Wylie |
། །།རྒྱ་གར་སྐད་དུ། ཏི་ལ་ཙཀྲ་ཨུ་པ་དེ་ཤ་ནཱ་མ་ཨེ་ཀ་ཛ་ཏི་ཏ་ནྟྲ། བོད་སྐད་དུ། ཨེ་ཀ་ཛ་ཏི་སྲིད་པའི་འཁོར་ལོ་མན་ངག་གི་རྒྱུད་ཅེས་བྱ་བ། དཔལ་ཧེ་རུ་ཀ་འཇིགས་བྱེད་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། འདི་སྐད་བདག་གིས་བསྟན་པའི་དུས་གཅིག་ན། བཅོམ་ལྡན་འདས་ཀུན་ཏུ་བཟང་པོ་ཧེ་རུ་ཀས། གསང་བའི་བདག་པོ་ལག་ན་རྡོ་རྗེ་ལ་སོགས་པའི་འཁོར་དང་ཐབས་ཅིག་ཏུ་བཞུགས་ཏེ། རང་བཞིན་གནས་གསང་པའི་མཆོག་ཆེན་པོ་ན་སྲིད་པའི་མ་མོ་ཐམས་ཅད་འདུལ་པའི་ཏུང་ངེ་འཛིན་ཏུ་ཞུགས་ཏེ་བཞུགས་སོ།། དེའི་ཚེ་དེའི་དུས་ན། སྔགས་ཀྱི་བསྲུངས་མ་ཨེ་ཀ་ཛ་ཏི་ཡང་བཀའ་ཉན་པའི་སེམས་ཀྱིས་རབ་ཏུ་བཏུད་དེ། འདི་ལྟ་བུའི་སྲོག་གི་སྙིང་པོ་ཡང་ཕུལ་ལོ། ཏྲག་རག་ཤ་ཁ་མུན་ཏྲ་མུ་ཏྲ་ཨེ་ཀ་ཛ་ཏི་སྙིང་ཁ་རག་མོ་བྷྱོ། ཞེས་ཕུལ་ཏེ། བསྟན་པ་བསྲུང་བའི་དམ་ཚིག་དང་ལྡན་པར་བྱས་སོ། སྲིད་པའི་འཁོར་ལོ་ལས། གླེང་གཞིའི་སྐབས་དེ་དང་པོའོ།།།། དེ་ནས་གསང་བའི་བདག་པོས། བཅོམ་ལྡན་འདས་ལ་ཕྱི་ནང་གསང་བའི་མཆོད་པ་སྣ་ཚོགས་བྱས་ཏེ། འདི་སྐད་ཅེས་གསོལ་ཏོ། བཅོམ་ལྡན་འདས་དཔལ་ཆེན་ཧེ་རུ་ཀ། སྔགས་བསྲུངས་ཨེ་ཀ་ཛ་ཏི་ལ། སྲིད་པ་འཁོར་ལོའི་མན་ངག་རྣམས། བསྟན་པ་གཉན་ཕྱིར་བཤད་དུ་གསོལ། ཅེས་གསོལ་པས། བཅོམ་ལྡན་འདས་དཔལ་ཆེན་པོས་བཀའ་སྩལ་པ། ཉོན་ཅིག་དཔལ་ལྡན་གསང་བའི་བདག། སྔགས་བསྲུངས་ཨེ་ཀ་ཛ་ཏི་ནི། སྲིད་པའི་འཁོར་ལོ་དག་ལ་ཐུག། ང་ཡི་བཤད་ཀྱིས་ཡིད་ལ་ཟུང། སྲིད་པའི་འཁོར་ལོ་ལ་ཡང་གསུམ། ཕྱི་དང་ནང་དང་གསང་བར་འདུས། མ་མོ་ཕྱི་ལྟར་འཁོར་ལོ་ནི། མ་མོའི་གཟུགས་བྱས་ཡི་གེ་བཅུ་གསུམ་བསྐོར། ནང་ལྟར་བསྟན་པ་ཐོབ་པ་ཡི། ནང་དུ་ཡི་གེ་བཅུ་གསུམ་བྲི། གསང་བ་ལྟར་ནི་བདག་ཉིད་དཔལ། ཧེ་རུ་ཀ་ཉིད་ང་རྒྱལ་ལས། མདུན་ན་མ་མོ་གནས་པ་ཡི། ཐུགས་ཀར་ཡི་གེ་བཅུ་གསུམ་ལས། མ་མོའི་སྲོག་ཉིད་བདག་སྡུད། དེ་ལྟར་ལར་དོན་དང་ལྡན་པར་བྱ། ཞེས་གསུངས་སོ། སྲིད་པའི་འཁོར་ལོ་ལས། གླེང་བསླང་བ་དང་ཞུས་ལན་སྐབས་ཏེ་གཉིས་པའོ། །།། དེ་ནས་དཔལ་ཆེན་ཧེ་རུ་ཀ་ལ། གསང་བ་ཡི་ནི་བདག་པོ་ཡིས། གུས་དང་བཅས་པས་འདི་སྐད་གསོལ། དེ་ལྟར་ཕྱི་ནང་གསང་བའི་དོན། ཤིན་ཏུ་རྒྱས་པར་བདག་ཉན་འཚལ། དཔའ་བོ་ཆེན་པོས་བཤད་དུ་གསོལ། ཞེས་གསོལ་ཏོ། དེ་ནས་དཔའ་པོ་ཆེན་པོས་བཀའ་སྩལ་པ། སྲིད་པའི་འཁོར་ལོ་ཕྱི་ནང་གསང། དེ་ལ་ཕྱི་ལྟར་སྐོར་བ་ནི། གྲི་མོར་ཤི་བའི་ཞིང་ཆེན་ལ། སྔགས་སྲུངས་ཨེ་ཀ་ཛ་ཏིའི་གཟུགས། འཁོར་ལོ་བརྒྱད་ལྡན་བྲི་བར་བྱ། མུ་ཁྱུད་ཟླུམ་པོ་ཐོད་འཕྲེང་བསྐོར། སྦྱི་བོར་གཤན་ཡིག་མགྲིན་པར་ཏྲག། ཤར་དུ་ཤ་དགོད་བྱང་དུ་ཏྲ། ནུབ་ཏུ་མུན་དང་ཤར་ལྷོར་རག། བྱང་ཤར་མུ་དང་ནུབ་བྱང་ཁ། ལྷོ་ནུབ་ཏྲ་སྟེ་དབུས་སུ་ཧཱུ~ཾ། རུ་ནི་རྐང་གཡས་ནི་གཡོན་དགོད། ལག་གཡས་བྷྱོ་བྲི་གཡོན་པར་མིང། དེ་བཞིན་བྲི་བར་ང་ཡིས་བཤད། དེ་ཡི་དོན་ཉིད་འདི་ལྟར་བརྟགས། ཧཱུ~ཾ་ནི་སྡུད་པའི་ས་བོན་ཏེ། ཀྵན་ནི་མ་ནོར་རྒྱུ་བའི་སྔགས་ཀྱིས་དག་ཀྱང་བྲལ་པར་བྱའོ། ཨེ་ཀ་ཛ་ཏི་ཤིན་ཏིང་ཀུ་རུ་ཡེ་སྭཱ་ཧཱ། པ་ཤཾ་ཀུ་རུ་སྭཱ་ཧཱ། པུ་ཤྟིཾ་ཀུ་རུ་སྭཱ་ཧཱ། དགྲ་བོ་ཆེ་གེ་མོ་མ་ར་ཡ་ཕཊ། ཅེས་གསུངས་སོ། སྲིད་པའི་འཁོར་ལོ་ལས། ཕྱི་ལྟར་གནད་ལ་དབབ་པའི་སྐབས་ཏེ་གསུམ་པའོ། དེ་ནས་གཞན་ཡང་བཤད་བྱ་བ། མ་མོ་ཨེ་ཀ་ཛ་ཏི་ལ། ནང་ལྟར་བསྟན་པའི་གནད་ཉིད་ལ། རྣོལ་གྲི་མོ་ཡི་ཐོད་པ་ལ། པདྨའི་རག་ཏས་ཡི་གེ་ནི། བཅུ་གསུམ་པ་ཉིད་བྲི་བར་བྱ། དེ་ཡི་དགོས་པའི་དོན་ཉིད་ནི། མ་མོ་ཐུགས་ཀྱི་རང་བཞིན་ཀྱང། ཐོད་པ་ཉིད་ལ་འཆགས་པར་འགྱུར། ཆགས་ནས་དམ་ཚིག་འདའ་མི་བྱེད། དེ་ཕྱིར་ནང་ལྟར་གནད་ལ་དབབ། གསང་ལྟར་གནད་ལ་དབབ་པ་ནི། ཏིང་ངེ་འཛིན་གྱི་རིམ་པ་སྟེ། བདག་ཉིད་ཡི་དམ་ལྷར་གསལ་བས། མདུན་དུ་མ་མོ་ཏྲག་ལས་བསྐྱེད། རང་བཞིན་སྤྱན་དྲངས་རྫོགས་པ་དང། མཆོད་པ་དབུལ་ཞིང་བཟླས་པ་བྱ། དེ་ཡི་ལས་རྣམས་མ་གྲུབ་ཅིང། འཁུ་ལྡོག་དམ་ལས་འདའ་འགྱུར་ན། གསང་བའི་དོན་ཉིད་འདི་བྱའོ། བདག་ཉིད་དཔལ་གྱི་ཐུགས་ཁ་རུ། ཧཱུ~ཾ་ལས་སྔགས་ཀྱིས་བསྐོར་བར་བསམ། དེ་ལས་འོད་ཟེར་ཞལ་ནས་བྱུང། མདུན་གྱི་མ་མོའི་སྙིང་ཁར་ཐིམ། སྔོན་གྱི་ཐ་ཚིགས་དྲན་པར་བྱས། དེ་ལས་འོད་ཟེར་ཚུར་འདུས་པས། མ་མོའི་སྲོག་གི་དང་མ་བསྡུས། རང་དབང་མེད་པར་བདག་ལ་འདུས། བདག་གིས་མ་མོ་དབང་འདུས་ནས། མ་མོའི་སྲོག་སྙིང་བདག་ལ་ཐིམ།། དེ་ལྟ་བུའི་དོན་ལྡན་ན།། མ་མོ་བཀའ་ལས་འདའ་མི་བྱེད། དེ་ལྟར་འོད་ནི་འཕྲོ་བ་ཡང། ཁ་དོག་འཕྲིན་ལས་བཞི་དང་སྦྱར།། ཞི་བ་འདོད་ནི་དཀར་པོ་འཕྲོས། མ་མོ་གདུག་རྩུབ་ཞི་བར་བསམ། ཚུར་འདུས་འོད་ཟེར་སོར་པོར་བསྡུས།། བདག་ཉིད་ཚེ་དང་དབང་ཐང་རྒྱས། དབང་ལ་འོད་ཟེར་དམར་པོར་འཕྲོས། བདག་ཉིད་དཔལ་གྱི་བཀའ་ཉན་བསམ། དེ་ནས་འོད་ཟེར་ནག་པོར་འཕྲོས། གང་འདོད་དགྲ་བོ་སྒྲོལ་བར་བསམ། ཚུར་འདུས་ཚེ་དང་བཀྲག་མདངས་བསྡུས། བདག་ཉིད་དཔལ་དང་ལྡན་པར་བསམ།། དེ་ལྟར་མ་མོར་སྣང་བ་ཡང། རང་གི་བྱང་ཆུབ་སེམས་ཉིད་ཀྱི། ཆོ་འཕྲོས་དག་ཏུ་མཁས་པས་བརྟག། མ་མོ་ལུས་དང་གྲིབ་མ་འདྲ། ཞེས་གསུངས་སོ། སྲིད་པའི་འཁོར་ལོ་ལས། མ་མོ་ནང་དང་གསང་བ་ལྟར་གནད་ལ་དབབ་པའི་སྐབས་ཏེ་བཞི་པའོ།།།། དེ་ནས་ཡང་གསང་བདག་གིས་གསོལ་བ། མ་མོ་ཨེ་ཀ་ཛ་ཏི་ནི། སྒྲུབ་པར་འདོད་པའི་རྣལ་འབྱོར་པས། མ་མོ་སྦྲང་མ་ཆགས་པ་ལྟར། མི་འདུ་བའི་དབང་མེད་པའི། བཀྲ་ཤིས་འཁོར་འཕེལ་ཟོར་གྱི་ལས། རིམ་པར་བདག་ལ་བཤད་དུ་གསོལ། དེ་ནས་དཔལ་གྱིས་བཀའ་སྩལ་བ། མ་མོ་སྔགས་བསྲུངས་འདུ་འདོད་ན། རས་ལ་མ་མོའི་སྐུ་གཟུགས་བྲི། དབེན་པའི་གནས་སུ་བཞག་བྱས་ཏེ། བྷ་ལིང་གཏོར་མ་རྟ་རུ་གཟུང། རྣེལ་གྲི་མོ་ཡི་ཐོད་པ་རུ། རཀྟས་འཕྲིན་ལས་རྣམ་བཞི་བྲི། གྲི་མོའི་སྙིང་སྲོག་རྩ་དང་བཅས། དར་གྱིས་གྲིལ་ནས་ཐོད་པར་བཞག། རྣལ་འབྱོར་རང་གི་སྤྱོད་ཡུལ་ལས། གཞན་གྱིས་ནམ་དུའང་མཐོང་མི་བྱ། སྲོག་གི་ཡང་སྙིང་རྒྱུན་དུ་དྲང།། དོན་གྱི་རྩ་བ་དམ་ཚིག་བསྲུང། མ་མོ་གལ་ཏེ་གཡེལ་བ་དང། དམ་ལ་མི་གནས་གྱུར་པ་དང། སྲིད་པའི་འཁོར་ལོ་བསྒོམ་པར་བྱ། ཞེས་གསུངས་སོ། སྲིད་པའི་འཁོར་ལོ་ལས། མ་མོ་གར་སྤྱིན་ལ་སྦྲང་མ་འདུ་བ་ལྟར་མི་འདུ་བའི་དབང་མེད་པའི་སྐབས་ཏེ་ལྔ་པའོ། །།། དེ་ནས་གཞན་ཡང་གསང་བདག་ཉོན། སྔགས་སྲུངས་འདི་རྣམས་འཐོན་ཏེ། ཏྲག་རག་ཤ་ཁ་མུན་ཏྲ་ཨེ་ཀ་ཛ་ཏི་སྙིང་ཁ་རག་མ་བྷྱོ། མ་མ་ཨཱ་ཡུ་ཛྙཱ་པུཤྟི་ཀུ་རུ་སྭཱ་ཧྭཱ། དེ་བཟླས་བདག་ཉིད་འཁོར་དང་བཅས། ཚེ་དང་ཡེ་ཤེས་རྒྱས་པར་ཡང། འཕྲིན་ལས་བཅོལ་ཞིང་མཆོད་པར་དབུལ། མ་མ་ཨོཾ་ཙོ་ཏི་ཙོ་པུ་ཥྟིཾ་ཀུ་རུ་སྭཱ་ཧཱ། མ་མ་པ་ཤ་པུཥྟིཾ་ཀུ་རུ་སྭཱ་ཧཱ། མ་མ་ད་མ་སཾ་པོ་པུཥྟིཾ་ཀུ་རུ་སྭཱ་ཧཱ། གོང་མའི་རྒྱུན་ལ་རྟགས་ཏེ་བཟླས།། བཀྲག་དང་གཟི་མདངས་རྒྱས་པ་དང། དབང་ཐང་ཆུང་སྲིད་རྒྱས་པ་དང། འཁོར་དང་ལོངས་སྤྱོད་འཕེལ་རྒྱས་དང། ཚེ་དང་ཡེ་ཤེས་རྒྱས་པར་འགྱུར།། ཞེས་གསུངས་སོ། སྲིད་པའི་འཁོར་ལོ་ལས། རྣལ་འབྱོར་བཀྲ་ཤེས་པར་བྱ་བའི་སྐབས་ཏེ་དྲུག་པའོ།།།། དེ་ནས་ཡང་དག་བཤད་བྱ་བ། མ་མོ་སྔགས་བསྲུངས་འཕྲིན་ལས་བདག། བསྟན་པ་བསྲུང་བའི་བདག་ཚིག་ཅན། ། སྒྲུབ་པར་འདོད་པའི་རྣལ་འབྱོར་པས། ལས་ཀྱི་མཐའ་བརྟུལ་ཟོར་གྱི་བྱ།། དེ་ཡི་རིམ་པ་བསྟན་པ་ནི། བསྒྲུབས་ནས་ཐུན་ཁྲག་རྟགས་བྱུང་ན། གཟས་པའི་ཕྱོགས་སུ་ཁ་བལྟས་ལ། ཆང་གིས་རབ་ཏུ་གཟི་མདངས་བསྐྱེད། གོས་ནག་གྱོན་ལ་ཐུན་གཏོར་ཐོགས།། ཐུན་ལམ་བསལ་ལ་དཔང་ཡང་གཟུགས།། སྔགས་རྣམས་དྲིལ་ལ་འཕང་པར་བྱ། ཐོད་པ་པུབ་ན་ཤིན་ཏུ་བཟང། དེ་ཡི་དུས་སུ་བསྐུལ་བྱས་ཏེ། མཇུག་ལ་འདི་དག་ཚིག་ཀྱང་གདགས། བསྟན་པ་བཤིག་པའི་དགྲ་བོ་འདི། སྙིང་གི་དཀྱིལ་དུ་ཁྲག་མདའ་ཡ། གོང་གི་ཕུ་ལ་ཁྲག་མདའ་ཡ།། སྟེང་གི་ཁྱོ་ལ་ཁྲག་མདའ་ཡ། འོག་གི་ཆུང་ལ་ཁྲག་མདའ་ཡ། མཆན་གྱི་བུ་ལ་ཁྲག་མདའ་ཡ། སྒོ་ཡི་ནོར་ལ་ཁྲག་མདའ་ཡ། ཡུལ་མཁར་ཁྱིམ་ལ་ཁྲག་མདའ་ཡ།། རྩ་བརྒྱུད་བཅས་པ་རྡུལ་དུ་རློགས།། ཅེས་པ་བརྗོད་ཅིང་དྲག་ཏུ་འཕང།། རང་ཉིད་ཁྲོས་པའི་ཐབས་སུ་བྱ། ཞེས་གསུངས་སོ། སྲིད་པའི་འཁོར་ལོ་ལས། ། ཟོར་གྱི་སྐབས་ཏེ་བདུན་པའོ།།།། དེ་ནས་དཔལ་ཆེན་པོས། གསང་བའི་བདག་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། ཀྱེ་གསང་བའི་བདག་པོ།། སྤྱིར་ཨེ་ཀ་ཛ་ཏིའི་རྒྱུད་ཇི་ལྟར་མང་དུ་བསྟན་ཀྱང། པས། ཕྱི་རབས་ཀྱི་རྣལ་འབྱོར་པ་རྣམས། བཀྲ་ཤིས་ཤིང་བསྟན་པ་བསྲུང་པའི་དོན་དུ་རྒྱུད་འདི་ཡོངས་སུ་གཟུང་བར་བྱའོ།།།། ཞེས་གསུངས་སོ། སྲིད་པའི་འཁོར་ལོ་ལས། རྒྱུད་ཡོངས་སུ་བཟུང་པའི་སྐབས་ཏེ་བརྒྱད་པའོ།།།། ཨེ་ཀ་ཛ་ཏི་སྲིད་པའི་འཁོར་ལོ་མན་ངག་གི་རྒྱུད་ཅེས་བྱ་བ། ཤིན་ཏུ་གསང་བ་མན་ངག་གི་རྒྱུད་རྫོགས་སོ།།།། སློབ་དཔོན་རུམ་བུ་གུ་ཡ་ལས་ཞུས་ཏེ། གུ་རུས་དང་པོ་མ་གནང་བ་ལ། མཁའ་འགྲོ་དང་ཡི་དམ་ལྷས་ལུང་བསྟན་ཏེ། མནྚལ་ལ་གསེར་སྲང་གསུམ་བཀྲམ་སྟེ། བདག་གི་སྲིད་པའི་འཁོར་ལོ་མེད་ན་བསྟན་པ་ཇི་ལྟར་བསྲུངས་ཨེ་མ་ཧོ། ཞེས་མཆི་མ་ཕྱུང་པས། འུང་ནས་བདག་ལ་གུ་རུས་གནང་ངོ།། བདག་འདྲ་སངས་རྒྱས་ཡེ་ཤེས་ཀྱིས། བླ་མ་མཉེས་བྱས་རྒྱུད་འདི་གནང། ཀུན་ལ་མ་སྤེལ་གཏེར་དུ་སྦ།། དམ་ཚིག་ཅན་དང་འཕྲད་པར་ཤོག། ། སམཐནད།།།།
CLOSE WINDOW