཔལ་ཨེ་ཀ་ཛ་ཏི་ཁྲག་གི་རྦ་ཀློང་གི་རྒྱུད་ཅེས་བྱ་བ།། དཔལ་རང་བྱུང་གི་རྒྱལ་མོ་ལ་ཕྱག་འཚལ་ལོ།། ཨ་དེ་ལ་ཡབ་ཀྱི་དབྱིངས་ཡུམ་གྱི་མཁའ་ཐམས་ཅད་འབྱུང་བའི་གནས་སྙིང་པོ་བྱང་ཆུབ་ཀྱི་སེམས་མོ། ། སེམས་ཀྱི་དཀྱིལ་འཁོར་འོད་གསལ་བའི་འཕྲིན་ལས་ཐམས་ཅད་ཀྱིས་བདག་མོར་སྟོན་ཏོ།། ཛ་འགུག་པའི་ལྕགས་ཀྱུ་ཡིས་འཕྲིན་ལས་ཐམས་ཅད་ཐོགས་པ་མེད་ན་མྱུར་དུ་འགྲུབ་པར་བྱེད་དོ། ། ཆོས་གཉིས་པ་ཡང་འཕྲིན་ལས་བདག་མོའི་སྙིང་པོ་སྟེ།། སྙིང་པོ་འགུགས་བྱེད་ཐུགས་རྗེའི་ལྕགས་ཀྱུ་ཡིན།། ཏིང་འཛིན་སེམས་ཀྱི་དཀྱིལ་འཁོར་འོད་གསལ་བ་ཉིད། ། འཕྲིན་ལས་མ་ཀ་མི་འགེགས་ཡོངས་སུ་རྫོགས་པར་བྱེད་པའི་བདག་མོ་ལྟར་ཡང་སྣང་ལ། དཔལ་ཆེན་པོའི་གཟུངས་མ་ཡང་མཛད་ལ།། བདུད་དང་གཤིན་རྗེའི་ལྕམ་མོ་ཡང་མཛད་དོ།། དོན་ཐམས་ཅད་དུ་མ་ངེས་སོ། ། དཔལ་ཨེ་ཀ་ཛ་ཊིའི་ཁྲག་གི་རྦ་ཀློང་གི་རྒྱུད་ལས།། གླེང་གཞིའི་ལེའུ་སྟེ་དང་པོའོ།།།། དེ་ནས་གོང་དུ་ཐམས་ཅད་བྱེད་པ་ཡང་གོང་དུ་མ་མོའི་བསྙེན་པ་རྫོགས་པར་བྱས་ལ།། ལས་བསམ་གྱིས་མི་ཁྱབ་པ་འདི་ལྟ་སྟེ། ། དེ་ལ་ཞི་བའི་གནས་ནི།། བཀྲ་ཤིས་ཞི་བའི་གནས་སུ་སའི།། དཀྱིལ་འཁོར་ཟླ་བ་ཉ་བའི་དབྱིབས་དང།། ཁ་དོག་དཀར་ལ་ཟླུམ་པོར་བརྩིག། དབུས་སུ་ཟླུམ་པོ་ཆག་གང་བྲུ།། བྱང་ཆུབ་སེམས་ཀྱིས་ཆག་ཆག་གདབ། ། ཀར་ནི་ཀ་ཡི་ཁུ་བས་ནི།། དཀར་ལ་འཚེར་བའི་ཏྲག་གཅིག་བྲི།། དཀར་དམར་སྦྱར་བའི་ཁུབས་གཏོར་ཞིང་ཏྲག་ཅེས་སེམས་ཞི་བའི་དབང་གིས་བརྗོད་པས་བུད་མེད་དཀར་མོ་གཡུའི་རལ་པས་ས་གཞི་ཁྱབ་པ་ཤིན་ཏུ་འཛུམ་པའི་ཆ་བྱད་ཅན་གཅིག་ལང་ནས་ཏེ་མི་འདར་ཞིང་མི་ཡེངས་པར་བྱའོ། ། དེ་མངོན་དུ་གྱུར་པ་དང་སྤྱིའི་ལས་འབྱུང་བའི་ཞི་བའི་རྫས་ཀྱིས་སྔགས་འདི་རྒྱུན་དུ་བཟླས་སོ། ། ཏྲག་རག་ཤ་ཁ་མུན་ཏྲ།། ཨེ་ཀ་ཛ་ཊི་སྙིང་ཁ་རག་མ།། ས་མ་ཡ་ཛ།། ཤན་ཏིང་ཀུ་རུ་སྭཱ་ཧཱ།། མངོན་དུ་གྱུར་པ་དང་ཇི་ལྟར་བསམས་པའི་ལས་རྣམས་དེ་བཞིན་དུ་འགྲུབ་པར་འགྱུར་རོ།། དཔལ་ཨེ་ཀ་ཛ་ཊི་ཁྲག་གི་རྦ་ཀློང་གི་རྒྱུད་ལས། ། ཞི་བའི་ལེའུ་སྟེ་གཉིས་པའོ།།།། དེ་ནས་ཡང་འདི་གསུངས་སོ།། རྒྱས་པའི་གནས་ནི་རི་བོ་འམ།། རྩི་ཤིང་ནགས་ཚལ་རྒྱས་པ་འམ།། སེམས་ཅན་ཐམས་ཅད་གནས་པའི་ས། ། དབྱིབས་ནི་གྲུ་བཞི་ལྷམ་པའི་གནས།། ས་ཡི་དཀྱིལ་འཁོར་གྲུ་བཞིར་བརྩིགས།། ཁ་ཁྱེར་ཐོད་པ་སེར་པོས་བསྐོར།། དབུས་སུ་རིན་ཆེན་གསེར་གྱི་ཏྲག་གཅིག་བྲི།། ཏྲག་རག་ཤ་མུ་ཏྲ།། ཨེ་ཀ་ཛ་ཊི་སྙིང་ཁ་རག་མ་ས་མ་ཡ་ཛ། ། པུཥྟིཾ་ཀུ་རུ་སྭཱ་ཧཱ།། ཆང་ཕུད་དང་ཨ་མྲྀ་ཏ་སྦྱར་ལ་མཆོད་ཅིང།། གོང་བཞིན་གསལ་བར་གྱུར་པ་དང།། ཐམས་ཅད་དུ་རྒྱས་པའི་ལས་བྱའོ།། དཔལ་ཨེ་ཀ་ཛ་ཊི་ཁྲག་གི་རྦ་ཀློང་གི་རྒྱུད་ལས།། རྒྱས་པའི་ལེའུ་སྟེ་གསུམ་པའོ། །།། དེ་ནས་ཡང་འདི་གསུངས་སོ།། དབང་གི་གནས་ནི་བྲག་དམར་ཆོལ་ཟངས་སུ།། དབང་ལ་མཎྜལ་ཟླ་གམ་བརྩིག། དབུས་སུ་ཟླ་གམ་ཆག་གང་ཐུར་དུ་བྲུ།། ཤེས་རབ་རཀྟས་ཆག་ཆག་གདབ། ། ཟངས་ཀྱི་ཁུ་བ་འམ་མི་ཁྲག་གིས།། དམར་ལ་འཚེར་བའི་ཏྲག་གཅིག་བྲི།། མཐའ་ནི་ཐོད་པ་དམར་པོས་བསྐོར།། ཏྲག་རག་ཤ་མུ་ཨེ་ཀ་ཛ་ཏི།། སྙིང་ཁར་མ་ས་མ་ཡ་ཛ་པ་ཤཾ་ཀུ་རུ་ཧཱུ~ཾ།། རཀྟ་དང་ཆང་ཕུད་སྦྱར་ལ་དབུལ་ལོ། ། དེ་མངོན་དུ་གྱུར་པ་དང།། དབང་གི་ལས་ཇི་ལྟ་བ་བཞིན་ནོ།། དཔལ་ཨེ་ཀ་ཛ་ཊི་ཁྲག་གི་རྦ་ཀློང་གི་རྒྱུད་ལས།། དབང་གི་ལེའུ་སྟེ་བཞི་པའོ།།།། དེ་ནས་ཡང་འདི་གསུངས་སོ། ། དྲག་པོའི་གནས་ནི་དུར་ཁྲོད་ཕུང་ཤུལ་དུ།། ས་ཡི་མཎྜལ་མཐིང་ནག་གྲུ་གསུམ་བརྩིག། ཆག་གང་གྲུ་གསུམ་ཐུར་དུ་བྲུ།། དུག་དང་རོ་བསྲེགས་པས་ཏྲག་གཅིག་བྲི།། གྲུ་གསུམ་ཁ་ཁྱེར་ཐོད་པ་ནག་པོས་བསྐོར། ། སྙིང་ཁྲག་ཆད་ཕུད་ཨ་མྲྀ་ཏ།། གཏོར་ཞིང་དྲག་པོའི་སྔགས་བཟླས་ལ།། སྔོན་གྱི་ཐུགས་དམ་རྗེས་སུ་དྲན་པར་བྱ།། ཏག་རག་ཤ་མུ་ཏྲ།། ཨེ་ཀ་ཛ་ཏི་སྙིང་ཁ་རགས་མ་ཡ་བྷྱོ།། མཱ་ར་ཡ་རྦད།། དེ་ལ་མངོན་དུ་གྱུར་པ་དང། ། དྲག་པོའི་ལས་རྣམས་ད་བཞིན་ནོ།། དཔལ་ཨེ་ཀ་ཛ་ཊི་ཁྲག་གི་རྦ་ཀློང་གི་རྒྱུད་ལས།། དྲག་པོའི་ལེའུ་སྟེ་ལྔ་པའོ།། དེ་ནས་ཡང་འདི་གསུངས་སོ།། སྲིའུ་གསོ་བའི་བྱ་ན།། ཚེ་བུམ་གོས་ལ་སྔགས་འདི་བཟླས། ། ཏྲག་རག་ཤ་མུ་ཏྲ་ཨེ་ཀ་ཛ་ཊི་སྙིང་ག་རག་མ་ས་མ་ཡ་ཛ།། ན་མོ་བྷྱོ་ཛ།། ཧྲི་ད་ཡ་བྷྱོ།། ཏྲ་ཏ་ཡ་ཏྲོ་ཏ་ཡ།། ཛཱ་ལ་ཛཱ་ལ།། མ་ཀར་ཛཱ་ལ།། པྲ་ཛཱ་ལ་སྤུ་ཏ་སྤུ་ཏ་སརྦ་ག་ག་ན།། ནི་པ་པ་ཏི།། ས་ར་ནི་ས་རི། ། བྱིས་ར་བྱིས་ར།། སརྦ་དུཤྟན་བྱི་ཏོ་ནི།། ཤོ་ཏ་ནི་ཧཱུ~ཾ་ཕཊ།། མའི་ནུ་མ་དང།། ཚེ་བུ་མ་དང།། གོས་ལ་ཅི་མང་དུ་བཏབ་ན་དེ་བཞིན་དུ་སྲིའུ་སོས་པར་འགྱུར་རོ།། དབལ་ཨེ་ཀ་ཛ་ཊི་ཁྲག་གི་རྦ་ཀློང་གི་རྒྱུད་ལས། ། སྲིའུ་གསོ་བའི་ལེའུ་སྟེ་དྲུག་པའོ།།།། དེ་ནས་ཡང་འདི་གསུངས་སོ།། རྨི་ལམ་ངན་པ་བཟློག་ན།། སྤེན་མ་སོར་རེ་བ་བརྒྱ་རྩ་བརྒྱད་བྱས་ལ།། རེ་རེ་ལ་བརྒྱ་རྩ་བརྒྱད་བསྔགས་ལ་གདབ་བོ།། ཏྲག་རག་ཤ་མུ་ཏྲ། ། ཨེ་ཀ་ཛ་ཊི་སྙིང་ཁ་རག་མ་ས་མ་ཡ་ཛ། ཨ་ཏི་མེ་རུ་མེའི་སྟེ་སྟ་ཧཱ་སྭཱ་ཧཱ།། བསྒྲུབ་པོ་བདག་ལ་སྡང་བར་བྱེད་པའི་དགྲ་དང།། གནོད་པར་བྱེད་པའི་བགེགས་རྣམས་རིལ་མ་བཞིན་དུ་ཆུས་ཁྱེར་ཅིག། སྤེན་མ་བཞིན་དུ་ཆགས་ཅིག། བོང་བ་བཞིན་དུ་དགྲ་བགེགས་ཞིག་ཅིག། ཅེས་བྱས་ལ་མ་མོའི་བཅོལ་བ་བྱའོ།། ཟངས་བུ་གཅིག་ཏུ་བླུགས་ལ་ཟངས་བུ་ཆུས་བཀང་བ་ལ་ཆེན་པོ་ལ་བསྐུར་ན་དེ་བཞིན་དུ་རྨི་ལམ་ངན་པ་བཟློག་པར་འགྱུར་རོ། ། དཔལ་ཨེ་ཀ་ཛ་ཊི་ཁྲག་གི་རྦ་ཀློང་གི་རྒྱུད་ལས།། རྨི་ལམ་ངན་པ་བཟློག་པའི་ལེའུ་སྟེ་བདུན་པའོ།།།། དེ་ནས་ཡང་འདི་གསུངས་སོ།། ཐེའུ་རང་བརྡུང་བའི་ཐབས་ལ་ཤོག་བུ་སོར་བཞི་པ་གཅིག་ལ། ། ཐེའུ་རང་གི་གཟུགས་དང་སྙིང་པོ་བྲིས་ལ་རྡོག་པའི་འོག་ཏུ་བཅུག་ལ།། མིག་རྣོན་གཅིག་ཀྱང་དྲུང་དུ་གཞག་ལ།། ཏྲག་རག་ཤ་མུ་ཏྲ་ཨེ་ཀ་ཛ་ཊ་སྙིང་ཁ་རག་མ་ས་མ་ཡ་ཛ།། ཏྲི་ཏ་མང་མཛེས་རི་ལི་ལིངས། ། ཞེས་ཅི་མང་དུ་བརྗོད་ལ་འོངས་པ་དང།། གཟུགས་དེ་སྒོང་ཁོག་གི་ནང་དུ་བཅུག་ལ་ཁ་བག་ཟན་གྱིས་གཅད་དེ་ཆུ་གླིང་ལ་བསྐྱལ་ལོ།། ཡང་ན་ལམ་པོ་ཆེའི་བཞི་མདོར་གནན་ནོ།། འགུག་འདྲེན་བྱའོ།། དེ་བཞིན་དུ་བྱས་ནས་ཐེ་ཐུབ་པར་འགྱུར་རོ། ། ཨེ་ཀ་ཛ་ཊི་ཁྲག་གི་རྦ་ཀློང་གི་རྒྱུད་ལས།། ཐེའུ་རང་བརྡུང་བའི་ལེའུ་སྟེ་བརྒྱད་པའོ།།།། དེ་ནས་ཡང་འདི་གསུངས་སོ།། བྱང་དང།། མི་ཁ་ཆོམ་རྐུན་དང།། ངན་སྔགས་བཟློག་པར་འདོད་ན། ། སེ་གོལ་བརྡབ་ཅིང།། ཏྲག་རག་ཤ་མུ་ཏྲ།། ཨེ་ཀ་ཛ་ཊི་སྙིང་ཁ་རག་མ་ས་མ་ཡ་ཛ།། ཨོཾ་སྒྲིག་ཤ་ཁྲི་ཚིན་དྷ།། ཁ་སྒ་ཁ་སྒ།། ཨུཾ་པ་སྭཱ་ཧཱ།། སྔགས་དེ་ལ་ལན་གསུམ་ཅུ་རྩ་བཞི་བཟླས་ཏེ། ། སེ་གོལ་གྱིས་བརྡབས་ན་རྐུན་བྱད་དང་མི་ཁ་བཟློག་པར་འགྱུར་རོ།། ཁྲག་གི་རྦ་ཀློང་གི་རྒྱུད་ལས།། བྱད་དང་ངན་སྔགས་བཟློག་པའི་ལེའུ་སྟེ་དགུ་པའོ།།།། དེ་ནས་ཡང་འདི་གསུངས་སོ།། བུད་མེད་བུ་མ་སྨིན་པ་སྨིན་པར་བྱ་བའི་ཐབས་ལ། ། བུད་མེད་སྐད་ཁྲག་ཆད་ནས་ཟླ་བ་གཅིག་ལོན་པ་དང།། གོས་ལ་འདི་གདབ་བོ།། ཏྲག་རག་ཤ་མུ་ཏྲ། ཨེ་ཀ་ཛ་ཏི་སྙིང་ཁ་རག་མ་ས་མ་ཡ་ཛ།། ཨོཾ་མ་ཎི་དྷ་ར་ནི།། མ་ཧི་པྲ་ཏི་ས་རེ་ཡེ་སྭཱ་ཧཱ། ། སྲུངས་ཅིག་བྱས་ལ་སྔགས་མདུད་བྱས་ལ་སྟོང་ངམ།། འབུམ་བཟླས་ནས་མ་ལ་གདགས་སོ།། དེ་ནས་བུ་བཙས་པ་དང་བུ་ལ་གདགས་སོ།། བུ་སོས་པར་འགྱུར་བར་འོངས་ངེས་སོ།། ཁྲག་གི་རྦ་ཀློང་གི་རྒྱུད་ལས། ། བུ་ཚ་སོས་པར་བྱ་བའི་ལེའུ་སྟེ་བཅུ་པའོ།།།། དེ་ནས་ཡང་འདི་གསུངས་སོ།། བུད་མེད་བུ་ནད་མ་ཕྱིན་དང་ནད་ལངས་པ་སོས་པར་བྱ་བའི་ཐབས་ལ།། མར་ལ་བསྔགས་ལ་ནད་པའི་ཁོང་དུ་བླུད་དོ། ། ཏྲག་རག་ཤ་མུ་ཏྲ།། ཨེ་ཀ་ཛ་ཊི་སྙིང་ཁ་རག་མ་ས་མ་ཡ་ཛ།། ནད་ཛ་མུ་ད་ཛ།། ཨོཾ་བཛྲ་འདྲེ་བྱིལ་མར་ལ་བྱིལ་སྭཱ་ཧཱ།། ཞེས་ཅི་མང་དུ་བཟླས་ན་ཐུབ་པར་འགྱུར་རོ། ཁྲག་གི་རྦ་ཀློང་གི་རྒྱུད་ལས།། བུ་ནད་སོས་པར་བྱ་བའི་ལེའུ་སྟེ་བཅུ་གཅིག་པའོ། །།། དེ་ནས་ཡང་འདི་གསུངས་སོ།། རིམས་ནད་དང་འབྲུམ་པུས་མི་ཚུགས་པར་བྱ་བའི་ཐབས་ལ།། ཏྲག་རག་ཤ་མུ་ཏྲ་ཨེ་ཀ་ཛ་ཏི་སྙིང་ཁ་རག། ས་མ་ཡ་ཛ།། ཞི་ཞི་མ་ཧ་ཏི་ཀ་ཤཾ་པ་ནི་ན། ། ཐེམས་ཕལ་ཅན་གྲུ་གོ་སེ།། ཧེ་དུ་རུ།། དུ་ན་ཆིངས།། སུ་ཕང་ཁྲི་ཤང་ཅ་པྲད་ཞི།། ཅེས་ལྕི་བ་སེར་ཀ་མའི་ཐལ་བལ་ལག་པ་མ་རེག་པར་གྲི་རྩེས་བླངས་ཤིང་སྔགས་མང་དུ་བཟླས་ལ་གདབ་བོ། ། ཁྲག་གི་རྦ་ཀློང་གི་རྒྱུད་ལས།། འབྲུལ་བུ་དང་རིམས་ནད་སོས་པར་བྱེད་པའི་ལེའུ་སྟེ་བཅུ་གཉིས་པའོ།། དེ་ནས་ཡང་འདི་གསུངས་སོ།། ལྷོག་པ་འདུལ་བར་བྱ་བའི་ཐབས་ལ།། ཏྲག་རག་ཤ་ཁ་མུན་ཏྲ།། ཨེ་ཀ་ཛ་ཏི། སྙིང་ཁ་རག་མ་ས་མ་ཡ་ཛ།། མ་ཏི་ཀྲི་ཞུ། མུ་ལ་ཁུ་སྤྱི་ལེ་ཞུས། སརྦ་ཕུས་ན་ཏི་ནི་ཏི་ཅོར་ཅོར་རྦུ་དང།། བུ་མ་ཅོ་ཀ་ཁ་ག་ནན་ཁེ། ཞུ་ཆུ་ཞུ་སྟ་སུ་སར་རོ་ལ་སར་རོ།། ནས་ཕུས་ཏ་སྭཱ་ཧཱ།། བྱི་བྲུན་ཁ་ཕྱོགས་བཞིར་བལྟས་པའི་ས་ལ་ཞག་གསུམ་གདབ། ། དེས་མ་ཐུབ་ན་ལན་དགུར་བཟླས་ཏེ་གདབ་པ།། མི་ཕྱུགས་གང་ཡང་རུང་འདེབས་ཀར་མདའ་བྱ་རྒོད་མ།། པགས་པུ་དཀར་པོ།། ནས་དཀར་མོ་བྲེ་གང། སྲིད་པའི་ལྷ་སྲིན་མཆོད་འཚལ་ལོ། ། རླུང་དང།། བྱ་དང།། ཁྱི་དང།། བུད་མེད་ཀྱིས་ཐོས་སུ་མི་རུང་ངོ།། ཁྲག་གི་རྦ་ཀློང་གི་རྒྱུས་ལས།། ལྷོག་པ་གསོ་བའི་ལེའུ་སྟེ་བཅུ་གསུམ་པའོ།།།། དེ་ནས་ཡང་འདི་གསུངས་སོ།། ཅི་ཡང་ཐུབ་པར་བྱ་བའི་ལས་ལ། ། བདག་ཉིད་མ་མོ་ཆེན་མོ་སྨུག་ནག་མེ་དཔུང་སྐུ་ལས་འབར་བ་ལས་ཐུགས་ཁ་ནས་ཧཱུ~ཾ་སྨུག་ནག་འབར་བ་གཉིས་ཕྱུང་པ་ལས།། དེ་ལྕེ་སྟེངས་སུ་ཧཱུ~ཾ་གིས་དྲངས་པ་ལས་ཧཱུ~ཾ་ཉིད་རྡོ་རྗེ་ནས་ཙམ་ལ་མེ་འབར་བའི་འོད་འཕྲོ་བ་ལས་བདག་ཉིད་མཆུ་ཡང་རྡོ་རྗེ་རྣོན་པོར་བསྒོམ། ། སྔགས་བཏབ་པས་གང་ལ་བྱ་བ་དེ་རྡུལ་མེས་ཚིག་པ་བཞིན་པས་མ་མོ།། ལྟས་ངན་དང་ངན་སྔགས་ནད་ཐམས་ཅད་འཇོམས་ཏེ། ། ཅི་ཡང་ཐུབ་པས་གང་ལ་ཡང་གདབ་པོ།། ཏྲག་རག་ཤ་མུ་ཏྲ་ཨེ་ཀ་ཛ་ཊི།། སྙིང་ཁ་རགས་མ་ཡ་ཛ།། སོ་ཏ་ཀུ་རུ་ནན།། ཏིག་ཞིང་ཀུ་རུ་ནན།། ཞི་ཞི་ཀུ་རུ་ནན།། རུ་རུ་ཀུ་ནན།། ཅེས་བཟླས་ན་ཅི་ཡང་ཐུབ་པར་འགྱུར་རོ། ། ཁྲག་གི་རྦ་ཀློང་གི་རྒྱུད་ལས།། ཅི་ཡང་ཐུབ་པར་བྱ་བའི་ལེའུ་སྟེ་བཅུ་བཞི་པའོ།།།། དེ་ནས་ཡང་འདི་གསུངས་སོ།། ལྷག་པ་དང་སེར་བ་གཅད་པའི་ལས་ལ།། ཡ་སྟགས་ནི་སྐྱེར་པའི་འབྲས་བུ་དང། ། སྐེ་ཚུའི་འབྲས་བུ་དང།། ཉུངས་ནག་གི་འབྲས་བུ་དང།། བྱ་ཚལ་གྱི་སྒལ་པ་དང།། དེ་ཀུན་བསྲེས་ལ་མེ་ཏག་ལ་ཐབ་ཏུ་ཀོང་ནས་གླང་རུ་གསུམ་བརྡར་ལ་ཚགས་བྱས་ལ་བསྲེག་གོ། ། འཕྲལ་ཐབས་སུ་ཡོད་ན་གླང་རུ་གསུམ་བསྲེགས་ལ་གོང་གི་ཡ་སྟགས་དེ་ཀུན་དང་སྔགས་སྤེལ་མར་གདབ་པོ།། བདག་འཕགས་པ་འཇམ་དཔལ་གྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ལ།། གོང་ནས་སྔགས་འདི་ཅི་མང་བཟླས་སོ། ། མགུལ་ཁུག་ཏུ་གསལ་ཏེ་དུས་དེར་ཡང་རྟགས་ལ་བརྒྱ་རྩ་བརྒྱད་བཟླས་ཤིང་ཐབ་ཏུ་གཏོར་རོ།། ཏྲག་རག་ཤ་མུ་ཏྲ་ཨེ་ཀ་ཛ་ཊི།། སྙིང་ཁ་རག་མ་ས་མ་ཡ་ཛ།། ཨོཾ་སུ་པྲ་ཏི་བཛྲ་དུན་ཏི།། མི་ལི་མི་ལི་ཧཱུ~ཾ་ཕཊ། ། ཅེས་བཟླས་ཤིང་ཐབ་ཁུང་དུ་གཏོར་རོ།། གཙང་རིགས་ཀྱི་མགོན་པོ་དམ་ཚིག་ཅན་རྣམས་ལ་གཏོར་མ་ཆ་གཅིག་གཏང།། སད་སེར་དང་ཁ་ཆར་ཆོད་ཅེས་འཕྲིན་ལས་བཅོལ་ལོ།། ཁྲག་གི་རྦ་ཀློང་གི་རྒྱུད་ལས། ། སད་སེར་གཅད་པའི་ལེའུ་སྟེ་བཅོ་ལྔ་པའོ།།།། དེ་ནས་ཡང་འདི་གསུངས་སོ།། མི་རྒོད་བྱད་བཅིགས་བྱ་བའི་ལས་ལ།། ཏིང་ངེ་འཛིན་གྱི་ལྷས་བསྙེན་རྒྱུན་དུ་བྱས་ལ།། ཧྲི་དི་མི་ཏི་སྟ་རྦན་དྷ།། ས་ཏ་ས་ཏ་ས་ཀ་ར། ། མ་བ་ལ་ཐ།། འདིའི་ཉ་དྲུག་ལ་བར་མ་ཆད་པར་བཟླས།། བདག་ཉིད་ཏིང་འཛིན་ཆས་སུ་ཞུགས་ལ་བར་མ་ཆད་པར་བཟླས་སོ།། མི་རྒོད་མ་བྱུང་གི་བར་དུ་ལག་པ་གཡས་པ་ལ་ཉི་ཤུ་རྩ་གཅིག་བཟླས་ལ་གདབ་པོ། ། བྱུང་ཙམ་ན་ཕྱག་རྒྱ་བཅས་ཏེ་མཐེ་བོང་སོར་མོ་གཞན་གྱིས་གནན་ནས།། བདག་གིས་མ་གཏང་བར་དུ་འགྲོ་མི་ཤེས་སོ། ཁྲག་གི་རྦ་ཀློང་གི་རྒྱུད་ལས།། མི་རྒོད་བཅིངས་པའི་ལེའུ་སྟེ་བཅུ་དྲུག་པའོ། ། དེ་ནས་ཡང་འདི་གསུངས་སོ།། ཚེ་རིང་བའི་ལས་ནི།། བྱ་ཐབས་བཀྲ་ཤིས་པ་དང།། མཚན་དང་ལྡན་པའི་ཐོད་པ་ལ་ཚེའི་གའུ་བྱས་ལ།། སྨན་དང།། སྤོས་དང།། དྲི་བཟངས་པོས་བྱུགས་ལ་ཚེ་འབྲས་སྤྱི་དང་མཐུན་པ་གསལ། ། དགོངས་པ་དང་ཚེའི་ལྷ་མོ་བསྐུལ་ལོ།། ཏྲག་རག་ཤ་ཁ་མུན་ཏྲ་ཨེ་ཀ་ཛ་ཊིའི་སྙིང་ཁ་རག་མ་ས་མ་ཡ་ཛ།། ཨཱ་ཡུ་ཛྙཱ་ན་བྲུཾ་ཨཱ་ཡུ་ཚེ་ཨ་པ་ན་བྲུཾ་སྭཱ་ཧཱ།། ཁྲག་གི་རྦ་ཀློང་གི་རྒྱུད་ལས།། ཚེ་དགུག་པའི་ལེའུ་སྟེ་བཅུ་བདུན་པའོ། ། དེ་ནས་ཡང་འདི་གསུངས་སོ།། བགེགས་བསྐྲད་པའི་ལས་ནི་ཉུངས་ཀར་རྒྱལ་པོ་ལ་བསྔགས་ནས།། གང་གནོད་པ་ལ་བཏབ་ན་འབྲོས་པར་འགྱུར་རོ།། ཏྲག་རག་ཤ་ཁ་མུན་ཏྲ།། ཨེ་ཀ་ཛ་ཏི་སྙིང་ཁ་རག་མ་ས་མ་ཡ་ཛ། ར་ཙ་བི་ར་ཏུ་ཨ་བ་ཡ་སྭཱ་ཧཱ།། ཁྲག་གི་རྦ་ཀློང་གི་རྒྱུད་ལས།། བགེགས་བསྐྲད་པའི་ལེའུ་སྟེ་བཅཝ་བརྒྱད་པའོ།།།། དེ་ནས་ཡང་འདི་གསུངས་སོ།། མེ་ཆུའི་གནོད་པ་བཟློག་ན།། སེང་ལྡེང་ངམ་མཆོག་ཕུར་གང་ཡང་ཅིག་ལ་སྔགས་འདི་རྒྱུན་དུ་བཟླས་ཏེ། ། ཏིང་འཛིན་རྩེ་གཅིག་དང་མི་འབྲལ་བར་བྱའོ།། ཏྲག་རག་ཤ་ཁ་མུ་ཏྲ།། ཨེ་ཀ་ཛ་ཊི་སྙིང་ཁ་རག་མ་ས་མ་ཡ་ཛ།། ཨག་ནེམ་ར་ཡ་རྦད། ། ཅེས་བཏབ་ན་མེ་ཆེན་པོ་བཟློག་པར་འགྱུར་རོ།། མེ་དགྲ་ཞི་བའི་ལེའུ་སྟེ་བཅུ་དགུ་པའོ།། ཆུ་དགྲ་ལ་ཕུར་བུ་གོང་མ་ལ།། ཏྲག་རག་ཤ་མུ་ཏྲ་ཨ་ཀ་ཛ་ཊི་སྙིང་ཁ་རག་མ་ས་མ་ཡ་ཛ།། པ་ནི་མ་ར་ཡ་རྦད།། ཅེས་བཏབ་ན་ཆུ་ཆེན་པོ་བཟློག་པར་འགྱུར་རོ། ། ཆུ་དགྲ་ཞི་བའི་ལེའུ་སྟེ་ཉི་ཤུ་པའོ།། དེ་ནས་ཡང་འདི་གསུངས་སོ།། དགྲ་བགེགས་འགྲུལ་ཐག་གཅད་པའི་ལས་བྱ་ན།། མཆོག་གམ།། སེང་ལྡེང་ངམ།། དྲག་པོའི་ཤིང་ཅིག་ལ། ། ཕུར་བ་སོར་བརྒྱད་ལ་བྱས་ལ་བྱིན་གྱིས་བརླབས།། གུ་གུལ་གྱིས་བདུག། ཏྲག་རག་ཤ་ཁ་མུན་ཏྲ་ཨེ་ཀ་ཛ་ཊི་སྙིང་ཁ་རག་མ་ས་མ་ཡ་ཛ།། ལྷ་སྲིན་པྲི་མ་ར་ཡ་རྦད།། ཅེས་བཏབ་འགྲུལ་ཐད་ཆད་པར་འགྱུར་རོ། ། བགེགས་འགྲུལ་ཐག་བཅད་པའི་ལེའུ་སྟེ་ཉི་ཤུ་རྩ་གཅིག་པའོ།།།། དེ་ནས་ཡང་འདི་གསུངས་སོ།། སེང་ལྡེང་ངམ་མཆོག་ཕུར་གཅིག་ལ་གུ་གུལ་གྱི་བདུགས་བྱིན་གྱིས་བརླབས་ཏེ།། མི་ཕུང་བའི་འདྲེན་ཆེན་པོ་ལ་བཏབ་ན་འཆད་པར་འགྱུར་རོ། ཏྲག་རག་ཤ་མུ་ཏྲ།། ཨེ་ཀ་ཛ་ཏི།། སྙིང་ཁ་རག་མ་ས་མ་ཡ་ཛ།། ཕུར་སྲི་པྲི་ཕྲི་མ་ར་ཡ་རྦད།། ཅེས་བཟླས་སོ།། ཕུང་འཇུག་གཅད་པའི་ལེའུ་སྟེ་ཉེར་གཉིས་པའོ།། དེ་ནས་ཡང་འདི་གསུངས་སོ། ། དམ་སྲི་བཏུལ་ན།། གོང་གི་ཕུར་བུ་བརླབས་པ་དེས་ཞིང་རས་ལ་གཟུགས་བྲིས།། དེ་ལ་ཤེས་པ་བསྟིམ་ལ།། ཏྲག་རག་ཤ་ཁ་མུ་ཏྲ།། ཨེ་ཀ་ཛ་ཊི་སྙིང་ཁ་རག་མ་ཛ།། དམ་སྲིན་མཱ་ར་ཡ་རྦད།། ཅེས་བཏབ་ན་དམ་སྲི་རླག་པར་འགྱུར་རོ། ། དམ་སྲི་གདུལ་བའི་ལེའུ་སྟེ་ཉེར་གསུམ་པའོ།།།། དེ་ནས་ཡང་འདི་གསུངས་སོ།། དགྲ་ལ་ངན་སྔགས་བྱ་བའི་ཐབས་ལ།། སྟགས་དང་རྟེན་ནི་ཟོར་བྱ་སྟེ་མི་ཁྲག་དང་གསེར་རྒོད་གཡུ་རྒོད་གསུམ་དུ་བསྲེས་ལ། ། ཉུངས་ཀར་ལ་བསྔགས་ཅིང་དགོངས་པ་སྔགས།། བཏབ་པས།། གྱི་ས་ཚས་མགོ་གས་སྙིང་ཚིག་ལུས་ཐམས་ཅད་རླག་པར་བསམ།། ཏྲག་རག་ཤ་ཁ་མུ་ཏྲ་ཨེ་ཀ་ཛ་ཏི་སྙིང་ཁ་མ་ས་མ་ཡ་ཛ། ། ཤ་བ་ར་ཤ་བ་ར་ལི་བྱི་སྟི་ལི་བྱི་སྟི།། ཡེར་བ་ག་མ་ར་ཡ།། བུ་བུ་བུ་དེ།། རྐྱང་རྐྱང།། རྒྱང་རྒྱང་འགྲེང་འགྲེང།། ས་ལ་ཧ་དམ་ཙུ་ལི།། བྱི་བ་ཀྲཾ་ཁྲཾ།། ཀུ་ཚེ་མེ་ཧ།། སྨ་ལེ་ཧ།། མ་ག་ལེ་བྲུ་བྲུ།། ཡ་ཡ་ནེ་ནེ་ཛ། ། ཛ་ཏེ་ཙུ་མ་པ་པ་བཾ།། ཧི་ཧི་ཧི་མ་ཁུ་མང་ཁུ།། མྱཾ་མྱི་མ་ཏྲ་ཐ།། ལན་སྟོང་བཟླས་ན་རབ་ཏུ་ཤིས་སོ།། ཟོར་ཐུན་ཐབས་སུ་གསད་པའི་ལེའུ་སྟེ་ཉེར་བཞི་པའོ།།།། དེ་ནས་ཡང་འདི་གསུངས་སོ།། དགྲ་བོ་ཤུགས་ཀྱིས་གསད་པ་ནི། ། དམར་གཏོར་བཤམས་ནས།། མ་མོ་དང་སྔགས་བསྲུངས་ལ་གཏང་ངོ།། ཕུད་དང་རག་ཏར་བསྲེས་ལ། རང་དཔལ་ཆེན་པོར་བསྒོམས་ལ་བཏུང།། གཏོར་མ་ཡང་སྦྲེངས་ལ།། ཏིཤྟ་ཁ་རཾ་གྲཾ་གྲོ་ཀུ་རུ། ། ཞེས་རྗོད་དོ།། དེ་ནས་སྲོག་དབང་ལ་བོར་པའི་སྙིང་ཁྲག་ཐང་ལ་དབྱུང་བའི་སྔགས་ལ།། སོ་ཏི་རུ་ཙ་ཤིན་ཏི་རུ།། ཁ་རམ་ན་ཙཀྲ་ཐ།། ཙ་ཏ་ཤད་ཤད།། པྲ་ཧ་པྲི་ཐད།། རྐང་རྗེས་དང་དྲི་ཆེན་བཏབ་ན་ཤོར་མི་སྲིད་དོ། ། ཁྲག་གི་རྦ་ཀློང་གི་རྒྱུད་ལས།། དཔལ་ཨེ་ཀ་ཛ་ཊིས་ཤུགས་ཀྱིས་སྒྲོལ་བའི་ལེའུ་སྟེ་ཉེར་ལྔ་པའོ།། དེ་ནས་ཡང་འདི་གསུངས་སོ།། འཕྲ་མེན་ཉེ་འབྱེད་ཀྱི་ལས་ལ།། གསེར་དམར་རིལ་ལ་སྔགས་སོ། ། མ་མ་ཏྲག་རག་ཤ།། རུ་ཏྲག་མཱ་ར་ཡ་ཕྱེ།། མ་མ་ཏྲག་རུ་ཏྲག་མཱ་ར་ཡ་ཕྱེ།། མ་མ་ཏྲག་རུ་ཏྲག་མ་ར་ཡ་ཕྱེ།། མཱ་ར་ཡ་རྦད།། ཅེས་ར་ཁྱིའི་ཁྲག་གིས་མིང་རུས་བྲིས་ལ་གདབ་པོ།། འཕྲ་མེན་ཉེ་འབྱེད་ཀྱི་ལེའུ་སྟེ་ཉེར་དྲུག་པའོ། །།། དེ་ནས་ཡང་འདི་གསུངས་སོ།། རྒྱལ་ཁམས་ཚན་ཆེན་པོ་འམ།། ཡུལ་གྲུ་ཆེན་པོ་ཕུང་བ་འམ།། རྡོ་རྗེའི་ཐེག་པ་ཆེན་པོ་བསྟན་པ་འཇིག་པ་ལ་ཐུག་པ་ལ་ལྷ་མོ་ལ་དཔང་བཙུགས་ལ་བྱའོ། ། མིང་རུས་བྲི།། མི་ཁྲག་ལ་གནོད་སྤྱིན་གྱི་གཟུགས་སོར་བཞི་པ་བྲིས་ཏེ།། ཁྱི་ལ་གཏོར་མ་དང་སྦྱར་ཏེ་སྦྱིན་ན་འཆིའོ།། མིང་རུས་དང་སྙིང་པོ་ནི།། མིང་ཆེ་གེ་མོ་ཞིག། ཨོཾ་ཧ་ན་ཧ་ན་པི་པོ་ཏ་ཡ་ཕཊ།། ད་ར་པི་པོ་ཏེ་ཡ་ཕཊ། ། བརྒྱད་བརྒྱ་བཟླས་སོ།། གཟུགས་དང་མིང་རུས་ལ་ཉུངས་ཀར་བརྡེག་གོ།། དྲག་པོའི་ལས་ཀྱིས་གསད་པའི་ལེའུ་སྟེ་ཉེར་བདུན་པའོ།། དེ་ནས་ཡང་འདི་གསུངས་སོ།། རྣམ་ཅིག་ཏུ་ཤ་ཆེན་དང་གླང་ཤ་གཉིས་གཅིག་ཏུ་བརྡུངས་ལ། ། རྗེས་དང་བསྲེས་ལ་གདོན་གྱི་མིང་རུས་གྲོ་ག་འམ་ཤིང་ཤུན་ལ་བཙག་གིས་བྲིས་ལ་གཟུགས་ཀྱི་ནང་དུ་གཞུག། དུ་ཡོད་པའི་གཟུགས་བྱས་ཏེ་སྔགས་མ་ཡེངས་པར་བཟླས་སྟོང་དུ་གདབ་པོ། ། གདོན་ཀུན་བདག་གིས་དབང་དུ་འདུས་པར་བསམ་ལ་གཟུགས་བརྙན་རྡོག་པའི་ཞབས་སུ་བཅུག་ལ།། ཨོཾ་ཧ་ན་པི་པོ་ཏ་ཡ་ནན།། ཅེས་བཟླས་སོ།། གདོན་གཟེར་ལེའུ་སྟེ་ཉེར་བརྒྱད་པའོ།།།། དེ་ནས་ཡང་འདི་གསུང་སོ། ། ཡང་ན་གོང་གི་གདོན་གཟུགས་དེ་ལ་མཆོག་ཕུར་སོར་བརྒྱད་པ་དྲིལ་ཞིང་གདབ་བོ།། ཨོཾ་ཀཱ་ལ་རུ་པ་ཆེ་གེ་མོ་མ་ར་ཡ་ཕཊ།། བརྒྱ་རྩ་བརྒྱད་དུ་སྔགས་དང་ཏིང་ངེ་འཛིན་ལ་མ་ཡེངས་པར་བཟླས་སོ། ། གཟུགས་ཐོད་པའི་ནང་དུ་གཞུག་གོ།། ལྷ་འདྲེ་མི་སྲིན་པོ་ཡོད་པའི་ཟ་འམ་ལམ་པོ་རྒྱ་གྲམ་དུ་གནན་ནོ།། ཟླ་བ་མར་ངོ་དང་གཟའ་མིག་དམར་ལ་བྱས་ན་ཐེབས་སོ།། གནན་པའི་ལེའུ་སྟེ་ཉེར་དགུ་པའོ། །།། དེ་ནས་ཡང་འདི་གསུངས་སོ།། ཧོཾ་གྱིས་གསད་པའི་ཐུན་ནི།། གྲུ་གསུམ་མཐིང་ནག་གཅིག་བྱས་ཏེ།། དབུས་སུ་གདུག་པ་ཅན་ཚེར་མ་ལ་ཧོཾ།། བྱས་ལ།། དགྲའི་མིང་རུས་ཀྱང་གདགས།། ཏིང་ངེ་འཛིན་ནི་སྐད་ཅིག་མས་ཧོཾ་མ་མོར་བརླབ། ། མངོན་དུ་བྱུང་བའི་རྟགས་བྱུང་ནས་ལས་བྱའོ།། སྔགས་འདི་ལ་བརྩོན་པར་བྱའོ།། མ་རག་མོ་སྙིང་རག་མ་བྷྱོ།། མ་མ་སྙིང་ཁ་རག། བྷན་དྷ་རཾ་རཾ་བྷྱོ་བྷྱོ།། ཞེས་བཟླས་པ་རྫོགས་ནས། ། སྐྱེས་པ་དར་མའི་སྙིང་དང།། ཕག་རོག་པོའི་སྙིང་དང།། ཁྱི་ནག་པོའི་སྙིང་དང།། མོན་པ་ནག་པོའི་སྙིང་དང། ར་རོག་པོའི་སྙིང་དང།། དེ་རྣམས་ཀྱི་སྙིང་ཁྲག་གིས་ཐུགས་དམ་བསྐང། ། ཧོམ་སྤར་ལ་སྙིང་དང་ལིང་ག་མཆོད་པར་དབུལ་ལོ།། ཐལ་པ་རླུང་ལ་ཕྱར་རོ།། མ་མོ་བསྐུལ་ཞིང་ཆོག་བྱའོ།། སྤྱིན་སྲེག་དང་ཐུན་གྱི་ལེའུ་སྟེ་སུམ་ཅུ་པའོ།།།། དེ་ནས་ཡང་འདི་གསུངས་སོ།། རོ་ལ་སྤྱོད་པའི་བརྟུལ་ཞུགས་ནི། ། མཚན་དང་ལྡན་པའི་རོ་བཙལ་ཏེ།། མཁའ་འགྲོ་རོ་ཚལ་གྱི་ཆོ་ག་བྱ།། ནམ་ཟླ་དུས་བཞིའི་ཕྱོགས་བརྟགས།། མདའ་རྒྱང་ངམ་མིག་མཐོང་ཙམ་ནས་མཚམས་གཅད།། མ་མོའི་དམག་དྲང། ། དབེན་ཐག་ཙམ་ནས་དགེས་པར་གར་བྱ།། ཞགས་གང་ཙམ་ནས་དབྱུག་བརྡ་བཏང།། འདོམ་གང་ཙམ་ནས་དགེས་པའི་བརྐན་བརྡབ།། རོའི་ཁ་ནས་བྱིན་གྱིས་བརླབ་པའི་དགོངས་པ་བྱ།། ཕྱུང་ལ་རོ་ཁྱེར་ལུགས་ཀྱི་རོ་ཁྱེར། ། ཁོག་སྲུངས་རོ་ཤོལ་གྱི་ཆོ་ག་བྱ།། དེ་ནས་སླར་ལོག་སྟེ་གནས་སུ་རོ་ལ་བྲོ་རྡུང།། བམ་སྒྲུབ་ཆེན་པོའི་གཞུང་བསྙེན་མ་མོ་སྐོངས་བྱ།། ཐོག་མར་རེ་ལྷར་བསྒྲུབ།། དེ་ནས་དངོས་གྲུབ་བླང་པ་དང་རོལ་པ་བྱའོ། ། དཔལ་ཨེ་ཀ་ཛ་ཏི་ཁྲག་གི་རྦ་ཀློང་གི་རྒྱུད་ལས།། བམ་ཆེན་བསྒྲུབ་པའི་ལེའུ་སྟེ་སོ་གཅིག་པའོ།།།། དེ་ནས་ཡང་འདི་གསུངས་སོ།། མཆོག་ལྡན་པ་གཅིག་ལ་ནི་དགོངས་པ་བསམ་གྱིས་མི་ཁྱབ་སྟེ།། རོ་ལྟར་བསྒྲུབ་པས་འཕྲིན་ལས་ཀྱི་སྦྱོར་བ་བསམ་གྱིས་མི་ཁྱབ་པ་དང་སྦྱར་བ་དང། ། རོ་དཀྱིལ་འཁོར་དུ་བསྒྲུབ་པའི་ལྷ་བསམ་གྱིས་མི་ཁྱབ་པ་དང་སྦྱར་བ་དང།། རོ་ཡོ་བྱད་དུ་བསྒྲུབས་ལ་རྣལ་འབྱོར་པའི་ཡོ་བྱད་འཚོ་བར་སྦྱར་བ་དང། ། རོ་དངོས་གྲུབ་ཏུ་བསྒྲུབས་ལ་རོལ་པ་ལོངས་སྤྱོད་ཆེན་པོར་རོལ་པ་དང།། རོ་དམ་རྫས་སུ་བསྒྲུབས་ལ་དགོས་པ་སྤྲོ་བ་དང།། རོ་མཆོད་རྫས་སུ་བསྒྲུབས་ཏེ་པཱུ་ཙར་དབུལ་བ་དང།། རོ་པྲ་བསྒྲུབས་ཏེ་སྲིད་པ་གསུམ་གྱི་གཏམ་སྨྲ་བ་དང། ། རོ་རིན་པོ་ཆེར་བསྒྲུབས་ཏེ་ཡུན་གྱི་དགོས་འདོད་བྱ་བ་དང།། དེ་ལ་སོགས་པ་རོལ་བ་བསམ་གྱིས་མི་ཁྱབ་པ་དང་སྦྱར་རོ།། བམ་ཆེན་པོའི་ཡོན་ཏན་གྱི་ལེའུ་སྟེ་སོ་གཉིས་པའོ། །།། དེ་ནས་ཡང་འདི་གསུངས་སོ།། སྙིང་དང་འདྲ་བའི་བུ་ལ་དབང་མཆོག་དམ་པ་བསྐུར་པ་དང།། རོའི་དགོངས་པ་བསམ་གྱིས་མི་ཁྱབ་པ་ཡང།། དགོངས་པ་གང་བསྒྲུབ་ཀྱི་དབང་བསྐུར་བ་དང། ། མཆོག་ཆེན་པོ་གཅིག་ལ་ཡང་མ་མོའི་དཀྱིལ་འཁོར་ཆེན་པོ་བཞེངས་སུ་གསོལ་ལ།། དཀྱིལ་འཁོར་གྱི་དབུས་སུ་རོ་བཞུགས་སུ་གསོལ་ཏེ།། གཟུངས་ཐག་ཆེན་པོས་དྲན་པའི་ཐད་ཀར་བཏགས་ལ།། རོའི་འདུག་ཚུལ་བརྐྱང་བསྐུམ་དུ་བཞག། དགོངས་པ་བརྟུལ་ཞུགས་ཉི་ཤུ་ནི།། ཕུང་པོ་བམ་རིལ་ཕྱི་ཡི་དབང།། རབ་ཏུ་ཤེས་པས་བསྐུར་བར་བྱ།། གཟུངས་ཐག་བཏགས་ནས་ཞག་དགུར་བསྒྲུབས།། མཚན་རྟགས་རྣམས་གཏན་ལ་ཕེབས་པ་དང། ། རོ་ལ་བསྒྲལ་བའི་ལས་བྱས་ཏེ།། གཅེས་པའི་དམ་རྫས་བཅུ་གཅིག་གིས།། དགོས་པར་བྱ་བའི་ནང་གི་དབང།། མ་མོ་ཨེ་ཀ་ཛ་ཏི་ཡང།། རང་གི་སྙིང་པོ་བྱང་ཆུབ་སེམས་སུ་ངོ་ཤེས་པས་ཐམས་ཅད་ལ་དབང་བྱེད་པས་མན་ངག་གསང་བའི་དབང་བསྐུར་བར་བྱའོ། ། དཔལ་ཨེ་ཀ་ཛ་ཊི་ཁྲག་གི་རྦ་ཀློང་གི་རྒྱུད་ལས།། དབང་བསྐུར་བའི་ལེའུ་སྟེ་སོ་གསུམ་པའོ།།།། དེ་ནས་ཡང་འདི་གསུངས་སོ། ། དབང་བསྐུར་ཏེ་མན་ངག་བཤད་པར་བྱ་བ་ལ།། ཕྱི་ནང་གསང་བ་གསུམ་སྟེ།། ཕྱིའི་ཨེ་ཀ་ཛ་ཏི་ནི་ཆོས་ཐམས་ཅད་ཀྱི་བདག་ཉིད་དམ་རང་བཞིན་ནི་རང་གི་སྙིང་པོ་བྱང་ཆུབ་ཀྱི་སེམས་ཉིད་ཡིན་པ་ལ། ། སེམས་ངོ་མ་ཤེས་ཏེ་བདག་འཛིན་གྱི་མཐུ་རྟས་པས་ཉོན་མོངས་པ་རྣམ་རྟོག་གི་སྤྱོད་བྱེད་དུ་འཇུག་པ།། གཟུང་འཛིན་གྱི་དྲ་བ་དང་བཅས་པ་འདི།། ཉིད་སྦྱོའི་ཨེ་ཀ་ཛ་ཏི་ཞེས་བྱའོ།། ནང་གི་ཨེ་ཀ་ཛ་ཏི་ནི། ། རང་གི་སེམས་ངོ་མ་ཤེས་ཏེ།། རིག་པ་ཉིད་དུ་ཐམས་ཅད་དུ་རྟོགས་ལ།། ཡེ་ཤེས་ཀྱི་སྣང་བ་མི་འདྲ་བ་ཕྱོགས་གཅིག་ཙམ་ནི་མ་མོ་ཨེ་ཀ་ཛ་ཏི་ཇི་ལྟར་སྣང་བ་ཡིན་ནོ།། གསང་བ་ཨེ་ཀ་ཛ་ཏི་ནི་རང་གི་སེམས་ལས་གཡོས་པ་མེད་པར་ཤེས་རབ་ཀྱིས་ཐག་ཆོད་པའོ། ། སེམས་ནི་སྣ་ཚོགས་གཟུགས་ཅན་ཡིན་ལ་བྱ་བ་ཡང་སོ་སོའི་བྱེད་པ་ཡིན་ནོ།། དེ་ལྟར་རྟོགས་ཤིང་གོ་ན་དབང་མཆོག་ཆེན་པོ་ཐོབ་ཅེས་བྱའོ།། དབང་བསྐུར་བ་བསྟན་པའི་ལེའུ་སྟེ་སོ་བཞི་པའོ། །།། དེ་ནས་ཡང་འདི་གསུངས་སོ།། ཤིན་ཏུ་མྱུར་བའི་ལས་ཀྱི་ཏི་ཀ་སྟེ།། ཁྱི་ནག་པོའི་ཐོད་པར་ཤོག་བུ་ལ་དགྲའི་མི་རུས་བྲིས་ལ་གསལ།། བ་དམར་མོའི་འོ་མ་དང་མཚེའི་ཐལ་ཆུ་བླུག། ལེའུ་རྒན་ལ་སྲོག་ཏིག་གི་སྔགས་བྲིས་ལ་སྤྱང་ཀུའི་ཐོད་པར་སྩལ།། བྱ་ནག་ལུག་ནག་གི་སྙིང་ཁྲག་ལ་གཏོར་མ་བྱ།། ཐོད་པ་བརྡབ་ཅིང་སྔགས་འདི་བཟླས་སོ།། རག་མོ་རྩེ་རྩེ་སྙིང་ཁ་ལ་བམ་ཡ། སྲོག་མ་རི་རག་མོ་རྦད། ། ཡ་ཐུ་མ་བཾ་རུ། མ་ཏི་རག་མོ་སོད།། མ་མོ་ནག་མོ་སྲོགས་ལ་ཡམ།། ཁྱི་ཁ་ལི་ནག་མོ་སོད་ཡ།། ཐུམ་ཡ་ཐུམ་ཛ་ཐུམ་སོད།། རྟགས་ནི་བུད་མེད་ནག་མོའི་རང་གི་མཆན་དུ་འོང།། ཁྱི་མོ་ནག་མོ་མཆན་དུ་འོང། ། ཐོད་པའི་མིང་རུས་སྐད་ངན་འདོན་དེ་ལྟར་རྟགས་བྱུང་བ་དང་དྲ་བ་ནག་པོར་གཏུམས་ལ།། ཕ་མེས་དུར་སར་གནན་པར་བྱ།། སྲོག་གི་ཏི་ཀའི་ལེའུ་སྟེ་སོ་ལྔ་པའོ།།།། དེ་ནས་ཡང་འདི་གསུངས་སོ། ། སྙིང་པོ་དྲག་པོ་ཞན་བཤད་པའི།། ཕོ་དང་མོ་དང་མ་ནིང་དང།། རིང་པོ་དང་ནི་ཐུང་དང། དྲག་པོ་དང་ནི་རབ་ཏུ་དྲག། དེ་ཡི་རིམ་པ་བཤད་པ་ནི།། མ་ནིང་པས་ནི་ཕོ་ཡི་དྲག། མོ་བས་ཕོ་ཡིག་རབ་ཏུ་དྲག། རིང་པོ་པས་ཀྱང་ཐུང་ངུ་དྲག། གསད་པའི་དྲག་སྔགས་དུ་མ་ལས།། དམོད་པའི་དྲག་སྔགས་རབ་ཏུ་དྲག། རིང་པོ་ཐམས་ཅད་དལ་བ་ལས།། བསྙེན་པ་ཉེ་བསྙེན་དུས་སུ་བཤད།། ཐུང་དུ་ཐམས་ཅད་དྲག་པ་ལས།། སྒྲུབ་དང་ལས་ལ་སྦྱོར་ཀར་བཤད། ། རབ་ཏུ་དྲག་པོ་དམོད་པའི་སྔགས།། རྦད་དང་སོད་ཀྱིས་ཆོད་ན་ཟབ།། དྷི་དང་ཕཊ་ཀྱིས་ཆོད་ན་ཟབ།། གདོལ་པའི་སྔགས་ལ་གཅེར་བུར་བྱུང།། མ་ཡ་དང་ནི་ཛ་ཡིས་ཆོད། ། ཐུན་དང་རྦད་ཀྱིས་གཅོད་ན་ཟབ།། རག་དང་ཀེཾ་གིས་ཆོད་ན་ཟབ།། བམ་དང་རིལ་དང་རྡ་ར་ཟབ།། དེ་བཞིན་རབ་ཏུ་དྲག་པ་རྣམས།། དམོད་པའི་སྔགས་དེ་རབ་ཏུ་རྣག། ཡི་གེའི་སྣད་ཀྱི་ལེའུ་སྟེ་སོ་དྲུག་པའོ། །།། དེ་ནས་ཡང་འདི་གསུངས་སོ།། སྙིང་པོའི་ཐེམ་ཡིག་བརྩི་བ་ནི།། མིང་གི་ཡི་གེ་མ་ཐེམ་ན།། དམག་དཔོན་མེད་པའི་དམག་མི་འདྲ།། གྲོགས་ཀྱི་ཡི་གེ་མ་ཐེམ་ན།། རྩ་བ་ཞན་པའི་དམག་མི་འདྲ།། རྒྱན་གྱི་ཡི་གེ་མ་ཐེམ་ན། ། མཚོན་ཆ་མེད་པའི་དམག་མི་འདྲ།། དེ་ལ་མིང་གི་ཡི་གེ་ནི།། དང་པོར་གནས་པའི་ཡི་གེ་ཡིན།། དྲངས་ཀྱི་ཡི་གེ་ཞེས་བྱ་བ།། འཕུལ་ཞིང་བོད་པའི་ཡེ་གེ་ཡིན།། རྒྱན་གྱི་ཡི་གེ་ཞེས་བྱ་བ།། གཞི་ལས་ཡན་ལག་སྤྲོས་པ་ཡིན། ། དེ་ཡི་ཐིམ་ཡིག་བརྩིས་པ་ལས།། དམག་དཔོན་དམག་གི་མཚོན་ཆར་ལྡན།། ཕ་རོལ་གཞན་གྱི་གཡུལ་ངོ་འཇོམས།། ཞེས་གསུངས་སོ།། ཡི་གེ་ཐེམས་སུ་བརྩིས་པའི་ལེའུ་སྟེ་སོ་བདུན་པའོ། །།། དེ་ནས་ཡང་འདི་གསུངས་སོ།། འཕྲིན་ལས་བྱ་བའི་རིམ་པ་ནི།། ཐོག་མར་རྡོ་ལས་ལྕགས་སུ་བཞུ།། ལྕགས་ལས་གོ་དང་མཚོན་ཆ་བརྡུང།། གོ་མཚོན་ཞུན་ཐོར་ཐོ་ལྟར།། མ་མོ་དེ་ཉིད་བསྒྲུབ་པར་བྱ། ། དེ་ལ་ཏིལ་མར་ངར་བཏགས་ལྟར།། དེ་ཉིད་མངོན་དུ་བསྒྲུབ་པར་བྱ།། དཔའ་པོའི་ལག་ཏུ་བསྐུར་བ་ལྟར།། བསྙེན་པ་རྫོགས་པའི་རྣལ་འབྱོར་པས།། དཔའ་བོའི་གཡུལ་ངོ་བཟློག་པ་ལྟར།། འཕྲིན་ལས་སྦྱོར་བ་སོ་སོར་བྱ། ། དེ་བཞིན་ཡིད་ཀྱིས་བཤད་པ་ནི།། མ་མོ་རིམ་གྱིས་སྒྲུབ་པའི་ཐབས།། རིམ་པའི་ལས་རྣམས་རྫོགས་པ་དང།། མ་མོའི་དངོས་གྲུབ་ཐོབ་པར་བཤད།། རིམ་གྱིས་བསྒྲུབ་པའི་ལེའུ་སྟེ་སོ་བརྒྱད་པའོ། །།། དེ་ནས་ཡང་འདི་གསུངས་སོ།། མཉེས་པར་བསྐོང་བཟློག་བྱ་བ་ནི།། བསྒྲུབ་དང་དངོས་ཀྱིས་བསྐང་ཞིང་བཟློག། བསྒྲུབ་ནི་ཞི་རྒྱས་གཉིས་ཀྱིས་ཏེ།། མདོས་ལ་རྣམ་པ་གཉིས་སུ་བཤད།། གསོ་བའི་མདོས་དང་གསད་པའི་མདོས། ། གསོ་བའི་མདོས་ལ་རྣམ་གཉིས་ཏེ།། བསྐང་བའི་མདོས་དང་བཟློག་པའི་མདོས།། བཟློག་པའི་མདོས་ལ་རྣམ་པ་གཉིས།། གཞན་གྱི་རིག་སྔགས་བཟློག་པ་དང།། བསྐང་མདོས་གསོ་གསད་གཉིས་པས་འཇུག། གསད་པའི་མདོས་ནི་གཅིག་ལས་མེད།། དེ་ལ་མདོས་ཀྱི་རིམ་པ་ནི།། རི་རབ་གླིང་བཞིར་བཅས་པ་ལ།། སྣང་སྲིད་གདུགས་ཀྱིས་བསྐོར་བ་ནི།། མ་མོ་ཉིད་ཀྱི་ཞལ་ཕྱུང་སྟེ།། ལེའུ་རྒན་དར་གྱིས་བཀབ་ནས་ནི། ། སྔགས་བསྲུངས་ཉིད་ལ་དམིགས་བཏང་ནས།། སྲིད་པའི་སྤྱི་མདོས་བྱ་བར་འགྲོ།། རི་རབ་གླིང་བཞིར་བཅས་པ་ལ།། མ་མོའི་ཞལ་ཕྱུག་གདུགས་བཀབ་ནས།། ཤ་སྣ་མང་པོ་བཀོད་པ་ནི། ། སྲིད་པའི་ཤ་མདོས་བྱ་བར་འགྲོ།། གོང་མ་བཞིན་དུ་བཅས་པ་ན།། ཁྲག་སྐམ་མང་པོ་བཀོད་པ་ནི།། སྲིད་པའི་ཁྲག་མདོས་བྱ་བར་འགྲོ།། གོང་མ་བཞིན་དུ་བྱས་པ་ལ།། རུས་པ་མང་པོ་བཀོད་པ་ནི། ། སྲིད་པའི་ཀེང་རུས་མདོས་སུ་འགྲོ།། གོང་མ་བཞིན་དུ་བཅས་པ་ལ།། སྙིང་སྣ་མང་པོ་བཀོད་པ་ནི།། སྲིད་པའི་སྙིང་མདོས་བྱ་བར་འགྲོ།། གོང་མ་བཞིན་དུ་བྱས་པ་ལ།། སྐྱེས་པའི་གཟུགས་ཀྱིས་བསྐོར་བ་ནི། ། སྲིད་པའི་ཕོ་མདོས་བྱ་བར་འགྲོ།། གོང་མ་བཞིན་དུ་བྱས་པ་ལ།། བུས་པའི་ཚིགས་ཀྱིས་བསྐོར་བ་ནི།། སྲིད་པའི་ཆུང་མདོས་བྱ་བར་འགྲོ།། གོང་མ་བཞིན་དུ་བཅས་པ་ལ།། དགྲ་བགེགས་གཟུགས་ཀྱིས་བསྐོར་བ་ནི། ། སྲིད་པའི་དགྲ་མདོས་བྱ་བར་འགྲོ།། དེ་བཞིན་ཤས་ཆེར་གང་བཀོད་པ།། རང་ཤས་ཆེ་བའི་མདོས་སུ་འགྲོ།། གཅིག་ཏུ་ཞེན་ཅིང་ཆགས་པ་མེད།། གསང་སྔགས་ནོར་བུ་རིན་ཆེན་མ།། ཐམས་ཅད་འཕྲུལ་ཞིང་འཁོར་པའི་ཕྱིར། ། རང་བཞིན་གཅིག་ཏུ་མ་ངེས་ཏེ།། གང་ལྟར་བརྟགས་པ་དེ་ལྟར་སྣང།། ཁ་དོག་སོ་སོའི་རིམ་པ་ཡང། ཐམས་ཅད་དཀར་པོར་བྱས་པ་ལ།། སྲིད་པའི་ཞི་མདོས་བྱ་བར་འགྲོ།། ཐམས་ཅད་སེར་པོར་བསྒྱུར་བ་ནི། ། སྲིད་པའི་རྒྱས་མདོས་བྱ་བར་འགྲོ།། ཐམས་ཅད་དམར་པོར་བསྒྱུར་བ་ནི།། སྲིད་པའི་དབང་མདོས་བྱ་བར་འགྲོ།། ཐམས་ཅད་མཐིང་ཀར་གནས་པ་ནི།། སྲིད་པའི་དྲག་མདོས་བྱ་བར་འགྲོ།། སྔགས་དང་དགོངས་པའི་རིམ་པ་ནི། ། གདུག་རྩུབ་ཐམས་ཅད་ཞི་བ་ལ།། འཇམ་པའི་ངག་གིས་མདོས་བཏང་ན།། ཤན་ཏིང་ཀུ་རུའི་སྔགས་བཟླས་ཏེ།། གསོལ་ཟས་ལོངས་སྤྱོད་ཐམས་ཅད་ཀུན།། དཀར་གསུམ་སྒོ་ནས་ལོངས་སྤྱད་ན། ། ཐམས་ཅད་ཞི་བ་ཆེན་པོའི་མདོས།། ཚེ་དང་བསོད་ནམས་ལོངས་སྤྱོད་རྒྱས།། རྒྱས་པའི་ངག་གིས་མདོས་བཏང་བས། པུ་ཥྟིཾ་ཀུ་རའི་སྔགས་བཟླས་པས། རྣལ་འབྱོར་ལོངས་སྤྱོད་ཐམས་ཅད་ཀྱང། སྦྲང་རྩིའི་རོ་རྣམས་ལོངས་སྤྱད་ན།། ཐམས་ཅད་རྒྱས་པ་ཆེན་པོར་འགྲོ།། ཐམས་ཅད་དབང་དུ་འདུས་པ་ལ།། ཆེ་བའི་ངག་གིས་མདོས་གཏང་ན།། པ་ཤཾ་ཀུ་རུའི་སྔགས་བཟླས་ཏེ།། ལོངས་སྦྱོད་མངར་གསུམ་སྒོ་ནས་སྤྱད། ། ཐམས་ཅད་དབང་ཕྱུག་ཆེན་པོའི་མདོས།། ཐམས་ཅད་མ་ལུས་བསྒྲལ་བ་ལ།། དྲག་པོའི་ངག་གིས་མདོས་བཏང་ན།། མ་ར་ཡི་སྒྲ་བརྗོད་པས།། ལོངས་སྦྱོད་ཆེན་པོའི་ཤ་ཁྲག་སྤྱད།། ཁ་དོག་མཐིང་ནག་དམར་ནག་གྱོན། ། ཐམས་ཅད་བསྒྲལ་བ་ཆེན་པོའི་མདོས།། བཅས་བཞི་དང་མཐུན་པ་ལ།། དར་མདུང་སྟོང་ཕྲག་བརྒྱད་ཅུ་ལ།། བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་ཡི།། སོ་སོའི་མིང་དང་སྲོག་སྙིང་གི། འཇུག་ཏུ་གཡུལ་བཟློག་བྱ་བ་བྲི། ། ཡི་དྭགས་ཕལ་ཆེར་གཡུལ་བཟློག་མདོས།། སྡེ་བརྒྱད་སོ་སོར་བྲིས་པ་ནི།། ལྷ་སྲིན་སྡེ་བརྒྱད་གཡུལ་བཟློག་མདོས།། མོ་རྒྱུད་སོ་སོར་བྲིས་པ་ནི།། སྲིད་པའི་མ་མོའི་གཡུལ་བཟློག་མདོས། ། ཕོ་རྒྱུད་སོ་སོར་བྲིས་པ་ནི།། སྲིད་པའི་ཕོ་རྒྱུད་གཡུལ་བཟློག་མདོས།། དེ་དག་སོ་སོའི་དམག་དཔུང་ཡང།། སྔགས་བསྲུངས་མ་ཡི་དམག་དཔུང་གིས།། སོ་སོར་བཟློག་ཅིག་བསྒྱུར་དམིགས་ཏེ། ། གསང་སྔགས་སྒྲ་ཡང་དགོང་མ་བརྗོད།། ཅེས་གསུངས་སོ།། ཨེ་ཀ་ཛ་ཏི་ཁྲག་གི་རྒྱ་མཚོའི་ཟ་བྱེད་སྤྱང་རྐྱལ་ནག་མོའི་རྒྱུད་ལས།། སྲིད་པའི་མདོས་ཀྱི་ལེའུ་སྟེ་སོ་དགུ་པའོ།།།། དེ་ནས་ཡང་འདི་གསུངས་སོ། ། འཁོར་ལོ་རྣམ་པ་དུ་རུ་བསྟན།། འཁོར་ལོའི་ཡོན་ཏན་གང་ཞིག་ཡིན།། འཁོར་ལོ་རྣམ་པ་དྲུག་ཏུ་བསྟན།། མ་མོའི་སྲོག་གི་འཁོར་ལོ་དང།། བསྒྲུབ་པར་བྱ་བའི་འཁོར་ལོ་དང།། དྲག་པོས་གསད་པའི་ཙ་ཀྲ་དང། ། གནད་ལ་དབབ་པའི་འཁོར་ལོ་དང།། དེ་བཞིན་དཀྲུག་པའི་འཁོར་ལོ་དང།། དགྲ་བགེགས་གནན་པའི་འཁོར་ལོའོ།། སྲོག་གི་འཁོར་ལོ་བསྐོར་བ་ཡིས།། ལུས་དང་གྲིབ་མ་བཞིན་དུ་འགྱུར།། སྒྲུབ་པའི་འཁོར་ལོ་བསྐོར་བ་ཡིས། ། མ་མོ་དམ་ལ་གནས་པར་འགྱུར།། གསད་པའི་འཁོར་ལོ་བསྐོར་བ་ཡིས།། འཕྲིན་ལས་ཡོངས་སུ་རྫོགས་པར་འགྱུར།། གནད་ལ་དབབ་པའི་འཁོར་ལོ་ཡིས།། མ་མོའི་སྙིང་ཁྲག་ཁར་འཛག་འགྱུར། ། དཀྲུག་པའི་ཙཀྲ་བསྐོར་བ་ཡིས།། སྡིག་པ་གསུམ་ཡང་འཁྲུག་པར་འགྱུར།། གནན་པའི་འཁོར་ལོ་བསྐོར་བ་ཡིས།། འགལ་བ་ཨ་ལགས་འཁོར་བར་འགྱུར།། ཞེས་གསུངས་སོ།། འཁོར་ལོ་གྲངས་དང་ཡོན་ཏན་བསྟན་པའི་ལེའུ་སྟེ་བཞི་བཅུ་པའོ། །།། དེ་ནས་ཡང་འདི་གསུངས་སོ།། རྒྱུ་དང་གནས་དང་ཐབས་དང་དུས།། རྐྱེན་དང་ལས་དང་འཁོར་དང་གྲོགས།། ངེས་པར་བཤད་ཀྱིས་ཡིད་ལ་ཟུང།། མ་མོའི་སྲོག་གི་འཁོར་ལོ་ཡི། ། རྒྱུ་ནི་སྙིང་པོ་བྱང་ཆུབ་སེམས།། གནས་ནི་ཡུམ་གྱི་བྷ་གའི་ཀློང།། ཐབས་ནི་རོལ་པ་བསམ་མི་ཁྱབ།། དུས་ནི་མ་ངེས་རྒྱུན་དུ་འཁོར།། རྐྱེན་ནི་ཁམས་གསུམ་སེམས་ཅན་ཏེ།། ལས་ནི་གཉིས་སུ་མེད་པར་བྱེད། ། གྲོགས་ནི་ཤེས་རབ་ཏིང་ངེ་འཛིན།། དེ་ནི་སྲོག་གི་འཁོར་ལོ་ཡིན།། བསྒྲུབས་དང་གསད་པའི་འཁོར་ལོ་དང།། གནད་ལ་དབབ་དང་དཀྲུག་པ་དང།། དགྲ་བགེགས་གནས་པའི་འཁོར་ལོའོ།། རྒྱུ་ནི་དུར་ཁྲོད་ཤིང་རས་དང། ། གནས་ནི་ག་འུ་གནས་པའི་ས།། ཐབས་ནི་བྱེ་བྲག་བསམ་མི་ཁྱབ།། ཚུལ་དང་ཐབས་ནི་ཤེས་པར་བྱོས།། ཨེ་ཀ་ཛ་ཊི་ཁྲག་གི་རྦ་ཀློང་གི་རྒྱུད་ལས།། འཁོར་ལོའི་རྒྱུ་མཚན་བསྟན་པའི་ལེའུ་སྟེ་ཞེ་གཅིག་པའོ། །།། དེ་ནས་ཡང་འདི་གསུངས་སོ།། འཁོར་ལོ་བསྐོར་བའི་ལས་དག་ཀྱང།། རྩིབས་དང་ལྡན་པའི་རིའུ་མིག་ལ།། མ་མོ་ཉིད་ཀྱི་ཞལ་ཕྱུང་སྟེ།། བོད་རྦད་གསད་པའི་སྔགས་བཀོད་དེ།། སོ་སོའི་འཁོར་ལོ་བསྐོར་བ་ནི། ། མ་མོའི་ཞལ་གྱི་འཁོར་ལོར་བཤད།། རྩིབས་དང་བཅས་པའི་རིའུ་མིག་ལ།། སྲོག་སྙིང་འཁོར་ལོ་བསྐོར་བ་ནི།། མ་མོ་སྲོག་གི་འཁོར་ལོར་བཤད།། རྦད་སྔགས་འཁོར་ལོ་བསྐོར་བ་ནི། ། ལས་ལ་གཏང་པའི་འཁོར་ལོར་བཤད།། གསང་སྔགས་འཁོར་ལོ་བསྐོར་བ་ནི།། མ་མོ་གསད་པའི་འཁོར་ལོར་བཤད།། ཡི་གེ་བཅུ་བདུན་བསྐོར་བ་ཡིས།། གནད་ལ་དབབ་པའི་འཁོར་ལོར་བཤད། ། གཡས་དང་གཡོན་དུ་བསྐོར་བ་ནི།། སྲིད་པ་ཕོ་མོའི་འཁོར་ལོ་སྟེ།། ཐབས་དང་ཤེས་རབ་འཁོར་ལོར་བཤད།། ཐུན་སྔགས་འཁོར་ལོ་བསྐོར་བ་ནི། འཁོར་ལོ་ཐུན་དངའབྲོལ་བར་བཤད།། རིགས་ཀྱི་བཟློག་ནས་བསྐོར་བའི་ནི། མ་མོ་དཀྲུག་པའི་འཁོར་ལོར་བཤད།། གནན་སྔགས་འཁོར་ལོ་བསྐོར་བ་ནི། འཁོར་ལོ་གནན་པར་བྱ་བར་བཤད།། མ་མོ་དྲུག་ཅུ་རྩ་བརྒྱད་ཀྱི།། སྲོག་གི་འཁོར་ལོར་བསྐོར་བ་ལ།། ཧོཾ་ལས་བསྲེག་པའི་ལས་བྱས་ན། ། འཁོར་ལོ་ཧོཾ་ནག་འབྲེལ་བར་བཤད།། གཞན་ཡང་གང་དང་གང་རུང་བ།། མ་མོ་ལས་ཀྱི་ཁ་ཚར་ནི།། སོ་སོ་རང་རང་བསྐོར་བ་ནི།། འཕྲིན་ལས་ཡོངས་རྫོགས་འཁོར་ལོ་བཤད།། རེ་མིག་ཡི་གེའུ་གྲངས་དང་སྦྱར། ། ཡི་གེའི་གྲངས་ཀྱང་འདི་ལྟར་བྱ།། མིང་གི་ཡི་གེ་རྐྱང་པ་རྣམས།། མགོ་བོ་ཕྱིར་བསྟན་ནང་བསྟན་གཉིས།། སྒྲུབ་དང་གསད་པའི་སྔགས་སུ་བསྒྱུར།། འཁོར་ལོའི་རེ་མིག་རེ་དེ་གཞག། མིང་ཡིག་སྒྲོགས་དང་རྒྱན་ལྡན་པ།། འཁོར་ལོའི་རེ་མིག་རེ་ལ་གཞག། སྔགས་ཀྱི་རིམ་པ་མ་འཁྲུགས་པར།། མགོ་པོ་ཕྱིར་བསྟན་ནང་བསྟན་གཉིས།། སྒྲུབ་དང་གསད་པའི་སྔགས་སུ་བསྒྱུར།། འཁོར་ལོ་མ་མོའི་གནས་སུ་བཤད། ། འཁོར་ལོ་མ་མོའི་ཁང་པར་བཤད།། འཁོར་ལོ་མ་མོའི་གུར་དུ་བཤད།། འཁོར་ལོ་ཁྲག་གི་རྒྱ་མཚོར་བཤད།། ཙཀྲ་དུག་གི་རྒྱ་མཚོར་བཤད།། འཁོར་ལོ་ལྕགས་ཀྱི་སྤྱིལ་པོར་བཤད། ། འཁོར་ལོ་གངས་རི་ཆེན་པོར་བཤད།། སྲིད་པའི་ཁྲི་མུན་ཆེན་པོར་བཤད།། འཁོར་ལོ་མ་མོའི་སྲོག་ཏུ་བཤད།། འཁོར་ལོ་མ་མོའི་ལྟེ་བར་བཤད།། འཁོར་ལོ་མ་མོའི་སྨོན་པར་བཤད།། འཁོར་ལོ་གཅོད་པའི་མཆོག་ཏུ་བཤད། ། འཁོར་ལོ་གདུགས་པ་དཔལ་དུ་བཤད།། དེ་ལྟར་འཁོར་ལོ་བསྐོར་བ་ཡིས།། མན་ངག་ཅན་གྱི་སོ་སོར་དབྱེ།། རིག་པ་ཅན་གྱི་སྐྱེས་བུ་ཡིས།། རེ་རེ་ལ་ཡང་མང་དུ་སྤྲོ།། རྒྱས་པར་བཤད་ཀྱང་གཅིག་ཏུ་འདུས། ། དཔལ་ཨེ་ཀ་ཛ་ཊི་ཁྲག་གི་རྦ་ཀློང་གི་རྒྱུད་ལས། འཁོར་ལོ་གཏན་ལ་ཕབ་པའི་ལེའུ་སྟེ་ཞེ་གཉིས་པའོ།།།། མན་ངག་འདི་ཡི་གཏད་ལས་ནི།། མ་ཡེངས་བརྩོན་པས་གཏད་པས་འགྲུབ། ། དྲང་སྲོང་གཡོ་སྒྱུ་ཆུང་ན་ཉེ།། དྲི་མེད་ལྷ་སེམས་ཅན་ལ་ཆགས།། མེ་གཏོང་ཆུ་སྲིན་སེམས་ཀྱིས་བྱ།། མན་ངག་གཏད་པའི་གནས།། སློབ་མའི་སྣོད་བརྟག་པའི་ལེའུ་སྟེ་ཞེ་གསུམ་པའོ།།།། རྒྱུད་ཀྱི་ནང་ནས་དམ་པར་གྱུར་པ་འདི། ། བལ་པོའི་བ་སུ་དྷ་ར་ཡིས་གདམས།། རུམ་བུ་གྷུ་ཡ་དེ་བ་ཙན་ཏྲའི་ཐུགས་དམ་ལགས།། དེ་ལ་བསྣུབས་བན་སངས་རྒྱས་བདག་གིས་རྙེད།། དཔལ་ཨེ་ཀ་ཛ་ཊི་ཁྲག་གི་རྦ་ཀློང་གི་རྒྱུད་ཅེས་བྱ་བ་རྫོགས་སོ། །།། རྒྱ་གར་སྐད་དུ།། ཨེ་ཀ་ཛ་ཏི་ས་མན་ཏ་ཀ་ནཱ་མ་ཏན་ཏྲ།། བོད་སྐད་དུ།། རལ་གཅིག་མ་འདུས་པ་ནག་མོའི་རྒྱུད་ཅེས་བྱ་བ།། དཔལ་ཡ་མན་ཏ་ཀ་ལ་ཕྱག་འཚལ་ལོ།
CLOSE WINDOW