Wylie |
རྒྱ་གར་སྐད་དུ།། མི་ཏི་ཀ་མ་ཨེ་པན་ཙ་རད་ན།། ཧེ་དུ་ར་ཏྲི་ཏན་ན་མ།། བོད་སྐད་དུ།། མ་མོ་སྲིད་པའི་ནམ་མཁའ་རིན་པོ་ཆེ་སྔོ་དམར་ལྔའི་ཚོན།། མཁའ་འགྲོ་བཀྲག་གསལ་འབར་མའི་རྒྱུད་ཅེས་བྱ་བ། ། བཅོམ་ལྡན་འདས་དཔལ་ཆེ་མཆོག་ཧེ་རུ་ཀ་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན།། ཡུམ་སྲིད་པའི་རྒྱལ་མོ་འབྱུང་བ་ལྔའི་རྒྱལ་མོ།། སྐྱེ་འགྲོ་ཡོངས་ཀྱི་བདག་མོ།། འགྲོ་དྲུག་གི་སྐྱེ་གནས། ། དུག་ལྔ་ཡོངས་ཀྱི་བདག་མོ།། ཀུན་གྱི་ཡུམ། མཆོག་ཁྲོ་མོ་རྣམ་ཞལ་མ།། རི་རབ་གླིང་བཞི་གཞལ་ཡས་དམ་པ་ན།། སྐྱེ་འགྲོ་ཡོངས་ཀྱི་བདག་མོ་དེ་ན་བཞུགས།། ཡེ་ཤེས་ལས་དང་རང་བཞིན་དམ་ཚིག་ཅན། ། ཆ་འཛིན་སྤྲུལ་པའི་འདོད་ཁམས་མ་མོ་རྣམས།། ཉོན་མོངས་ལོག་འཁྲུལ་ཅན་རྣམས་གདུལ་པའི་ཕྱིར།། སྔོན་དམར་སྣ་ཚོགས་ཚོན་གྱི་དཀྱིལ་འཁོར་བཞེངས།། ཕྱི་ནང་མཁའ་འགྲོ་མ་ལུས་མཉེས་པའི་ཕྱིར། ། བླ་གབ་གུང་གྱི་ནམ་མཁའ་དང།། ཕྱོགས་མཚམས་གུར་གྱི་ནམ་མཁའ་དང། ས་བཞི་གདན་གྱི་ནམ་མཁའ་དང།། རིགས་བཞི་ཕྱོགས་ཀྱི་ནམ་མཁའ་དང།། མཚམས་ཀྱི་བློན་མོའི་ནམ་མཁའ་དང། མཁའ་དྲུག་རྒྱལ་མོའི་ནམ་མཁའ་དང། ། ཆེ་མཆོག་གཙོ་བོའི་ནམ་མཁའ་དང།། བདེ་མཆོག་གཙོ་མོའི་ནམ་མཁའ་དང།། བར་གྱི་མ་གསུམ་ནམ་མཁའ་དང།། སྲིད་པའི་སྨན་མོའི་ནམ་མཁའ་དང། ལས་ཀྱི་མ་མོའི་ནམ་མཁའ་རྣམས། ། དུས་འདིར་བདག་ལ་བསྟན་དུ་གསོལ།། དེ་སྐད་གསུངས་པས་ཐུགས་ཆུད་ནས།། ཉིན་ཅིག་གཡུ་དྲུང་ཡང་དག་པ།། ནམ་མཁའ་ལ་ཡང་རྣམ་པ་གསུམ།། ཁ་དོག་ཞལ་གྱི་ནམ་མཁའ་དང།། དཀྱིལ་འཁོར་ལྷ་ཡི་ནམ་མཁའ་དང། ། འདི་དག་རིགས་དང་མཐུན་པ་དང།། ཡེ་ཤེས་ལྔ་དང་འབྲེལ་པ་སྟེ། འབྱུང་བའི་འོད་དང་འབྲེལ་པ་དང།། ཕུང་པོ་ལྔ་དང་འབྲེལ་བ་དང།། དངས་མ་ལྔ་དང་འབྲེལ་པ་དང།། ལུས་ངག་ཡིད་དང་འབྲེལ་བ་དང། ། ཕུང་པོ་ཁམས་དང་འབྲེལ་པ་དང།། སྐྱེ་མཆེད་བཅུ་གཉིས་འབྲེལ་པ་རྣམས།། ཉེ་བའི་འཁོར་ལ་ངས་བསྟན་གྱིས།། ལེགས་པར་ཉོན་ལ་ཡིད་ལ་ཟུང།། དེ་ནས་འཁོར་ལ་བཀའ་སྩལ་པ། ། ཁ་དོག་རྒྱན་གྱི་ནམ་མཁའ་དང།། དཀར་ལ་དག་པའི་ཡེ་ཤེས་ཏེ།། སྐྱོན་གྱིས་མ་གོས་ཡེ་ཤེས་གསལ།། མ་རིག་མུན་པ་སངས་པར་བྱེད།། ཤིན་ཏུ་དཀར་བ་དུང་གི་མདོག། ཀང་ཀང་རའི་འོད་དུ་འཚེར།། རི་རབ་ཤར་གྱི་རྒྱན་དུ་བྱས། ། ཐམས་ཅད་ཞི་བར་འགྱུར་ཕྱིར་རོ།། སྔོ་ལ་གསལ་བ་ཡོན་ཏན་དེ།། དགོས་འདོད་སྐོང་བའི་ཡེ་ཤེས་གསལ།། ཡིད་བཞིན་དབང་པོ་གང་འཐད་སྟོན།། ཤིན་ཏུ་སྔོ་བ་བཻཌཱུརྱ།། རི་རབ་ལྷོ་ཡི་རྒྱན་དུ་བྱས། ། དམར་ལ་ཆགས་པའི་རང་བཞིན་ཏེ།། པདྨ་རཱ་གའི་མདོག་ཏུ་གསལ།། སྨྲ་བར་བྱེད་པ་གསུང་གི་སྒོ།། ཤིན་ཏུ་དམར་བ་གིས་མཛེས།། ཐུགས་རྗེ་ཆགས་པའི་རྒྱན་དང་ལྡན།། རི་རབ་ནུབ་ཀྱི་རྒྱན་དུ་བྱས། སེར་ལ་གསལ་བ་ལས་རབ་སྟེ།། བཙོ་མ་གསར་གྱི་མདོག་ཏུ་གསལ། ལྷུན་གྱིས་གྲུབ་པ་འཕྲིན་ལས་ཏེ། ཨིན་ཏྲ་ནཱི་ལ་ལྗང་ཁུ་འཚེར།། མ་བྱུང་སྙིང་པོ་ཆོས་ཀྱི་དབྱིངས།། རི་རབ་བྱང་གི་རྒྱན་དུ་བྱས། ། ཁ་དོག་ཞལ་གྱི་ནམ་མཁའི་ནང།། སྣ་ཚོགས་རིན་ཆེན་འཁོར་དུ་གསལ།། མཐིང་ནག་འབབ་ཞིག་ནག་པོར་གསལ།། འཕྲིན་ལས་བཞི་ལ་དབང་སྒྱུར་ཞིང།། ཁྲོ་མོ་མཐིང་ནག་དྲག་པོ་སྟེ།། ཁམས་གསུམ་བཅུད་བསྡུས་ནམ་མཁའི་གཟུགས། ། རྒྱལ་མོའི་ཞལ་དུ་ཤེས་པར་བྱ།། དཀྱིལ་འཁོར་གཞལ་ཡས་ངས་བཤད་ཀྱིས།། ཉོན་ཅིག་གཡུང་དྲུང་ཡང་དག་པ།། ཕྱོགས་མཚམས་བརྒྱད་ཀྱི་སྐོར་བུ་ལ།། མཐིང་ནག་གྲུ་གསུམ་དཀྱིལ་དུ་བྲེལ། ། ཟླ་གམ་དམར་པོའི་མུ་ཁྱུད་བཅས།། ཕྱི་རོལ་འཁོར་ལོ་རྩིབས་བརྒྱད་ལ།། གདན་གྱི་ས་བོན་བཅུ་གཉིས་ལྡན།། དེ་ཡི་ཕྱི་རིམ་རྩིབས་བརྒྱད་ལ།། སྒོ་མ་བཞི་དང་དམག་དཔོན་བཞི།། དེ་ཡི་ཕྱི་རིམ་མུ་ཁྱུད་ལ། ། དབང་པོ་ཉི་ཤུ་རྩ་བརྒྱད་གནས།། དེ་ལྟ་བུ་ནི་གནས་ཁང་ངོ།། མཁའ་འགྲོ་བཀྲག་གསལ་འབར་མའི་རྒྱུད་ལས།། གླེང་གཞིའི་ལེའུ་སྟེ་དང་པོའོ།།།། དེ་ནས་ཡང་གསང་བའི་བདག་པོས་ཞུས་པ། ། བླ་གབ་གུར་གྱི་ནམ་མཁའ་གང།། ཕྱོགས་མཚམས་འབྱུང་བའི་ནམ་མཁའ་གང།། ས་གཞི་གདན་གྱི་ནམ་མཁའ་གང།། ཆེ་མཆོག་སྐུ་ཡི་ནམ་མཁའ་གང།། དུས་འདིར་བདག་ལ་བཤད་དུ་གསོལ། ། གནོད་འདུལ་ལྷ་ཡིས་ཡང་གསོལ་པ།། ཉོན་ཅིག་གཡུང་དྲུང་ཡང་དག་པ།། གདན་གྱི་ནམ་མཁའ་ངས་བཤད་ཀྱིས།། ལེགས་པར་ཉོན་ལ་ཡིད་ལ་ཟུང།། ཕྱོགས་མཚམས་བརྒྱད་ཀྱི་སྐོར་བུ་ལ།། ནག་པོའི་ཕོ་བྲང་དམར་པོས་བརྒྱན། ། སྔོན་པོ་འོད་དང་བཅས་པ་བྲི།། དམར་པོ་སེར་པོས་བརྒྱན་པ་ནི།། མཐའ་མ་ནག་པོས་བསྐོར་པའོ།། རྩིབས་བརྒྱད་པ་རུ་བྲི་བར་བྱ།། མུ་ཁྱུད་ལྕགས་རི་ཟླུམ་པོར་བྲི།། ལུས་ངགག་ཡིད་གསུམ་ལྡན་པའི་ཕྱིར། ། དཀར་དང་དམར་དང་སྔོ་བར་བྲི།། དེ་ནི་གདན་དུ་ཤེས་པར་བྱ།། གསང་བའི་བདག་པོ་ཡང་ཞུས་པ།། རིགས་བཞི་རྒྱལ་མོའི་ནམ་མཁའ་ནི།། དུས་འདིར་བདག་ལ་བཤད་དུ་གསོལ། ། གསང་བའི་བདག་པོས་ཡང་གསུངས་པ།། རིགས་བཞི་རྒྱལ་མོའི་ནམ་མཁའ་ནི།། ལེགས་པར་བཤད་ཀྱིས་ཡིད་ལ་ཟུང།། དཀར་སྔོ་དམར་སེར་གནག་དང་ལྡན།། རྣམ་སྣང་གསལ་གྱི་ནམ་མཁའ་འོ།། སྔོ་དང་དམར་དང་སེར་དང་དཀར། ། དུས་ཀྱི་མཐའ་མ་ནག་པོས་བསྐོར།། གཉེན་གསལ་མ་ཡི་ནམ་མཁའ་འོ།། རི་རབ་བང་རིམ་ནུབ་ལ་དགོད།། སེར་དང་དཀར་དང་སྔོ་དང་དམར།། ཀུན་གྱི་མཐའ་མ་ནག་པོས་བསྐོར། ། བཀྲག་གསལ་འབར་གྱི་ནམ་མཁའ་འོ།། རི་རབ་བྱང་གི་ཅོག་ལ་དགོད།། བདེ་ཐོད་གཙོ་མོའི་ནམ་མཁའ་ནི།། སེར་དང་དཀར་དང་སྔོ་དང་དམར།། གནག་དང་སེར་པོའི་འོད་དང་ལྡན།། བདེ་འགྲོ་མ་ཡི་ནམ་མཁའ་འོ། ། ནུབ་བྱང་ཅོག་ལ་དགོད་པའོ།། དཀར་དང་སྔོ་དང་དམར་སེར།། ནག་པོ་དཀར་པོའི་འོད་དང་ལྡན།། ཐོད་འཕྲེང་མ་ཡི་ནམ་མཁའ་འོ།། ཤར་ལྷོའི་ཅོག་ལ་དགོད་པར་བྱའོ།། དམར་དང་སྔོ་དང་སེར་དང་གནག། དཀར་པོ་སྔོན་པོའི་འོད་དང་ལྡན།། བཀྲག་གི་རྒྱལ་མོའི་ནམ་མཁའ་འོ།། ལྷོ་ནུབ་ཅོག་ལ་དགོད་པར་བྱ།། ཁ་ལེ་གཙོ་མོའི་ནམ་མཁའ་ནི།། སྔོ་དང་དཀར་དང་དམར་དང་སེར།། ནག་པོས་མཐའ་མ་བྲན་ནས་སུ། ། དེ་ཡི་ཕྱི་ནི་སྔོན་པོས་བྲན།། བྱང་ནུབ་ཅོག་ལ་དགོད་པར་བྱའོ།། ཆེ་མཆོག་གཙོ་བོའི་ནམ་མཁའ་གང།། དུས་འདིར་བདག་ལ་བཤད་དུ་གསོལ།། དེ་སྐད་གསོལ་པ་བཀའ་སྣང་བ།། རྡོ་རྗེ་རིས་སུ་བསྐོར་ནས་ནི། ། གནག་དང་དཀར་དང་སྔོན་པོ་དང།། དམར་སེར་ནག་པོའི་འོད་དང་བཅས།། སྐུ་སྟོད་རིགས་ལྔའི་སངས་རྒྱས་གཙོ།། སྐུ་སྨད་འབྱུང་བའི་རྒྱལ་མོ་ལྔ།། རྐེད་པ་ཁྲོ་མོ་རྣམ་ཞལ་མ།། མཁའ་བཞི་བདེ་ཀློང་སྟེང་དུ་དགོད། ། འདི་དག་ནམ་མཁའི་བྲི་ཐབས་ཏེ།། འཁྲུལ་པ་མེད་པར་ཡང་དག་ལྡན།། དེ་དག་རིན་ཆེན་བང་བ་རིས།། དེ་དག་སྲིད་པའི་རྒྱ་མདུད་རིས།། མཁའ་དང་ཀློང་གི་ཆོས་ཉིད་ཅན།། བཅཱ་བརྒྱད་སྟེང་འོག་ཁམས་སུ་སྣང། ། ཆེ་མཆོག་གཙོ་བོའི་དཀྱིལ་འཁོར་རོ།། མཁའ་འགྲོ་མ་བཀྲག་གསལ་འབར་མའི་རྒྱུད་ལས།། གཞལ་ཡས་ཁང་དཀྱིལ་འཁོར་གྱི་ལེའུ་སྟེ་གཉིས་པའོ།།།། དེ་ནས་གསང་པའི་བདག་པོས་ཡང་གསོལ་པ། ། རིགས་བཞི་ཕྱོགས་ཀྱི་ནམ་མཁའ་གང།། མཚམས་ཀྱི་བློན་མོའི་ནམ་མཁའ་གང།། ཉེ་བར་བདག་ལ་བཤད་དུ་གསོལ།། གནོད་འདུལ་ལྷ་ཡིས་བཀའ་སྩལ་བ།། རིགས་བཞི་ཉོན་ཅིག་གཡུང་དྲུང་ཡང་དག་པ། ། ཕྱོགས་མཚམས་ནམ་མཁའ་ངས་བཤད་ཀྱིས།། ལེགས་པར་ཉོན་ཅིང་ཡིད་ལ་ཟུང།། དཀར་མོ་ཟང་ཡག་བྲིས་པ་ནི།། རྡོ་རྗེ་རིགས་ཀྱི་ནམ་མཁའ་སྟེ།། ལུས་ངག་ཡིད་གསུམ་སུམ་བརྩེགས་གསུམ། ། ཁམས་གསུམ་བརྩེགས་མར་བྱུང་བའོ།། རི་རབ་ཤར་གྱི་བང་རིམ་ལའོ།། རིམ་པ་བཞིན་དུ་དགོད་པར་བྱའོ།། སྔོན་མོ་ཟང་མར་བྲིས་པ་ནི།། རིན་ཆེན་རིགས་ཀྱི་བློན་མོ་སྟེ།། ལྷོ་ཕྱོགས་བང་རིམ་སུམ་བརྩེགས་ལ། ། རིམ་པ་བཞིན་དུ་དགོད་པར་བྱ།། དམར་མོ་ཟང་མར་བྲིས་པ་གསུམ།། པདྨ་རིགས་ཀྱི་བློན་མོ་སྟེ།། ནུབ་ཕྱོགས་བང་རིམ་སུམ་བརྩེགས་ལ།། རིམ་པ་བཞིན་དུ་དགོད་པར་བྱ།། སེར་པོ་ཟང་མར་བྲིས་པ་གསུམ། ། ལས་ཀྱི་རིགས་ཀྱི་བློན་མོ་སྟེ།། བྱང་ཕྱོགས་བང་རིམ་སུམ་བརྩེགས་ལ།། རིམ་པ་བཞིན་དུ་དགོད་པར་བྱ།། ནག་པོ་ཟང་མར་བྲིས་པ་གསུམ།། དེ་བཞིན་རིགས་ཀྱི་ནམ་མཁའ་སྟེ།། དབུས་ཀྱི་རི་རབ་ཅོག་ལ་དགོད། ། རེའུ་ཟང་མར་བྲིས་པ་ནི།། དབུགས་ཀྱི་རྒྱལ་མོའི་ནམ་མཁའ་སྟེ།། ཤར་ལྷོའི་ཅོག་ལ་དགོད་པར་བྱ།། དྲེའུ་ཟང་མར་བྲིས་པ་ནི།། སྲིད་པའི་རྒྱལ་མོའི་ནམ་མཁའ་སྟེ།། ལྷོ་ནུབ་ཅོག་ལ་དགོད་པར་བྱ། ། ཁྲེའུ་ཟང་མར་བྲིས་པ་ནི།། བཀྲག་གི་རྒྱལ་མོའི་ནམ་མཁའ་སྟེ།། ནུབ་བྱང་བང་རིམ་སུམ་བརྩེགས་ལ།། རིམ་པ་བཞིན་དུ་དགོད་པར་བྱ།། མཁའ་འགྲོ་མ་བཀྲག་གསལ་འབར་མའི་རྒྱུད་ལས། ། ཕྱོགས་མཚམས་བློན་མོའི་ལེའུ་སྟེ་གསུམ་པའོ།།།། དེ་ནས་ཡང་གསང་བའི་བདག་པོས་ཞུས་པ།། མཚམས་ཀྱི་བྲན་མོའི་ནམ་མཁའ་གང།། དུས་འདིར་བདག་ལ་བཤད་དུ་གསོལ།། ཉོན་ཅིག་གཡུང་དྲུང་ཡང་དག་པ། ། མཚམས་ཀྱི་བྲན་མོའི་ནམ་མཁའ་ནི།། དཀར་མོའི་ཕོ་བྲང་སྔོན་པོས་བྱ།། ཤར་ལྷོ་མཚམས་ཀྱི་ནམ་མཁའ་སྟེ།། ཤར་ལྷོའི་མེ་རི་དམར་པོར་དགོད།། ན་བཟའ་གོས་དང་རྒྱན་དུ་བྱས།། སྔོན་པོའི་ཕོ་བྲང་ནག་པོས་བརྒྱན། ། ལྷོ་ནུབ་མཚམས་ཀྱི་ནམ་མཁའ་ནི།། ལྷོ་ནུབ་བང་རིམ་དང་པོ་ལའོ།། ན་བཟའ་གོས་དང་རྒྱན་དུ་བྱས།། མཁའ་འགྲོ་མ་བཀྲག་གསལ་འབར་མའི་རྒྱུད་ལས།། མཚམས་ཀྱི་བྲན་མོའི་ལེའུ་སྟེ་བཞི་པའོ། །།། དེ་ནས་གསང་བའི་བདག་པོས་ཡང་ཞུས་པ།། བཅུ་བཞི་རྗེ་མོའི་ནམ་མཁའ་གང།། ངེས་པར་བདག་ལ་བཤད་དུ་གསོལ།། དེ་སྐད་གསུངས་པ་གསན་ནས་ཀྱང།། གནོད་འདུལ་ལྷ་ཡིས་བཀའ་སྩལ་པ། ། ཉོན་ཅིག་གཡུང་དྲུང་ཡང་དག་པ།། བཅུ་བཞི་རྗེ་མོ་ངས་བཤད་ཀྱིས།། ལེགས་པར་ཉོན་ལ་ཡིད་ལ་ཟུང།། དཀར་པོའི་ཕོ་བྲང་ནག་པོས་བརྒྱན།། སེར་པོ་དཀར་པོ་སྔོན་པོས་བརྒྱན།། ཉི་མ་ཁྲོས་པའི་ཞལ་ཡིན་ཏེ། ། རི་རབ་ཤར་གྱི་ཅོག་ལ་དགོད།། སྔོན་པོའི་ཕོ་བྲང་ནག་པོས་བརྒྱན།། དམར་དང་སེར་དང་དཀར་པོས་བསྐོར།། པདྨ་ཁྲོས་པའི་ཞལ་ཡིན་ཏེ།། རི་རབ་ལྷོ་ཡི་ཅིག་ལ་དགོད།། དམར་པོའི་ཕོ་བྲང་ནག་པོས་བསྐོར། ། བདུད་རྩི་ཁྲོས་པའི་ཞལ་ཡིན་ཏེ།། རི་རབ་ནུབ་ཀྱི་ཅོག་ལ་དགོད།། སེར་པོའི་ཕོ་བྲང་ནག་པོས་བརྒྱན།། དཀར་དང་སྔོ་དང་དམར་པོས་བསྐོར།། ཐར་པའི་ལམ་སྟོན་ནམ་མཁའ་སྟེ།། རི་རབ་བྱང་གི་ཅོག་ལ་དགོད། ། དཀར་པོའི་ཕོ་བྲང་སྔོན་པོས་བརྒྱན།། ནག་པོ་དམར་པོ་སེར་པོས་བསྐོར།། རྒྱན་གྱི་རྒྱལ་མོའི་ནམ་མཁའི་སྟེ།། རི་རབ་བང་རིམ་དང་པོའི་ཤར་ལའོ།། སྔོན་པོའི་ཕོ་བྲང་དམར་པོས་བརྒྱན།། ནག་པོ་སེར་པོ་དཀར་པོས་བསྐོར། ། དབྱིངས་ཕྱུག་མ་ཡི་ནམ་མཁའ་སྟེ།། བང་རིམ་དང་པོའི་ལྷོ་ནུབ་ལའོ།། དམར་པོའི་ཕོ་བྲང་སེར་པོས་བརྒྱན།། གནག་དང་དཀར་དག་སྔོན་པོས་བསྐོར།། བདག་ཉིད་མ་ཡིན་ནམ་མཁའ་སྟེ། ། བང་རིམ་དང་པོའི་ནུབ་ལའོ།། སེར་པོའི་ཕོ་བྲང་དཀར་པོས་བརྒྱན།། ནག་པོ་སྔོན་པོ་དམར་པོས་བརྒྱན།། གཅིག་པུ་མ་ཡི་ནམ་མཁའ་སྟེ།། བང་རིམ་དང་པོའི་བྱང་ལའོ།། དཀར་པོའི་ཕོ་བྲང་སྔོན་པོས་བརྒྱན། ། དཀར་མོ་མིག་གཅིག་མའི་ནམ་མཁའ་སྟེ། བང་རིམ་དང་པོའི་ཤར་ཕྱོགས་ལའོ།། དམར་པོའི་ཕོ་བྲང་སྔོན་པོའི་བརྒྱན།། སེར་དངགནག་དང་དཀར་པོས་བསྐོར།། ནག་མོ་རལ་གཅིག་ནམ་མཁའ་སྟེ།། བང་རིམ་དང་པོའི་ལྷོ་ཕྱོགས་ལའོ། ། དམར་པོའི་ཕོ་བྲང་སེར་པོས་བརྒྱན།། དཀར་པོ་ནག་པོ་སྔོན་པོས་བསྐོར།། དབང་སྒྱུར་མ་ཡི་ནམ་མཁའ་སྟེ།། བང་རིམ་དང་པོའི་ནུབ་ལའོ།། སེར་པོ་དཀར་པོ་སྔོན་པོ་དང། ། ནག་པོ་དམར་པོས་བསྐོར་བ་ནི།། སེར་མོ་ལས་མཁན་ནམ་མཁའ་སྟེ།། བང་རིམ་དང་པོའི་བྱང་ལའོ།། རྗེ་མོ་རྣམས་ཀྱང་ཞལ་དུ་དགོད།། མཁའ་འགྲོ་མ་བཀྲག་གསལ་འབར་མའི་རྒྱུད་ལས།། རྗེ་མོ་བཅུ་བཞིའི་ནམ་མཁའི་ལེའུ་སྟེ་ལྔ་པའོ། ། དེ་ནས་གསང་བའི་བདག་པོས་འདི་སྐད་གསུངས་སོ།། བར་གྱི་མ་གསུམ་ནམ་མཁའ་གག།། ལེགས་པར་བདག་ལ་བཤད་དུ་གསོལ།། དེ་སྐད་གསོལ་བའི་ཚིག་གསན་ནས། ། གཡུང་དྲུང་ལྷ་ཡིས་བཀའ་སྩལ་པ།། ཉོན་ཅིག་གཡུང་དྲུང་ཡང་དག་པ།། ལེགས་པར་ཉོན་ལ་ཡིད་ལ་ཟུང།། དཀར་མོ་བརྒྱན་གྱི་ནམ་མཁའ་ནི།། དཀར་པོའི་ཕོ་བྲང་སེར་པོས་བྱས།། དཀར་མོ་མདངས་དང་ལྡན་པ་ལ། ། སེར་པོ་གོ་ཅོག་ཡང་བས་བསྐོར།། ཤར་ལྷོ་མཚམས་སུ་ཡང་དག་ལྡན།། དམར་པོ་མདངས་ལྡན་སྔོན་པོས་བརྒྱན།། དམར་པོ་འོད་དང་བཅས་པ་ནི།། སྨུག་ཏིག་རྒྱལ་མོའི་ནམ་མཁའ་སྟེ།། ལྷོ་ནུབ་མཚམས་སུ་ཡང་དག་ལྡན། ། ནག་མོ་བཟུར་བཞི་བྲིས་པ་ནི།། རེ་མ་ཏི་ཡི་ནམ་མཁའ་སྟ།། བྱང་ཤར་མཚམས་སུ་ཡང་དག་ལྡན།། བར་གྱི་ནམ་མཁའ་ཞེས་པ་ཡོལ།། སྲོག་དབུགས་ནམ་མཁའ་ཞེས་པ་བདག་མོ་ཆེན་མོ་གསུམ། ། རྣལ་འབྱོར་ཀུན་གྱི་སྙིང་ཉེ་མ།། དམ་ཚིག་ཉམས་པ་སྒྲོལ་མཛད་མ།། ཉེས་ལེགས་ཀུན་གྱི་ལྟང་འཛིན་མོ།། མཁའ་འགྲོ་མ་བཀྲག་གསལ་འབར་མའི་རྒྱུད་ལས། བར་གྱི་མ་གསུམ་གྱི་ལེའུ་སྟེ་དྲུག་པའོ། །།། དེ་ནས་གསང་པའི་བདག་པོས་གསོལ་པ།། སྲིད་པའི་སྨན་མོའི་ནམ་མཁའ་གང།། ངེས་པར་བདག་ལ་བསྟན་དུ་གསོལ།། དེ་སྐད་གསུངས་པའི་དོན་གསན་ནས།། གནོད་འདུལ་ལྷ་ཡིས་བཀའ་སྩལ་པ། ། ཉོན་ཅིག་གཡུང་དྲུང་ཡང་དག་པ།། ལེགས་པར་བཤད་ཀྱིས་ཡིད་ལ་ཟུང།། དཀར་དང་གནག་དང་སྔོ་དང་དམར།། སེར་པོ་ནག་པོས་བསྐོར་བ་ནི།། ཆགས་བྱེད་མ་ཡི་ནམ་མཁའ་སྟེ།། བང་རིམ་ཐ་མའི་ཤར་ཕྱོགས་ལའོ། ། ནག་པོ་དཀར་པོ་སྔོན་པོས་བརྒྱན།། དམར་སེར་ནག་པོས་བསྐོར་བ་ནི།། ཆ་སྙོམས་མ་ཡི་ནམ་མཁའ་སྟེ།། ཤར་གྱི་ཕྱོགས་སུ་ཡང་དག་དགོད།། དཀར་དང་སྔོ་དང་དམར་དང་སེར།། ནག་པོ་དཀར་པོ་མདངས་མངའ་བ། ཡོན་ཏན་དྲུག་དང་ལྡན་པ་ནི།། ཨེ་ཀ་ཛ་ཏིའི་ནམ་མཁའི་སྟེ།། ཤར་ལྷོ་མཚམས་སུ་ཡང་དག་ལྡན།། ནག་མོའི་ནམ་མཁའ་རྣམ་པ་བདུན།། སྲིན་པོ་བདུན་གྱི་ནམ་མཁའ་སྟེ།། བྱང་ཤར་མཚམས་ནས་ལྷོ་ཕྱོགས་སུ། ། བང་རིམ་བཞིན་དུ་འཁོར་བར་དགོད།། ནག་མོ་དུང་མིག་ནམ་མཁའ་སྟེ།། ཧ་ཏིང་དཀར་མོའི་ནམ་མཁའ་སྟེ།། ནག་མོ་གཡུ་མིག་ནམ་མཁའ་ནི།། དུན་ཏིང་ནག་མོའི་ནམ་མཁའ་ཡིན། ། ནག་མོ་ཟངས་མིག་ནམ་མཁའ་ནི།། གྲུབ་ཏིང་སེར་མོའི་ནམ་མཁའ་ཡིན།། བང་རིམ་བར་མའི་མཚམས་ལའོ།། དམར་པོ་གཡུ་མིག་ནམ་མཁའ་ནི།། པདྨ་འཕྲེང་གི་ནམ་མཁའ་འོ།། ནུབ་བྱང་བང་རིམ་ཐ་མ་ལའོ། ། དཀར་མོ་གསེར་མིག་ནམ་མཁའ་ནི།། གླིང་བཞི་སྤྱིའགྲོའི་ནམ་མཁའ་སྟེ།། བང་རིམ་ཐ་མའི་བྱང་ཤར་ལའོ།། སྔོན་མོ་ཟངས་མིག་ནམ་མཁའ་ནི།། མདོག་བཟང་སྔོན་མོའི་ནམ་མཁའ་ཡིན། ། བང་རིམ་ཐ་མའི་ལྷོ་ནུབ་ལའོ།། མ་མོ་དམག་དཔོན་རྒྱལ་མོ་བཞི།། ནག་པོ་མདངས་མར་བྱས་པ་ནི།། དུང་གཡུ་མཚོ་དང་གསེར་དང་ལྔ།། དམག་དཔོན་རྒྱལ་མོའི་ནམ་མཁའ་སྟེ།། ཕྱོགས་བཞིའི་སྟོད་ལ་ཡང་དག་ལྡན། ། ནག་མོ་མཐའ་བསྒྱུར་རྣམ་པ་བཞི།། དཀར་མཐའ་མཛེས་པ་ལྷ་ཡི་སྲིང།། སྔོ་མཐའ་མཛེས་པ་གཤིན་རྗེའི་སྲིང།། དམར་མཐའ་མཛེས་པ་གཤིན་རྗེའི་སྲིང།། སེར་མཐའ་མཛེས་པ་གནོད་སྤྱིན་སྲིང། ། ཡང་ན་ཟ་བ་རྣམ་པ་བཞི།། ཕྱོགས་བཞི་ལ་ནི་དགོད་པར་བྱའོ།། སྲིད་པའི་སྨིན་མོའི་ནམ་མཁའ་འོ།། མཁའ་འགྲོ་མ་བཀྲག་གསལ་འབར་མི་རྒྱུད་ལས།། སྲིད་པའི་སྨོན་མོའི་ནམ་མཁའི་ལེའུ་སྟེ་བདུན་པའོ། །།། དེ་ནས་ཡང་གསང་པའི་བདག་བོས་གསོལ་པ།། སྲིད་པའི་སྨན་མོའི་གནས་ལུགས་གང།། ལེགས་པར་བདག་ལ་བཤད་དུ་གསོལ།། དེ་སྐད་གསོལ་བའི་དོན་གོ་ནས།། དཔལ་ཆེན་འཁོར་ཚོགས་བཀའ་སྩལ་པ། ། ལེགས་པར་ཉོན་ལ་ཡིད་ལ་ཟུང།། སྲིད་པའི་སྨན་མོའི་ནམ་མཁའ་ནི།། དཀར་མོ་ལ་སོགས་རྣམ་པ་བདུན།། ཞི་བ་ལས་ཀྱི་གཙོ་མོ་སྟེ།། དཀར་མོ་དྲུག་དང་ཟངས་མིག་གཅིག། དེ་ལྟར་བདུན་ནི་ཤར་དུ་དགོད། ། སྔོན་པོ་ལ་སོགས་རྣམ་བདུན་བྱ།། རྒྱས་པ་ལས་ཀྱི་གཙོ་མོ་སྟེ།། སྔོན་མོ་བདུན་དང་ཟངས་མིག་གཅིག། དེ་ལྟར་བདུན་ནི་ལྷོ་རུའོ།། དམར་མོ་ལ་སོགས་རྣམ་པ་བདུན།། དབང་གི་ལས་ཀྱི་མ་མོ་སྟེ། ། དམར་མོ་དྲུག་དང་དུང་མིག་གཅིག། དེ་ལྟར་བདུན་ནི་ནུབ་ཏུའོ།། སེར་པོ་ལ་སོགས་རྣམ་པ་བདུན།། དྲག་པོ་ལས་ཀྱི་མ་མོ་སྟེ།། སེར་མོ་དྲུག་དང་གཡུ་མིག་གཅིག། དེ་ལྟར་བདུན་ནི་བྱང་དུ་དགོད།། མཁའ་འགྲོ་མ་བཀྲག་གསལ་འབར་མའི་རྒྱུད་ལས། ། དབང་ཕྱུག་ཉི་ཤུ་རྩ་བརྒྱད་ཀྱི་ནམ་མཁའི་ལེའུ་སྟེ་བརྒྱད་པའོ།། དེ་ནས་ཡང་གསང་བའི་བདག་པོས་གསོལ་བ།། འབྲོག་སྨན་དང་ཡུལ་ས་དང།། ཀླུ་དང་སྲིན་མོ་ལ་སོགས་པ། ། ཕུགས་བདག་འབྲོག་མོ་ལ་སོགས་པ་དང།། ལས་ལ་གྲུབ་པའི་མ་མོ་རྣམས།། སྐུ་མདོག་ལྟ་བུའི་ནམ་མཁའ་བྱའོ།། དཀོར་སྦྱིན་མོ་དང་ཕུགས་བདག་མོ།། ཁྲ་མོ་ཞུན་མ་རེ་འབྲི་རྣམས།། རིགས་མཐུན་ནམ་མཁའ་དོན་དང་སྦྱར། ། དེ་ཡི་དོན་རྣམས་བཤད་དུ་གསོལ།། དེ་སྐད་གསོལ་པའི་དོན་གོ་ནས།། གནོད་འདུལ་ལྷ་ཡིས་བཀའ་སྩལ་པ།། ཉིན་ཅིག་གཡུང་དྲུང་ཡང་དག་པ།། དེ་དོན་ཕྱེ་ལ་ངས་བཤད་ཀྱིས། ། ལེགས་པར་ཉོན་ལ་ཡིད་ལ་ཟུང།། སྐུ་མདོག་རིགས་དང་བསྟུན་ལ་བྱ།། དཀོར་བདག་མོ་ནི་ནག་མོར་བྱ།། ཁྲ་མོ་ཡུད་ཀྱིས་མཛེས་པར་བྲི།། ཕུག་བདག་མོ་ནི་སྔོ་ལ་གནག། འབྲི་བ་གཡུ་མིག་ལྟ་བུར་མཛེས། ། ནག་ཁྲ་མ་དང་སྔོ་ཁྲ་མ།། དཀར་ཁྲ་མ་དང་སེར་ཁྲ་མ།། དམར་ཁྲ་ལ་སོགས་ནག་མོ་རྣམས།། ཀླུ་གྲུབ་བཞི་དང་ལས་གྲུབ་བཞི།། དེ་རྣམས་ཀུན་ལ་འཇུག་པར་གསུངས།། དགོས་པ་ལྟར་ནི་དོན་དང་སྦྱར། ། རེའུ་ཟངས་མིག་བྱང་འབྲོག་ལ།། འབྲིའུ་གཡུ་མིག་ལྷོ་འབྲོག་ལ།། རེ་འབྲི་ཟངས་མ་ཕུགས་བདག་ལ།། ར་བལ་རྩིད་པ་བྱང་འབྲོག་ལ།། ཁྲེའུ་ཟུངས་མིག་ཀླུ་སྲིན་ལ།། སྔོན་མོ་ཞུན་ལ་ཕུགས་བདག་ལ། ། དཀར་མོ་ཞུན་མ་སྐོར་སྤྱིན་ལ།། དཀར་མོ་གཡུ་མིག་ཀླུ་བདུད་ལ།། འཇིག་རྟེན་མ་མོ་འོ་ནམ་མཁའ་རྣམས།། དེ་ལྟར་འཁྲུལ་པ་མེད་པར་བྱ།། མཁའ་འགྲོ་མ་བཀྲག་གསལ་འབར་མའི་རྒྱུ་ལས།། འཇིག་རྟེན་ལས་ཀྱི་མ་མོའི་ལེའུ་སྟེ་དགུ་པའོ། ། དེ་ནས་གསང་བའི་བདག་པོས་དོན་ཞུས་པ།། ཡེ་ཤེས་ལྔ་དང་འབྲེལ་པ་ཇི་ལྟར་ལགས།། ཕུང་པོ་ལྔ་དང་ཇི་ལྟར་འབྲེལ།། དངས་མ་ལྔ་དང་ཇི་ལྟར་འབྲེལ།། ལུས་ངག་ཡིད་དང་ཇི་ལྟར་འབྲེལ། ། སྐྱེ་མཆེད་ཡུལ་དང་ཇི་ལྟར་འབྲེལ།། ངེས་པར་བདག་ལ་བཤད་དུ་གསོལ།། གནོད་འདུལ་ལྷ་ཡིས་ཡང་གསོལ་པ།། གསང་པའི་བདག་པོས་ང་ལ་ཉོན།། འབྲེལ་པ་རྣམ་བདུན་ངས་བཤད་ཀྱིས། ། གཡོ་འགུལ་མེད་པའི་དད་པས་ཉོན།། དཀར་མ་དག་ལ་གསལ་བ་དེ།། མེ་ལོང་ལྟ་བུའི་ཡེ་ཤེས་སོ།། སྔོན་པོར་གསལ་བ་སྣ་ཚོགས་ཏེ།། མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། དམར་པོ་གདང་ལ་གཤེར་བ་དེ།། སོ་སོར་རྟོག་པའི་ཡེ་ཤེས་སོ། ། སེར་པོ་འཚེར་ལ་གསལ་བ་དེ།། བྱ་བ་གྲུབ་པའི་ཡེ་ཤེས་སོ།། མཐིང་ཁ་ཀུན་ལ་ཁྱབ་པ་སྟེ།། བརྟགས་ན་དངོས་པོ་རང་བཞིན་སྟོང།། སྟོང་པ་ཉིད་ཀྱི་ཡེ་ཤེས་སོ།། ཡེ་ཤེས་དུས་ན་བདག་ཉིད་གཅིག། དེ་ཕྱིར་བདག་ཉིད་གཅིག་པར་འབྲེལ།། འབྱུང་བ་འོད་དང་འབྲེལ་པ་ནི།། སྲ་ལ་མཁྲེགས་པ་གསལ་བའི་མདོག། དར་དཀར་ལྟ་བུར་ཤེས་བར་བྱ།། སྔོ་ལ་འཕྱུར་བ་མེ་ཡི་འོད།། དུ་བ་ལྟར་ནི་སེས་པར་བྱ། ། གཤེར་ལ་རླན་པ་ཆུ་ཡི་འོད།། ཁྲག་གི་དྭངས་མའི་ངོ་བོ་ལས།། ཡང་ཅིག་གཡོ་བ་རླུང་གི་འོད།། བཙོ་མ་གསེར་གྱི་འོད་དུ་གསལ།། མཐིང་ལ་གནག་པ་ནམ་མཁའི་འོད།། ཀུན་ལ་ཁྱབ་པར་ཤེས་པར་བྱ།། དེ་ལྟར་འབྱུང་བའི་འབྲེལ་པའོ། ། ཕུང་པོ་ལྔ་དང་འབྲེལ་བ་ནི།། ང་ཡི་རང་བཞིན་གཅིག་ཏུ་འདྲིལ།། དེ་ཕྱིར་གཟུགས་ཀྱི་ཕུང་པོར་གཅིག། རླུང་གི་རང་བཞིན་གཡོ་བར་བྱེད།། དེར་ཕྱིར་འདུ་བྱེད་ཕུང་པོར་གཅིག། ནམ་མཁའི་རང་བཞིན་རྣམ་པ་སྟོང་ལ་གསལ། ། དེ་ཕྱིར་རྣམ་ཤེས་ཕུང་པོར་འབྲེལ།། གནས་སྐབས་འདྲ་བའི་འབྲེལ་པའོ།། དངས་མ་ལྔ་དང་འབྲེལ་པ་ནི།། ས་ཡི་རང་བཞིན་དཀར་ལ་གདངས།། དེ་ཕྱིར་དཀར་པོའི་མདོག་ཏུ་བསྟན། ། མེ་ཡི་དྭངས་མ་སྔོ་ལ་འཕྱུར།། དེ་ཕྱིར་སྔོན་མོའི་མདོག་ཏུ་བསྟན།། ཆུ་ཡི་དྭངས་མ་གཤེར་ལ་བརླན།། ཐུགས་རྗེ་ཆགས་པ་དམར་པོར་བསྟན།། རླུང་གི་དྭངས་མ་གཡོ་བར་བྱེད།། དེ་ཕྱིར་དྲང་ལ་སེར་བའི་འོད། ། ནམ་མཁའི་དྭངས་མ་མཐིག་ལ་གནག། དེ་ཕྱིར་སྣ་ཚོགས་པ་ཡི་མདོག། ལས་དང་ཐུགས་རྗེ་འབྲེལ་པ་ཡིན།། ལུས་ངག་ཡིད་དང་འབྲེལ་བ་ནི།། གཟུགས་སུ་འབྱུང་བ་སྐུ་ཡི་ཚུལ།། སྒྲ་རུ་བྱུང་བ་གསུང་གི་ཚུལ། ། རྟོག་མེད་དྲན་པ་ཐུགས་ཀྱི་ཚུལ།། དེ་ཕྱིར་སྐུ་གསུང་ཐུགས་དང་འབྲེལ། དེ་ཕྱིར་ལུས་ངག་ཡིད་དང་འབྲེལ།། སྐྱེ་མཆེད་ཡུལ་དང་འབྲེལ་བ་ནི།། རྟེན་འབྲེལ་བཅུ་གཉིས་ཚུལ་དག་ཏུ། རི་རབ་གླིང་བཞི་འཁོར་བའོ། ། ཡུལ་དང་གཟུགས་སུ་སྣ་ཚོགས་སྣང།། སྣང་ལ་བཞི་ལ་གཡོས་པ་མེད།། དེ་ཕྱིར་སྣང་སྟོང་གཉིས་སུ་མེད།། བྱང་ཆུབ་སེམས་ཀྱི་དྭངས་མ་ལ།། མཐར་ཐུག་འབྲེལ་པ་ཡོད་ཅེས་གསུང། ། མཁའ་འགྲོ་མ་བཀྲག་གསལ་འབར་མའི་རྒྱུད་ལས།། འབྲེལ་བ་བདུན་གྱི་ལེའུ་སྟེ་བཅུ་པའོ།།།། དེ་ནས་གསང་པའི་བདག་པོ་ཡི།། ཀྲི་ཏ་དོན་དུ་བྱ་བའི་ཕྱིར།། དེ་ཡི་ཡོན་ཏན་ཇི་ལྟར་ལགས།། དེ་ཡི་སྐྱོན་བརྗོད་ཇི་ལྟར་ལགས། ། སྲིད་པ་རྒྱ་ཡིས་ཇི་ལྟར་གདབ།། ཞེན་ལོག་དགྲ་ལ་ཇི་ལྟར་དབྱུང།། རྐྱེན་བཟློག་ཟུག་པ་ཇི་ལྟར་དབྱུང།། སརྦ་རུ་པ་ཇི་ལྟར་བསྐང།། ལེགས་པར་བདག་ལ་བཤད་དུ་གསོལ།། དེ་སྐད་གསོལ་བ་གསན་ནས་ཀྱང། ། གནོད་འདུལ་རྡོ་རྗེ་སེམས་དཔའ་ལ།། སོགས་པའི་འཁོར་ལ་བཀའ་སྩལ་པ།། ལེགས་སོ་མཁའ་འགྲོ་དད་ཅན་ཉོན།། དེ་ཡི་ཡོན་ཏན་བསྟན་པ་ནི།། ཡེ་ཤེས་ལྔ་དང་ལྡན་པའི་ཕྱིར། ། ཚོན་སྣ་ལྔ་ཡང་བྲི་བར་བྱ།། འབྱུང་བ་ལྔ་དང་ལྡན་པའི་ཕྱིར།། ཁ་དོག་ལྔ་ཡང་བསྒྱུར་བར་བྱ།། དྭངས་མ་ལྔ་དང་ལྡན་པའི་ཕྱིར།། དར་ཚོན་ལྔ་ཡང་གདགས་པར་བྱ།། གསལ་བའི་ཡེ་ཤེས་མཚོན་པའི་ཕྱིར། ། མེ་ལོང་རེ་ཡང་གདག་པར་བྱ།། ཕུང་པོ་ལྔ་དང་ལྡན་པའི་ཕྱིར།། ཕྱོགས་བཞི་དབུས་དང་ལྔ་ལ་དགོད།། ལུས་ངག་ཡིད་གསུམ་འབྲེལ་བའི་ཕྱིར།། བང་རིམ་གསུམ་ལ་དགོད་པར་བྱ།། ཕུང་པོ་ཁམས་དང་འབྲེལ་པའི་ཕྱིར། ། བྱ་སྒྲོ་སྣ་ཚོགས་གདགས་པར་བྱ།། ཐུགས་རྗེ་ཡོངས་ལ་ཕན་པའི་ཕྱིར།། འཕན་རིངས་རེ་ཡང་གདགས་པར་བྱ།། འགྲོ་བ་ཡོངས་ལ་ཕན་པའི་ཕྱིར།། གདུགས་པུ་རེ་ཡང་གདགས་པར་བྱ།། ཡིད་བཞིན་ནོར་བུས་མཛེས་པའི་ཕྱིར། ། འཕང་ལོ་བཞི་ཡང་གདགས་པར་བྱ།། འཛམ་བུ་གླིང་བཞིར་གནས་པའི་ཕྱིར།། སྟོང་ལོ་རིས་སུ་རྣམ་པར་དགོད།། ཕྱི་ནང་མེད་པར་གསལ་པའི་ཕྱིར།། མིག་མངས་རིས་སུ་བྲིས་པ་ཡིན། ། ཡིད་བཞིན་ནོར་ལྟར་དབྱུང་བའི་ཕྱིར།། བང་བ་རིས་སུ་བྲིས་པ་ཡིན།། མཁའ་དགུ་ཀློང་དགུ་ལྡན་པའི་ཕྱིར།། རྒྱ་མདུད་རིས་སུ་བྲིས་པ་ཡིན།། སྣ་ཚོགས་འབྱུང་བཞི་འོད་འཕྲོས་པས།། མི་ལུས་གྲུ་བཞིར་ཡོད་པ་ཡིན། ། རི་རབ་གྲུ་བཞིར་ཡོད་པའི་ཕྱིར།། ནམ་མཁའ་གྲུ་བཞིར་ཡོད་པ་ཡིན།། ཕྱི་ནང་རིམ་པར་ཡོད་པའི་ཕྱིར།། ཚོན་སྣ་རིམ་པར་བསྐོར་བ་ཡིན། སྟེང་དང་འོག་དང་ཡོད་པའི་ཕྱིར།། གདན་དང་གུར་དུ་ཕུབ་པ་ཡིན། ། ཁམས་གསུམ་བརྩེགས་མར་ཡོད་པའི་ཕྱིར།། གཞལ་ཡས་བརྩེགས་མར་འབྱུང་བ་ཡིན།། འབྱུང་བ་རིམ་བརྩེགས་ཡོད་པའི་ཕྱིར།། བང་རིམ་བརྩེགས་མར་འབྱུང་བ་ཡིན།། ལུས་ངག་ཡིད་གསུམ་ལྡན་པའི་ཕྱིར། ། བང་རིམ་གསུམ་དུ་བྱུང་བ་ཡིན།། འཕྲིན་ལས་བཞི་དང་ལྡན་པའི་ཕྱིར།། འཛམ་བུ་གླིང་བཞིར་བཀོད་པ་ཡིན།། ལོ་སྐོར་བཅུ་གཉིས་ཡོད་པའི་ཕྱིར།། ཕྱོགས་མཚམས་བརྒྱད་དང་སྟེང་འོག་གཉིས། ། ཕྱི་དང་ནང་དུ་བསྟན་པ་ཡིན།། རྣམ་ཤེས་ཚོགས་བརྒྱད་ཡོད་པའི་ཕྱིར།། གླིང་དང་ཕྲན་དུ་བཀོད་པ་ཡིན།། ཟླ་བ་བཅུ་གཉིས་ཡོད་པའི་ཕྱིར།། གཅན་གཟན་བཅུ་གཉིས་རས་མ་གདགས།། ཞག་ནམ་སུམ་བརྒྱ་དྲུག་ཅུ་སྟེ། ། སྲོག་ཆགས་སུམ་བརྒྱ་དྲུག་ཅུའི་གླུད།། ནམ་ཟླ་དུས་བཞིར་ཡོད་པའི་ཕྱིར།། བཟང་རས་རྣམ་བཞིར་གདགས་པའོ།། རྐྱེན་དང་བློ་བུར་འབྱུང་པའི་ཕྱིར།། དྲང་དན་ཙམ་དུ་བསྟན་པ་ཡིན།། དེ་ལྟར་ཡོན་ཏན་བསམ་མི་ཁྱབ། ། མཁའ་འགྲོ་མ་བཀྲག་གསལ་འབར་མའི་རྒྱུད་ལས།། ཡོན་ཏན་བསྟན་པའི་ལེའུ་སྟེ་བཅུ་གཅིག་པའོ།།།། དེ་ཡི་སྐྱོན་རྣམས་བཀའ་སྩལ་པ།། ཚོན་ཞེས་བྱ་བ་མཚོན་པ་སྟེ།། ཚོན་སྣའི་དྲི་མ་བསམ་མི་ཁྱབ། ། སྤྱིར་ནི་ཚོན་སྣ་རྣམ་པ་ལྔ།། ཁ་དོག་མི་གསལ་དབང་པོ་འགག། མ་ཚང་པས་ནི་ནད་དུ་འགྱུར།། བྱེར་ཟུགས་མ་སྙོམས་མཐའ་འཁོབ་ཡུལ་དུ་སྐྱེ།། ཡོན་པོར་གྱུར་ན་བསོད་ནམས་འགྲིབ།། ནོར་པ་གྱུར་ན་ཉམས་པ་ཡིན། ། ཚད་དང་མི་ལྡན་དོན་ལ་ཉམས།། རྒྱལ་མོ་རྣམས་ནི་དོ་ཚད་དོ།། ཞལ་གྱི་དངོས་གྲུབ་ཐོབ་པའོ།། གདན་གུར་གཉིས་ནི་ཁྲུ་ཚད་དོ།། དཀྱིལ་འཁོར་ལྷ་ཡི་དངོས་གྲུབ་ཐོབ།། ཆེ་མཆོག་ཡབ་ཡུམ་མཐོ་གང་ཚད། ། ཐབས་དང་ཤེས་རབ་དངོས་གྲུབ་ཐོབ།། བློན་མོ་རྣམས་ནི་ཆག་གང་ཚད།། བློན་མོ་ཡོལ་གྱི་ཚད་དུ་བྱ།། ཕྱི་ནང་གསང་བའི་དངོས་གྲུབ་ཐོབ།། སྨན་མོ་རྣམས་ནི་སོར་བཞི་ལ།། ན་བཟའ་གོས་དང་རྒྱན་དུ་འབུལ། ། དབང་མོ་རྣམས་ནི་འཐེབ་ཚད་དོ།། འཕྲིན་ལས་བཞི་ཡི་ཚད་དུ་འབུལ།། རྒྱལ་མོ་རྐང་པའི་རྩེ་ཁྲུ་ཚད།། བློན་མོ་རྐང་པའི་ཆག་ཁྲུ་ཚད།། དབང་མོ་རྐང་པའི་མཐོ་གང་ཚད།། རི་རབ་ནམ་མཁའི་བརྩེགས་མ་ལ། ། ཆེ་ཆུང་སྐུ་ཡི་ཚད་དང་མཉམ།། དེ་དང་མི་མཉམ་ལོངས་སྤྱོད་འགྲིབ།། ནད་དང་སྡུག་བསྔལ་སྣ་ཚོགས་འབྱུང།། རྐྱེན་དང་བློ་བུར་ཡེ་འབྲོག་འབྱུང།། དེ་ལ་སོགས་པ་བརྗོད་མི་ལང།། མཁའ་འགྲོ་མ་བཀྲག་གསལ་འབར་མའི་རྒྱུད་ལས། ། སྐྱོན་བསྟན་པའི་ལེའུ་སྟེ་བཅུ་གཉིས་པའོ།།།། དེ་ནས་ཡང་སྲིད་པ་རྒྱས་འདེབས་བཀའ་སྩལ་པ།། དཀྱིལ་འཁོར་འདྲ་བ་ཆ་ལྔ་ལ།། གཙོ་མོ་ཁ་དོག་རིགས་ཀྱིས་བསྒྱུར། ། དཀྱིལ་འཁོར་ལྷ་ཡི་གནས་སུ་དགོད།། ཞག་གསུམ་བར་དུ་བསྙེན་པ་བྱ།། བསྐུལ་ཀྱང་སོ་སོའི་རིགས་སུ་བསྐུལ།། སྔགས་ཀྱང་སོ་སོའི་རིགས་སུ་བཟླས།། སྐོང་ཀྱང་དེ་དང་འདྲ་བར་གདབ། ། བསྒྲུབ་པ་ཐ་མ་བསྐང་པར་བྱ།། དཀྱིལ་འཁོར་ལྷ་ཡི་ནམ་མཁའ་རྣམས།། རི་རབ་གླིང་ལ་དགོད་པར་བྱ།། སྤྱན་དྲངས་བསྐུལ་རེ་བཏང་ནས་ཀྱང།། རི་རབ་དེ་ལ་གཟུགས་པར་བྱ།། ཐ་མ་རི་རབ་ཆ་ལྔར་བགོ། གཅིག་ནི་ཆུ་བོའི་གཞུང་ལ་བསྐྱོན།། གཅིག་ནི་དུར་ཁྲོད་གླིང་དུ་བསྐྱལ།། གཅིག་ནི་རི་རབ་རྩེ་ལ་བསྐྱལ།། གཅིག་ནི་ལམ་ཆེན་རྒྱ་གྲམ་སྲང།། གཅིག་ནི་ཆུ་མིག་འཆད་པ་ལ།། གང་རུང་དེ་ལ་བསྐྱལ་བར་བྱ། ། དེ་ལྟརབྱས་ལ་དངོས་གྲུབ་བླང།། མཁའ་འགྲོ་མ་བཀྲག་གསལ་འབར་མའི་རྒྱུད་ལས།། སྲིད་པའི་རྒྱས་འདེབས་ཀྱི་ལེའུ་སྟེ་བཅུ་གསུམ་པའོ།། དེ་ནས་ཡང་རྐྱེན་བཟློག་དབྱུང་བ་ནི།། རིགས་ཀྱི་ནད་ངོས་བཟུང་ནས་ཀྱང། ། རིགས་དང་མཐུན་པའི་སྐོས་བཏབ་ལ།། གང་གནོད་དེ་ལ་བསྐང་བཟློག་བྱ།། ཁྱད་པར་བརྒྱ་བཅུ་རྩ་བརྒྱད་མདོས།། གཙོ་མོ་གང་གནོད་དེ་ཡིས་བྱ།། མཁའ་འགྲོ་མ་བཀྲག་གསལ་འབར་མའི་རྒྱུད་ལས། ། རྐྱེན་བཟློག་མདོས་ཀྱི་ལེའུ་སྟེ་བཅུ་བཞི་པའོ།།།། དེ་ནས་ཞེན་བཟློག་དགྲ་མདོས་བཀའ་སྩལ་པ།། ནམ་མཁའ་རེ་ལ་ངར་གླུད་རེ།། ཁ་དོག་རི་རབ་ལྟ་བུར་ཤེས།། རི་རབ་གླིང་ལ་བཀོད་བྱས་ལ། ། བསྙེན་པའི་རིང་ཐུང་ལྕོགས་ཚད་བྱ།། ཁྲམ་ཤིང་རྒྱང་བུ་བསྐུར་བར་བྱ།། བསྐུལ་རེ་བཏང་ལ་ཐུན་རེ་བརྡེག། ཆུ་བོ་ཆེན་པོའི་གཞུང་ལ་བསྐྱལ།། ཤ་ཁྲག་སྣ་ཚོགས་འབྱོར་ཚད་དང།། ཐུན་དགུ་སྨོད་དགུ་ཟོར་དང་བཅས། ། གང་དམིགས་དེ་ལ་འཕང་བར་བྱ།། མཁའ་འགྲོ་མ་བཀྲག་གསལ་འབར་མའི་རྒྱུད་ལས།། ཞེན་བཟློག་དགྲ་མདོས་ཀྱི་ལེའུ་སྟེ་བཅཱ་ལྔ་པའོ།། དེ་ནས་སརྦ་རུ་པས་བསྐག་པ་ནི།། རུ་དཔོན་བཞི་དང་དེད་དཔོན་བཞི། ། རྒྱལ་མཚན་བཞི་དང་བ་དན་བཞི།། དར་ཆེན་བཞི་དང་ཡས་ཐགས་བཞི།། ཕྱག་བརྙན་བཞི་དང་ཕོ་ཉ་བཞི།། ལས་བྱེད་བཞི་དང་ཡང་གཡོག་རེ།། དེ་ལྟར་བྱས་ལ་སློབ་དཔོན་གསུམ།། ཚེ་དང་དཔག་དང་སྔགས་མཁན་གསུམ། ། རིམ་པ་བཞིན་དུ་འཕྲིན་ལས་བྱ།། གོས་གསུམ་ལུས་ལ་གོན་ནས་ཀྱང།། རང་གི་འདུག་སྔགས་ཏིང་ངེ་འཛིན་གྱིས།། སྣང་སྲིད་མ་མོ་བསྐང་བར་བྱ།། འཕྲིན་ལས་རྣམ་བཞིའི་སྐོས་ཀྱང་གདབ། ། རྒྱལ་མོ་བཞི་ནི་རིགས་ནས་གདབ།། བློན་མོ་བཞི་ནི་རིགས་ནས་གདབ།། ཕྱག་བརྙན་རྣམས་ནི་དཀྱུས་ལ་གདབ།། ཕོ་ཉ་རྣམས་ནི་རིམ་གྱིས་གདབ།། རུ་དཔོན་བཞི་ནི་བསྣར་ལ་གདབ།། དེད་དཔོན་བཞི་ནི་གསུམ་དུ་གདབ། ། དམག་དཔོན་བཞི་ཡི་ཐང་ལ་གདབ།། རྒྱལ་མོ་བཞི་ནི་ཞལ་དུ་གདབ།། བློན་མོ་བཞི་ནི་གསང་བར་ཤེས།། སྨན་མོ་རྣམས་ནི་རྒྱན་དུ་ཤེས།། བྲན་མོ་རྣམས་ནི་གླུད་དུ་ཤེས།། རྒྱལ་མོ་རྣམས་ནི་པཱུ་ཙེ་དབུལ། ། བློན་མོ་རྣམས་ནི་ཡོན་དུ་འབུལ། སྨན་མོ་རྣམས་ལ་གླུད་དུ་དབུལ།། བྲན་དང་ཡང་བྲན་ངར་གྱི་གླུད།། སྣང་སྲིན་མ་མོ་བསྐང་བར་བྱ།། ཞག་གསུམ་བར་དུ་བསྙེན་པ་བྱ།། ཚད་དང་ལྡན་པའི་ནད་མེད་ཀྱིས། ། དར་དཀར་ཐོགས་ལ་གླུད་དུ་འབུལ།། དེ་ཚེ་རྣལ་འབྱོར་དབང་གི་ཚོགས།། དེ་ལྟར་རི་རབ་སུམ་བརྩེགས་ལ།། ནམ་མཁའ་སྣ་ཚོགས་ཚངས་པར་གཟུགས།། མཁའ་འགྲོ་མ་བཀྲག་གསལ་འབར་མའི་རྒྱུད་ལས། ། སརྦ་རུ་པ་བྱ་ཐབས་ཀྱི་ལེའུ་སྟེ་བཅུ་དྲུག་པའོ།། དེ་ནས་རྡོ་རྗེ་སེམས་དཔའ་ཡིས།། གནོད་འདུལ་ལྷ་ལ་བཀའ་སྩལ་པ།། མ་མཐོང་སྨོས་པ་བསྟན་ཕྱིར་མཚོན།། ཁ་དོག་ལྷ་ཡི་ཡེ་ཤེས་ཏེ། ། འགྲོ་བ་འགྲོ་བའི་དོན་དུ་ཡང་དག་གསུངས།། འདི་ལ་སྨོས་ཅིང་འཚེ་བ་ལ།། དུས་འདིར་ནད་དང་ཁ་ཡོགས་འབྱུང།། ཕྱི་མ་རྡོ་རྗེ་དམྱལ་བར་ལྟུང།། འདི་ལ་དམ་པར་ལྟ་བ་རྣམས།། བདག་གཞན་དོན་གྱི་འགྲོ་བ་འདྲེན། ། ཚོགས་གཉིས་རྫོགས་པའི་སྐྱེས་བུ་དེས།། དད་ལྡན་འཁོར་ལ་ལེགས་པར་གདམས།། བཀའ་ཡི་གསང་རྒྱུད་དམ་པ་འདི།། བདག་གཞན་དོན་དུ་སྦྱད་པར་བྱ།། མཁའ་འགྲོ་མ་བཀྲག་གསལ་འབར་མའི་རྒྱུད་ལས། རྒྱུད་གཏད་པའི་ལེའུ་སྟེ་བཅུ་བདུན་པའོ།།།། དེ་ནས་གསང་བའི་བདག་པོ་ཡིས།། ཆེ་མཆོག་གཙོ་ལ་ཡང་ཞུས་པ།། དེ་ཡི་བསྐང་བཟློག་ཇི་ལྟར་ལགས།། དེ་ཡི་སྲོག་ཆགས་ཇི་ལྟར་ལགས།། དེ་ཡི་ཡོན་ཏན་ཇི་ལྟར་ལགས། ། དེ་ཡི་དགོས་ཆེད་ཇི་ལྟར་ལགས།། དེ་ལ་འདོད་ཡོན་ཇི་ལྟར་བསྐང།། ཡང་དག་རྫོགས་ཀྱིས་བཀའ་སྩལ་པ།། དེ་ཡི་བསྐང་བཟློག་ངས་བསྟན་གྱིས།། ལེགས་པར་ཉོན་ལ་ཡིད་ལ་ཟུང། ། དེ་ཡི་བསྐང་བཟློག་རྣམ་པར་དྲུག། རི་རབ་གླིང་དང་སྲོག་ཆགས་དང།། ནམ་མཁའ་རྒྱན་དང་འདོད་ཡོན་དང།། ཡོན་ཏན་བསོད་ནམས་རྣམ་པ་དྲུག། འདི་དག་བསྐང་བཟློག་རྩ་བར་གསུང།། ཡང་དག་རྫོགས་པས་བཀའ་སྩལ་བ། ། བཙལ་དང་བསྐང་དང་བསྔོ་བ་རྣམས།། ཡང་དག་ཉིད་དུ་ངས་བསྟན་ཉོན།། དང་པོ་གླུད་བཙལ་གང་ནས་བཙལ།། དང་པོ་གླུད་བྱུང་གང་ནས་བྱུང།། གླུད་ཀྱི་ཕ་ནི་གནམ་ཡང་ཡིན། ། གླུད་ཀྱི་མ་ནི་ས་ཡང་ཡིན།། དེ་གཉིས་འཚོས་དང་གནམ་གྱི་སྲས།། འབྱུང་པ་དྲོད་དང་རླན་དུ་བྱུང།། དེ་ལ་དྭངས་སྙིགས་གཉིས་སུ་བྱུང།། དེ་ལ་དངོས་པོའི་བཅུད་དུ་འདྲིལ།། འབྲུ་སྣ་ཉི་ཤུ་རྩ་གཅིག་ནི། ། སྲན་མ་དང་ནི་ནས་སྲན་དང།། སྲན་ཆུང་དང་ནི་ཏིལ་དཀར་དང།། ཏིལ་ནག་དག་ནི་ཡུངས་ཀར་དང།། གྲོ་དང་ཡུངས་ནག་བྲ་པོ་དང།། སོ་བ་དཀར་མོ་བཞིན་པ་ཟངས་དང།། རྒྱ་འབྲས་ཁྲེ་དང་ཇུ་རྩེ་དང། ། སོབ་ཏི་དང་ནི་ཟར་མ་དང།། འབྲས་དཀར་དང་ནི་རྒྱ་འཕྲ་དང།། ནས་དང་སྤྱ་འདའ་རམ་བུ་རྣམས།། དེ་ལྟར་ཉི་ཤུ་རྩ་གཅིག་ལས།། མུ་གེའི་ནད་ལས་ཐར་པའི་ཕྱིར།། འབྲུ་སྣ་ལོངས་སྤྱོད་ལྡན་བྱས་ལ། ། ལྟོགས་པའི་སྡུག་བསྔལ་བྲལ་བར་འགྱུར།། གསེར་དང་དངུལ་དང་ཟངས་དང་ལྕགས།། རིན་ཆེན་མན་ཤེལ་ལ་སོགས་ལྔ།། འཕོངས་པའི་སྡུག་བསྔལ་བྲལ་བྱའི་ཕྱིར།། རིན་ཆེན་རྣམ་ལྔ་བརྡར་པའི་ཕྱེ། ། མི་ཟད་གཏེར་དང་ལྡན་གྱུར་ཅིག། ཙན་དན་སྤོས་དང་ཨ་ཀ་རུ།། བོག་དང་གླ་རྩི་རྣམ་པ་ལྔ།། སྣ་ཚོགས་དྲི་དང་ལྡན་པའི་ཕྱིར།། ཡིད་འོངས་བསམ་པ་འགྲུབ་གྱུར་ཅིག། བྱིན་བརླབས་ཏིང་འཛིན་བྱས་པ་དང། ། གཞོན་ནུ་བུ་མོས་སྒྲུས་བྱས་པས།། ཕྱི་ནག་གསང་བ་གསུམ་གྱི་དོན།། ཁམས་གསུམ་དག་ཏུ་བསྒོས་ནས་ནི།། སུམ་ཆ་གཅིག་ལ་རི་རབ་གཟུགས།། རིགས་དང་མཐུན་པའི་ཁ་དོག་བྱུག། ཤར་ནི་དཀར་ལ་ལྷོ་ནི་སྔོ། ། ནུབ་ནི་དམར་ལ་བྱང་ནི་ལྗང།། དབུས་ནི་ཅིར་ཡང་འགྱུར་པ་ལ།། བང་རིམ་གསུམ་པར་ཡང་དག་ལྡན།། ཤར་ནི་དཀར་ལ་དུང་གི་མདོག། ཀང་ཀ་རི་ནི་དཀར་པོ་སྟེ། སྐྱོན་གྱིས་མ་གོས་རང་བཞིན་དག། དེ་ཡང་མི་འདིའི་གླད་དུ་འབུལ། ། འདི་ཡང་རྫ་ཡི་ཁབས་སུ་དྲོ།། བྷོ་ནི་སྔོན་པོའི་མདོག་དང་ལྡན།། བཻ་ཌཱུ་རྱ་ཡི་འོད་དུ་གསལ།། ཡོན་ཏན་འབྱུང་བ་དགོས་འདོད་འགྲུབ།། འདི་ཡང་མི་ཡི་གླུད་དུ་འབུལ།། འདི་ཡང་རྫ་ཡི་ཁབས་སུ་དྲོ། ། ནུབ་ནི་དམར་པོའི་མདོག་ཏུ་བསྟན།། རཱག་དམར་པོའི་འཇིག་རྟེན་ཏེ།། ཐུགས་རྗེས་ཆགས་པས་པདྨའི་མདོག། འདི་ཡང་མི་ཡི་གླུད་དུ་འབུལ།། འདི་ཡང་རྫ་ཡི་ཁབས་སུ་དྲོ།། བྱང་ནི་ལྗང་ཁུ་ཨིནྟྲ་ཏེ། ། པདྨ་ར་ག་བརྩེགས་པའི་མདོག། འཕྲིན་ལས་སྣ་ཚོགས་ལྷུན་གྱིས་གྲུབ།། འདི་ཡང་མི་ཡི་གླུད་དུ་འབུལ།། འདི་ཡང་རྫ་ཡི་ཁབས་སུ་དྲོ། དབུས་ནི་སྣ་ཚོགས་ཅི་ཡང་གསལ་ཀུན་ཁྱབ་ནམ་མཁའི་འོད་དུ་འཚེར། ། འགྱུར་བ་མེད་པ་ཆཽས་ཀྱི་དབྱིངས། འདི་ཡང་མི་ཡི་གླུད་དུ་འབུལ།། འདི་ཡང་རྫ་ཡི་ཞབས་སུ་དྲོ།། བང་རིམ་གསུམ་ནི་སྐུ་གསུང་ཐུགས།། ལུས་ངག་ཡིད་གསུམ་གླུད་དུ་འབུལ།། འདི་ཡང་མི་ཡི་གླུད་དུ་འབུལ། ། འདི་ཡང་རྫ་ཡི་ཁབས་སུ་དྲོ།། གསེར་གྱི་རི་བདུན་རོལ་མཚོ་བདུན།། ཡོན་ཏན་རི་དང་རྒྱ་མཚོར་ཆགས།། འདི་ཡང་མི་ཡི་གླུད་དུ་འབུལ།། འདི་ཡང་རྫ་ཡི་ཁབས་སུ་དྲོ།། དེ་ནས་འཛམ་བུ་གླིང་བཞིར་ཆགས། ། འཕྲིན་ལས་བཞི་ཡི་ཚུལ་དུ་རྒྱན།། སངས་རྒྱས་འཕྲིན་ལས་རྫོགས་ཕྱིར་དོན།། འདི་ཡང་མི་ཡི་གླུད་དུ་འབུལ།། འདི་ཡང་རྫ་ཡི་ཁབས་སུ་དྲོ།། མཐའ་མ་ལྕགས་རི་ནག་པོས་བསྐོར།། འདའ་བ་མེད་པའི་ཕྱག་རྒྱ་ལྡན། ། འདི་ཡང་མི་ཡི་གླུད་དུ་འབུལ།། འདི་ཡང་རྫ་ཡི་ཁབས་སུ་དྲོ།། དེ་ནས་ངར་ཕྱེ་ཆ་གཅིག་ལ།། གཅན་གཟན་རྒྱལ་པོ་སེང་གེ་དྲུག། བརྗིད་པའི་ཆ་ལུགས་ཁྱི་ཕོའི་ཚུགས།། དུང་གི་མཆེ་བ་ཐབས་སེ་ཐབ། ། བསེ་ཡི་སྣ་ཆ་རྒྱངས་སེ་རྒྱང།། གདུག་པའི་གྲ་བཟང་ལམ་སེ་ལམ།། རི་རབ་ཤར་གྱི་ཅོག་ལ་དགོད།། རྣམ་སྣང་གསལ་གྱི་རྫས་ཡིན་ཏེ།། རུས་ནད་ཐམས་ཅད་སེལ་བར་བྱེད།། འདི་ཡང་མི་ཡི་གླུད་དུ་འབུལ། ། འདི་ཡང་རྫ་ཡི་ཁབས་སུ་དྲོ།། དེ་ནས་ངར་ཕྱེ་ཆ་གཅིག་ལ།། ཅང་ཤེས་རྒྱལ་པོ་དུང་གི་གཟུགས།། ལྕགས་ཀྱི་རྨིག་བཞི་ཁྲབས་སེ་ཁྲབས།། ཟངས་ཀྱི་སྣ་ཆ་རྒྱངས་སེ་རྒྱང།། མཐིག་གི་རྔ་མ་ན་ར་ར། ། གསེར་གྱི་སྒ་གཏད་ཝངས་སེ་ཝང་ཁ་དོག་ཚོན་གྱིས་སོ་སོར་བསྒྱུར།། སྐྱེས་པ་དྲུག་ཀྱང་བསྐྱོན་བྱས་ཏེ།། སྟག་རལ་གཟིག་ཤུགས་བསེ་ཡི་ཕུ་བ།། ཅེས་པའི་ཆས་རྐྱེན་རྒྱན་དང་ལྡན།། འོད་གསལ་འབར་གྱི་རྫས་ཡིན་ཏེ། ། ཚ་བའི་ནད་རྣམས་སེལ་བར་བྱེད།། རི་རབ་ལྷོ་ཡི་ཅོག་ལ་དགོད།། འདི་ཡང་མི་ཡི་གླུད་དུ་འབུལ།། འདི་ཡང་རྫ་ཡི་ཁབས་སུ་དྲོ།། དེ་ནས་ངར་ཕྱེ་ཆ་གཅིག་ལ།། གླང་ཆེན་འཁྱིལ་པ་དག་གི་གཟུགས། ། གསེར་གྱི་ལུས་པོ་ཏལ་ལ་ལ།། ཟངས་ཀྱི་སྣ་ཆ་རྒྱངས་སེ་རྒྱང།། དུང་གི་མཆེ་བ་ཐབས་སེལ་ཐབ།། བསེ་ཡི་རྨིག་བརྒྱད་ཁྲབས་སེ་ཁྲབ།། མཐིང་གི་རྔ་མ་ན་ར་ར།། གསེར་གྱི་དྲིལ་བུ་ཁྲལ་ལ་ལ། འདོད་ཁམས་གཙོ་མོ་དྲུག་ཀྱང་བསྐྱོན། ། དར་དཀར་ལ་འུ་སྐུ་ལ་གསོལ།། དངུལ་གྱི་བལ་ཐག་ལག་ན་ཐོག། མཉེས་གསལ་འབར་གྱི་རྫས་ཡིན་ཏེ།། ཁྲག་ནད་ཐམས་ཅད་སེལ་བར་བྱེད།། རི་རབ་ནུབ་ཀྱི་ལོགས་ལ་དགོད། ། འདི་ཡང་མི་ཡི་གླུད་དུ་འབུལ།། འདི་ཡང་རྫ་ཡི་ཁབས་སུ་དྲོ།། དེ་ནས་ངར་ཕྱེ་ཆ་གཅིག་ལ།། སེམས་ཅན་རྒྱལ་པོ་ཤང་ཤང་དྲུག། མི་དང་བྱ་ཡི་ཆ་འཛིན་པ།། ཐོགས་མེད་རླུང་གི་ཤུགས་དང་ལྡན།། རྐང་ལག་མི་ལ་གཤོག་པ་བྱ། ། རི་རབ་བྱང་གི་ཅོག་ལ་དགོད།། རླུང་གི་ནད་རྣམས་སེལ་བར་བྱེད།། ཡང་གསལ་གཡོས་ཀྱི་རྫས་ཡིན་ཏེ།། འདི་ཡང་མི་ཡི་གླུད་དུ་འབུལ།། འདི་ཡང་རྫ་ཡི་ཁབས་སུ་དྲོ།། དེ་ནས་ངར་ཕྱེ་ཆ་གཅིག་ལ། ། འདབ་ཆགས་རྒྱལ་པོ་བྱ་ཁྱུང་གཟུགས།། གཤོག་པ་སྤུ་གྲི་ལྟ་བུ་ལ།། གཡུ་རུ་གནམ་དུ་ཟངས་སེ་ཟང།། གཤོག་རུ་ནམ་མཁའི་ཁམས་སུ་གཡོབ།། མཆུ་ཡིས་དུག་གསུམ་རྩད་ནས་གཅོད།། སྡེར་མོས་དུས་གསུམ་གྲུག་ལྟར་འཐུལ། ། བཀྲག་གསལ་འབར་མའི་རྫས་ཡིན་ཏེ།། རི་རབ་བུམ་པའི་དབུ་ལའོ།། འདི་ཡང་མི་ཡི་གླུད་དུ་འདུལ།། འདི་ཡང་རྫས་ཀྱི་ཁབས་སུ་བཟང།། དེ་ནས་ངར་ཕྱེ་ཆ་གཅིག་ལ།། གླང་ཆེན་ཁྱུ་བ་བཅུ་བཞི་ལ། ། སྣ་བུག་ལ་ནི་སྣལ་འཇུ་གསལ།། སྣ་ཐག་དེ་ནི་དར་གྱིས་བརྒྱན།། སྔ་རུ་གསེར་ལ་ཕྱི་རུ་གཡུ།། གོང་ཐག་གོང་སྨེད་དངུལ་ལས་བགྱིས།། ཡེ་ཤེས་རྗེ་མོ་བཅུ་བཞིའི་རྫས།། རི་རབ་བང་རིམ་པར་པ་ལ། ། འདི་ཡང་མི་ཡི་གླུད་དུ་འབུལ།། འདི་ཡང་རྫ་ཡི་ཁབས་སུ་དྲོ།། དེ་ནས་ངར་ཕྱེ་ཆ་གཅིག་ལ།། སྟོབས་བཟང་སྟག་གཟིག་བཅུ་བཞི་ལ།། དུང་གི་མཆེ་བ་ཐམས་སེ་ཐམ།། མུ་ཏིག་སྟག་གཟིག་ཝལ་ལ་ལ།། ཡེ་ཤེས་མཁའ་འགྲོ་བཅུ་བཞིའི་རྫས། ། རི་རབ་བང་རིམ་པར་མ་ལའོ།། འདི་ཡང་མི་ཡི་གླུད་དུ་འབུལ།། འདི་ཡས་རྫས་ཀྱི་ཁབས་སུ་དྲོ།། དེ་ནས་ངར་ཕྱེ་ཆ་གཅིག་ལ།། རྨ་བྱ་མདོངས་ལྡན་བཅུ་བཞི་དང།། འཇའ་ཚོན་གཤོག་པ་ལྷབས་སེ་ལྷབ། ། གཡུ་ཡི་སྡེར་མོ་ཤད་དེ་ཤད།། ཡེ་ཤེས་རྗེ་མོ་བཅུ་བཞིའི་རྫས།། རི་རབ་བང་རིམ་བར་པ་ལའོ།། འདི་ཡང་མི་ཡི་གླུད་དུ་འབུལ།། འདི་ཡང་རྫ་ཡི་ཁབས་སུ་དྲོ།། དེ་ནས་ངར་ཕྱེ་ཆ་གཅིག་ལ། ། ཁྱི་དཀར་གཟུགས་ནི་བཅུ་བཞི་ལ།། གསེར་གྱི་ཡང་མིག་སྐྱེ་རུ་བཏགས།། དར་གྱི་ལྟོང་ཐག་ན་ར་ར།། རི་རབ་བང་རིམ་པར་པ་ལའོ།། ཡེ་ཤེས་མཁའ་འགྲོ་བཅུ་བཞིའི་རྫས།། སྣ་ཚོགས་འདུས་པའི་ནད་ལ་ཕན། ། འདི་ཡང་མི་ཡི་གླུད་དུ་འབུལ།། འདི་ཡང་རྫ་ཡི་ཁབས་སུ་དྲོ།། དེ་ནས་ངར་ཕྱེ་ཆ་གཅིག་ལ།། མཐོ་སྲེ་ས་བདག་རྒྱལ་པོ་མན་ཆད་ནས།། དམའ་སྟེ་ནོར་བུ་ཆུ་ཆུན་ཡན་ཆད་དུ།། སྣ་ཚོགས་སེམས་ཅན་གཟུགས་སུ་བྱས། ། སྣང་སྲིད་སྨན་མོའི་རྫས་སུ་འབུལ།། རི་རབ་བང་རིམ་ཐ་མར་ལྡན།། འདི་ཡང་མི་ཡི་གླུད་དུ་འབུལ།། འདི་ཡང་རྫ་ཡི་ཁམས་སུ་དྲོ།། དགྲ་བཅོམ་གཟུགས་དང་རང་རྒྱལ་གཟུགས། ། ལྷ་དང་ལྷ་མིན་ཐང་བཟངས་རིས།། ཚངས་པ་བརྒྱ་བྱིན་འཁོར་དང་བཅས།། ཡི་དགས་དུད་འགྲོ་བྱོལ་སོང་དང།། རིགས་དྲུག་འགྲོ་བ་ཐམས་ཅད་ཀྱི།། གཟུགས་སུ་སྣ་ཚོགས་མ་ལུས་པ།། གཤིན་རྗེ་མེ་ཁྱེར་འཁོར་དང་བཅས། ། བྱོལ་སོང་གཅིག་ལ་གཅིག་ཟ་བ།། མུན་ནག་ཐིབས་པའི་ནང་ན་བཞུགས།། རང་རང་གཟུགས་ཀྱང་མི་མཐོང་སྟེ།། ཕྱོགས་དང་རིགས་མེད་ས་རུ་འགྲོ།། ཁྱུ་དང་སྡེ་མེད་ཕྲད་ཕྲད་ཟ་བར་བྱེད། ། བྱོལ་སོང་གླང་ཆེན་འཁོར་དང་བཅས།། སྲིད་པའི་སྨན་མོའི་རྫས་སུ་འབུལ།། ཚ་དམྱལ་བརྒྱད་དང་གྲང་དམྱལ་བརྒྱད།། ཉི་ཚེ་བ་དང་ཉི་འཁོར་བ།། དམྱལ་ཁམས་ཆེན་པོ་བཅཱ+ོ་བརྒྱད་དེ།། དམྱལ་པའི་འ་ཝ་གླང་མགོ་ཅན། ། སྲིད་པའི་སྨན་མོའི་རྫས་སུ་འབུལ།། འདི་ཡང་མི་ཡི་གླུད་དུ་འབུལ།། འདི་ཡང་རྫ་ཡི་ཁབས་སུ་དྲོ།། དེ་ནས་ངར་ཕྱེ་ཆ་གཅིག་ལ།། ངུར་པ་ངང་པ་སྐད་སྙན་དི་རི་རི།། གྱུ་སྲམ་མང་པོ་ཀུ་རུ་རུ།། སྤལ་ལྕོང་མང་པོ་རྩེ་རེ་རེ། ། བ་འབྲི་མང་པོ་རྩི་རི་རི།། གྲོག་སྦུར་སྲོག་ཆགས་ཤག་མ་ཤིག། རི་རབ་བང་རིམ་ཐ་མ་ལའོ།། སྲིད་པའི་སྨན་མོའི་རྫས་སུ་འབུལ།། འདི་ཡང་མི་ཡི་གླུད་དུ་འབུལ།། འདི་ཡང་རྫས་ཀྱི་ཁབས་སུ་དྲོ། ། དེ་ནས་ངར་ཕྱེ་ཆ་གཅིག་ལ།། ཤར་ཕྱོགས་ཤ་དང་རུས་པའི་གླུད།། དྲི་ཟའི་རྒྱལ་པོ་ཡུལ་འཁོར་སྲུང།། མི་དང་ཕྱུགས་ཟན་ཡན་ཆད་ཀྱང།། ཟླ་གམ་གླིང་དང་བཅས་ཏེ་འབུལ།། ལྷོ་ཕྱོགས་མ་དང་དྲོད་ཀྱི་གླུད། ། གཤིན་རྗེ་འཕགས་སྐྱེས་འཁོར་དང་བཅས།། མི་དང་ཕྱུགས་ཟན་ཡན་ཆད་ཀྱང།། སོག་ཀ་གླིང་དང་བཅས་ཏེ་འབུལ།། ནུབ་ཕྱོགས་ཁྲག་དང་ཆུ་ཡི་གླུད།། ཀླུ་དང་སྤྱན་མི་བཟང་པོ་འཁོར་དང་བཅས།། མི་དང་ཕྱུགས་ཟན་ཡན་ཆད་ཀྱང། ། ཟླུམ་པོ་དམར་པོའི་གླིང་དང་བཅས་ཏེ་འབུལ།། བྱང་ཕྱོགས་རླུང་དང་དབུགས་ཀྱི་གླུད།། གནོད་སྤྱིན་རྣམ་ཐོས་འཁོར་དང་བཅས།། མི་དང་ཕྱུགས་ཟན་ཡན་ཆད་ཀྱང།། སེར་པོ་གྲུ་བཞི་གླིང་དང་བཅས་ཏེ་འབུལ། ། ཟླ་བ་དེ་ནི་བཅུ་གཉིས་ནི།། གླིང་ཕྲན་དེ་ནི་བརྒྱད་དང་ནི།། ནག་པོ་རིགས་དང་བཅས་པ་འབུལ།། སྲིད་པའི་སྨན་མོ་རྫས་སུ་འབུལ།། འདི་ཡང་མི་ཡི་གླུད་དུ་འབུལ།། འདི་ཡང་རྫས་ཀྱི་ཁབས་སུ་དྲོ། ། མཁའ་འགྲོ་མ་བཀྲག་གསལ་འབར་མའི་རྒྱུད་ལས།། གླིང་བཞི་སྲོག་ཆགས་ཀྱི་ལེའུ་སྟེ་བཅཱ་བརྒྱད་པའོ།།།། གནོད་འདུལ་ལྷ་ཡིས་ཡང་གསོལ་པ།། ནམ་མཁའི་ཚཽན་གནས་བཀའ་སྩལ་པ། ། སྔོན་དམར་སྣ་ཚོགས་ནམ་མཁའ་ནི།། ཀྱེ་དང་པོ་ཚོན་བྱུང་གང་ནས་བྱུང།། དང་པོ་ཆེན་ཚོན་བཙལ་གང་ནས་བཙལ།། གནོད་འདུལ་རྡོ་རྗེ་སེམས་དཔའ་ཡིས།། ཕྱོགས་བཞི་དབུས་དང་ལྔ་རུ་བྱོན། ། ཁ་དོག་ལྔ་ལས་དཔེ་བླངས་ཏེ།། འབྱུང་བ་ལྔ་ཡི་བཅུད་དུ་བྱས།། རྫུ་འཕྲུལ་ཚོན་སྣ་རྣམ་པ་ལྔ།། ཡེ་ཤེས་འོད་ཀྱི་རི་མོར་བྲིས།། འབྱུང་བ་བཅུད་ཀྱི་དང་མར་བཞག། ཕུང་པོ་ལྔ་ཡི་གླུད་དུ་འབུལ།། ཚོན་བལ་དཀར་པོ་ཀུན་གཞི་སེམས་ཀྱི་གླུད། ། གླུད་ཀྱི་བལ་ཚོན་དཀར་པོ་འབུལ།། བྱུང་ཀྱང་འབྱུང་བ་ལྔ་ལ་བྱུང།། གཟུགས་ཀྱི་ཕུང་པོའི་གླུད་དུ་འབུལ།། བལ་ཚོན་སྔོན་པོ་ཚེ་དང་དྲོད་ཀྱི་གླུད།། གླུད་ཀྱི་བལ་ཚོན་སྔོན་པོ་འབུལ། ། འབུལ་ཀྱང་འབྱུང་བ་སེམས་ལ་འབུལ།། ཚོར་བའི་ཕུང་པོའི་གླུད་དུ་འབུལ།། བལ་ཚོན་དམར་པོ་ཤ་དང་ཁྲག་གི་གླུད།། འབུལ་ཀྱང་འབྱུང་བ་ཆུ་ལ་འབུལ།། འདུ་ཤེས་ཕུང་པོའི་གླུད་དུ་འབུལ།། བལ་ཚོན་སེར་པོ་འཁོར་བ་དབུགས་ཀྱི་གླུད། ། གླུད་ཀྱི་བལ་ཚོན་སེར་པོ་འབུལ།། འདུ་བྱེད་ཕུང་པོའི་གླུད་དུ་འབུལ།། བལ་ཚོན་ནག་པོ་བཀྲག་དང་མདངས་ཀྱི་གླུད།། གླུད་ཀྱི་བལ་ཚོན་ནག་པོ་འབུལ།། འབུལ་ཀྱང་འབྱུང་བ་ས་ལ་འབུལ། ། རྣམ་ཤེས་ཕུང་པོའི་གླུད་དུ་འབུལ།། འཇའ་ཚོན་རིས་སུ་བྲིས་པ་འདི།། དངས་མ་ལྔ་ཡི་གླུད་དུ་འབུལ།། རིམ་པ་ལྔ་རུ་བྲིས་པ་འདི།། ཡེ་ཤེས་ལྔ་ཡི་གླུད་དུ་འབུལ།། པ་ཏྲ་རིས་སུ་བྲིས་པ་འདི། ། ཐམས་ཅད་རྒྱས་པས་ལས་བཞི་རྫོགས།། མིག་མང་རིས་སུ་བྲིས་པ་འདི།། ཕྱི་ནང་མེད་པར་གསལ་བ་ཡིན།། རིན་ཆེན་བརྩིགས་པར་བྲིས་པ་འདི།། དགོས་འདོད་ཐམས་ཅད་སྐོངས་པ་ཡིན།། རྒྱ་མདུད་རིས་སུ་བརྩམས་པ་འདི། ། མཁའ་དགུ་ཀློང་དགུ་བསྟན་པ་ཡིན།། འཁོར་ལོ་རིས་སུ་བྲིས་པ་འདི།། གཏི་མུག་ཐམས་ཅད་གཅོད་པ་ཡིན།། སྟེང་དང་འོག་ཏུ་བརྩིགས་པ་འདི།། ཁམས་གསུམ་བརྩེགས་མར་བསྟན་པ་ཡིན། ། བླ་གབ་གུར་གྱི་ནམ་མཁའ་ནི།། འགྲོ་དྲུག་གདུགས་ཀྱི་དྲོ་བ་ཡིན།། ཕྱོགས་བཞི་དབུས་དང་ལྔར་བསྟན་པ།། ཐུགས་རྗེ་ཀུན་ལ་ཁྱབ་པ་ཡིན།། མུ་ཁྱུད་གཅིག་ཏུ་འདུག་པ་ནི།། མཁའ་ཀློང་གཅིག་ཏུ་ཤེས་པ་ཡིན། ། ཡོན་ཏན་རིས་སུ་བྲིས་པ་ནི།། དུས་བཞི་སྙོམས་ཤིང་ཐུགས་རྗེས་འདྲེན་པ་ཡིན།། ཟླ་གམ་གུར་གྱི་ཐུགས་དམ་སྐོང།། ས་གཞི་གདན་གྱི་ནམ་མཁའ་འདིས།། འདབ་མ་བརྒྱད་དུ་བྲིས་པ་ནི།། ཆོས་ཉིད་རང་རྒྱུད་ཡོན་ཏན་དང། ། ཡེ་ཤེས་ཆེན་པོ་རྣམ་པ་བརྒྱན།། བཞྀ་པ་བརྒྱད་དུ་ཡང་དག་ལྡན།། ཡོན་ཏན་གསུམ་གྱི་སྡུག་བསྔལ་ཞིང།། ཆོས་ཉིད་གསུམ་ནི་རྣམ་རྟོག་སྟེ།། ཡེ་ཤེས་རང་རྒྱུད་འཁོར་འདས་གཉིས། ། དེ་ལྟར་རྟག་ཏུ་ཡོད་པ་ལ།། རྣམ་ཤེས་བརྒྱད་ལྡན་རིགས་སུ་བྲིས།། ཐམས་ཅད་འབྱུང་བའི་བཞི་དག་དང།། རྩིབས་བཞི་སྟེང་དུ་བཅུ་བཞི་བསྒྱེལ།། ས་བཞི་གདན་གྱི་ཐུགས་དམ་བསྐོངས།། ཕྱོགས་བཞི་འབྱུང་བའི་ནམ་མཁའ་ནི། ། རུ་མཚམས་བཞི་རུ་ཕྱེ་ནས་ཀྱང།། རྟོག་མེད་མཁའ་ལ་རྣམ་པར་བཞག། དབྱིངས་ཕྱུག་རྒྱལ་མོའི་བྷ་གའི་བདག། དོན་དམ་དབྱིངས་ལས་མ་སྐྱེད་ཀྱང།། དབྱིངས་དང་ཡེ་ཤེས་མཐའ་ལས་འདས། ། མཐའ་གཉིས་གྲོལ་ཕྱིར་གླུད་དུ་འབུལ།། ཆེ་མཆོག་སྐུ་ཡི་ནམ་མཁའ་འདིས།། སྐུ་སྟོད་སངས་རྒྱས་ལྔ་རུ་གྲུབ།། སྐུ་སྨད་རྒྱལ་མོ་ལྔ་རུ་གྲུབ།། རྐེད་པ་ཁྲོ་མོ་རྣམ་ཞལ་མ།། གསང་བའི་ཡེ་ཤེས་ག་འུར་འཁྱིལ། ། ཐབས་དང་ཤེས་རབ་སྦྱོར་བའི་ཞལ།། སྐྱེ་ཤི་རྩད་ནས་གཅོད་པའི་ཚེམས།། རྣམ་པར་ཐར་པ་ལྡན་པའི་དབུ།། རྟགས་ཀྱི་འཇའ་ཚོན་ནམ་མཁའ་འདི།། སྐོང་ནི་ནམ་མཁའི་ཐུགས་དམ་བསྐོང། གྲུབ་ནི་ཐུགས་ཀྱི་རིགས་འཛིན་གྲུབ། ། བརྗོད་མེད་ཆོས་ཀྱི་དབྱིངས་སུ་བསྐང།། རི་རབ་སྲིད་པའི་བུམ་རྩེ་ནས།། དཀྱིལ་འཁོར་ལྟ་བུའི་ནམ་མཁའ་འདིས།། གྲུབ་པ་མ་མོའི་ཐུགས་དམ་བསྐང།། ཁ་དོག་རྒྱན་གྱི་ནམ་མཁའ་འདིས། ། རིགས་བཞི་རྒྱལ་མོའི་ཐུགས་དམ་བསྐང།། མཐིང་ནག་རྟགས་ཀྱི་ནམ་མཁའ་འདིས།། བཀྲག་གསལ་འབར་མའི་ཐུགས་དམ་བསྐང།། ནམ་མཁའ་དུང་མིག་སྤྲས་པ་ལ།། ཁ་དོག་ལྔ་ཡི་རྒྱན་གྱིས་བརྒྱན། ། རྣམ་སྣང་གསལ་གྱི་ཐུགས་དམ་བསྐང།། ནམ་མཁའ་གཡུ་མིག་སྤྲས་པ་ལ།། ཁ་དོག་ལྔ་ཡི་རྒྱན་གྱིས་བརྒྱན།། འོད་གསལ་འབར་གྱི་ཐུགས་དམ་བསྐང།། ནམ་མཁའ་གསེར་མིག་སྦྲས་པ་ལ།། ཁ་དོག་ལྔ་ཡི་རྒྱན་གྱིས་བརྒྱན། ། ཡང་གསལ་གཡོས་ཀྱི་ཐུགས་དམ་བསྐང།། རི་རབ་གླིང་བཞིའི་ཤར་ཕྱོགས་ན།། དཀར་མོ་ཟང་ཡག་གསུམ་བརྩེགས་ཀྱིས།། པདྨ་རིགས་ཀྱི་རྒྱལ་མོ་བློན་མོ་གསུམ་གྱི་ཐུགས་དམ་བསྐང།། རི་རབ་གླིང་བཞིའི་བྱང་ཕྱོགས་ན། སེར་མོ་ཟང་ཡག་གསུམ་བརྩེགས་ཀྱིས།། ལས་ཀྱི་རིགས་ཀྱི་རྒྱལ་མོ་བློན་མོ་གསུམ་གྱི་ཐུགས་དམ་བསྐང།། རི་རབ་བུམ་པའི་ནང་མཚམས་ནས།། གསེར་མིག་རྣམ་ལྔའི་མདངས་དང་ལྡན། ། སེར་མོ་འོད་དང་བཅས་པ་ཡིས།། སྲིད་པ་བདེ་འགྲོ་མའི་ཐུགས་དམ་བསྐང།། དུང་མིག་ནམ་མཁའི་མདངས་དང་ལྡན།། དཀར་པོ་འོད་དང་བཅས་པ་ཡིས།། ཉི་མ་ཐོད་འཕྲེང་ཐུགས་དམ་བསྐང།། ཁ་དོག་ལྔ་ཡི་ཕོ་བྲང་ལ། ། ནག་པོ་མདངས་ལྡན་མཛེས་པའི་རྒྱན།། དེ་ལྟར་བཞི་ནི་ཕྱོགས་བཞི་ལ།། ཁྲོས་པའི་རྒྱལ་མོ་བཞི་ཡི་ཐུགས་དམ་བསྐང།། གུང་ཚིག་ནག་པོའི་རྒྱན་དང་ལྡན།། སྦས་པ་མ་བཞིའི་ཐུགས་དམ་བསྐང། ། ཁ་དོག་བཞི་ཡི་ཕོ་བྲང་ལ།། ཐ་སྟག་ནག་པོའི་རྒྱན་དང་ལྔ།། དགྱེས་སྡེ་བཞི་ཡི་ཐུགས་དམ་བསྐང།། ནག་པོ་ཟང་མ་རྣམ་པ་གསུམ།། དཔལ་ལྡན་མོ་ཡི་ཐུགས་དམ་བསྐང།། ནག་པོ་ཟང་མ་རྣམ་པ་བདུན། ། ཟ་བྱེད་སྲིན་མོ་བདུན་གྱི་ཐུགས་དམ་བསྐང།། ཚོན་སྣ་ཚང་བའི་ནམ་མཁའ་འདིས།། གྲུབ་འདེགས་རྒྱལ་མོའི་ཐུགས་དམ་བསྐང།། དཀར་ལ་མཛེས་པའི་རྒྱན་དང་ལྡན།། ཆགས་བྱེད་མ་ཡི་ཐུགས་དམ་བསྐང། ། སྔོ་ལ་ཁ་དོག་རྒྱན་དང་ལྡན།། ཆག་སྙོམས་མ་ཡི་ཐུགས་དམ་བསྐང།། དཀར་དམར་ཚོན་སྣ་ལྔ་དང་ལྡན།། མཛེས་པའི་རིམ་པ་ཡང་དག་ལྡན།། ཛ་ཏི་མ་ཡི་ཐུགས་དམ་བསྐང།། ནག་པོ་མཛེས་པ་སོ་སོར་བྲིས། ། འདོད་ཁམས་གསུམ་གྱི་ཐུགས་དམ་བསྐང།། སྤྱན་དགུར་མཛེས་པ་རྣམ་པ་ལྔས།། དམག་གི་རྒྱལ་མོའི་ཐུགས་དམ་བསྐང།། སྲིང་མོ་བཞི་ཡི་ཐུགས་དམ་བསྐང།། མདངས་དམར་བྱས་པ་རྣམ་པ་བཞིས། ། བདུད་མོ་བཞི་ཡི་ཐུགས་དམ་བསྐང།། དཀར་སྔོ་ལྡན་པ་རྣམ་པ་བཞིས།། སེར་ནག་མཛེས་པ་རྣམ་པ་བཞིས།། སྨན་མོ་བཞི་ཡི་ཐུགས་དམ་བསྐང།། རེ་མི་ཟངས་མིག་གཡུ་མིག་དང།། ཕུགས་བདག་སྐོར་སྤྱིན་འབྲོག་མོ་དང། ། བྱང་འབྲོག་ས་སྲིན་ཐམས་ཅད་བསྐང།། ཁྲེ་དང་ར་བལ་རྩིད་པ་དང།། ཐོགས་མ་རིགས་ཀྱི་ཐུགས་དམ་བསྐང།། ཟང་ཟིང་ནམ་མཁའ་སྣ་ཚོགས་བརྒྱན།། སྣང་སྲིད་མ་མོའི་ཐུགས་དམ་བསྐང། ། མཁའ་འགྲོ་མ་བཀྲག་གསལ་འབར་མའི་རྒྱུད་ལས།། སྔོན་དམར་ཚོན་བསྐོས་ཀྱི་ལེའུ་སྟེ་བཅུ་དགུ་པའོ།།།། གནོད་འདུལ་ལྷ་ཡིས་བཀའ་སྩལ་པ།། ད་ཅི་ནམ་མཁའ་ཚོན་གྱིས་བསྐང།། ད་ནི་ཁ་དོག་རྒྱན་གྱིས་བསྐང། ། འགྲོ་དྲུག་ཡོངས་ལ་ཁྱབ་པའི་ཕྱིར།། ཐུགས་རྗེ་བླ་གབ་གུར་གྱིས་བསྐང།། འདི་ཡང་མི་ཡི་གླུད་དུ་འབུལ།། འདི་ཡང་རྫས་ཀྱི་ཁབས་སུ་དྲོ།། ཐུགས་རྗེ་ཡོངས་ལ་ཕན་པ་ཡིས།། འཕན་རིངས་བཞི་ཡི་རྒྱན་གྱིས་བསྐང། ། འདི་ཡང་མི་ཡི་གླུད་དུ་འབུལ།། འདི་ཡང་རྫས་ཀྱི་ཁབས་སུ་དྲོ།། ཡེ་ཤེས་ལྔ་དང་ལྡན་པ་ཡིས།། དམ་ཚོན་རྒྱལ་མཚན་ལྔ་ཡིས་བསྐང།། འདི་ཡང་མི་ཡི་གླུད་དུ་འབུལ།། འདི་ཡང་རྫས་ཀྱི་ཁབས་དྲོ། ། གསལ་བ་ཡེ་ཤེས་མཚོན་པའི་ཕྱིར།། མེ་ལོང་བཞི་ཡི་རྒྱན་གྱིས་བསྐང།། འདི་ཡང་མི་ཡི་གླུད་དུ་འབུལ།། འདི་ཡང་རྫས་ཀྱི་ཁབས་སུ་དྲོ།། གླིང་ཁམས་ཕྱོགས་བཞིར་བསྐྱང་བའི་ཕྱིར།། ཡོལ་ཆེན་བཞི་ཡི་རྒྱན་གྱིས་བསྐང། ། འདི་ཡང་མི་ཡི་གླུད་དུ་འབུལ།། འདི་ཡང་རྫས་ཀྱི་ཁབས་སུ་དྲོ།། རྒྱལ་མོ་རུ་དཔོན་དབྱེ་པའི་ཕྱིར།། རུ་དཔོན་བཞི་ཡི་རྒྱན་གྱིས་བརྒྱན།། བློན་མོའི་ཕྱོགས་ནས་གདའ་པའི་ཕྱིར།། དེད་དཔོན་བཞི་ཡི་རྒྱན་གྱིས་བསྐང། ། སྲིད་གསུམ་ཕུར་པས་གདབ་པའི་ཕྱིར།། ཕུར་ནག་བཞི་ཡི་རྒྱན་གྱིས་བསྐང།། གདུག་པ་རྩད་ནས་བཅད་པའི་ཕྱིར།། རལ་གྲི་བཞི་ཡི་རྒྱན་གྱིས་བསྐང།། མཐའ་བཞི་ནན་ནས་གནན་པའི་ཕྱིར། ། མདའ་ཆེན་བཞི་ཡི་རྒྱན་གྱིས་བསྐང།། རུ་བཞི་ཕུར་པས་གདབ་པའི་ཕྱིར།། སྣ་ཚོགས་དར་གྱི་རྒྱན་གྱིས་བསྐང།། བྱ་བརྡ་བཞི་ཡི་རྒྱན་གྱིས་བསྐང།། གནམ་མཐའ་ཕུར་པས་གདབ་པའི་ཕྱིར། ། ལྕགས་ཕུར་ནག་པོ་བཞི་ཡི་རྒྱན་གྱིས་བསྐོང།། འབྱུང་བའི་དངས་སྙིགས་དབྱེ་བའི་ཕྱིར།། སྣ་ཚོགས་དར་གྱི་རྒྱན་གྱིས་བསྐང།། འདི་ཡང་མི་ཡི་གླུད་དུ་འབུལ།། འདི་ཡང་རྫས་ཀྱི་ཁབས་སུ་དྲོ།། མཁའ་འགྲོ་མ་བཀྲག་གསལ་འབར་མའི་རྒྱུད་ལས། ། ཁ་དོག་རྒྱན་གྱིས་བསྐང་བའི་ལེའུ་སྟེ་ཉི་ཤུ་པའོ།། གནོད་འདུལ་ལྷ་ཡིས་བཀའ་སྩལ་པ།། ད་ཅི་ཁ་དོག་རྒྱན་གྱིས་བསྐང།། ད་ནི་འདོད་ཡོན་ཟས་ཀྱིས་བསྐང།། ཤ་སྣ་བརྒྱ་དང་སྙིང་སྣ་སྟོང། ། ཞལ་ཟས་སྤྱན་གཟིགས་སྣ་ཚོགས་དང།། དུང་དང་གཟི་མཆོག་དར་ཟབ་དང།། འཚོ་བྱེད་རྩི་སྨན་སྣ་ཚོགས་དང།། གོས་དང་བཟང་རས་ལྷབ་ལྷུབ་དང།། སྤུ་སྡུག་གཅན་གཟན་རས་མ་དང། ། མེ་ཏོག་མཛེས་པ་སྣ་ཚོགས་དང།། འདི་དག་འདོད་ཡོན་ལོངས་སྤྱོད་དེ།། འདི་ཡང་མི་ཡི་གླུད་དུ་བཟང།། འདི་ཡང་རྫས་ཀྱི་ཁབས་སུ་དྲོ།། མཁའ་འགྲོ་མ་བཀྲག་གསལ་འབར་མའི་རྒྱུད་ལས།། འདོད་ཡོན་ལོངས་སྤྱོད་ཀྱི་ལེའུ་སྟེ་ཉེར་གཅིག་པའོ། །།། གནོད་འདུལ་རྡོ་རྗེ་སེམས་དཔའ་ཡིས།། ད་ཅི་འདོད་ཡོན་ཟས་ཀྱིས་བསྐང།། ད་ནི་འདབ་ཆགས་སྒྲོ་ཡིས་སྐོང།། དེ་ལྟར་ནམ་མཁའ་སྣ་ཚོགས་དང།། དུང་བྱ་དཀར་མོའི་སྒྲོ་ཡི་གདགས་པར་མི་བྱ་རུ། ། མཁའ་འགྲོ་རྣམ་པར་དག་པ་ལགས།། བྱ་རྒོད་སྒྲོ་ཡིས་མི་གདགས་སུ།། ཅིར་ཡང་གསལ་བའི་དཔེ་རུ་བཏགས།། རྨ་བྱ་སྒྲོ་ཡིས་མོ་གདགས་སུ།། བྱ་རྒོད་སྤུངས་པའི་གནས་དང་ལྡན། ། བྱ་ཁྱུང་སྒྲོ་ཡིས་མི་གདགས་སུ།། ནམ་འཕངས་གཅོད་པའི་དཔེ་རུ་བཏགས།། ཁུ་བྱུག་སྒྲོ་ཡིས་མི་གདགས་སུ།། མ་མོ་སྒྲ་སྐད་སྙན་པ་ལགས།། གྱི་བརྡ་སྒྲོ་ཡིས་མི་གདགས་སུ།། དགྲ་བགེགས་སྙིང་ནས་འདྲེན་པའི་རྟགས། ། སྐྱུང་ཀའི་སྒྲོ་ཡིས་མི་གདགས་སུ།། བདུད་མོ་ཐམས་ཅད་དགོས་པ་ལགས།། ཆུ་བྱའི་སྒྲོ་ཡི་མི་གདགས་སུ།། ས་བདག་གླུ་སྲིད་དགེས་པ་ལགས།། ཟེར་མོའི་སྒྲོ་ཡིས་མི་གདགས་སུ།། འཕན་བཟང་སྒྲོ་དང་ལྡན་པ་ལགས། ། སྦབ་ཀྱི་སྒྲོ་ཡིས་མི་གདགས་སུ།། ནག་མོ་ཁྲག་མོ་གླུད་དུ་འབུལ།། སྐྱ་ཀའི་སྒྲོ་ཡིས་མི་གདགས་སུ།། སྣང་སྲིད་སྨན་མོ་དགེས་པ་ལགས།། པུ་ཤུ་སྒྲོ་ཡིས་མི་གདགས་སུ།། བྱང་འགྲོག་ཐམས་ཅད་དགེས་པ་ལགས། ། པ་ཏི་སྒྲོ་ཡིས་མི་གདགས་སུ།། ཕུང་བདག་ཐམས་ཅད་དགེས་པ་ལགས།། འུག་པའི་སྒྲོ་ཡིས་མི་གདགས་སུ།། དུར་ཁྲོད་མ་མོ་དགེས་པ་ལགས།། དེ་ལ་སོགས་ཏེ་འདབས་ཆགས་གནས། ། སྣ་ཚོགས་སྒྲོ་ཡིས་མི་གདགས་སུ།། ལས་ཀྱི་མ་མོ་དགེས་པ་ལགས།། འདི་ཡང་མི་ཡི་གླུད་དུ་འབུལ།། འདི་ཡང་རྫས་ཀྱི་ཁབས་སུ་དྲོ།། མཁའ་འགྲོ་མ་བཀྲག་གསལ་འབར་མའི་རྒྱུད་ལས།། འདབ་ཆགས་སྒྲོ་ཡིས་བསྐང་བའི་ལེའུ་སྟེ་ཉེར་གཉིས་པའོ། །།། གནོད་འདུལ་ལྷ་ཡིས་བཀའ་བསྩལ་པ།། ཡོན་ཏན་བསོད་ནམས་ལྡན་པ་ནི།། དེ་ཡི་ཕ་ཕྱོགས་ཐམས་ཅད་ལ།། ཁྲོས་པ་ཙམ་གྱིས་འཇིགས་པར་འགྱུར། ། བསྡིགས་པ་ཙམ་གྱིས་སྐྲག་པར་འགྱུར།། བྷྱོ་ཞེས་རྔམ་པའི་སྒྲ་བསྒྲགས་པས།། ཐམས་ཅད་མ་ལུས་རྡུལ་དུ་རློགས།། ཕཊ་ཅེས་དྲག་པོས་ཚར་གཅད་པས།། བསྐལ་པ་གསུམ་དུ་འཕང་པར་བྱེད། ། འདི་ལ་མོས་ཤིང་བརྩེ་བ་རྣམས།། ཆེ་བ་ལྔ་དང་ལྡན་པར་འགྱུར།། མཐུ་དང་སྟོབས་དང་གཟུགས་བྱད་དང།། བསོད་ནམས་ལོངས་སྤྱོད་ཆེ་བར་འགྱུར།། འདི་ལ་མོས་ཤིང་བརྩེ་བ་རྣམས།། བཀའ་ཉན་མང་པོས་སྐུལ་བར་བྱེད། ། ལྷ་སྲིན་གཉིས་ཀྱང་བུ་བཞིན་དུ།། ཅི་བསམ་འགྲུབ་ལ་འཁོར་འདབ་འཕེལ།། ཐུན་མོངས་ལོངས་སྤྱོད་བསམ་མི་ཁྱབ།། ཁྱད་པར་ཆོས་ཀྱི་ལོངས་སྤྱོད་ཐོབ།། གདུགས་དང་རྒྱལ་མཚན་ལ་སོགས་དང། ། མང་པོས་བཀུར་བའི་འོས་སུ་འགྱུར།། དུང་དང་ཆ་ལང་པི་ཝང་དང།། སྒྲ་ཡི་རོལ་མོ་འཁོར་དང་བཅས།། རྒྱལ་པོ་ལྟར་ནི་གྲགས་པར་འགྱུར།། ཡིད་ཀྱི་སྤྱོད་ཡུལ་གང་འཐད་པ།། བསམ་པ་ལྟར་ནི་འཕེལ་བར་འགྱུར། ། ཡོན་ཏན་བསོད་ནམས་བརྗོད་མི་ལང།། མཁའ་འགྲོ་མ་བཀྲག་གསལ་འབར་མའི་རྒྱུད་ལས།། ཡོན་ཏན་བསོད་ནམས་ཀྱི་ལེའུ་སྟེ་ཉེར་གསུམ་པའོ།།།། གསང་བའི་བདག་པོས་ཡང་ཞུས་པ། ། བསྔོ་བ་བྱ་བ་ཇི་ལྟར་ལགས།། གནོད་འདུལ་ལྷ་ཡིས་བཀའ་སྩལ་པ།། བསྔོ་པར་བྱ་བ་འདི་ལྟ་སྟེ།། སྤྱི་དང་ཁྱད་པར་གཉིས་སུ་གསུངས།། ལེགས་པར་བསྔོ་ཡི་ཡིད་ལ་ཟུང།། སྣོད་ཀྱི་འཇིག་རྟེན་གཏོར་གཞོང་དུ། ། བཅུད་ཀྱི་འགྲོ་དྲུག་གཏོར་མར་བྱས།། ལོངས་སྤྱོད་ལྔ་ཡི་རྒྱན་དུ་བྱས།། དམ་རྫས་ལྒ་ཡི་བཅུད་དུ་བྱས།། རིན་ཆེན་ལྔ་ཡི་སྣོད་དུ་བྱས།། འདོད་ཡོན་ལྔ་ཡི་བཅུད་དུ་བྱས།། བསྔོ་བ་མེད་པའི་བསྔོ་བ་སྟེ།། དབྱིངས་དང་ཡེ་ཤེས་གཉིས་སུ་བསྔོ། ། འཛའ་གད་དཔའ་པོ་བདུད་རྩི་མཆོག། བསྔོ་བ་བརྒྱ་ལ་ལོ་མ་སྟོང།། ར་ས་ཡ་ནའི་བཅུད་དང་ལྡན།། གཞོན་ནུ་སྒེག་མོ་མཉེན་ལྕུག་ལྡན།། གསང་པའི་ཡུམ་མཆོག་མཱ་མ་ཀི། འདུ་འབྲལ་མེད་པས་མཱ་མ་ཀི། ཤེས་རབ་གསལ་བའི་མཱ་མ་ཀི། དང་པོ་ཚིམ་པས་མཱ་མ་ཀི། བདེ་བ་རྒྱས་པས་མཱ་མ་ཀི། བདུད་རྩི་ཚིམ་པས་མཱ་མ་ཀི། དངོས་གྲུབ་ཐོབ་པས་མཱ་མ་ཀི། དངོས་གྲུབ་བྱུང་བས་ཨ་མྲྀ་ཏ།། ཚོགས་གཉིས་རྫོགས་པས་ཨ་མྲྀ་ཏ། ། ཀུན་འབྱུང་ཡོན་ཏན་ཨ་མྲྀ་ཏ།། འཁོར་བ་ཟད་བྱེད་ཨ་མྲྀ་ཏ།། ཉེས་པའི་སྐྱོན་སེལ་ཨ་མྲྀ་ཏ།། ཉམས་ཆག་སྐྱོན་སེལ་བདུད་རྩིའི་བཅུད།། བསྔོ་བ་མེད་པའི་བསྔོ་བ་ནི།། བླ་མེད་བྱང་ཆུབ་ཆེན་པོར་བསྔོ། ། བདེ་བ་ཡེ་ཤེས་ཆེན་པོར་བསྔོ།། མཱུ་ལ་རཀྟ་རྩ་བའི་ཁྲག། ཆུ་དང་མ་འདྲེས་དངས་མའི་ཁྲག། མཧཱ་རཀྟ་ཆེན་པོའི་ཁྲག། པདྨ་རཀྟ་སྤྱོར་བའི་ཁྲག། དུར་ཁྲོད་འབར་མ་བམ་གྱིས་ཁྲག། དངོས་གྲུབ་ཡོན་ཏན་ཙིཏྟའི་ཁྲག། ཉེས་པའི་སྐྱོན་སེལ་ནད་ཀྱི་ཁྲག། ཚམས་རྔམ་དྲག་པོ་གྲི་ཡི་ཁྲག། རྣམ་རྟོག་སྒྲིབས་སིལ་མཛེ་ཡི་ཁྲག། རང་བྱུང་ཐུགས་རྗེ་ཤངས་ཀྱི་ཁྲག། ཉམ་ང་རེག་པ་ལྕགས་ཀྱི་ཁྲག། སྣ་ཚོགས་རྟོག་མེད་ཚོགས་པའི་ཁྲག། རང་འདོད་བསྐོངས་པ་དོན་གྱི་ཁྲག། བསྔོ་བ་མེད་པའི་བསྔོ་བ་འདི།། བྷ་ག་སྐྱེ་མེད་ཀློང་དུ་བསྔོ།། མཁའ་འགྲོ་མ་བཀྲག་གསལ་འབར་མའི་རྒྱུད་ལས།། སྤྱི་དང་ཁྱད་པར་གྱི་བསྔོ་བའི་ལེའུ་སྟེ་ཉེར་བཞི་པའོ། ། མངོན་རྫོགས་ཡབ་ཀྱིས་བཀའ་སྩལ་པ།། གནོད་འདུལ་རྡོ་རྗེ་སེམས་དཔའ་ཡིས།། སརྦ་རྡོ་རྗེ་དངོས་གྲུབ་ཀྱི།། བསམ་པའི་རྒྱུད་ལ་གང་གནས་པ།། རང་རང་འདོད་པ་ཚིམ་པར་བསྔོ། ། དེ་ལྟར་རི་རབ་གླིང་བཞི་ལ།། རི་རབ་གསེར་གྱི་རི་བདུན་འཁོར་ལོ་ལས།། དེ་ཡང་བང་རིམ་ཚད་དང་ལྡན།། བསོད་ནམས་ཕྱེ་ཚད་ཕྱེད་དང་དོ།། གཉའ་ཤིང་འཛིན་དང་གཤོལ་མདའ་འཛིན།། སེང་ལྡེང་འཛིན་དང་རྔ་ཡབ་འཛིན། ། བདུད་རྩི་འཛིན་དང་མུ་ཁྱུད་འཛིན།། དེ་དག་གསེར་ལས་བྱས་པ་བདུན།། ཕོ་བྲང་བརྩེགས་པའི་ཚུལ་དུ་བསྔོ། རོལ་པའི་མཚོ་བདུན་འཁོར་ལོ་ལས།། བདུད་རྩི་མཚོ་དང་འོ་མའི་མཚོ། ། ཆང་གི་མཚོ་དང་མར་ཁུའི་མཚོ། ཁྲག་གི་མཚོ་དང་ཆུ་ཡི་མཚོ།། དུག་གི་མཚོ་དང་རྣམ་པ་བདུན།། མཚོ་རྣམས་བདུན་རྩིར་གྱུར་པའོ།། དཀྱིལ་འཁོར་མེ་ལོང་ཚུལ་དུ་བསྔོ།། ལྕགས་རི་ནག་པོ་མཐོ་བ་སྟེ། ། དཔག་ཚད་རི་རབ་ཕྱེད་དང་མཉམ།། གཉའ་ཤིང་འཛིན་གྱིས་གནམ་དུ་སླེག། རི་རི་ནག་པོའི་རྩེ་མོ་ལ།། སོལ་བའི་བུ་ཡུག་ནག་པོ་འཐུལ།། གཏི་མུག་སྤྲིན་ནི་མུན་ལྟར་གཏིབས།། ལྕགས་དང་གནམ་ལྕགས་ཐོག་ཆེན་འབེབས། ། ཕྲག་དོག་གསལ་པའི་བུ་ཡུག་འཚུབས།། ཀྱིན་འདང་ཁྲོ་ཆུའི་ཆར་པ་འབེབས།། ང་རྒྱལ་མེ་ཆེན་གློག་ལྟར་འགྱུ།། བྱོལ་སོང་གཏི་མུག་གནས་སུ་གསལ། བྱོལ་སོང་སྟོབས་ཆེན་རྣམས་ཀྱིས་ཀྱང། ། འདོད་ཆགས་བླན་པའི་སེམས་བསྐྱེད་དེ།། གཅིག་གིས་གཅིག་ཀྱང་ཟ་བར་བྱེད།། འཁུ་སྐད་འདོན་ཅིང་ཀུན་ཏུ་རྒྱུག། ཁྱུ་དང་སྡེ་ཚན་ངོ་མི་ཤེས།། ཁྱོ་དང་བུ་མེད་འཛིན་པ་མེད།། སྟོབས་ཆུང་དབང་མེད་སྟོབས་ཀྱང་འཕྲོག། ཞེ་སྡང་ཀེང་རུས་རི་རུ་བརྩིགས།། ང་རྒྱལ་མེ་དཔུང་ལུས་ལ་འབར།། གཟུང་འཛིན་ལུས་ལ་ཐོག་མཐའ་མེད།། ཕྲག་དོག་སེར་སྣའི་མདུད་པས་བཅིངས།། གཏི་མུག་རྨོངས་པའི་མུན་པས་གཏིབས། ། བྱོལ་སོང་གནས་ན་ཡ་རེ་ཆ།། གང་ཞིག་གཡོ་སྒྱུ་ཆགས་པ་རྣམས།། གནས་ངན་དེ་རུ་སྐྱེ་བར་བྱེད།། གཞན་ཡང་འཇིག་རྟེན་འདི་རུ་གྲགས་པ་ཡང།། གནམ་ལ་འཕུར་དགུ་ས་ལ་འཛུལ་དགུ་དང།། ཁྱད་པར་སོ་སོའི་རྗེས་སུ་བསྔོ། ། ས་ལ་སྐྱེས་དགུ་ཆུ་ལ་འཕྱོ་དགུ་རྣམས།། མི་དང་རྫས་དང་ནོར་དུ་གྱུར་པ་རྣམས།། དཀའ་བ་མི་ལ་བཙལ་ཏེ་འབུལ།། རང་རང་སོ་སོའི་གནས་སུ་བསྔོ།། རུས་པའི་གླུད་འདི་བྲག་ལ་བསྔོ། ། ཁྲག་གི་གླུད་འདི་ཆུ་ལ་བསྔོ།། དྲོད་ཀྱི་གླུད་འདི་མེ་ལ་བསྔོ།། དབུགས་ཀྱི་གླུད་འདི་རླུང་ལ་བསྔོ།། སེམས་ཀྱི་གླུད་འདི་མཁའ་ལ་བསྔོ།། སྐྱེ་མཆེད་བཅུ་གཉིས་གླུད་བསྔོ་ན།། ཟླ་བ་བཅུ་གཉིས་དེ་ལ་བསྔོ། ། ཁམས་ཆེན་བཅཱ་བརྒྱད་གླུད་བསྔོ་ན།། རྟེན་འབྲེལ་བཅུ་གཉིས་དེ་ལ་བསྔོ།། རིགས་དྲུག་སེམས་ཅན་དེ་ལ་བསྔོ།། སྣ་ཚོགས་ལོངས་སྤྱོད་གླུད་བསྔོ་ན།། འཇིག་རྟེན་འབྱུང་བ་ལྔ་ལ་བསྔོ།། མཁའ་འགྲོ་མ་བཀྲག་གསལ་འབར་མའི་རྒྱུད་ལས། ། སྲིད་པའི་གླུད་བསྔོ་བའི་ལེའུ་སྟེ་ཉེར་ལྔ་པའོ།།།། མངོན་རྫོགས་ཡབ་ཀྱིས་བཀའ་སྩལ་པ།། དེ་ལ་མི་ཉན་ཟུག་པ་ལ།། ཤིན་ཏུ་གསང་བ་བག་ཡོད་བསྔོ།། མི་ལུས་རུས་ཅིག་དེ་ལ་བསྔོ། ། ནས་ཟླ་ལུས་ཚད་དེ་ལ་བསྔོ།། ལུས་ལ་སྲོག་ཆགས་ཤག་བཟུང་ལ།། ཡོན་བདག་ཤ་ནི་དེ་ལ་བསྔོ།། ཡོན་བདག་ཤ་ནི་འདིལ་ཡོད།། ཡོན་བདག་སྐྱིན་དུ་འདི་བསྔོ་ཡིས།། གླུད་འདི་གསང་བ་ཤ་ཁྲག་གླུད། ། མི་འདི་འཇིག་རྟེན་རྟོག་པའི་མི།། རུས་ནི་ཡིད་རྟོག་རྒྱུན་ཆགས་རུས།། ལོ་ནི་ན་ཟླ་ལུས་ཚད་ལོ།། བརྗེ་ནི་བསྐྱིན་པ་འདི་དང་བརྗེ།། བསྔོ་ནི་ཡོན་བདག་གླུད་དུ་བསྔོ།། འབུལ་ནི་ཆེ་མཆོག་ཡབ་ལ་འབུལ། ། སྐོངས་ནི་མཁའ་འགྲོའི་ཐུགས་དམ་བསྐང།། མཁའ་འགྲོ་མ་བཀྲག་གསལ་འབར་མའི་རྒྱུད་ལས།། སྐྱིན་པ་གླུད་བསྔོ་བའི་ལེའུ་སྟེ་ཉེར་དྲུག་པའོ།།།། ཡང་དག་རྫོགས་པས་བཀའ་སྩལ་པ།། ཡན་ལག་འདོགས་འབྲེལ་གླུད་འབུལ་ན། ། བཤགས་སྙུག་ཚིགས་གསུམ་སྲོག་གི་གླུད།། དར་སྣ་བྱ་ཕོད་སྦྲིན་དང་ཁུ་རླངས་གླུད།། དར་དང་ཟ་འོག་ལྷབ་ལྷུབ་རྒྱན་གྱི་གླུད།། སྤོས་དང་བླ་བ་ཡིད་དང་ཐུགས་ཀྱི་གླུད། ། མཚལ་དང་ཙན་དན་དབང་པོ་སྐུ་ཡི་གླུད།། རྔ་སྒྲ་དབྱངས་སྙན་སྒྲ་རྣམས་གསུང་གི་གླུད།། སྐྱོན་ཡོན་རེ་དོགས་རྣམ་རྟོག་གཟུང་འཛིན་ཏེ།། ཡིད་ཆེས་མཐུན་པ་རྟོགས་མེད་ཡེ་སངས་རྒྱས།། ཐུགས་ལ་གོ་བས་བསོད་ནམས་དཔག་ཏུ་མེད། འདི་ཡང་ཡོན་བདག་གླུད་དུ་འབུལ།། འདི་ཡང་རྫས་ཀྱི་ཁབས་སུ་དྲོ།། མཁའ་འགྲོ་མ་བཀྲག་གསལ་འབར་མའི་རྒྱུད་ལས། ཡན་ལག་འདོགས་འབྲེལ་གྱི་ལེའུ་སྟེ་ཉེར་བདུན་པའོ། ། གནོད་འདུལ་ལྷ་ཡིས་ཡང་ཞུས་པ།། སྣང་སྲིད་མ་མོ་ཀུན་གྱི་བདག། དུར་ཁྲོད་བདག་མོ་རེ་མ་ཏི།། དབུགས་དང་རྒྱུ་ལ་ཞེན་ཆགས་ནས།། དེ་ལ་ཞུ་བ་ཇི་ལྟར་བགྱི།། གནོད་འདུལ་ལྷ་ཡིས་བཀའ་སྩལ་པ། ། མཚང་ལ་བརྒལ་ཏེ་བཀོས་ཀྱང་གདབ།། མིང་ནས་བོས་ཏེ་གླུད་ཀྱང་བསྔོ།། མ་གཅིག་བྱང་ཤར་རེ་མ་ཏི།། དབུ་སྐྲ་རལ་པ་གཅིག་ཏུ་འཁྱིལ་པ་ཡང།། ཁྱི་ཡོ་མྱ་ངན་བྱེད་པ་མ་ཡིན་ནམ།། ཕྱིན་ཕྱོགས་དྲེའུ་ཕོ་ལ་ཞོན་པ་ཡང། ། ཁྱོ་ཡིས་བསད་ཀྱིས་དོགས་པ་མ་ཡིན་ནམ།། སྐུ་ལ་རྨ་བྱའི་ཐུལ་པ་གསོལ་བ་ནི།། མཛའ་བོས་བྱི་ཐུལ་བསྐོན་པ་མ་ཡིན་ནམ།། ཟངས་མའི་ལྕགས་སྒྲོག་འབར་བ་ཞབས་ལ་གསོལ་བ་ཡང།། སྲིན་པོས་ལྕགས་སུ་བཅུག་པ་མ་ཡིན་ནམ། ། རྒྱབ་ཏུ་བདུད་ཀྱི་ཁྲམ་པམ་བསྣམས་པ་ཡང།། ཕ་ཡི་ལག་ཆ་བརྐུས་པ་མ་ཡིན་ནམ།། མདུན་ན་ཤོད་རྡེ་དཀར་ནག་བསྣམས་པ་ནི།། བདུད་དང་ཆོ་ལོང་རྩེ་བ་མ་ཡིན་ནམ། ། སྙན་ཆ་གཡས་ན་སེང་གེ་འཕྱོ་པ་ཡང།། རྒྱལ་པོའི་བཀའ་རྟགས་བཏབ་པ་མ་ཡིན་ནམ།། གཡོན་པ་སྦྲུལ་གྱི་གདེང་ཁ་འཕྱོ་བ་ཡང།། སྙན་ཁུང་ཀླུ་ཡིས་གདམས་པ་མ་ཡིན་ནམ།། སྡིག་པའི་རལ་གྲི་དམར་པོ་ཕྱག་ན་བསྣམས་པ་ཡང། ། སྲིན་པོའི་ལག་ཆ་བརྐུས་པ་མ་ཡིན་ནམ།། ཞིང་ལྤགས་གཡང་གཞི་སྐུ་ལ་གསོལ་བ་ཡང།། དུར་ཁྲོད་གཅེར་བུས་འཁྱགས་ནས་གོན་པ་མ་ཡིན་ནམ།། མི་ཡི་རྒྱལ་མཚན་ཕྱག་ན་བསྣམས་པ་ཡང། ། རང་གི་བུ་ཤ་ཟོས་པ་མ་ཡིན་ནམ།། སྐུ་ལ་རེ་ལྡེ་སེར་པོས་རྣམ་ཕྱེད་དཀྲིས་པ་ཡང།། སྲིན་པོའི་ནལ་ཕྲུལ་སྐྱེས་པ་མ་ཡིན་ནམ།། མི་ཤ་མི་མགོ་ཁྲག་ལ་རོལ་པ་ཡང།། མ་ཡི་དམོད་པ་ཟུག་པ་མ་ཡིན་ནམ། ། སྐུ་མདོག་མཐིང་ནག་འབའ་ཞིག་འདུག་པ་ཡང།། ལྷ་ཡི་ཁ་དོག་འགྱུར་བ་མ་ཡིན་ནམ། ནད་ཀྱི་རྐྱལ་པ་སྔ་ཤར་བཀལ་པ་ཡང།། མ་ལ་ཁྲོས་ནས་ཁམས་གསུམ་ལ།། མི་ནད་གཏོང་པ་མ་ཡིན་ནམ། ། ཚོན་གྱི་གྲུ་གི་ཕྱི་ཤར་བཏགས་པ་ཡང།། བདུད་ཀྱི་བྱང་ཐག་ཕྱོགས་པ་མ་ཡིན་ནམ།། མི་རོའི་དུར་ཁྲོད་རྒྱན་དུ་བྱས་པ་ཡང།། སྲིན་པོའི་ཆུན་མ་བྱས་པ་མ་ཡིན་ནམ།། གླང་ཆེན་ཀོ་རློན་གཡང་གཞི་གསོལ་བ་ཡང། ། སྲིན་པོའི་གླང་སྣ་གཡང་ལུགས་བརྐུས་པ་མ་ཡིན་ནམ།། དྲེའུ་སྣའི་ཐུར་མདའ་རྒྱུ་མས་བྱས་པ་ཡང།། དུར་ཁྲོད་གནས་ནས་བྲོས་པ་མ་ཡིན་ནམ།། དབུ་སྐྲ་ལན་བུ་གཅིག་ཏུ་བླངས་པ་ཡང།། སྐྱེ་བ་ལྔ་བརྒྱར་མྱ་ངན་བྱེད་པ་མ་ཡིན་ནམ། ། དཔྲལ་པའི་དབྱིངས་ནས་མིག་གསུམ་འཆར་བ་ཡང།། གཤིན་རྗེས་ལྡང་མིག་བྱིན་པ་མ་ཡིན་ནམ།། ཁ་རླངས་ནད་ཀྱི་ཤ་འགལ་འབེགས་པ་ཡང།། སྲིན་པོས་རྫུ་འཕྲུལ་བྱིན་པ་མ་ཡིན་ནམ། ། ལྟེ་བའི་དཀྱིལ་ནས་ཉི་མ་འཆར་བ་ཡང།། ལྷ་ཡི་ར་རྟགས་ལས་པ་མ་ཡིན་ནམ།། དེ་ཙམ་མཚང་ལ་མོ་བརྒལ་དུ།། ཤ་ཁྲག་དབུགས་ལ་དད་རེ་ཆེ།། སྲོག་གཅོད་གཤེད་མར་བསྐོས་རེ་མཁས།། དེ་ཕྱིར་ཁྱོད་ལ་མཚང་ནས་རྒོལ། ། མཚང་ནས་རྒོལ་གྱིས་ངོ་ཚ་སྐྱེད།། གནད་ལ་བབས་ཀྱིས་དམ་ཚིག་སྲུངས།། ཆེ་མཆོག་ང་ཡི་བཀའ་ཉོན་ལ།། ཤ་གཉན་ཁྲག་གཉན་རོ་མཆོག་ཆེ།། ཡིད་ཀྱི་དབང་པོ་རྟོག་པའི་རྒྱུ།། བསྒྲལ་ཚུལ་བསྟན་ན་འདོད་པ་ཚིམ། ། བསད་དང་མ་བསད་མེད་པས་ན།། བསད་ཚུལ་བསྟན་ན་དངོས་པོ་ཚིམ།། རང་ལ་གནད་ཀྱི་སྡུག་བསྔལ་ཉོན།། མཁའ་འགྲོ་མ་བཀྲག་གསལ་འབར་མའི་རྒྱུད་ལས།། ངོ་ཚ་བ་མཚང་ཅིག་གི་ལེའུ་སྟེ་ཉེར་བརྒྱད་པའོ། །།། ཡང་དག་རྫོགས་ཀྱི་བཀའ་སྩལ་པ།། ཞུས་ནས་ལན་ཉོན་ཡིད་ལ་ཟུང།། རྒྱལ་མོ་ཆོས་ཀྱི་དབྱིངས་ན་བཞུགས།། བློན་མོ་བྷ་གའི་ཀློང་ན་བཞུགས།། ཐབས་དང་ཤེས་རབ་ལྡན་པས་སྐོང། ། རྗེ་མོ་འོག་མིན་གནས་ན་བཞུགས།། ཕྱི་ནང་མེད་པར་ཐུགས་དམ་སྐོང།། སྨན་མོ་རི་རབ་རྩེ་ལ་བཞུགས།། སྐྱེ་བ་མེད་པར་ཐུགས་དམ་སྐོང།། གཡོ་འགུལ་མེད་པར་ཐུགས་དམ་སྐོང། ། བྲན་མོ་རྒྱ་མཚོའི་གཏིང་ན་བཞུགས།། འདུ་འབྲལ་མེད་པར་ཐུགས་དམ་སྐོང།། སྨན་མོས་འཛམ་བུ་ཁྱད་པར་བཞུགས།། ནུར་ངས་མེད་པས་ཐུགས་དམ་སྐོང།། སྲིན་མོ་དུར་ཁྲོད་ཀློང་ན་བཞུགས།། འདོད་པ་ཚིམ་པར་ཐུགས་དམ་སྐོང། ། སེམས་ཅན་སྒྲོལ་བྱེད་སྲོག་གཅོད་དང།། རྣལ་འབྱོར་རྡོ་རྗེ་མིང་པོ་ལ།། སྐུ་ལ་སྡོ་ཞིང་དམ་ལ་གནོད།། དུས་གསུམ་དཀོན་མཆོག་བཀའ་འཁོར་ན།། དབུ་འཕངས་སྨོད་ཅིང་འཚེ་བ་ལ། ། རྒྱུ་སྦྱོར་ཡོན་བདག་འཁོར་བཅས་ཀྱི།། གང་གནོད་དེ་ལ་བྱིལ་ཁ་བསྒྱུར།། སྲོག་སྒྲོལ་བྱེད་པ་དེ་ལ་བྷྱོ། མ་མོའི་ཟས་དེ་དེ་ལ་སྦོས།། མ་མོའི་མདུན་སྟང་ཆོད།། མ་མོའི་ཕོ་བྲང་དེ་ལ་ཆོས།། མཁའ་འགྲོ་མ་བཀྲག་གསལ་འབར་མའི་རྒྱུད་ལས། ། མཁའ་འགྲོ་ཞུས་ལན་གྱི་ལེའུ་སྟེ་ཉེར་དགུ་པའོ།།།། མཁའ་འགྲོ་མ་བཀྲག་གསལ་འབར་མའི་རྒྱུད་རྫོགས་སོ།།།།
CLOSE WINDOW