Wylie |
། ཤྲཱི་དེ་བི་སྲི་ཏ་ཀཱ་ལི་ཏན་ཏྲ་ནཱ་མ།། བོད་སྐད་དུ།། དཔལ་ལྷ་མོ་ཤན་པ་ནག་མོའི་རྒྱུད་ཅེས་བྱ་བ།། དཔལ་འཇིགས་བྱེད་ཀྱི་རྒྱལ་པོ་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ། ། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ནི།། རི་རབ་ཀྱི་རྩེ་མོ་རྩུབ་འགྱུར་གྱི་ཚལ་ཆེན་པོ་ན་ལྷ་དང་ལྷ་མ་ཡིན་གཉིས་གཡུལ་འགྱེད་པའི་གནས།། གནོད་སྤྱིན་ཨུད་པ་ལའི་གདོང་ཁྲོས་པའི་དུར་ཁྲོད་སྲིན་མོ་ཀང་ཀ་ལ་ཟངས་ཀྱི་གཤོག་པ་མེ་ལྟར་འབར་བའི་ཁང་པ་མི་རོ་གསར་རྙིང་མང་པོ་ཡོད་པའི་ཀེང་རུས་དང། ། རྣག་ཁྲག་གི་རུལ་བྲོ་བ།། ཤིན་ཏུ་འཇིགས་པ་རབ་ཏུ་སྐྱི་གཡའ་བའི་གནས་དེ་ན། ། བཅོམ་ལྡན་འདས་དཔལ་དྲག་པོ་ཕྱག་ན་རྡོ་རྗེ་གཏུམ་པོ་ལུས་བསྐལ་པའི་མེ་ཆེན་པོ་ལྟར་འབར་བ།། སྲིད་པ་གསུམ་ལས་རྣམ་པར་རྒྱལ་བ།། ཉི་མ་སྟོང་གི་གཟི་བརྗིད་དང་ལྡན་པ།། སངས་རྒྱས་སྟོང་རྩ་བརྒྱད་ཀྱིས་ལས་ཀྱི་ལྷར་དབང་བསྐུལ་ཏེ་ཁྲོ་བོ་ཆེན་པོའི་ཆ་བྱད་དུ་བྱས་ནས་བཞུགས་སོ། ། དེའི་འཁོར་ནི་བརྒྱ་བྱིན་དང། གཤིན་རྗེ་དང། སྲིན་པོ་དང། ཤ་ཟ་དང། མ་མོ་ནག་མོ་དང།། ལྟོ་འཕྱེ་དང། གྲུལ་བུམ་དང། དྲི་ཟ་དང། མི་འམ་ཅི་དང། རྣམ་ཐོས་ཀྱི་བུ་དང། ལྷ་མ་ཡིན་དང། ནམ་མཁའ་ལྡིང་དང། འབྱུང་པོ་དང། མ་མོ་དང། སེང་གེ་དང། སྟག་དང། ཝ་དང། ཁྱི་སྤྱང་དང། དོམ་དང། དྲེད་དང།། གཟིག་དང།། གུང་དང།། ཁྱི་ལི་དང།། དུར་བྱ་དང།། ཀང་ཀ་དང།། བྱ་རྒོད་དང།། བཞད་པ་དང། བྱ་རོག་དང།། འུག་པ་དང།། ཆུན་ལག་དང།། ཁྲ་དང།། སྦྲུལ་དང།། རུས་སྦལ་དང། ། དེ་ལ་སོགས་པ་འཁོར་རྣམ་པ་མང་པོས་བསྐོར་ནས་བཞུགས་སོ།། དེའི་ཚེ་འཁོར་འདུས་པའི་ནང་ནས།། ལྷའི་དབང་པོ་བརྒྱ་བྱིན་སྟན་ལས་ལངས་ནས།། དཔལ་ཕྱག་ན་རྡོ་རྗེ་ལ་བསྐོར་བ་བྱས་ནས།། རྒྱན་དང་ལོངས་སྤྱོད་བསམ་གྱིས་མི་ཁྱབ་པའི་ཆར་ཕབ་ནས་མཆོད་དོ། ། དེ་ནས་བརྒྱ་བྱིན་གྱིས་འདི་སྐད་ཅེས་གསོལ་ཏོ།། ཀྱེ་ཀྱེ་གསང་བདག་རྡོ་རྗེ་འཛིན།། དངོས་གྲུབ་ཚོགས་ལ་མངའ་བརྙེས་ཁྱོད།། ཐུགས་རྗེའི་བདག་པོ་ཡིན་པས་ན། ། མ་འོངས་སེམས་ཅན་སྐལ་ལྡན་གྱིས།། རྡོ་རྗེ་མཁའ་འགྲོ་སྒྲུབ་པའི་ཐབས།། བདག་གི་ཡོངས་སུ་ཞུ་ལགས་ཀྱིས།། དེ་རིང་སྟོན་པས་སྐབས་དབྱེ་ཞུ།། དེ་སྐད་གསོལ་པ་དང།། དཔལ་ཧཱུ~ཾ་མཛད་ཆེན་པོ་དེ་མེ་འབར་པའི་གདན་ལས་བཞེངས་ཏེ། ། ལྷའི་དབང་པོ་བརྒྱ་བྱིན་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། ཀྱེ་མ་དུས་མཐའི་སེམས་ཅན་རྣམས།། མི་ནུབ་ཆོས་ཀྱི་རྒྱལ་མཚན་དང།། རྡོ་རྗེ་མཁའ་འགྲོ་གྲུབ་གྱུར་ནས། ། བདག་གཞན་དོན་ལ་ཐོགས་པ་མེད།། ངས་བཤད་ཁྱོད་ཀྱིས་ཡིད་ལ་ཟུང།། ཞེས་བཀའ་སྩལ་པ་དང།། འཁོར་དེ་དག་དགའ་བ་དང་སྤྲོ་བ་སྐྱེས་ནས།། ལྷའི་མེ་ཏོག་མན་དྷ་ར་ལ་སོགས་པའི་རྒྱན་གྱི་ཆར་ཆེན་པོ་མངོན་པར་ཕབ་པོ། ། དེ་ནས་དཔལ་ཕྱག་ན་རྡོ་རྗེ་ལ།། ལྷའི་དབང་པོ་བརྒྱ་བྱིན་གྱིས་འདི་སྐད་ཅེས་གསོལ་ཏོ།། དྲག་པོ་ཧཱུ~ཾ་མཛད་རྡོ་རྗེ་འཛིན།། ད་ལྟ་འདོད་ཁམས་འདི་ཉིད་ནི།། ལྷ་མོ་ནག་མོ་ཞེས་བྱ་བ། ། གཏུམ་ཞིང་ཁྲོ་ལ་ལུས་ཀྱང་འཇིགས།། སྲིད་གསུམ་དྲེགས་པའི་ནུས་མཐུ་ཅན།། དངོས་གྲུབ་དམ་པའི་གཞི་འགྱུར་འདི།། དང་པོ་རྒྱུ་ནི་ཇི་ལྟ་བ།། ལྟ་བ་དཀྱིལ་འཁོར་རྫས་རྣམས་དང།། ཏིང་འཛིན་སྔགས་དང་ཕྱག་རྒྱ་དང། ། དམ་ཚིག་དྲོད་ཚད་སྤོགས་དང་བསྟེན།། དེ་བཞིན་ལས་ཀྱི་རིམ་པ་རྣམས།། སྟོན་པས་བཀའ་སྩལ་བདག་ཉན་འཚལ།། དེ་སྐད་ཅེས་གསོལ་པ་དང། དཔལ་ཕྱག་ན་རྡོ་རྗེས་བཀའ་སྩལ་པ།། བརྒྱ་བྱིན་ལ་སོགས་པའི་འཁོར་འདུས་པ་ཁྱེད་རྣམས་ཀྱིས་རྡོ་རྗེ་མཁའ་འགྲོའི་རྒྱུད་ཞུ་བ་ལེགས་སོ། ། ཁྱེད་ཀྱང་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཞིག། ངས་རྣམ་པར་ཕྱེ་སྟེ་བསྟན་པར་བྱའོ།། སྔོན་འདོད་པའི་ཁམས་འདི་ཉིད་ན། ། ལྷ་དབང་ཕྱུག་མཧཱ་དེ་བ་དང།། ལྷ་མོ་ཨུ་ཝི་དེ་བཱི་གཉིས་ལ་བུ་ཚ་མིང་སྲིང་གཉིས་ཡོད་པ་ལ།། མིང་པོ་ནི་གཤིན་རྗེ་དམར་པོ་ཞེས་བྱ་བ་བཞུགས་སོ།། སྲང་མོ་ནི་ལྷ་མོ་དཀར་མོ་དུང་སྐྱོང་མ་ཞེས་བྱ་བ་ཡིན་པ་ལས། ། ལྷ་མོ་དུང་སྐྱོང་མ་དེ་ནི་རི་རབ་རྩེ་ན་རྣམ་པར་རྒྱལ་བའི་ཁང་བཟངས་ཀྱི་བྱང་ཤར་གྱི་མཚམས་བྱང་ཆུབ་ཀྱི་ཤིང་དྲུང་རིན་པོ་ཆེའི་ཁང་པ་བདུན་བརྩེགས་པའི་གཞལ་ཡས་ཁང་ན་རིན་པོ་ཆེའི་སྟེང་ན་གསེར་དང། ། དངུལ་དང།། བཻ་དཱུ་རྱའི་དབུ་རྒྱན་དང།། མགུར་ཆུས་བརྒྱན་ཏེ།། ལུས་འགྱིང་བག་ཏུ་བཞུགས་ཏེ།། ལྷའི་བུ་མོ་མང་པོས་རྒྱན་དང།། ལོངས་སྤྱོད་དང།། གླུ་དང་དབྱངས་དང།། རོལ་མོ་བསམ་གྱིས་མི་ཁྱབ་པའི་མཆོད་པ་བྱེད་དོ། ། བརྒྱ་བྱིན་ཉོན་ཅིག། དུས་དེ་ཙམ་ན་སྲིན་པོ་ཐམས་ཅད་ལ་ལྷས་བཀྱོན་ཕབ་ཡོ་བསད་པ་ལས།། སྲིན་པོ་ད་ཤ་གྲི་བ་དང།། སྲིན་མོ་དང་ལ་སྣ་རྩེ་གཉིས་སུ་འདུས་སོ།། དེར་སྲིན་པོ་ད་ཤ་གྲྀ་བས་ལྷ་དང་མི་འདུལ་འདོད་པའི་ཆེད་དུ། ། སྲིན་མོ་དང་ལ་རྣ་རྩེ་ལྷ་མཧཱ་དེ་བ་ལ་བཙུན་མོར་ཕུལ་ལོ།། ལྷ་མཧཱ་དེ་བ་དང།། སྲིན་མོ་དང་ལ་རྣ་རྩེ་གཉིས་ལ་བུ་མོ་གཅིག་ཡོད་དེ།། དེ་ན་སྲིན་མོ་མར་འདབ་ཕུར་པ་ལྷ་བྱང་བ་ཡིན་ནོ། ། དེ་དུས་དེ་ཙམ་ན་སྲིན་པོ་ད་ཤ་གྲི་པ་ན་རེ།། ང་ལ་སྲིང་མོ་དང་ལ་རྣ་རྩེ་དང་ཚ་མོ་ཕུར་ལྷ་འདི་ཤིན་ཏུ་གཅེས་པ་ལ།། ཁྱེད་གཉིས་ལ་ང་གཅེས་རྒྱུ་མེད་པས།། བདག་ནི་རྒྱ་མཚོ་ནང་དུ་ཤིར་འགྲོ་ཟེར་བ་ལས། ། དང་ལ་རྣ་རྩེ་མ་སྨད་གཉིས་ན་རེ།། ངེད་གཉིས་ལ་ཡག་ཁྱོད་ཤིན་ཏུ་གཅེས་པས་ཁྱོད་མ་ལྕེབ་པར་ཅི་ལ་ཅི་འདོད་སྨོས་ཤིག་ཟེར་བ་ལས།། སྲིན་པོ་ད་ཤ་གྲྀ་བ་ན་རེ།། འོ་ན་ང་ལྷ་མོ་དུང་སྐྱོང་མ་འདོད་དོ་བྱས་པས། ། སྲིན་མོ་དང་ལ་རྣ་རྩེ་ན་རེ།། འོ་ན་ང་ལ་ཐབས་ཡོད་མིང་པོ་དེ་སླ་ཡིས།། ངའི་བུ་མོ་དུ་ར་ཕུར་པ་ལྷ་འདི་ལྷ་མོ་དུང་སྐྱོང་མའི་ཁོལ་མོ་བྱེད་བཅུག་ལ་དེར་བསླུ་ཡིས་ཟེར་ནས།། དང་ལྷ་རྣ་རྩེ་དེས་བུ་མོ་ཕུར་པ་ལྷ་ཁྲིད་ནས་ལྷ་མོ་དུང་སྐྱོང་མ་ལ་གཡོག་མོར་ཕུལ་ལོ། ། དེར་སྲིན་མོ་ཕུར་པ་ལྷ་དེས།། ལྷ་མོ་དུང་སྐྱོང་ལ་མ་འདི་སྐད་ཞུས་སོ།། ཆེ་ཞེ་ཆེན་མོ་རིགས་ཀྱི་ཡུམ།། བདག་ཉིད་ཆེན་མོ་གར་མཁན་མ།། དབུ་བརྒྱན་རིན་ཆེན་ཐོར་ཚུགས་ཅན། ། བཻ་ཌཱུ་ར་སྔོན་པོ་འོད་ལམ་འབར།། ཞལ་བཟངས་པདྨ་དཀྱིལ་འཁོར་དུ།། ཉིན་ཟླ་འཕྲུགས་པའི་རྒྱན་བཀོད་དེ།། ཚེམས་བཟངས་དུང་ལ་ལྗགས་བཟང་མེ།། ཁྱེད་འདྲ་འཇིག་རྟེན་ཁམས་ན་མེད། ། བདག་ནི་ཁྱོད་རྟན་འབངས་སུ་བགྱིད།། ཁྱོད་ཀྱིས་བདག་ལ་ཐུགས་རྩེར་དགོངས།། བདག་ཀྱང་བློ་བ་ཉེ་བར་བགྱིད།། དེ་སྐད་ཟེར་ནས་ལྷ་མོའི་གཡོག་མོར་བྱས་ཏེ།། སྲིན་མོ་ཕུར་པ་ལྷ་དེས་ལྷ་མོ་དུང་སྐྱོང་མ་ལ་བློ་བ་ཉེ་བར་བྱས་ནས། ། ལྷ་མོ་ཡིད་ལ་ཅི་དགའ་བྱས་སོ།། དེར་ལྷ་མོ་དུང་སྐྱོང་མ་ཡང་ཁོལ་མོ་དེ་ལ་རབ་ཏུ་དགའ་བས་གཅེས་པར་བྱས་སོ།། དེའི་དུས་ལྷ་དང་ལྷ་མ་ཡིན་གཉིས་ཉིན་གཅིག་བཞུན་དུ་གཡུལ་འགྱེད་དུ་སོང་བ་ལས། ། དེའི་ཉིན་པར་ལྷ་མོ་ཨུ་མ་དེ་བིས།། བུ་མོ་དུང་སྐྱོང་མ་ལ་འདི་སྐད་བསྒོའོ།། དེ་རིང་ཁྱོད་ཀྱི་གམ་དུ་སུ་འོངས་པས་ཁྱོད་བསླུ་བ་ཡིན་གྱི།། ཁྱོད་དེ་ལ་མ་ལྟ་ཞིག་ཅེས་བསྟན་ཙམ་ན། ། ཁོལ་མོ་སྲིན་མོ་ཕུར་པ་ལྷ་དེས།། སྐབས་དེར་སྲིན་པོ་ད་ཤ་གྲི་བ་སྒྲན་ཏོ།། དེར་སྲིན་པོ་ད་ཤ་གྲྀ་བ་དེས་སྲིན་གྱི་བོག་བུ་ག་དམར་དག་ཞོན་ཏེ།། ལྷ་མོ་དེའི་ཕོ་བྲང་གི་སྒོར་ཕྱིན་ཏེ།། སྲིན་པོ་ཁོ་བདག་ནི་མིའི་བྱད་ལ་ཤིན་ཏུ་གཟུགས་བཟང་ལ་མཛེས་པ་གཅིག་པ་གཅིག་ཏུ་སྤྲུལ། ། བོང་བུ་ནི་རི་དགས་སྤུ་རིགས་ཅན་གཅིག་ཏུ་སྤྲུལ་ཏེ།། ལྷ་མོ་དུང་སྐྱོང་མའི་སྤྱན་སྔར་ཕྱིན་ནས་རོལ་མོ་དང།། སིལ་སྙན་དང།། གླུ་དབྱངས་སྣ་ཚོགས་བྱས་ནས་བསླུས་སོ། ། ལྷ་མོ་རོལ་མོ་ལ་དགའ་བས་འཛུམ་གཅིག་ཤོར་རོ།། དེ་ནས་སྲིན་པོས་གླགས་རྙེད་ནས་ལྕགས་ཀྱི་ལྷམ་སྒྲོག་སྔོན་པོ་བཀྲོལ་ནས་བཟུང་སྟེ།། གླུ་འདི་སྐད་བླངས་ཏེ་ལྷ་མོ་ལ་ཕུལ་ལོ། ། ཀྱེ་ཡོངས་འདུ་ཤིང་གི་གནས་མཆོག་ན།། རིན་ཆེན་མཛེས་པའི་ཕོ་བྲང་ན།། རིན་པོ་ཆེ་ཡི་གདན་སྟེང་ན།། འགྱིང་བག་ཚུལ་དུ་གར་མཛད་པ།། དབང་ཕྱུག་སྲས་མོ་མ་ལགས་སམ།། ལྷ་མོ་མང་པོའི་ཚོགས་ལ་རོལ། ། དབུ་ཡི་རྒྱན་ཆ་གདུབ་འཁོར་ནི།། རིན་ཆེན་མཛེས་པས་ཀུན་ནས་སྤྲས།། སྤྱན་ནི་ཨུ་དཔལ་འདབ་མ་འདྲ།། ཤངས་ནི་བིལ་བའི་འབྲས་བུ་འདྲ།། ཞལ་ནས་ཨུད་པ་ལ་ངད་ཀྱང་བསྲུང།། སྐུ་ནི་འཁྲིལ་གཞོན་ལྡེམ་ཚུལ་ཅན། ། གསུང་ནི་ཚངས་པའི་དབྱངས་སྙན་སྒྲོགས།། ནུ་འབུར་སྟོད་སྨད་ཕྱེད་པས་འགྱིང།། ཁྱོད་འདྲའི་སྐུ་ནི་གཞན་ན་དཀོན།། ལྷ་མོའི་ལོངས་སྤྱོད་མཛེས་པས་མི་བྲེལ་ཡང།། ཞབས་ཀྱི་ཆས་སུ་ལྕགས་སྒྲོག་འདི་འབུལ་བཞེས། ། ཅི་མཛད་ཅི་སྡུག་ཅི་གསུང་ཅི་ཡང་སྙན།། ཁམས་གསུམ་དག་ན་ཁྱེད་འདྲ་ཤིན་ཏུ་དཀོན།། སེམས་ཅན་ཀུན་གྱི་ལྟ་བས་མི་ངོམས་ཁྱོད།། བདག་གི་དབུལ་བ་འདི་བཞེས་གནང་བར་མཛད། ། ཅེས་ཕུལ་བས།། ལྷ་མོས་ལྕགས་སྒྲོག་བླངས་ཏེ།། རང་གི་རྐང་པ་ལ་དཀྲིས་ཏེ་རྒྱན་བྱས་སོ།། དེ་ནས་སྲིན་མོ་ཕུར་པ་དེས།། ལྷ་མོ་དུང་སྐྱོང་མ་ལ་ཞུས་པ།། ཀྱེ་མ་ཧོ་དུང་སྐྱོང་མ་བདག་ལ་ཞུ་བ་གཅིག་མཆིས་ན་གནང་ངམ་བྱས་པ་ལས། ། གཡོག་མོ་ཁྱོད་བློ་བ་ཉེ་བས་ཅི་ཞུས་པ་གནང་ངོ་ཟེར།། ལྷ་ལ་ནི་ངག་གི་བདེན་པའི་སྟོབས་ཡོད་པས།། ཇི་སྐད་སྨྲས་པ་བཞིན་བྱེད་དོ།། གཡོག་མོ་ཕུར་པ་ལྷ་ན་རེ།། ཀྱེ་ཇོ་མོ་དུང་སྐྱོང་མ། ། ཁྱོད་འདྲ་བ་ནི་འཇིག་རྟེན་འདི་ན་དཀོན་པ་ལ།། འགྲོགས་པའི་ཟླ་མེད་པ།། དེ་རིང་འདིར་འོངས་ལླགས་སྒྲོག་འབུལ་བའི་མི་དེ་དང་འགྲོགས་པར་ཞུ་ན་གནང་བར་མཛོད།། བདག་ཀྱང་དུས་རྟག་ཏུ་ཁྱོད་ཀྱི་བྲན་དུ་བགྱིའོ། ། ཞེས་ཞུས་པ་ལས།། ལྷ་མོ་དེས་སྔར་ཁས་བླངས་པས་མི་བྱེད་པའི་དབང་མེད་པས།། ལྷ་མོ་དུང་སྐྱོང་མ་ན་རེ།། ཁོལ་མོ་ཁྱོད་ཟེར་དེ་མཉམ་གྱིས་བྱ་ཡིས།། མི་དེ་སུ་ཡིན་གང་ན་འདུག་བྱས་པ་ལས། ། ཁོལ་མོ་ན་རེ།། མི་དེ་བདག་གི་ཞང་པོ་སྲིན་པོ་ད་ཤ་འགྲི་བ་ཡིན།། ཡུལ་ལང་ཀ་པུ་རངས་ན་འདུག་ཟེར་བ་དང།། དེར་ལྷ་མོ་དུང་སྐྱོང་མ་དབང་མེད་དུ་སྲིན་པོའི་ཆུང་མར་སོང་ངོ།། དེར་ལྷ་མོ་ཨུ་མ་དེ་བས་བུ་མོ་དུང་སྐྱོང་མ་ལ་དམོད་པ་བོར་བ། ། ངའི་བུ་མོ་ཁྱོད་ཀྱང་ངས་གཅེས་པར་བྱས་ཏེ།། ལྷའི་ལོངས་སྤྱོད་བསམ་གྱིས་མི་ཁྱབ་པ་ལ་སྲིན་པོའི་ཆུང་མར་སོང་བས།། ད་ཕྱིན་ཆད་དུང་སྐྱོང་མ་ཁྱོད་ཀྱང་སྲིན་པོ་དང་འགྲོགས། ། མི་ལྤགས་ནི་གོན།། མི་ཤ་ནི་ཟ།། མི་ཁྲག་ནི་འཐུང།། མི་གོས་ནི་གོན།། སྲོག་གཅོད་ནི་བྱེད།། བོང་བུ་ནི་ཞོན་པར་གྱུར་ཅིག། ལྷའི་ཁ་དོག་དཀར་པོ་ནི་ཉམས།། སྲིན་གྱི་ཁ་དོག་གནག་ལ་འཇིགས་པ་ཐོབ་པར་གྱུར་ཅིག། སྲིན་མོ་ཕུར་པ་ལྷ་ཁྱོད་ཀྱང་ངའི་བུ་མོའི་འདི་སྲིན་པོ་ལ་ཆུང་མར་བྱིན་པས།། ཁྱོད་ཀྱང་འཇིག་རྟེན་འདི་ན་མི་སྡུག་པ་ཅིག་ཁོ་ནར་གྱུར་ལ་སུས་ཀྱང་མི་འདོད་པ་ཚེ་རབས་སུ་ཁྱོད་མི་རྙན་པ་གཅིག་ཏུ་གྱུར་ཅིག། ཅེས་དམོད་པ་པོར་རོ།། དེར་ལྷ་མོ་དུང་སྐྱོང་མ་ཡང་མའི་དམོད་པ་སྡིག་པས་ལྷའི་ཁ་དོག་དང་ལོངས་སྤྱོད་ཉམས་ཏེ་མདོག་ཀྱང་མཐིང་ནག་ཏུ་གྱུར།། མི་ཤིན་ཟ།། མི་ལྤགས་ནི་གོན།། མི་ཁྲག་ནི་འཐུང། ། བོང་བུ་ནི་ཞོན།། གཅེར་བུར་ནི་བྱུང་ནས་ཁ་དོག་དང་ལོངས་སྤྱོད་ཉམས་ཏེ་སྲིན་ཕྲུག་ལྔ་བརྒྱ་སྐྱེས་ཙམ་ན་ཁྱོ་སྲིན་པོ་ད་ཤ་གྲྀ་བ་ཤིའོ།། དེར་ལྷ་མོ་དུང་སྐྱོང་མ་ཡུག་ས་མོའི་ཆ་བྱད་དུ་བྱས་ཏེ་སྐྲ་མདུན་དུ་རལ་པའི་ལན་བུ་གཅིག་ཏུ་བླངས་སོ། ། བྲན་མོ་ཕུར་པ་ལྷ་ཤ་རུས་བསྐམས་ཏེ་སྲིན་གྱི་ཕག་རྫི་བྱེད་ཙམ་ན།། ཕག་རྫི་དུམ་བུར་བྱ་བས་མོ་ལ་དབང་མེད་ཆགས་པ་སྤྱད་དོ།། དེར་ཕུར་པ་ལྷ་ཡང་ནལ་བུ་སྦྲུམ་མོ། ། དེར་དཔོན་གཡོག་གཉིས་ཀྱིས་སྲིན་པོའི་བོང་བུ་ག་པ་བཀུགས་ནས་ཞོན།། ད་ཤ་གྲྀ་བའི་རལ་གྲི་སྡིག་པར་ཅན་བརྐུས་ནས་ལག་པ་གཡས་སུ་ཐོགས།། སྲིན་པོའི་ནོར་བུ་རིན་པོ་ཆེ་བརྐུས་ནས།། ནེའུ་ལེའི་རྐྱལ་པར་སྦས་ནས་ལག་པ་གཡོན་ཏུ་ཐོགས་ནས་བྲོས་སོ། ། ཕྱི་ནས་སྲིན་པོའི་དམག་གིས་བདས་ཀྱི་དོགས་ནས་བོང་བུ་བསྐྱོད་ནས་ཁ་ཕྱིར་བལྟས་ཏེ་ཕྱི་ནས་སྲིན་པོའི་བྱ་ར་བྱེད་ཅིང་ཕྱིན་ནོ།། ཐ་མར་དུར་ཁྲོད་གཅིག་ནས་སྐྱེས་པ་གཡུལ་དུ་བསད་པའི་རོ་གཅིག་དང་ཕྲད། ། དེར་ཁོང་གཉིས་ཤ་བསྲེགས་ཏེ་ཟ་བར་འདོད་པ་ལ་གཙུག་ཤིང་མེད་པས་རྒྱ་མཚོའི་འགྲམ་ན་རྡོ་སོལ་གྱི་རི་ལ་ཆར་བབ་ནས་མེ་འབར་བ་མཐོང་ནས་རྡོ་སོལ་གྱི་མེ་བླངས་ནས་ཤ་ཆེན་བསྲེགས་ནས་ཟོས་སོ། ། ཕྱི་ནས་ཁྱི་དཀར་པོ་གཅིག་འབྲངས་པ་ཡང་ཟོས་ཏེ་པགས་པས་རྒྱལ་མཚན་བྱས་སོ།། དེར་ཁོལ་མོའི་ནལ་བུ་བྱུང། ཁོང་གཉིས་ཀྱིས་ནལ་བུའི་ཤ་ཡང་ཟོས་སོ། ། དེར་ཇོ་མོ་བོང་བུ་ལ་ཞོན།། ཁོལ་མོས་སྣ་ཁྲིད་རྒྱ་མཚོའི་ཁར་ཕྱིན་པ་ལས།། ལམ་ཀ་ན་བྱ་དེ་མོ་བདུན་ཁྲུས་བྱེད་པ་དང་ཕྲད་པ་ལས།། བྱ་དེ་མོ་ནག་མོ་གཅིག་བཟུང་ནས་ཐོགས་ནས་རྒྱ། མཚོའི་ཁར་ཕྱིན་ཏོ། ། དེར་ལྷ་མོ་དེས་སྨོན་ལམ་བཏབ་པ།། ང་ཡང་ཚེ་འཕོས་མ་ཐག་ཏུ་གསང་སྔགས་ཀྱི་དངོས་གྲུབ་ཐོབ།། རྒྱལ་བའི་ཞལ་མཐོང་སྟེ།། འདོད་ཁམས་ཀྱི་དབང་ཕྱུག་མར་ཤོག་ཅིག། བྲན་མོ་ཕུར་པ་ལྷ་ཁྱོད་ངའི་འབངས་མར་ཤོག་ཅིག། བྱ་དེ་མོ་ནག་མོ་འདི་ཡང་ཚེ་རབས་ཐམས་ཅད་དུ་ངའི་ནོར་སྐལ་དུ་ཤོག་ཅིག། བོང་བུ་ཞོན་པར་ཤོག་ལ་རལ་གྲི་ལག་ཆར་ཤོག་ཅིག། དེ་སྐད་བྱས་ནས་རྒྱ་མཚོ་ས་སྐོར་ཙམ་ན་རླུང་འཚུབ་མ་གཅིག་བྱུང་ནས། ། དཔོན་གཡོག་གཉིས་བྱ་དེ་མོ་ནག་པོ་དང་བཅས་པ་རྒྱ་མཚོའི་ནང་དུ་བསྒྱུར་ཏེ་བཏང་ངོ།། དེར་ལྷ་མོ་དེ་སྐྱེ་བ་བླངས་ཏེ་མི་ཤ་ཟོས་པའི་མཐུ་དང་རང་གི་སྨོན་ལམ་གྱི་མཐུས་ལྷ་མོ་དུང་སྐྱོང་མ་དེ་ཡང་བདུན་མོ་ཆེན་མོ་ཁ་དོག་མདོག་མཐིང་ནག་འཇིགས་འཇིགས་འདྲ་བ་མཆེ་བ་ཟང་ཡག་ལ་རལ་པ་འཐིང་ཟུར་ཕུད་དུ་འདུག་པ་གཅིག་ཏུ་གྱུར་ཏོ། ། ཁོལ་མོ་ཡང་ཀླུ་སྲིན་མོ་ཆུ་སྲིན་གྱི་མགོ་ཅན་གཅིག་ཏུ་གྱུར་ཏོ། ། བོང་བུ་ཡང་ག་དམར་ལ་གཡུའི་རྣ་ཆ་ཅན།། རླུང་གི་གཤོག་པ་ཅན།། མགོ་འཇུག་མ་ན་ཡོད་པ་གཅིག་ཏུ་གྱུར་ཏོ།། དེ་ནས་ལྷ་མོ་དེ་ཤིན་ཏུ་མཐུ་རྩལ་ཆེ་བར་གྱུར་ནས།། འཇིག་རྟེན་གྱི་མ་མོ་དཀར་མོའི་ཚོགས་དང། ། སྔོན་མོའི་ཚོགས་དང།། དམར་མོའི་ཚོགས་དང།། སེར་མོའི་ཚོགས་དང།། ནག་མོའི་ཚོགས་དང།། ལྷ་མོ་དང།། བདུད་མོ་དང།། སྲིན་མོ་དང།། བ་ལམ་དང།། ཁྲི་སྨན་ལ་སོགས་པ་མ་མོ་བསམ་གྱིས་མི་ཁྱབ་པ་མང་པོ་ཡང་མ་མོ་དེའི་བྲན་བགྱིའོ། ། ཞེས་ཟེར་ཞིང་འབངས་སུ་འོངས་སོ།། ལྷ་མོ་དེས་ཀྱང་འཇིག་རྟེན་གྱི་མ་མོ་རྣམས་བྲན་དུ་བྱས་ཤིང་སྐྱེ་བ་རྣམ་པ་བཞི་ཡོད་ཚད་དུ་ཐུགས་ཟོས་སོ། ། དེ་ནས་ལྷ་མོ་དེ་ལ་སྔོན་གྱི་ལས་འཕྲོས་འབྲེལ་ཅིང་དགེ་བ་སྤྱད་པའི་ཤུགས་ཀྱིས་བྱང་ཆུབ་ཤིང་དྲུང་ན།། བདེ་བར་གཤེགས་པ་ཤཱཀྱ་ཐུབ་པ་བཞུགས་པའི་སྤྱན་སྔར་ཕྱིན་ནས།། ལྷ་མོ་དེས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ། ། བཅོམ་ལྡན་འདས་ལ་ཕྱག་འཚལ་ནས།། རང་གི་སྙིང་པོ་འདི་ཕུལ་ལོ།། ཏདྱ་ཐཱ།། ཨོཾ་རུ་རུ་བི་ཏིཥྠ་བ་དྷཱ་སཱི།། རུ་རུ་རོ་རུ།། བི་ཏིཥྠ་བ་ཏོ་སཱི་ཙ་པ་འ་ཨ་ཤུག་མེ་ཧཱུ~ཾ་བྷྱོ་ཧཱུ~ཾ།། ཞེས་ཕུལ་ལོ།། དེ་ནས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས་ལྷ་མོ་དེས་རི་ཕུག་ཟབ་མོ་གཅིག་ཏུ་ཕྱིན་པ་ལས། ། བྲམ་ཟར་མཆོག་སྲེད་སྒྲུབ་པ་བྱེད་པ་དང་ཕྲད་དོ།། ལྷ་མོ་ན་རེ་ཁྱོད་འདི་ན་ཅི་བྱེད་བྱས་པ་ལས།། སྔོན་ཡུལ་ཁམས་འདི་ཉིད་ན་དགེ་སློང་ཕ་མ་གཉིས་འདུལ་ཁྲིམས་ཉམས་པ་ལས་རྒྱལ་པོས་ཆད་པས་གཅད་པ་ལས། ། བདུད་ལམ་ཀ་འགེའུ་རི་དང་རོ་ཤ་ཁ་དྷ་གཉིས་སུ་གྱུར་ཏེ།། ཡུལ་འདིའི་མི་ཟད་པར་ཟོས་ཏེ།། ད་ལྟར་ང་ལ་ཟ་རེས་བབ་པས། ། ང་ནི་བདུད་འདུལ་པའི་ཕྱིར་ཡུམ་ཨེ་ཀ་ཛ་ཊི་སྒྲུབ་པོ་ཞེས་ཟེར་རོ།། དུང་སྐྱོང་མ་ན་རེ་འོ་ན་ངེད་དཔོན་གཡོག་ཀྱང་བསྒྲུབ་པ་བྱ་ན་ཡོན་ཏན་དེ་ལྟ་བུ་ཡོད་དམ་བྱས་ནས།། བྲམ་ཟེ་ན་རེ་ཁྱོད་དངོས་གྲུབ་ཅི་འདོད་པ་ཡིན་བྱས་པ་ལས། ། ངེད་ནི་འདོད་ཁམས་ཀྱི་དབང་པོ་ཆེར་གྱུར་ནས།། སངས་རྒྱས་ཀྱི་བསྟན་པ་བསྲུང་པའི་དངོས་གྲུབ་འདོད་དོ།། བྱས་པ་ལས།། འོ་ན་སྒྲུབ་པ་བྱའོ་ཞེས་ནས་ལྷ་མོ་དུང་སྐྱོང་མ་དང་བྲམ་ཟེ་མཆོག་སྲེད་གཉིས་ཀྱིས་ཨེ་ཀ་ཛ་ཊིའི་བསྒྲུབ་པ་བྱས་པས། ། ཨེ་ཀ་ཛ་ཊི་རལ་པ་གཅིག་མའི་ཞལ་མཐོང་ཞིང་གྲུབ་པ་ཐོབ་པོ།། ཡུམ་ཨེ་ཀ་ཛ་ཊིས་ལྷ་མོ་དུང་སྐྱོང་མའི་མིང་ནི་ལྷ་མོ་ནག་མོ་རེ་མ་ཏྲི་ཞེས་བྱ་བར་བཏགས་སོ། ། འདོད་ཁམས་འདུལ་བའི་མཐུ་མོ་ཆེར་དབང་བསྐུར་བསྟན་པ་བསྲུང་བར་གཉེར་གཏད་དེ།། ལྷ་མོ་ནག་མོས་ཀྱང་བསྟན་པ་བསྲུང་བར་ཁས་བླངས་ཏེ།། རང་གི་སྙིང་པོ་འདི་ཨེ་ཀ་ཛ་ཊི་ལ་ཕུལ་ལོ། ། ཨོཾ་རུ་རུ་བི་ཏིཥྠ་བ་ཏོ་སཱི་རུ་རུ་རོ་རུ་བི་ཏི་ཥྛ་བ་ཡོ་སཱི་ཙི་པི་ལ་ཨག་ཤུག་མེ་བྷྱོ་ཛ།། ཞེས་ཕུལ་ལོ།། དེར་བདུད་ལཾ་ཀ་འགེའུ་རི་དང་རོ་ཤ་ཁ་དྷ་ཡང་བསྒྲལ་ལོ།། བདུད་ཀྱི་ལག་ཆ་ཁྲམ་བམ་ནག་པོ་ཕྲོགས་ནས་བོང་བུའི་སྔ་ཤ་ལ་བཏགས་སོ། ། དེར་ལྷ་མོ་རེ་མ་ཏིས་སྲིན་ཡུལ་དུ་དམག་དྲངས་ཏེ་སྲིན་པོ་ཡ་ཤ་ཁོ་རེ་བསྒྲལ་ཏེ།། སྲིན་པོ་ཞོན་པའི་བན་གླང་དམར་པོ་གཡང་གཞིར་བཤུས་ནས་སྨད་ཕྱེད་དཀྲིས།། སྲིན་པའི་གོས་རེ་ལྡེ་ནག་པོ་གྱོན་པ་བཤུས་ནས་མོ་རང་གི་སྨད་དཀྲིས། ། སྲིན་པོའི་ཡ་མཁལ་ལ་སྔ་རུ་བགྱིས།། མ་མཁལ་ཕྱི་རུ་བགྱིས།། རྒྱུ་མ་ལ་མཐུར་བགྱིས།། སྲིན་པོའི་སྐེ་རགས་སྦྲུལ་གྱི་ཞགས་པ་ཐོགས་ནས་གོང་རྨེད་བྱས་སོ། ། བརྒྱ་བྱིན་ཉོན་ཅིག། དཔལ་ལྷ་མོ་ནག་མོ་འདིས་རི་མ་ལ་ཡའི་རྩེ་ན་ཕྱག་ན་རྡོ་རྗེ་ཉིད་བསྒྲུབ་པ་བྱས་པས་གྲུབ་པ་ཐོབ་སྟེ།། ཞལ་མཐོང་ནས་མིང་ཡང་ཨཱ་རྱ་རེ་མ་ཏིར་བཏགས་ཏེ།། སངས་རྒྱས་སྟོང་གིས་དབང་བསྐུར་ནས་ལས་ཀྱི་བྱིན་གྱིས་བརླབས་སོ། ། ལྷ་མོ་ནག་མོས་ཀྱང་ཕྱག་ན་རྡོ་རྗེ་ལ་རང་གི་སྙྀང་པོ་ཕུལ་བ།། ཨོཾ་རུ་རུ་བེ་ཏི་བ་སྟོ་སཱི།། རུ་རུ་རོ་རུ་བི་ཏི་སྟ་བ་ཏོ་སི་ཙ་པ་ལ་ཨ་ཤུགས་མེ་བྷྱོ་ཛ།། ཞེས་ཕུལ་ལོ། ། ཆོས་སྐྱོང་བར་ཞལ་གྱིས་བཞེས་སོ།། དེ་ནས་ལྷ་མོ་འདིས་གསང་བའི་གནས་སུ་དུར་ཁྲོད་རོ་ཐང་ནག་པོ་དབུས་མ་རུ་རྩེའི་སྒོ་འགྲམ་དུ་དཔལ་ཁྲག་འཐུང་ཧེ་རུ་ཀའི་དངོས་གྲུབ་བསྒྲུབས་པའི་ཚེ།། དཔལ་ཆེན་པོ་ཧེ་རུ་ཀའི་ཞལ་མཐོང་སྟེ། ། དཔལ་ཆེན་པོས་ལྷ་མོ་དེའི་སྤྱི་གཙུག་ཏུ།། རྟ་མགྲིན་གསང་བའི་དབང་བསྐུར།། ལུས་ངག་ཡིད་གསུམ་ལ་རྒྱལ་བ་རིགས་ལྔའི་དབང་བསྐུར།། སྐུ་སྟོད་ཀྱི་རྒྱན་དུ་འཕྲ་མེན་མ་བཅུ་དྲུག་གིས་དབང་བསྐུར། ། བྱང་ཆུབ་སེམས་དཀར་དམར་གྱིས་ལྗགས་ལ་དབང་བསྐུར།། གནང་མདོ་ཆེན་པོ་དྲུག་ཏུ་ཚོམས་སུ་གསང་བའི་དབང་བསྐུར།། རྡོ་རྗེ་ཕོ་ཉ་མོ་དྲུག་ཅུ་རྩ་བཞིས་འཁོར་དུ་དབང་བསྐུར།། པདྨ་གར་དབང་ཕྱུག་གིས་སྤྲུལ་པ་ཡང་སྦྲུལ་དུ་དབང་བསྐུར། ། དེའི་ཚེ་ན་འཇིག་རྟེན་འདི་ན་རྣམ་པ་དྲུག་ཏུ་གཡོས་སོ།། དཔལ་ཆེན་པོ་དེས་ལྷ་མོའི་མིང་ཡང་དཔལ་ལྷ་མོ་ནམ་མོ་རེ་མ་ཏི་དུར་ཁྲོད་ཀྱི་བདག་མོ་བྱ་བར་བཏགས་ཏེ། ། སངས་རྒྱས་ཀྱི་བསྟན་པ་བསྲུང་བར་གཏད་དོ།། དཔལ་ཆེན་པོའི་སྤྱན་སྔར་ལྷ་མོ་རེ་མ་ཏིས་རང་གི་སྙིང་པོ་ཕུལ་ལོ།། ཨོཾ་རུ་རུ་བི་ཏི་སྟ་བ་སྟོ་སི།། རུ་རུ་རོ་རུ་བི་ཏི་སྟ་བ་ཏོ་སི་ཙ་པ་ལ་ཨ་ཤུགས་མེ་བྷྱོ་ཛ།། ཞེས་ཕུལ་ནས། ། སངས་རྒྱས་བསྟན་པ་དུས་རྟག་ཏུ་བསྲུང་བར་ཁས་བླངས་སོ།། ལྷ་དང་ལྷ་མ་ཡིན་གཡུལ་འགྱེད་པའི་ཚེ་ན་ཡང།། དྲང་སྲོང་མཧཱ་ཀཱ་ལའི་དཀའ་ཐུབ་བཟློག། ལྟེ་བ་ལྷ་དམག་བྱེ་བ་དུང་ཕྱུར་གྱི་རྫོང་བཅས་ནས་ལྷ་མ་ཡིན་གྱི་གཡུལ་བཟློག་གོ། ། དེ་ནས་ལྷ་མོ་ནག་མོ་དེ་མཐུ་དང་རྫུ་འཕྲུལ་བསམ་གྱིས་མི་ཁྱབ་པར་གྱུར་ཏོ།། འདོད་པ་ཁམས་ཀྱི་དབང་ཕྱུག་མར་གྱུར་པའི་ཚེ།། ལྷ་ཚངས་པས་རྨ་བྱའི་རྒྱལ་མཚན་ཕུལ་ལོ། ། ཁྱབ་འཇུག་གིས་ཉི་མ་དང་ཟླ་བ་རྒྱན་དུ་ཕུལ་ལོ།། རྣམ་ཐོས་སྲས་ཀྱིས་སེང་གེའི་རྣ་ཆ་ཕུལ་ལོ།། ནམ་མཁའི་ལྷ་བྲན་གྱིས་དྲིལ་བུའི་རྒྱན་ཕུལ་ལོ།། སྲིན་མོ་དང་ཤ་ཟ་མོ་རྣམས་ཀྱིས་ཐོད་འཕྲེང་དང། ། ཁྲག་དང།། ཞག་གིས་རྒྱན་བྲིས་སོ།། ཀླུ་དགའ་པོས་སྦྲུལ་གྱི་གདེངས་ཀ་ཕུལ་ལོ།། ལྷ་མོ་དེ་སྲིད་པ་གསུམ་ན་འགྲན་གྱི་ཟླ་མེད་པའི་མཐུ་རྩལ་ཅན་དུ་གྱུར་ཏོ།། དེ་ནས་བརྒྱ་བྱིན་གྱིས་གསོལ་པ།། ཀྱེ་བཅོམ་ལྡན་འདས་གསང་བའི་བདག་པོ། ། འདོད་ཁམས་ཀྱི་དབང་ཕྱུག་མ་འདི།། དང་པོར་ལྷའི་བུ་མོར་གྱུར་པ་དང།། བར་དུ་སྲིན་པོའི་ཆུང་མར་གྱུར་པ་དང།། ད་ལྟ་འདོད་པའི་ཁམས་ཀྱི་དབང་ཕྱུག་མར་གྱུར་པ་འདི། ། སྔོན་རྒྱུ་རྐྱེན་ཅི་ལས་གྱུར་པ་ལགས་ཞེས་ཞུས་པ་དང།། དཔལ་ཕྱག་ན་རྡོ་རྗེས་བཀའ་སྩལ་པ།། བརྒྱ་བྱིན་ཉོན་ཅིག། ད་ལྟར་གྱི་ལྷ་མོ་ནག་མོ་འདི་སྔོན་གསོར་ཐུབ་ཀྱི་བསྟན་པ་ལ།། ལྷ་མོ་མོ་ལོང་གདོང་དུ་གྱུར་ནས་དགེ་བཅུ་ཤ་སྟག་ཏུ་སྤྱད་དེ། ། དེ་ནས་སངས་རྒྱས་འོད་སྲུངས་ཀྱི་བསྟན་པ་ལ་ཤ་ཟ་མོ་རལ་པ་གཅིག། མར་གྱུར་ཏེ་ཞེ་སྡང་རང་མར་སྤྱད་དོ།། དེ་ནས་མར་མེ་མཛད་ཀྱི་བསྟན་པ་ནི་ལ་ལྷ་མོ་ཤ་བ་རིར་གྱུར་ཏེ། ། དུས་དེ་ཙམ་ན་ཤཱཀྱ་ཐུབ་པ་འདི་ནི་དགེ་སློང་དབང་ཕྱུག་དཔའ་བོ་བྱ་བར་བཞུགས་སོ།། ཤ་བ་རིས་མཆོད་པ་བྱས་ཤིང་སྡིག་པ་བཤགས་སོ།། སྨོན་ལམ་གཅིག་བཏབ།། བརྒྱ་བྱིན་ཉོན་ཅིག། ད་ལྟར་གྱི་ལྷ་མོ་ནག་མོ་འདི་ལ་སངས་རྒྱས་གསུམ་པོའི་རིང་ལ་རྣམ་པར་སྨིན་པ་ཤཱཀྱ་ཐུབ་པའི་བསྟན་པ་ལ་རྣམ་པར་དུས་གཅིག་ཏུ་སྨིན་ནོ། ། ལྷ་མོ་འདི་དང་པོར་མ་ཧཱ་དེ་བའི་བུ་མོར་སྐྱེ་བ་ནི་དགེ་བཅུ་སྤྱད་པའི་མཐུའོ།། བར་དུ་སྲིན་པོའི་ཆུང་མར་གྱུར་ཅིང་རང་ལྕེབ་པ་ནི་ཞེ་སྡང་སྤྱད་པའོ། ། ཐ་མ་ད་ལྟར་གྱི་འདོད་ཁམས་ཀྱི་དབང་ཕྱུག་མར་གྱུར་ནས།། སངས་རྒྱས་ཐམས་ཅད་ཀྱིས་དབང་བསྐུར་ནས་ཤཱཀྱ་ཐུབ་པའི་བསྟན་པ་བསྲུང་བ་ནི། ། སྔོན་ཤཱཀྱ་ཐུབ་པ་ལ་སྡིག་པ་བཤགས་ཀྱིན་སྨོན་ལམ་བཏབ་པའོ།། དུས་ཕྱི་མ་ལ་ནི་བྱང་ཤར་གྱི་འཇིག་རྟེན་གྱི་ཁམས་མེ་ཏོག་གྱི་ཁམས་མེ་ཏོག་རྣམ་པར་རོལ་པ་ཞེས་བྱ་བར་སངས་རྒྱས་པདྨོ་དམ་པའི་དཔལ་ཞེས་ལུང་བསྟན་ཏོ། ། དཔལ་ལྷ་མོ་ནག་མོའི་རྒྱུད་ལས།། གླེང་གཞིའི་ལེའུ་སྟེ་དང་པོའི།། དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས།། གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་ལ་འདི་སྐད་ཅེས་གསོལ་ཏོ།། ཀྱེ་བཅོམ་ལྡན་འདས་མགོན་པོ་གསང་བའི་བདག་པོ། ། མ་འོངས་ཕྱི་མའི་སེམས་ཅན་རྣམས།། མཁའ་འགྲོ་རྣལ་འབྱོར་རབ་བསྒྲུབ་ཕྱིར།། ལྟ་བ་དམ་པ་བདག་ཉན་འཚལ།། ཞེས་ཞུས་པའི་ཚེ།། རྡོ་རྗེ་ཅན་གྱིས་བཀའ་སྩལ་བ།། ལྷ་མོ་ནག་མོ་འདི་དང་བདག་གི་སེམས། ། གཉིས་མེད་ཆོས་ཀྱི་དབྱིངས་སུ་དབྱེར་མེད་པའི།། གདོད་ནས་མ་སྐྱེས་གཟུང་འཛིན་ཡུལ་དང་བྲལ།། ཆོས་སྐུ་ནམ་མཁའི་ཆོས་ཉིད་ལས།། སྤྲུལ་པའི་ཆོ་འཕྲུལ་ལྷ་མོའི་སྐུར་སྟོན་པ། ། མཁའ་ལ་འཇའ་འདྲ་རང་བཞིན་མེད་པ་སྟེ།། མདོར་ནས་སངས་རྒྱས་སྦྲུལ་པ་ཡིན་པར་ལྟ།། སྲིན་མོ་བདུད་མོ་དག་ཏུ་བལྟ་མི་བྱ།། དཔལ་ལྷ་མོ་ཤན་པའི་རྒྱུད་ལས།། ལྟ་བ་བསྟན་པའི་ལེའུ་སྟེ་གཉིས་པའོ། །།། དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་འདི་སྐད་ཅེས་གསོལ་ཏེ།། ཀྱེ་གསང་བའི་བདག་པོ་ཡི་ནས་ཐུགས་རྗེ་ཅན།། རྡོ་རྗེ་མཁའ་འགྲོ་དངོས་གྲུབ་བསྒྲུབ་པའི་ཕྱིར།། གསང་བའི་དཀྱིལ་འཁོར་ཆེན་པོ་བདག་ཉན་འཚལ། ། ཞེས་གསོལ་པ་དང།། ཕྱག་ན་རྡོ་རྗེས་བཀའ་སྩལ་པ།། བརྒྱ་བྱིན་ལ་སྩོགས་འཁོར་རྣམས་རབ་ཏུ་ཉོན།། རང་བཞིན་དཀྱིལ་འཁོར་བྱང་ཤར་རི་རབ་རྩེ།། ཏིང་འཛིན་དཀྱིལ་འཁོར་རྣལ་འབྱོར་སེམས་ཀྱི་ཡུལ། ། གཟུགས་བརྙན་དཀྱིལ་འཁོར་གནས་གཞི་ས་ལ་བྱ།། མཐིང་ནག་གྲུ་བཞི་དབུས་ནི་གྲུ་གསུམ་མོ།། དབུས་སུ་ལྷ་མོ་ཉིད་ཀྱི་ཕྱག་རྒྱ་བྲིས།། དེ་ཡི་མདུན་དུ་ཁོལ་མོ་ཆུ་སྲིན་མགོ།། དེ་ལ་འཁོར་རྣམས་བསྐོར་ཏེ་བྲི་བ་ནི། ། དཀར་མོ་དམར་མོ་སྔོན་མོ་སེར་མོ་ནག་མོ་དང། གནོད་སྤྱིན་མོ་བདུད་མོའི་ཚོགས་རྣམས་བྲི།། འཇིག་རྟེན་འདི་ན་གནས་པའི་མ་མོ་རྣམས།། ལྷ་མོ་འདི་ཡི་འཁོར་དུ་ཐམས་ཅད་གཏོགས། ། གང་གིས་འཁོར་གྱིས་བསྐོར་ཀྱང་འགལ་བ་མེད།། བསྒྲུབ་པ་པོ་ཉིད་སེམས་དང་གང་འཐད་བྱ།། དཔལ་ཤན་པ་ནག་མོའི་རྒྱུད་ལས།། བསྒྲུབ་པའི་དཀྱིལ་འཁོར་གྱི་ལེའུ་སྟེ་གསུམ་པའོ།།།། དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས། ། དཔལ་ཕྱག་ན་རྡོ་རྗེ་ལ་འདི་སྐད་ཅེས་གསོལ་ཏོ།། ཀྱེ་བཅོམ་ལྡན་མགོན་པོ་འགྲོ་ཀུན་འདུལ་པའི་གཙོ།། རྡོ་རྗེ་ནག་མོ་གཏུམ་བྱེད་དམ་པ་ཡི།། དངོས་གྲུབ་བསྒྲུབ་པའི་རྫས་རྣམས་གང་ལགས་པ། ། གསང་བའི་བདག་པོས་བདག་ལ་བཤད་དུ་གསོལ།། ཞེས་ཞུས་པ་དང།། ཕྱག་ན་རྡོ་རྗེས་བཀའ་སྩལ་པ།། རྡོ་རྗེ་མཁའ་འགྲོའི་དངོས་གྲུབ་ནི།། རྫས་རྣམས་མེད་ན་དངོས་གྲུབ་མི་ཐོབ་སྟེ།། དཔེ་ན་སྨོན་པ་དང་ནི་ས་བོན་འདྲ། ། ཀུན་ཀ་ཚངས་པའི་མཐུ་ལས་བྱིན་རླབས་འབྱུང།། ལྷ་མོ་ནག་མོ་ལ་རྫས་བཞི་སྟེ།། འབོད་པའི་རྫས་དང་མ་མོ་བརྟེན་པའི་རྫེས།། མཆོད་པའི་རྫས་དང་དམ་ཚིག་བསྲེ་པའི་རྫས།། བཞི་པོ་འདི་དག་ཚངས་ན་དངོས་གྲུབ་འབྱུང། ། བོད་པའི་རྫས་ནི་རྣམ་པ་ལྔ་རུ་བསྟན།། གཡབ་དར་དང་ནི་ཧ་སྟ་རྩེ་ལྔས་གཡབ།། ཚིལ་ཆེན་ཅོང་ཞི་སྤོས་ནི་རྣམ་ལྔ་བསྲེག། བརྟེན་པའི་རྫས་ནི་རྣམ་པ་དྲུག་ཏུ་བསྟན། ། གཟུངས་མ་མཚན་དང་ལྡན་པ་དང།། གཙོ་མོ་ལ་ནི་ཐོད་པ་ཕོ་མོ་གཉིས།། མཁར་དུ་དམིགས་ལ་ཐོད་དུ་ཁྲ་སྤྲད་པའོ།། གཡོག་མོ་ལ་ནི་ཚལ་བུ་རེ་རེའོ།། མི་བསད་མཚོན་གྱི་རལ་གྲི་སོར་བརྒྱད་པའོ།། ཡུ་བར་མ་བྲིས་དཀྱིལ་འཁོར་དབུས་སུའོ།། བྱ་ནག་སེང་གེ་གཡང་གཞི་གོས་ནག་པོ།། མཆོད་པའི་རྫས་ནི་རྣམ་པ་བཅུ་གཉིས་ཏེ།། ལམ་ཀ་འགེ་རི་ཤ་དང་རི་མོ་དང།། སྲིན་མོ་ཕུར་པ་ལྷ་ཡི་བུ་ཤ་དང། ། གྲི་བོའི་ཤ་དང་དབང་པོ་རྣམ་པ་ལྔ།། གཡུལ་དུ་དབུགས་མ་ཆད་པའི་ཤ་ཁྲག་དང།། སེང་གེ་དཀར་མོའི་སྙིང་དང་རུ་དྲ་ནག་པོའི་སྙིང།། ཤ་ཁྲག་སྣ་ཚོགས་བདུད་རྩི་ལྔ་དང་སྦྱར།། ཕྱེ་མ་ལྔ་དང་སྦྱར་བ་འདི། ། གུར་ཀུམ་ཆུས་སྦྲུས་པདྨ་རག་ཏས་བསྐུ།། རྒྱུན་གཏོར་ཚོམ་བུ་དགུ་པ་རག་ཏས་བཀང།། ཨ་མྲི་ཏ་དང་འཛའ་གད་ཤེལ་ནག་པོ།། བསྲེ་བའི་རྫས་ནི་མེ་ལོང་གཉིས་དབུས་སུ།། གཅིག་པུ་ཙན་ཏྲ་ལ་ཡི་བྱང་ཆུབ་སེམས། ། གཅིག་ཏུ་བྷེ་ཏ་ཀུ་མ་རི་ཁྲག། དཀར་དམར་གཉིས་ལ་དམར་ཐིག་བདུན་བདུན་བྲི།། དེ་ལྟར་སྦྱིར་ན་རྫས་ནི་ཉི་ཤུ་ལྔ།། འདི་རྣམས་ཚང་ཞིང་མ་ཉམས་འཚོགས་གྱུར་ན།། དཔལ་ལྡན་ལྷ་མོ་ལ་སོགས་མཁའ་འགྲོ་མ། ། བྱིས་པས་མེ་ཏོག་ཨུད་པལ་མཐོང་བ་ལྟར།། དགའ་བ་སྐྱེས་ནས་མི་ལ་དངོས་གྲུབ་སྟཻར།། དེ་བས་ནན་ཏན་བསྐྱེད་ལ་རྩོལ་བ་བྱ།། ཤ་ཁྲག་འདི་རྣམས་གདོད་ནས་འཚོལ་བའི་ཕྱིར།། རང་གི་སེམས་ཅན་སྲོག་ནི་གཅད་མི་བྱ། ། རང་བཞིན་དག་གིས་ཤི་བའི་ལའོ།།།། དཔལ་ལྷ་མོ་ནག་མོའི་རྒྱུད་ལས།། རྫས་བསྟན་པའི་ལེའུ་སྟེ་བཞི་པའོ།། དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས།། དཔལ་ཕྱག་ན་རྡོ་རྗེ་ལ་འདི་སྐད་ཅེས་གསོལ་ཏོ། ། ཀྱེ་རིག་སྔགས་ཚོགས་ལ་མངའ་བརྙེས་པའི།། གསང་སྔགས་བདག་པོ་གནོད་སྤྱིན་འདུལ་བའི་གཙོ།། བསྒྲུབ་པའི་རྟེན་གྱི་ལྷ་མོ་ནག་མོའི་སྐུ།། བདག་ལ་ཐུགས་རྗེ་ཅན་གྱིས་བཤད་དུ་གསོལ། ། ཞེས་ཞུས་པ་དང།། གསང་པའི་བདག་པོས་བཀའ་སྩལ་པ།། དམིགས་པའི་རྟེན་གྱི་གཟུགས་བརྙན་ནི།། མ་མོ་ཕྱུགས་པའི་དུར་ཁྲོད་འགྲོ།། འདྲི་མཁན་དམ་ཚིག་ཡོད་པ་ལ།། མོ་མའི་དབང་བསྐུར་སྐུ་གཟུགས་བྲི། ། དུར་ཁྲོད་རོ་རས་ས་ལ་ནི།། དབུས་སུ་ལྷ་མོ་ནག་མོ་ནི།། དེ་ཡི་འོག་ཏུ་ཆུ་སྲིན་མགོ།། མ་མོ་འཁོར་ཡང་དག་འདོད་བྲི།། གཡས་སུ་བྲམ་ཟེ་མཆོག་སྲེད་བྲི།། མགྲིན་པ་སྨ་ར་དཀར་ལ་རིང།། ཁྲི་སྙའི་སྟན་ལ་ལོང་འཁྲེང་འཛྀན། རྨ་བྱ་ནེའུ་ལོ་ཐོགས་པའོ།། དེ་ཡི་གསོན་དུ་བདག་ཉིད་ནི། ཁྲི་སྙའི་སྟན་ལ་ལོང་འཁྲེང་འཛིན།། རྨ་བྱ་ནེའུ་ལེ་ཐོགས་པའོ།། ལྷ་མོ། མོ་སྤྱན་དབྱེ་མཆོད་པ་དབུལ།། དངོས་གྲུབ་གང་འདོད་པ་གདབ། ། དཀྱིལ་འཁོར་དབུས་སུ་བཞུགས་སུ་གསོལ།། ལྷ་མོའི་སྐུ་ཡི་ཐུགས་ཀར་ནི།། སྲིན་ལག་ཁྲག་གིས་ཟླ་གམ་བྲི།། དེ་དབུས་ལྷ་མོའི་སྲོག་སྙིང་བྲི།། དེ་དབུས་རྒྱུས་ཆེན་གསུམ་སྒྲིལ་གདགས།། རྩེ་མོ་ནས་བཟུང་བཟླས་པ་བྱ། ། ཡང་ན་ལུགས་མ་དག་ལ་བྱ།། དེ་ལྟར་བྱས་ན་དངོས་གྲུབ་རྒྱུ།། དཔལ་ལྷ་མོ་ཤན་པའི་རྒྱུད་ལས།། སྐུའི་གཟུགས་བརྙན་བསྟན་པའི་ལེའུ་སྟེ་ལྔ་པའོ།།།། དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས། ། གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་ལ་འདི་སྐད་གསོལ་ཏོ།། ཀྱེ་གསང་པའི་བདག་པོ་རྡོ་རྗེ་འཛིན།། ཡེ་ཤེས་སྐུ་འཆང་བསྟན་པའོ།། དཔལ་ལྡན་ནག་མོ་རེ་མ་ཏིའི།། ཏིང་འཛིན་སྒོམ་ཐབས་བདག་ལ་ཤོད། ཅེས་གསོལ་པ་དང།། དཔལ་ཕྱག་ན་རྡོ་རྗེས་བཀའ་སྩལ་པ།། ལྷའི་དབང་པོ་བརྒྱ་བྱིན་ཉོན་ཅིག། བདག་ཉིད་དེ་བཞིན་གཤེགས་པའི་སྐུའི་ཕྱག་རྒྱའོ།། ལྷ་མོ་ནི་སྐྱེ་བ་མེད་པའི་ངང་ལས་སྐྱེ་བའི་ཆོ་འཕྲུལ་དུ་བསྟན་པའོ། ། མཧཱ་ཀཱ་ལའི་པ་ཡ་དཔའ་ར་ན་ཡང།། དེ་ནི་རླུང་གི་དཀྱིལ་འཁོར་བསྐྱེད་པའོ།། ཨོཾ་མཧཱ་ཀཱི་ལིང་ཨག་ནི་ཛཱ་ལ་རཾ།། དེ་ནི་མེའི་དཀྱིལ་འཁོར་བསྐྱེད་པའོ།། དེའི་དབུས།། བྲུཾ་བྷ་ཤུདྡྷ།། ཀ་པཱ་ལ་ཧཱུ~ཾ། ། དེ་ནི་ཐོད་པའི་གཞལ་ཡས་ཁང་ངོ།། ག་ཏ་པ་ཧཱུ~ཾ།། དེ་ནི་བོང་བུ་ག་དམར་ལ་མིག་མཇུག་མ་ན་ཡོད་པ་རླུང་གི་གཤོག་པ་ཅན་བསྐྱེད་པའོ།། སྟི་ར་བོང་བུའི་ཐིག་ཏུ་ཞོན་ཞིང་བསྣོལ་པའོ།། མ་སཱུ་རྱ་མཎྜལ་ཨ།། ཉི་ཟླའི་གདན་ནི། ། བྷྱོ།། ནག་མོ་སྤྲོ་ཞིང་བསྡུའོ།། ལྷ་མོ་རེ་མ་ཏིའི་ཏིང་ངེ་འཛིན་ནི།། ཨོཾ་དེ་བི་མ་ཧཱ་ཀཱ་ལི་རེ་མ་ཏི་ཧཱུ~ཾ།། ཞེས་པ་ལས་ལྷ་མོ་ནག་མོ་ནི།། ཁ་དོག་མཐྀང་ནག་ལ་རལ་པ་རྟིང་པ་ལ་ཟུར་ཕུད་དུ་འདུག་པ། ། མིག་རྩ་དམར་བ།། ཁ་གདངས་པ།། མཆེ་བ་གཙིགས་པ།། ལུས་སྦྲུལ་ནག་དང་ཐོད་པས་བརྒྱན་པ།། ལག་པ་གཡས་ན་ནེའུ་ལེ་དང་རལ་གྲི་ཐོགས་པ།། ཐལ་བ་དང།། ཁྲག་དང།། ཞག་གི་ཚམ་བུ་མཚན་པ། ། རྣ་བ་དྲིལ་བུ་དང་སེང་གེས་མཚན་པ།། ཉི་མ་དང་ཟླ་བ་ལུས་ལ་འཆར་བ།། སྐུ་སྨད་གླང་པོ་ཆེའི་ཀོ་རློན་ཀྲིས་པ། རྐང་པ་ལྕགས་སྒྲོག་གིས་རྒྱན་པའོ།། ཁོན་མོ་ཆུ་སྲིན་གྱི་མགོ་ཅན་ནོ།། འཁོར་ནི་མ་མོ་བསམ་གྱིས་མི་ཁྱབ་པའོ། ། དཔལ་ཤན་པ་ནག་མོའི་རྒྱུད་ལས།། ཏིང་ངེ་འཛིན་བསྟན་པའི་ལེའུ་སྟེ་དྲུག་པའོ།། དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས།། དཔལ་ཕྱག་རྡོ་རྗེ་ལ་འདི་སྐད་ཅེས་གསོལ་ཏོ།། མཉམ་ཉིད་རྡོ་རྗེ་གསང་བའི་སྐུ། ། མཚན་མ་འཇོམས་པའི་དཔལ་ལྡན་དྲག་ཤུལ་ཅན།། ལྷ་མོ་ནག་མོ་སྲོག་གི་སྙིང་པོ་དང།། སྒྲུབ་པ་སྔགས་ཀྱང་བརྡ་བཤད་འཚལ།། ཞེས་ཞུས་པ་ལས།། ཕྱག་ན་རྡོ་རྗེས་བཀའ་སྩལ་པ།། སྔགས་ཞེས་བྱ་བ་ལྷ་མོ་ནག་མོའི་སྲོག་རྩ་ཡིན། ། གྲངས་ཀྱང་མང་ལ་ཟུར་ཡང་མ་ཆག་སྟེ།། གུག་རྐྱེད་བརྩེགས་པར་གང་ཡང་མ་ཉམས་ན།། ལྷ་མོ་ནག་མོ་མངོན་དུ་འགུགས་པ་ཡིན།། ལྷ་མོ་རེ་མ་ཏིའི་སྲོག་སྙིང་ལ།། ཨོཾ་རུ་རུ་པོ་ཏི་སྟ་བ་སྟི་སོ། ། རུ་རུ་རོ་རུ་བི་ཏི་སྟ་བ་ཏོ་སི།། ཙ་པ་ལ་ཨ་ཤུགས་མེ་བྷྱོ་ཛ།། འདི་སྲོག་ནས་འདྲེན་པའི་སྔགས།། ས་ཡ་བཟླས་ན་མངོན་དུ་མཐོང།། བྱེ་བ་བཟླས་ན་ཕྱག་རྒྱ་སྟོན་པར་བྱེད།། འབུམ་ཕྲག་གཅིག་གིས་དངོས་གྲུབ་མཚན་མ་སྟེར། ། ས་མ་ཡ་དུ་ལིང་རག་ཤ་སི།། ཧེ་རཀྴ།། དུ་མ་རཀྴ། མ་རཀྴ་སི་བྷྱོ།། ལདེ་ནི་ཁོལ་མོ་ཆུ་སྲིན་གྱི་མགོ་ཅན་སྙིང་པོའི།། ཧཱུ~ཾ་ཧཱུ~ཾ་ཧཱུ~ཾཧཱུ~ཾ།། མ་མ་མ་མ།། རུ་ལུ་རུ་ལུ་རུ་ལུ་རུ་ལུ།། བྷྱོ་བྷྱོ་བྷྱོ་བྷྱོ།། བྷྱོ་བྷྱོ་བྷྱོ་བྷྱོ། ། དེ་ནི་འཁོར་མ་མོ་སྤྱིའི་སྙིང་པོའོ།། ཨོཾ་མ་ཧཱ་ཀཱ་ལི་མཎྜལ་མ་དྷེ་ཨ་གད་དྷ་ཡ།། པྲ་བེ་ཤ་ཡ།། པྲ་བེ་ཤ་ཡ།། ཏི་སྟ་ཏི་སྟ།། ཨ་ལོ་ཀ་ཡ་ཨ་ལོ་ཀ་ཡ་ཧཱུ~ཾ་ཛ་ཡ། དེ་ནས་སྤྱན་དྲང་བའི་སྔགས་སོ།། ཨོཾ་མ་ཧཱ་ཀཱ་ལི། མ་མ་ས་མ་ཡ། ཏི་ཥྛ་ཏི་ཥྛ་སྟཾ། མ་ཧཱ་ཀཱ་ལི་ཨ་བར་ཤ་ཡ་ས་མ་ཡ་འབེབས། དེ་ནས་གནད་གདིངས་པའི་སྔགས་སོ།། མ་མ་དེ་བི་མ་ཧཱ་ཀཱ་ལི་རེ་མ་ཏི་བ་ལིང་ཁ་ཁ་ཁཱ་ཧི་ཨ་མྲྀ་ཏ་པཱུ་ཙ་ཧོ།། དེ་ནི་གཏོར་མ་དབུལ་པའོ། ། མ་མ་ས་མ་ཡ་མ་ཧཱ་ཀ་པཱ་ལ་ས་མ་ཡ།། མཧཱ་ཀཱ་ལི་ཀཱ་ཡ་ས་མ་ཡ།། མཧཱ་ཀཱ་ལི་བཱ་ཀྐ་ས་མ་ཡ།། མཧཱ་ཀཱ་ལི་ཙིཏྟ་ས་མ་ཡ།། མཧཱ་མུ་ཏྲ་ས་མ་ཡ་ཧཱུ~ཾ།། དེ་ནི་དམ་ཚིག་བསྟན་པའི་སྔགས་སོ།། ཨོཾ་དེ་བི་མཧཱ་ཀཱ་ལི་རེ་མ་ཏི་ཀཱ་ཡ་བཱ་ཀྐ་ཙིཏྟ་སིདྡྷི་ས་མ་ཡ། ། ཕ་ལ་ཨ་བི་ཤ་ཡ།། དེ་ནི་དངོས་གྲུབ་བླང་པའི་སྔགས་སོ།། ཨོཾ་མཧཱ་ཀ་ལི་ཡེ་ཧཱུ~ཾ་ཕཊ།། རུ་རུ་ཙ་པ་ལ་ཨ་ཤུག་མེ་ཧཱུ~ཾ་མ་མ་ཀ་ནི་ཨ་བྷི་ཥིཉྩ་ཀ་པ་ལ་ཏྲི་མེ་མཧཱ་ཛྙཱ་ན་ཀཱ་ཡ། ། བཱཀྐ་ཙིཏྟ་སདྡྷི་ཧཱུ~ཾ།། དེས་ནི་དབང་བསྐུར་པའོ།། དཔལ་ཤན་པ་ནག་མོའི་རྒྱུད་ལས།། སྔགས་བསྟན་པའི་ལེའུ་སྟེ་བདུན་པའོ།། དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས།། དཔལ་ཕྱག་ན་རྡོ་རྗེ་ལ་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་མགོན་པོ་རྒྱལ་ཚབ་ལས་ཀྱི་ལྷ།། ཐུགས་རྗེ་ཡེ་ཤེས་ཚོགས་ལ་མངའ་བརྙེས་ཁྱོད།། རྡོ་རྗེ་མཁའ་འགྲོ་བ་རྣལ་འབྱོར་མའི།། གསང་བའི་ཕྱག་རྒྱ་བདག་ལ་བསྟན་པར་འཚལ།། ཞེས་གསོལ་པ་དང། ། ཕྱག་ན་རྡོ་རྗེས་བཀའ་སྩལ་བ།། རྣལ་འབྱོར་ཆེན་མོ་གསང་པའི་ཕྱག་རྒྱ་ནི།། སྤང་བར་མོ་བྱ་རྟག་ཏུ་བཅང་བར་བྱ།། རླུང་གིས་མེ་སྤར་བོང་ཞོན་དབང་ཕྱུག་མ།། ལྕགས་ཀྱུས་བོས་ནས་གཤོག་པས་ཟིལ་གྱིས་མནན། ། བོང་བུའི་གདན་བཏིང་ཐོད་པའི་དབང་བསྐུར་ཏེ།། ཐོད་རློན་དམ་ཚིག་བསྟན་ཅིང་གཉིས་མེད་བསྒོམ།། དང་པོ་རླུང་ནག་འཚུབ་མའི་ཕྱག་རྒྱ་ནི།། ལག་པ་ཐལ་སྦྱར་གུང་སྤྲད་བསྒྲེང་པ་དང།། མཐེའུ་ཆུང་སྲིན་ལག་ཚིགས་བསྣོལ་གུང་བསྒྲད་བརྐྱང། ། མཐེ་བོང་གུང་སྤྲད་འཛུབ་མོ་གཉིས་བསྲེང་རྫོད།། རྩེ་མོ་དགུ་པ་རླུང་གི་ཕྱག་རྒྱའོ།། མེ་རི་སྨུག་ནག་འབར་བའི་ཕྱག་རྒྱ་ནི།། མཛུབ་མོ་གཉིས་ནི་སོ་སོར་དགུག་བྱས་ན། ། མཐེ་བོང་བཀུག་ནས་སྲིན་ལག་དེ་གཏད།། གུང་མོ་མཐེའུ་ཆུང་བསྒྲེང་སྟེ་ཕྱར་བ་བྱའོ།། མ་མོ་འགུགས་པ་ལྕགས་ཀྱུའི་ཕྱག་རྒྱ་ནི།། ལག་པ་གཡས་གཡོན་ཁུ་ཚུར་བཅངས་པ་དང།། མཐེབ་མཛུབ་བཞི་པོ་ལྕགས་སྒྲོག་ལྟ་བུ་སྦྲེལ། ། ལག་གཉིས་ཐོད་རློན་དམ་ཚིག་ཕྱག་རྒྱ་ནི།། མཐེ་བོང་མཛུབ་མོ་བཀུག་ནས་བཟླུམ་བྱས་ཏེ།། བཀུག་ནས་སྲིན་ལག་གཉིས་བཅུག་མིག་འབྲས་འདྲ།། གུང་མོ་མཐེའུ་ཆུང་གཉིས་ནི་ཐོད་རློན་ཁ། ། གཏོར་མ་བྱིན་ཞིང་གཉིས་སུ་མེད་པར་ལྟ།། དཔལ་ལྡན་ལྷ་མོ་ནག་མོའི་རྒྱུད་ལས།། ཕྱག་རྒྱའི་ལེའུ་སྟེ་བརྒྱད་པའོ།།།། དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་གསོལ་པ།། སྟོབས་པོ་ཆེ་ལ་གནོད་སྤྱིན་དྲེགས་པ་ཅན། ། རིག་སྔགས་ཚོགས་ཀྱི་མངའ་བདག་གིས།། རྡོ་རྗེ་ནག་པོ་མཉེས་པར་བྱ་བའི་ཕྱིར།། མཆོད་པའི་རིམ་པ་བདག་ལ་བསྟན་དུ་གསོལ།། ཞེས་ཞུས་པ་དང།། གསང་བའི་བདག་པོས་བཀའ་སྩལ་པ། ། ལྷ་མོ་ནག་མོའི་དངོས་གྲུབ་ཐོད་འདོད་པས།། མཉེས་པར་བྱ་ཕྱིར་མཆོད་པ་རྟག་ཏུ་དབུལ།། དང་པོ་མཆོད་པ་རྫས་ཀྱི་གཏོར་མ་དབུལ།། གཉིས་པ་ལ་ནི་རཀྟའི་གཏོར་མ་སྟེ།། གསུམ་པ་ལ་ནི་བདུད་རྩི་ཨ་མྲྀ་ཏ་ཡིས་མཆོད། ། བཞི་པ་ལ་ནི་གསང་བའི་མཆོད་པའོ།། མཆོད་པའི་རྫས་རྣམས་བྱིན་གྱིས་བརླབས་པ་ནི།། རླུང་གིས་མེ་སྤར་མེ་ཡིས་ཐོད་པ་བསྐོལ།། ཧཱུ~ཾ་གིས་རྡོ་རྗེ་རབ་ཏུ་དཀྲུས་ནས་ཀྱང།། ཨ་དཀར་འབར་བས་བདུད་རྩི་བྱིན་གྱིས་བརླབ། ། དམ་ཚིག་ཕྱག་རྒྱས་གཏུག་ཅིང་གཏོར་མ་དབུལ།། དཔལ་ལྡན་ལྷ་མོ་ཤན་པ་ནག་མོའི་རྒྱུད་ལས།། མཆོད་པའི་རིམ་པ་བསྟན་པའི་ལེའུ་སྟེ་དགུ་པའོ།།།། དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས། ། གཙོ་བོ་ཕྱག་ན་རྡོ་རྗེ་ལ་འདི་སྐད་ཅེས་གསོལ་ཏོ།། ཡེ་ཤེས་ཚོགས་འདུས་ཐུགས་རྗེ་འབྱུང་བའི་རྒྱུད།། དཔལ་ལྡན་རྡོ་རྗེ་སེམས་དཔའི་ངང་ཚུལ་ཅན།། དཔལ་ལྡན་ནག་མོ་རྡོ་རྗེ་རེ་མ་ཏི། ། སྲོག་དང་འདྲ་བའི་དམ་ཚིག་བདག་ཉན་འཚལ།། ཞེས་གསོལ་པ་དང།། དཔལ་ཕྱག་ན་རྡོ་རྗེས་བཀའ་སྩལ་པ།། ལྷ་མོ་འདི་ཡི་དམ་ཚིག་ནི།། རྣལ་འབྱོར་ཚོགས་ཀྱི་སྲོག་སྙིང་ཡིན།། འདི་ལས་འདས་ན་རང་སྲོག་འཆད། ། མ་འདས་དངོས་གྲུབ་དམ་པའི་རྒྱུ།། ལྷ་མོ་སྤྱི་ཡི་དམ་ཚིག་དང།། ལྷ་མོ་སྒོ་ཡི་དམ་ཚིག་གོ།། ལྷ་མོ་སྤྱི་ཡི་དམ་ཚིག་ནི།། སྐུ་ཡི་ཕྱག་རྒྱ་མི་སྤང་ཞིང།། རྡོ་རྗེ་སློབ་དཔོན་མཉེས་པར་བྱེད།། རྡོ་རྗེ་སྤུན་ལ་གདུང་བ་བསྐྱེད། ། འདི་ནི་སྐུ་ཡི་དམ་ཚིག་གོ།། བཟླས་བརྗོད་སྙིང་པོ་རྒྱུན་མི་བཅད།། འདི་ནི་གསུང་གི་དམ་ཚིག་གོ།། གསང་བ་གཞན་ལ་མི་སྤེལ་ཏེ།། འདི་ནི་ཐུགས་ཀྱི་དམ་ཚིག་གོ།། སྟ་གྷན་དང་ནི་འབྲས་བུ་ལྔ། ། སྤྱོད་པའི་དམ་ཚིག་ཡན་ལག་ལྔ།། ལྷ་མོའི་སྒོ་ཡི་དམ་ཚིག་ནི།། འཇིག་རྟེན་གང་དང་གང་དག་ནི།། ཡུགས་ས་རྒན་གཞོན་གང་གནས་ལ།། བྱམས་པར་བྱ་ཞིང་ཆགས་མི་སྦྱད།། ནལ་བུ་ཡོད་པའི་སྦྲུམ་མ་ལ། ། མེ་ཏོག་གཏོར་ཞིང་བྱམས་པར་བྱ།། ཁ་ཟས་སྤྱིན་ཞིང་མངན་མི་བསྒྲང།། བྱིས་པ་དག་ནི་ནལ་ཕྲུལ་ལ།། གོས་དང་ཁ་ཟས་སྤྱིན་པ་དང།། རྟག་ཏུ་དེ་ལ་བྱམས་པར་བྱ།། ཀར་ཤ་པ་ནི་རྒྱན་དུ་སྦྱིན།། བོང་བུ་ལ་ནི་བྱམས་པར་བྱ། ། ཁ་ར་མུ་ཏྲིས་གནན་པ་དང།། བེར་དབྱུག་དག་གིས་མི་བརྡེག་གོ།། རྨ་བྱའི་མདོངས་ནི་རྟག་ཏུ་བཅད།། མ་མོ་ཟླ་མཚན་རྒྱུ་དུས་སུ།། གསང་བའི་མཆོད་པས་དམ་ཚིག་བསྲེ།། མེ་ཡི་དཀྱིལ་འཁོར་མཐོང་གྱུར་ན། ། མེ་ཏོག་སྐྱེས་ལྟར་དགའ་བར་བྱ།། ནེའུ་ལ་མཐོང་ན་བསྟོད་པ་བྱ།། ཕྱག་རྒྱ་བསྟན་ཅིང་དད་པར་བྱ།། ཞིང་ལྤགས་རྫས་ཀྱི་སྣོད་དུ་བྱ།། རྡོ་ཡི་སོལ་བ་ཆུར་མི་བསྐུར།། རྡོ་སོལ་ཁུ་བས་མཚན་མ་བསྐུ། ། ཤིང་ལོ་སོར་བཞི་སྐྱེད་པར་བཅད།། ཕྱེད་ལ་ལྷ་མོའི་སྐུ་ཡང་བྲི།། ཕྱེད་ལ་དགྲ་ཡི་གཟུགས་བྲིས་ལ།། དེ་ནི་རྟག་ཏུ་བཅང་བར་བྱ།། ཚུབ་མ་དག་དང་ཕྲད་གྱུར་ན།། རྐེད་པར་མི་བཅད་རྒྱབ་མི་བསྟན། ། དམ་ཚིག་ཡོད་པས་མི་རུང་སྟེ།། བདག་མ་ཡིན་པའི་རྣལ་འབྱོར་ལ།། རང་གི་ལྷ་དང་སྙིང་པོ་དང།། རྫས་དང་ཕྱག་རྒྱ་མི་བསྟན་ནོ།། ཁ་འགྲོ་དག་ཀྱང་བསྲེ་བ་མེན།། འཕྲེང་བ་ལ་ཡང་རེག་པར་བསྲུང། ། ཚེས་གྲངས་ཤིས་དང་ནམ་གུང་ལ།། ཕྱག་རྒྱ་བསྟན་ཅིང་བསྟོད་པ་བྱ།། རྟག་ཏུ་ཡི་དམ་མི་འདའ་ཞིང། ཞ་རེ་ཕྱག་རྒྱ་གཉིས་གཉིས་བསྟན།། སྲོག་གི་སྙིང་པོ་རྒྱུན་ཏུ་གྲང།། ནུབ་རེ་གཏོར་མ་མི་འདའ་འོ། ། བྱ་ནག་ལུག་ནག་རྟག་ཏུ་བཅང།། བདག་གི་དགྲ་ལ་རྦད་བྱ་སྟེ།། ཕྱིས་ནི་དེ་ལ་བཅོས་མི་བྱ།། ཁས་བླངས་ཡོལ་དུ་མི་རུང་ངོ།། རྣལ་འབྱོར་དངོས་གྲུབ་ཐོབ་བྱའི་ཕྱིར།། དམ་ཚིག་ཉི་ཤུ་རྩ་གཅིག་བསྟན། ། དཔལ་ཤན་པ་ནག་མོའི་རྒྱུད་ལས།། དམ་ཚིག་བསྟན་པའི་ལེའུ་སྟེ་བཅུ་པའོ།། དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས།། བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་ལ་འདི་སྐད་ཅེས་གསོལ་ཏོ།། ཧཱུ~ཾ་མཛད་ཧཱུ~ཾ་སྟེ་ཁྲོ་རྒྱལ་བདུད་བཞི་འདུལ། ། མི་མཐུན་འཇོགས་པའི་གཉེན་པོ་ཡེ་ཤེས་ཀྱིས།། དཔལ་ལྡན་ནག་མོ་གྲུབ་པའི་རྟགས།། དྲོད་ཚད་བདག་ལ་ཞུ་སྟེ་གནང་བར་མཛོད།། ཅེས་གསོལ་བ་དང།། ཕྱག་ན་རྡོ་རྗེས་བཀའ་སྩལ་བ། ། སྐྱེས་བུ་བློ་ལྡན་མན་ངག་རྩལ་འཆང་གིས།། རྫས་དང་ཏིང་འཛིན་སྔགས་དང་ཕྱག་རྒྱ་དང།། མཆོད་དང་དམ་ཚིག་བསྲུང་བ་གཙོར་བྱས་ན།། རྡོ་རྗེ་ནག་མོའི་བསྒྲུབ་པའི་རྟགས་ལྟར་འབྱུང།། གྲུབ་རྟགས་རབ་འབྲིང་ཐ་མ་གསུམ་དུ་འབྱུང། ། རབ་ནི་མ་མོ་ཉིད་ཀྱི་སྐུ་མཐོང་སྟེ།། བུད་མེད་དཀར་མོ་བཞད་ཅིང་བྱུང་བ་ན།། གསང་བའི་ཡེ་ཤེས་དངོས་གྲུབ་སྟེར་བ་ཡིན།། ནག་མོ་རལ་པ་ཅན་དུ་བྱུང་བ་ན།། འདོད་ཁམས་འདུལ་བའི་མཐུ་རྩལ་བདག་ལ་སྟེར། ། དམར་མོ་བསེ་ཡི་རལ་པ་ཅན་དུ་བྱུང་བ་ན།། འཇིག་རྟེན་དབང་དུ་སྡུད་པའི་དངོས་གྲུབ་བདག་ལ་སྟེར།། མ་མོ་གྲུབ་པའི་རྟགས་ཀྱང་འབྲིང་བོ་ནི།། མེ་ཏོག་ཆར་འབབ་འབྲུག་དང་རླུང་དམར་དང། ། སྒོ་བརྡུང་ཁང་པ་འཚེགས་དང་རྔ་དྲིལ་སྒྲ།། རྫས་ལུད་མུན་པ་ཤིན་ཏུ་གནག། བུད་མེད་གཟུགས་དང་འཇའ་ཚོན་གཟུགས་ཀྱང་སྟོན།། གྲུབ་རྟགས་ཐ་མ་དག་ཀྱང་སྟོན།། མ་དང་ཆུང་མ་ཁོལ་ལོ་རྨི། ། དྲེའུ་བོང་བུ་བྱ་ནག་ཤ་བ་རྨི།། མ་མོ་གྲུབ་ནས་དབང་དུ་འདུས་པ་ན།། བུད་མེད་དག་གིས་བདག་ལ་ཕྱག་འཚལ་ལོ།། མ་མོ་གྲུབ་ཀྱང་བསྲེ་བ་མ་བྱས་ན།། མི་སྡུག་གཟུགས་སུ་སྟོན་ཅིང་མཛོ་མོར་རྫུ།། གཅན་གཟན་ཟར་འོད་མ་མོ་ཕྱག་སྒུགས་སོ། ། དམ་ཚིག་ཉམས་ནས་མ་མོ་འཁྲུགས་གྱུར་ན།། མ་མོ་ནང་འཐབ་མཚོན་གྱི་ཆར་བ་འབབ།། བྱ་ནག་ནང་འཐབ་ཁྲག་གི་ན་བུན་འཁྲིགས།། ལྟས་དེ་མཐོང་ན་བཀའ་ཆད་ཡོད་པ་ཡིན། ། གལ་ཏེ་དམ་སྲིད་སྒྲུབ་པའི་བར་གཅོད་ན།། གྲལ་ལ་འཇིགས་ཤིང་ཁྱིམ་དུ་འགྲོ་སྙིང་མི་འདོད།། གཉིས་ཁྲོ་སྙིང་མི་དགའ་ལ་སྐྱོ་ཞིང་བགྲེས།། ཁ་དབྱུལ་དུ་སྙིང་འདོད་ལ་ཁྲོ་སྙིང་འདོད།། བུད་མེད་གཟུགས་མཐོང་རྐུབ་དང་མོ་མཚན་སྟོན། ། གལ་ཏེ་གཏོར་མ་དུས་ལ་ཡོལ་གྱུར་ན།། མོ་མཚན་དང་ནི་སྔོན་གྱི་དབང་རྟགས་སྟོན།། དུད་པ་འཁྲིགས་དང་བུད་མེད་དབྱལ་བ་མཐོང།། བུད་མེད་ངུ་བ་མཐོང་ན་ཉམས་པ་གནོད། ། རྒོད་པ་མཐོང་ན་དགྲ་བགེགས་བསྒྲལ་པའི་རྟགས།། ཁྲོ་ན་བར་ཆོད་ཡོང་བས་སྦྲོན་པ་ཡིན།། སྦྱོར་བ་བྱེད་ན་དངོས་གྲུབ་སྟེར་བ་ཡིན།། རྒྱང་གླུ་ལེན་པ་མཐོང་ན་དངོས་གྲུབ་ཐག་རིང། ། གར་ཐབས་བྱེད་ཅིང་འགྱིང་བག་བྱུང་ན་ཅི་བསམ་འགྲུབ།། བྱ་དང་གཅན་གཟན་གཏོར་མ་ཟ་བ་མཐོང་ན་བཟང།། མ་མོ་གྲུབ་པའི་རྟགས་རྣམས་གང་བྱུང་ཡང།། དམ་ཚིག་ཕྱག་རྒྱ་བསྟན་ཅིང་དངོས་གྲུབ་བླངས། ། ཁ་རོག་འདུལ་ན་སྙིང་པོ་ཕྱག་རྒྱ་ནོར།། འཛུབ་པ་མཐོང་ན་བདག་ཚེ་རིང་པའི་རྟགས།། ཤ་བ་ཞོན་ན་ནོར་རྣམས་འཕེལ་བའི་རྟགས།། གལ་ཏེ་བདག་ནི་གཞན་དུ་དོན་གཉེར་ན།། བུད་མེད་ལག་ན་རྫས་གང་མཐོང་ན་བཟང། ། བྱ་དང་གཅན་གཟན་སྡོང་ནས་འགྲོ་ན་བཟང།། དེ་ཡི་ཚེ་ན་དོན་ཡང་གཉེར་བར་བྱ།། སྣོད་སྟོང་ཐོགས་པ་མཐོང་ན་དོན་མི་གཉེར།། གྲུབ་པའི་དྲོད་ཚད་རྣལ་འབྱོར་ལ་གཅེས།། དཔལ་ལྷ་མོ་ཤན་པ་ནག་མོའི་རྒྱུད་ལས། ། དྲོད་ཚད་བསྟན་པའི་ལེའུ་སྟེ་བཅུ་གཅིག་པའོ།།།། དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས།། དཔལ་ཕྱག་ན་རྡོ་རྗེ་ལ་འདི་སྐད་ཅེས་གསོལ་ཏོ།། འཛིན་རྒྱལ་དྲག་པོ་ཆེ་བའི་ཆེ།། གོལ་ས་སྤངས་པའི་སྐྱེས་བུ་ཡིས། ། ལྷ་མོ་བསྒྲུབས་ཀྱང་མ་འགྲུབ་ན།། སྤོགས་པ་དག་གི་ཞུ་བ་ལགས།། ཞེས་གསོལ་པ་དང།། དཔལ་ཕྱག་ན་རྡོ་རྗེས་འདི་སྐད་ཅེས་བཀའ་སྩལ་ཏོ།། སྐྱེས་བུ་བློ་ལྡན་ཏིང་འཛིན་གྱིས། ། བསྒྲུབ་པའི་རྒྱུད་འདི་གཙོར་བླངས་ན།། དངོས་གྲུབ་མི་ཐོབ་མི་སྲིད་དོ།། འོན་ཀྱང་གྲུབ་ཐག་རིང་བ་ལ།། དེ་ལ་ཉེས་དམིགས་རྣམ་པ་གསུམ།། སྔོན་གྱི་ལས་འཕྲོས་མ་འབྲེལ་དང།། བསྙེན་པ་ཞག་གྲངས་ཉུངས་པ་དང། ། རྣལ་འབྱོར་དམ་ཚིག་ཉམས་པ་གསུམ།། འོན་ཀྱང་མི་བཞག་བསྐྱར་ཕྱིར་བསྒྲུབ།། སྔོན་གྱི་ལས་འཕྲོས་མ་འབྲེལ་ཡང།། ད་ལྟར་བརྩོན་འགྲུས་བྱས་ན་འགྲུབ།། བསྒྲུབ་པ་ཆུང་ཙམ་གྲངས་ཉུངས་ན། ། བཟླས་པ་བྱེ་བ་དུང་ཕྱུར་བསྣན།། དམ་ཚིག་ཉམས་ན་བཤགས་ཤིང་བསྐང།། ཞེས་གསུངས་སོ།། དཔལ་གཤན་པ་ནག་མོའི་རྒྱུ་ལས།། སྤོགས་པའི་ཆོ་གའི་ལེའུ་སྟེ་བཅུ་གཉིས་པའོ།།།། དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་གསོལ་བ། ། རྡོ་རྗེ་རྒྱལ་པོ་གསང་འཛིན་པ།། རྒྱལ་ཚབ་ཆེན་པོ་ཁྱོད་ཉིད་ཀྱིས།། མ་མོ་གྲུབ་པའི་རྣལ་འབྱོར་པས།། རྟག་ཏུ་བསྟེན་པ་བདག་ལ་ཤོད།། ཅེས་གསོལ་པ་དང།། དཔལ་ཕྱག་ན་རྡོ་རྗེས་བཀའ་སྩལ་པ། ། མ་མོ་རྟག་ཏུ་བསྟེན་པའི་ཐབས།། གུད་ན་ཡོད་པ་མ་ཡིན་ཏེ།། དང་པོ་སྒྲུབ་པ་ཐོན་རྟིང་ལ།། རྒྱུན་དུ་སྔགས་དང་ཕྱག་རྒྱ་དང།། རྫས་དང་ཏིང་འཛིན་ཆོ་ག་དང།། ཕྱག་རྒྱ་དག་དང་མི་འབྲལ་བ། ། མ་མོ་བསྟེན་པ་ཡིན་པར་བཤད།། ཟས་ཀྱི་ཕུད་ཀྱང་བསམ་ལ་མཆོད།། གསང་བའི་དམ་ཚིག་བསྲུང་པའོ།། དེ་ལྟར་བྱས་ན་ཅི་བསམས་འགྲུབ།། དཔལ་ལྷ་མོ་ཤན་པ་ནག་མོའི་རྒྱུད་ལས།། མ་མོ་རྟག་ཏུ་བསྟེན་པའི་ལེའུ་སྟེ་བཅུ་གསུམ་པའོ། ། དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས།། བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་ལ་འདི་སྐད་ཅེས་གསོལ་ཏོ།། གནོད་སྨིན་བདག་པོ་ཉི་མ་འབུམ་གྱི་གཟི།། ཐུགས་རྗེ་རྩེ་གཅིག་ཡིད་འགྱུར་བཞུགས་པ་ལ། ། མ་མོ་དབབ་ཅིང་སློབ་མ་དབང་བསྐུར་པའི།། པྲ་མཆོག་དབབ་པའི་ཆོ་ག་བདག་ཉན་འཚལ།། ཞེས་ཞུས་པའི་ཚེ།། དཔལ་ཕྱག་ན་རྡོ་རྗེས་བཀའ་སྩལ་པ།། སློབ་དཔོན་མཁའ་འགྲོ་གྲུབ་པ་དེས། ། སློབ་མ་བདག་ལ་དབང་བསྐུར་བ།། རྒྱལ་རིགས་བུ་མོ་གཙང་མ་ནི།། ཁྲུས་བྱས་བདུད་རྩི་ཟས་བྱིན་ལ།། གོས་དང་མེ་ཏོག་གསེར་གྱིས་བརྒྱན།། བསྒྲུབ་པའི་དཀྱིལ་འཁོར་དབུས་སུ་བཞག། མཁའ་འགྲོའི་བསྒྲུབ་པ་ཞག་བདུན་པ། ། དེ་ནས་མ་མོ་དབབ་པར་བྱ།། འདོད་པའི་དུད་པ་བསྲེགས་བྱས་ལ།། མ་མོ་དར་དང་གཡབ་མོས་གཡབ།། ཐོད་རྔ་རྡུང་ཞིང་མ་མོ་འབོད།། སྔགས་འདིས་ཛ་གད་ཁ་ཕྲུས་གདབ།། ཨ་དེ་བི་མཧཱ་ཀཱ་ལི་རེ་མ་ཏི་ཙ་པ་ལ་ཨ་ཤུག་མེ་ས་མ་ཡ་པྲ་ཐ། ། རུ་རུ་རོ་རུ་ས་མ་ཡ་པྲ་ཐ། ཡོ་གེ་སིདྡྷ་ས་མ་ཡ་པྲ་ཐ།། ཨ་བེ་ཤ་ཨ།། ལན་བདུན་དག་གིས་མ་མོ་དབབ།། དེ་ནས་གཟུངས་མའི་རཀྟ་དང།། རང་གི་བྱང་ཆུབ་སེམས་བསྲེས་ལ། ། སྣ་ལ་དུས་གསུམ་རྒྱལ་བ་མཆོད། དེ་ནས་ལྷ་མོ་ཉིད་ལ་མཆེད།། དེ་ནས་རང་གི་ལྕེ་ལ་བཞག། བདག་དང་མ་མོ་དམ་ཚིག་བསྲེ།། དེ་ནས་སློབ་མའི་སྙིང་ལ་བཞག། དེ་ནས་གཟུངས་མའི་རཀྟ་དང། ། སློབ་མའི་ས་བོན་བསྲེས་ལ་ནི།། མ་མོ་མཆོད་ཅིང་དམ་ཚིག་བསྲེ།། གཟུངས་མ་ལྷ་མོ་ཡིན་པ་ལྟ།། གཟུངས་མས་རྩ་བའི་སྔགས་བཟླས་ཤིང།། ཐོད་འཕྲེང་རྒྱའི་དབང་བསྐུར་རོ།། དེ་ནས་གཡང་གཞི་ཧ་སྟའི་དབང། ། རྔེའུ་ཆུང་ཕུངས་དཀར་མར་མེའི་དབང།། ཕུར་བུ་ནེའུ་ལེ་རལ་གྲིའི་དབང།། སྦྲུལ་དང་ཐོད་རློན་དབང་བསྐུར་རོ།། ལྷ་མོ་ནག་མོའི་གསང་དབང་འདི།། དབང་མ་བྱིན་པའི་སློབ་མ་ལ།། ཚིག་གིས་སྨྲས་ཀྱང་སློབ་དཔོན་ཉམས། ། མྱུར་དུ་ཚེ་ཡི་འདུ་བྱེད་བསྐུལ།། དེ་བས་སློབ་མ་དབང་བསྐུར་ལ།། དེ་ནས་གསང་རྒྱུད་བསྟན་པར་བགྱིའོ།། དཔལ་ལྷ་མོ་ཤན་པ་ནག་མོའི་རྒྱུད་ལས།། དབང་བསྐུར་བའི་ལེའུ་སྟེ་བཅུ་བཞི་པའོ། ། དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས།། དཔལ་ཕྱག་ན་རྡོ་རྗེ་ལ་འདི་སྐད་ཅེས་གསོལ་ཏོ།། ཀྱེ་མ་ཧོ་ཕྱག་ན་རྡོ་རྗེ་ཀྱེ། བྱིན་བརླབས་རྣམས་ཀྱི་མཆཽག་ཡིན་ཏེ།། ལྷ་མོ་གྲུབ་པའི་རྣལ་འབྱོར་པས།། ལས་ཀྱི་རིམ་པ་བཤད་དུ་གསོལ། ། ཞེས་ཞུས་པ་དང།། གསང་བའི་བདག་པོས་བཀའ་སྩལ་པ།། བརྒྱ་བྱིན་ཉོན་ཅིག། ལྷ་མོ་རེ་མ་ཏི་འདི།། མ་མོ་མ་གྲུབ་ལས་མི་འགྲུབ།། གྲུབ་པ་ཐོབ་པའི་མི་ཡིས་ནི།། ལས་ལ་ཆེད་དུ་མ་བརྩམས་ཀྱང། ། ཡིད་ལ་ཅི་འདོད་འགྲུབ་པའོ།། འོན་ཀྱང་ཆེད་དུ་སྒྲུབ་བྱེད་ན།། ལས་ཀྱི་བྱེ་བྲག་ངས་བཤད་དོ།། ལས་འདི་རྣམས་ནི་མཁའ་འགྲོ་མ།། གྲུབ་པའི་སྐྱེས་བུ་དག་གིས་བྱ།། མ་མོ་མ་གྲུབ་ལས་མི་འགྲུབ། ། བརྒྱ་བྱིན་ཉོན་ཅིག། ཞི་བ་ལས་ཀྱི་ཁྱད་པར་ནི།། བུ་རམ་སྦྲང་རྩི་གྷི་ཝང་དང།། གུ་གུལ་སྤོས་དང་འོ་མ་དང།། མར་ཁུ་ཏིལ་དང་འབྲས་ཆང།། ཨ་ཀ་རུ་དང་དུ་རུ་ཀ།། རི་ལུ་ཁྲི་ཚོ་གཅིག་བྱས་ལ། ། ཞི་བའི་ཐབ་ཁུང་དབུས་ཉིད་དུ།། འོ་མ་ཡོད་པའི་ཞིང་ལ་བསྲེག། ཨོཾ་རུ་རུ་བི་ཏིཥྠ་བ་ཏོ་སི།། རུ་རུ་རོ་རུ་བི་ཏིཥྠ་བ་ཏོ་སི།། ཨ་མུ་ཀ་ཤན་ཏིང་ཀུ་རུ་སྭཱ་ཧཱ།། ཁྲི་ཚོ་བཟླས་ཏེ་བསྲེགས་གྱུར་ན།། སྡིག་དང་བགེགས་རྣམས་ཞི་བར་འགྱུར། ། དགྲ་དང་ནད་ཡམ་ཞི་བར་བྱེད།། རྒྱས་པའི་ལས་སུ་བྱ་བ་ནི།། རྒུན་འབྲུམ་སྟར་ཀ་གུར་ཀུམ་དང།། ཨུ་ཏྤལ་མར་ཁུ་གྷི་ཝང་དང།། སེང་ལྡེང་དུར་བ་ཀུ་ཤ་རྣམས།། རྒྱས་པའི་ཐབས་ཁུང་ཁྲི་ཚོ་གཉིས། ། ཨོཾ་རུ་རུ་བི་ཏིཥྠ་བ་ཏོ་སི།། རུ་རུ་རོ་རུ་བི་ཏིཥྛ་བ་ཏོ་སཱི།། ཨ་མུ་ཀ་དུ་པུ་ཥྠི་ཀུ་རུ་སྭཱ་ཧཱ།། ཚེ་དང་རིགས་རྒྱུད་འཕེལ་བ་དང།། ནོར་དང་ལོངས་སྤྱོད་རྒྱས་པར་བྱེད།། དབང་གི་ལས་ནི་བསྟན་པ་ནི།། ཙན་དན་དམར་དང་ཨུག་ཆོས་དང། ། ཡུངས་དང་གྷི་ཝང་ཅོང་ཞུན་དང།། མར་ཁུ་ཉ་ཤ་སྦྲང་རྒོད་ཀྱིས།། ཁྲི་ཚོ་གསུམ་དུ་སྦྱིན་སྲེག་བྱ།། ཨོཾ་རུ་རུ་བེ་ཏིཥྠ་བ་ཏོ་སཱི།། རུ་རུ་རོ་རུ་པེ་ཏིཥྠ་ཤ་ཏོ་སཱི།། ཨ་མུ་ཀ་ཨ་ཀར་ཀྴ་ཡ་ཧྲི་ཛ། ། འཁོར་ལོས་སྒྱུར་བའི་ཕྱག་རྒྱའོ།། རྟ་དང་གླང་པོ་ནོར་བུ་དང།། འགྲོ་བ་བཟང་དང་བློན་པོ་དང།། དམག་མི་དག་ནི་ལྷ་དང་མི།། ཀུན་ཀྱང་བདག་གི་དབང་དུ་འགྱུར།། དྲག་པོ་བསད་པའི་འཕྲིན་ལས་ནི། ། རབས་ཆད་ནག་མོའི་ཤ་ཁྲག། བྱ་རོག་འུག་པའི་ཤ་ཚིལ་དང།། སེང་གེ་སྟག་དང་བྱ་རྒོད་སྐྱུང་ཀའི་སྙིང།། རྟ་ནག་ར་རོག་འཕར་བའི་སྙིང།། སྤྱང་མོའི་སྙིང་དང་མི་གྲིར་ཤི།། ཅོང་ཞུན་དང་ནི་གྷི་ཝང་སྦྱར། ། དུག་དང་ཁྲག་དང་བསྲེས་བྱས་ལ།། རིལ་བུ་ཁྲི་ཚོ་བཞི་བྱས་ལ།། མ་ཏྲི་ནག་མོ་ཞལ་བྱས་ལ།། མ་ཏྲམ་ཁོ་རུ་མེ་སྤར་ལ།། རིལ་བུ་རེ་དང་དགྲ་མིང་རེ།། བསྡེ་བ་ཅིག་སྲེག་པའི་ལས་བྱའོ།། རེ་མ་ཏོའི་དམོད་པ་ནི། ། ཨོཾ་རུ་རུ་བི་ཏིཥྠ་བ་ཏོ་སཱི།། རུ་རུ་རོ་རུ་བི་ཏིཥྠ་བ་ཏོ་སཱི།། མ་མ་སརྦ་ཤཱ་ཏྲུཾ།། ཨ་མུ་ཀ་སེ།། དུ་ན་དུ་ན།། བྷན་དྷ་བྷན་དྷ།། མ་ཐ་མ་ཐ།། པྲ་མ་ཐ་པྲ་མ་ཐ།། རུ་ཛཱ་རུ་ཛཱ།། ཛ་རེ་ནམ། ། བྱ་ཧ་དྲིམ།། རོ་ཀ་ནམ།། ཨེ་བེ་ཤ་ཡཱ།། ཛཱི་བང་ཧྲི་དྷ་ཡ།། ཙན་དན་དེ་པ་ཤྲི་ཀུ། མཱ་ར་ཡ་ན་ཧཱུ~ཾ་ཕཊ།། ཁྲག་ནད་དག་གིས་འཆི་པའོ།། དགྲ་ལ་ནད་རིམས་དབབ་པ་ནི།། བཅན་དུག་དང་ནི་དུ་ཀ་སྣ་ཚོགས།། ཐོད་པ་མཚན་ངན་དག་ཏུ་བླུག། ཞིང་རས་དག་གིས་ཁ་བཅད་ལ།། སྔགས་འདི་ཁྲི་ཚོག་གཅུག་ཏུ་བཟླས།། ཨོཾ་རུ་རུ་བི་ཏིཥྠ་བ་ཏི་སྭཱི།། རུ་རུ་རོ་རུ་པི་ཏིཥྠ་བ་ཏོ་སྭི།། ཨ་མུ་ཀཾ།། བྱ་ཧ་དིམ།། ཧ་ར་ནམ།། ཨེ་བེ་ཤ་ཡ།། མ་ར་ན་ཕཊ། ། རང་ཉིད་ཆ་ལུགས་ནག་པོར་བྱ།། བོང་བུ་ཞོན་ལ་གྲ་ཕྱོགས་གཏོར།། རིམས་ནད་དག་གིས་ཕུང་པར་བྱེད།། ཚ་བའི་ནད་ཀྱིས་གསད་པ་ནི།། རོ་ཆས་རས་ལ་ལིང་གི་བྲི།། ཚ་བ་གསུམ་གྱི་ཁུ་བས་བསྐུ། ། བཟླས་པ་བྱ་ཞིང་གཏོར་མ་སྟབ།། ཨོཾ་དེ་བི་མ་ཧཱ་ཀཱ་ལི་རག་ཀྴ་རེ་མ་ཏི།། ཨ་མུ་ཀཾ་མ་ར་ཡ་ཕཊ།། ཁྲི་ཚོ་གཅིག་ཏུ་བཟླས་པ་བསྟབ།། ཞག་བདུན་ནས་ནི་ངེས་པར་གསོད།། ལྷ་མོ་ནག་མོའི་སྙིང་ཟེར་གཟེར་སྔགས་ལ། ། སྙིང་གཟེར་ནད་ཀྱིས་དགྲ་གསད་ན།། ལྕགས་གསུམ་དུས་ཤིང་ཕུང་བུ་ལ།། སྤྱི་བོར་རྟ་མགྲིན་བསྒོམ་པར་བྱ།། རྐེད་པར་ལྷ་མོ་ནག་མོ་བསྒོམ།། རྩེ་མོ་ཆུ་སྲིན་མགོ་ཅན་བསྒོམ།། ལོགས་ལ་འཁོར་གྱི་མ་མོ་བསྒོམ། ། ལུས་ལ་བཅངས་ལ་བསྙེན་པ་དབུལ། ཨོཾ་རུ་རུ་བེ་ཏིཥྠ་བ་ཏོ་སཱི། རུ་རུ་རོ་རུ་བེ་ཏིཥྠ་བ་ཏོ་སཱི།། ཙ་པ་ལ་ཨ་ཤུག་མེ་བཛྲ་ཀཱི་ལི་ཀཱི་ལི་ཡ་ཧཱུ~ཾ་མ་ར་ཡ་ཕཊ།། རྟག་ཏུ་བསྙེན་པ་ཕུལ་བྱས་ནས།། དགྲ་བོའི་གཟུགས་ལ་བཏབ་པ་ན། ། མྱུར་དུ་སྙིང་གཟེར་ནད་ཀྱིས་འཆི།། ལྷ་མོ་འཕྲུལ་གྱི་སྤྱིན་སྲེག་ལ།། རྨ་བྱའི་ཤ་ལ་སྦྱིན་སྲེག་བྱ།། བཙན་དུག་འཐུང་བའི་སྟོབས་དང་ལྡན།། ཉ་ཡི་ཤ་ལ་སྦྱིན་སྲེག་བྱ།། དེ་ཚེ་ཆུ་ཡི་སྟེ་དུ་འགྲོ། ། ཁྲུང་ཁྲུང་ཤ་ལ་སྦྱིན་སྲེག་བྱ།། བདག་ནི་ནམ་མཁའ་དག་ལ་འཕུར།། ནེ་ཙོ་ཤ་ལ་སྦྱིན་སྲེག་བྱ།། སྐྱེ་བ་ལྔ་པ་དྲན་པར་འགྱུར།། སྤྲེའུ་ཤ་ལ་སྦྱིན་སྲེག་བྱ།། འགྲོ་བ་བཟང་མོ་འགག་པར་འགྱུར།། བྱི་བའི་ཤ་ལ་སྦྱིན་སྲེག་བྱ། ། ལྷ་སྲིན་སྡེ་བརྒྱད་མཐོང་བར་འགྱུར།། རྔ་མོའི་ཤ་ལ་སྤྱིན་སྲེག་བྱ།། ཉིན་གཅིག་དཔག་ཚད་བརྒྱད་ཁྲིར་ཕྱིན།། ཁཱ་ཏའི་ཤ་ལ་སྦྱིན་སྲིག་བྱ།། བདག་ལུས་གཞན་གྱིས་མི་མཐོང་ངོ།། ངང་པའི་ཤ་ལ་སྦྱིན་སྲེག་བྱ། ། བདག་གི་ལོ་འདི་སྟོང་ཐུབ་པའོ།། ནེའུ་ལེའི་ཤ་ལ་སྦྱིན་སྲེག་བྱ།། ནོར་གྱི་གཏེར་ལ་ལོངས་སྤྱོད་འགྱུར།། དཔལ་ལྷ་མོ་ཤན་པ་ནག་མོའི་རྒྱུད་ལས།། འཕྲིན་ལས་ཀྱི་ལེའུ་སྟེ་བཅཝ་ལྔ་པའོ།། དེ་ནས་ལྷའི་དབང་པོ་བརྒྱ་བྱིན་ལ་སོགས་པ་འཁོར་འདུས་པ་རྣམས་ཀྱིས། ། དཔལ་ཕྱག་ན་རྡོ་རྗེ་ལ་བསྟོད་པ།། ཧཱུ~ཾ་མཛད་ཧཱུ~ཾ་སྟེ་ཙཎྜ་རོ་ཥ་ན།། བདེན་གཉིས་ཐུགས་ཆུད་ཆོས་ཀྱི་སྐུ་བརྙེས་པའི།། སྤྲུལ་པའི་སྐུ་སྟེ་ཕྱག་ན་རྡོ་རྗེ་ཆེ། ། དུས་མཐའི་མེ་ལྟར་འབར་ལ་ཕྱག་འཚལ་བསྟོད།། དེ་ནས་བརྒྱ་བྱིན་ལ་སོགས་པའི་འཁོར་འདུས་པ་དེ་རྣམས་ཀྱིས།། དཔལ་ལྡན་ལྷ་མོ་ནག་མོ་ལ་བསྟོད་པ།། དཔལ་ལྡན་ལྷ་མོ་རེ་མོ་ཏི།། ཆོས་སྐྱོང་རྒྱལ་མོ་ནག་མོ་ཆེ། ། དབྱིངས་ཕྱུག་གསང་བའི་མཁའ་འགྲོ་མ།། བསྟན་པ་བསྲུང་ལ་ཕྱག་འཚལ་བསྟོད།། དཔལ་ལྡན་ནག་མོའི་རྒྱུད་ལས།། བསྟོད་པའི་ལེའུ་སྟེ་བཅུ་དྲུག་པའོ།། དེ་ནས་དཔལ་ཕྱག་ན་རྡོ་རྗེ་དེས་པདྨའི་གདན་ལས་སྐུ་བཞེས་ཏེ། ། འདི་སྐད་ཅེས་བཀའ་སྩལ་ཏོ།། ཀྱེ་ངའི་འཁོར་དུ་གཏོགས་པ་རྣམས།། ངས་ནི་མཁའ་འགྲོ་མའི་རྒྱུད་ཆེན་པོའོ།། དངོས་གྲུབ་དམ་པའི་གཞིར་བཤད་ཟིན་ཏོ།། ཁྱོད་ལ་གཏད་དོ་ཟུང་ཞིག། རྒྱུད་འདི་ཐུན་མོང་མ་ཡིན་པའི་རང་བཞིན་ཏེ།། སྐྱེས་བུ་བློ་ལྡན་པ་འགས་བསྒྲུབ་པ།། དེ་ནི་མི་ནུབ་པའི་རྒྱལ་མཚན་ཐོབ་བོ།། དེ་ནི་ཆོས་ཀྱི་དབང་ཕྱུག་ཆེན་པོར་གོ་འཕང་ཐོབ་བོ།། དེ་ནི་དངོས་གྲུབ་ཐམས་ཅད་རང་ལས་ཤར་བས་འགྲུབ་བོ། ། དེས་ནི་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་འབར་བ་རྙེད་པ་ཡིན་ནོ།། ཞེས་བཀའ་སྩལ་པ་བརྒྱ་བྱིན་གྱིས་སྤྱི་བོར་བླངས་སོ།། དཔལ་ལྷ་མོ་ཤན་པ་ནག་མོའི་རྒྱུད་ལས།། རྡོ་རྗེ་མཁའ་འགྲོ་མ་ལ་གཏད་པའི་ལེའུ་སྟེ་བཅུ་བདུན་པའོ། ། དེ་ནས་འཁོར་དེ་རྣམས་དགའ་བ་སྐྱེས་ནས་ལྷའི་རོལ་མོ་བསམ་གྱི་མི་ཁྱབ་པས་ཕྱག་ན་རྡོ་རྗེ་ལ་མཆོད་ནས་རང་གི་ས་ལ་འཁོར་དོ།། དཔལ་ཤན་པ་ནག་མོའི་རྒྱུད་རྫོགས་སོ། ། ཨོ་རྒྱན་གྱི་མཁན་པོ་པདྨ་སམ་བྷ་བ་དང།། ལོཙྪ་བ་ཙན་ཏྲ་ཀུ་མ་རས་བསྒྱུར་པའོ།། ཁྲི་སྲོང་ལྡེ་བཙན་གྱི་བཙན་གྱི་ཐུགས་དམ་འཆིང་ཕུར་བསྒྱུར་པའོ།། ཨུ་རྒྱ་ཏི་ཀབ།།།
CLOSE WINDOW