CLOSE WINDOW

Gpb048.007: མ་མོ་འབུམ་གྱི་མངའ་བདག་དཔལ་ལྷ་མོ་ནག་མོ་རེ་མ་ཏི། དབང་མོ་མཆེད་བཞིའི་སྲོག་རྩ་མངོན་དུ་དབྱུང་བའི་རྒྱུད
Wylie

གླང་དཔལ་གྱི་སེང་གེ་གཉིས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།།།། རྒྱ་གར་སྐད་དུ། མཱ་མཱ་དེ་བི་ཀི་ལི་མ་ར་ཤ་ཏ་ས་ཧ་སྲི་ཀ་ཙིཏྟ་མ་ཧཱ་ཏན་ཏྲ། བོད་སྐད་དུ། མ་མོ་འབུམ་གྱི་མངའ་བདག་དཔལ་ལྷ་མོ་ནག་མོ་རེ་མ་ཏི། དབང་མོ་མཆེད་བཞིའི་སྲོག་རྩ་མངོན་དུ་དབྱུང་བའི་རྒྱུད། བཅོམ་ལྡན་འདས་ཆེ་མཆོག་ཧེ་རུ་ཀ་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། རི་རབ་རིའི་རྩེ་མོ་བྱང་ཤར་མཚམས་ཀྱི་གནས་མཆོག་ན། དུར་ཁྲོད་ཆེན་པོའི་ཚལ་གསེབ་ན་ཡུམ་ཆེན་མོ་རྡོ་རྗེ་ཨེ་ཀ་ཛཱ་ཏིའི་བྷ་ག་རྣམ་པར་དག་པའི་དབྱིངས་ན་བཞུགས་སོ། ། དེ་ལས་ཡུམ་ཆེན་མོ་ལྔའི་བྷ་གར་སྣང་བ་ལས་སེམས་ཅན་སྐྱེ་འགྲོ་མཐའ་དག་ཇི་སྲིད་ཅིག་ཆགས་སོ།། སེམས་ཅན་སྐྱེ་འགྲོ་མཐའ་དག་ལ་དབང་བྱེད་པའོ།། དེ་ལ་ཐམས་ཅད་ཀྱི་དབང་མོ་ཆེ་ལྔ་ལ་ཀུན་ཏུ་སྣང་ཞིང་གོ་འབྱིན་ནམ་མཁའི་དབང་མོ་ཆེ་ནི། ། སྣང་སྲིད་ཐམས་ཅད་སྐྱེ་ཞིང་འབྱུང་བར་གོ་འབྱེད་པས། ཐམས་ཅད་ཀུན་གྱི་ནང་ན་དབང་ཆེ་བའི་བདག་མོ་ཨེ་ཀ་ཛ་ཏི་དང། ཐམས་ཅད་གནས་ཤིང་ཆགས་པའི་ས་གཞིའི་དབང་མོ་ཆེ་ནི། སྣང་སྲིད་ཐམས་ཅད་སྐྱེ་ཞིང་སྨིན་པར་བྱེད་པའི་ཕྱི་ནང་ཀུན་གྱི་ནང་ན་དབང་ཆེ་བའི་བདག་མོ་རེ་མ་ཏི་དང། སྣོད་བཅུད་འདེགས་པ་དང། སྐྱོད་པར་བྱེད་པའི་རླུང་གི་དབང་མོ་ཆེ་ནི། རྒྱུ་འབྲས་ཀུན་གྱི་རྐྱེན་གྱིས་བསྐྱོད་ནས་དངས་སྙིགས་འབྱེད་ཅིང་སེལ་བར་བྱེད་པས། སྟེང་འོག་ཀུན་གྱི་ནང་ན་དབང་ཆེན་བདག་མོར་མ་ཏི་དང། འགྲོ་བ་ཐམས་ཅད་སྡུད་ཅིང་སྣུན་པར་བྱེད་པའི་དབང་མོ་ཆེ་ནི། ལུས་དང་རྣམ་པར་ཤེས་པ་དྭངས་མར་བྱེད་པའི་སྣོད་བཅུད་ཀུན་གྱི་ནང་ན་དབང་ཆེ་བའི་བདག་མོ་རེ་མ་ཛ་དང། སྣང་སྲིད་ཐམས་ཅད་དྲོད་སྙོམས་པར་བྱེད་པའི་མེའི་དབང་མོ་ཆེ་ནི། སྣང་སྲིད་ཀྱི་སེམས་ཅན་ཐམས་ཅད་ཀྱི་དྲོད་སྙོམས་པར་བྱེད་པས་སྣོད་བཅུད་ཀྱི་ནང་ན་དབང་ཆེ་བའི་བདག་མོ་རེ་མ་ཛུ་དང། གཞན་ཡང་ལྷ་མོ་རེ་མ་ཏི་དང། ཀླུ་མོ་རེ་མ་ཏི་དང། བདུད་མོ་རེ་མ་ཏི་དང། གནོད་སྦྱིན་རེ་མ་ཏི་དང། ཤ་ཟ་ནག་མོའི་ཚོགས་འབུམ་དང། རུ་འཆའ་དཀར་མོའི་ཚོགས་འབུམ་དང།། ཁྲག་འཐུང་དམར་མོའི་ཚོགས་འབུམ་དང། དྲི་སྣོམ་ལྗང་ནག་གི་ཚོགས་འབུམ་གྱིས་བསྐོར་ཏེ་གནས་སོ།། དེ་ལྟར་མ་མོ་ཐམས་ཅད་ཀྱིས་སེམས་ཅན་སྐྱེ་འགྲོའི་ཚེ་དང་སྲོག་ལ་དབང་བྱེད་པས། འབྱུང་བ་ལྔ་ཡི་ངང་ལས་སྣང་སྲིད་ཀྱི་མ་མོ་ཐམས་ཅད་འབྱུང་བའོ།། དཔལ་ལྷ་མོ་རེ་མ་ཏི་མཆེད་བཞི་སྲོག་རྩ་མངོན་དུ་དབྱུང་བའི་རྒྱུད་ལས། གླེང་གཞིའི་ལེའུ་སྟེ་དང་པའོ། །།། དེ་ནས་བཅོམ་ལྡན་འདས་ཆེ་མཆོག་ཧེ་རུ་ཀས། སྲིན་མོ་ཆེན་མོ་གདུག་བྱེད་མ་བཞི་ལ་འདི་སྐད་ཅེས་གསུངས་སོ།། ཁྱེད་བཞིའི་ཕ་གང་ཡིན། མ་གང་ཡིན། མིང་ཅི་སྐད་བོད། མཁན་ཅི་སྐད་བོད། མཎྜལ་ནི་དུ་ཡོད། གནས་གང་ན་གནས། གཞལ་ཡས་ཁང་ནི་ཇི་ལྟ་བུ་ཞིག་ན། ཤུལ་གང་དུ་དབྱུང། ཞེས་གསུངས་པས། རེ་མ་ཏི་ན་རེ། ངའི་ཕ་བདུད་གཤིན་རྗེ་བྲང་དཀར་ཡིན། མ་བདུད་མོ་སྲོག་ལེན་ཧབ་ཤམ་མ་བྱ་བ་ཡིན། རེ་མ་ཏིའི་ཕ་བདུད་པདྨ་གར་གྱི་དབང་ཕྱུག་ཡིན། མ་བདུད་མོ་བརྒྱ་བྱིན་ཀུན་དགའ་མ་ཡིན། རེ་མ་ཛའི་ཕ་བདུད་ཐོད་པའི་འཕྲེང་བ་ཅན་བྱ་བ་ཡིན། མ་བདུད་མོ་ཨེ་ཀ་ཛཱ་ཌི་མ་ཡིན། རེ་མ་ཛུའི་ཕ་སྲིན་པོ་མ་ཊཾ་རུ་ཏྲ་ཡིན། མ་གླིང་བཞི་ཀུན་འབྱམ་མ་ཡིན་ནོ།། ངེད་ཀྱི་ཕ་མ་དེ་རྣམས་ལ། ངེད་དུ་མ་ཟད་དེ་བུ་ཕོ་འབུམ་བུ་མོ་འབུམ་ཡོད་དོ།། ངེད་ཀྱི་མིང་དུ་ཤེས་པ་སྟེ། འབོད་པ་རྣམས་ཀྱིས་དགུར་ཤེས་སོ། ། ངེད་ཀྱི་མཁན་ནི་བརྒྱ་འམ་སྟོང་ངོ།། དཀྱིལ་འཁོར་ནི་གཉིས་སོ།། གནས་ནི་བྱང་ཤར་མཚམས་དྲང་པོར་བྱིང་བྱེད་མུ་ལེ་ཏིང་གི་མཚོ་བྱ་བ་ན་གནས་སོ།། གཞལ་ཡས་ཁང་རིན་པོ་ཆེའི་གཞལ་ཡས་ཁང་དུར་ཁྲོད་ཀྱི་རྒྱན་གྱིས་སྤྲས་པ་སྟེ། དུར་ཁྲོད་ལ་ལོངས་སྤྱོད་པའི་གནས་ཞིག་ན་གནས་སོ།། ཤུལ་ནི་རླུང་ཚུབ་ཆེན་པོ་དང། ཆུ་གཞུང་དང། རི་རྩིབས་དང། བར་སྣང་ལ་རྒྱུའོ།། དཔལ་ལྷ་མོ་ནག་མོ་རེ་མ་ཏི་མཆེད་བཞི་སྲོག་རྩ་མངོན་དུ་དབྱུང་བའི་རྒྱུད་ལས། ཕ་མའི་ཁུངས་དང་མིང་མཁན་དང་བཅས་པའི་ལེའུ་སྟེ་གཉིས་པའོ།།།། དེ་ནས་བཅོམ་ལྡན་འདས་ཆེ་མཆོག་ཧེ་རུ་ཀས། སྲིན་མོ་ཆེན་མོ་གདུག་བྱེད་མ་བཞི་ལ་འདི་སྐད་ཅེས་གསུངས་སོ། ། ཁྱེད་ཀྱིས་དཀོན་མཆོག་གི་དབུ་འཕངས་སྨོད་པ་དང། སངས་རྒྱས་ཀྱི་བསྟན་པ་འཇིག་པའི་དམ་སྲི་ལ་ཕུང་བར་བྱ་བའི་དམོད་པའི་མཚོན་ཆ་ནི་གང་ཡིན། ཁྱེད་བསྒྲུབ་པའི་གནས་ནི་གང་ལ་བྱ། རྟེན་པའི་རྫས་ནི་གང་ཡིན། སྲོག་གི་སྙིང་པོ་ནི་ཇི་སྐད་དྲང། བསྙེན་པའི་དཀྱིལ་འཁོར་ནི་ཇི་ལྟར་བྱ། བསད་པའི་དཀྱིལ་འཁོར་ནི་ཇི་ལྟར་བྱ།། རབ་ཏུ་གསད་པའི་མཎྜལ་ནི་ཇི་ལྟར་བྱ། ཁྱེད་ཀྱིས་སྨོས་ཤིག། ཧེ་ཧེ། ཆེ་མཆོག་རྒྱལ་པོ་བཀའ་སྩལ་ཉན།། རྡོ་རྗེ་ཆེ་མཆོག་སྤྱན་ལྔ་རུ།། དམོད་པ་ལ་སོགས་སྨྲ་བར་བྱ།། རྡོ་རྗེ་ཆེ་མཆོག་ཧེ་རུ་ཀས།། དམོད་པའི་འདི་ལ་བྱིན་རླབས་མཛོད།། དཀྱིལ་འཁོར་ལ་སོགས་རྫས་རྣམས་ལ། ། བྱིན་རླབས་དམ་པ་ཐོབ་པར་མཛོད།། ཐེག་མཆོག་སྤྱད་པའི་རྣལ་འབྱོར་ལ།། ཐུགས་རྗེའི་ཤུགས་ཀྱིས་བསྒྲག་ཏུ་གསོལ།། བསྟན་པ་ལ་གནོད་པའི་རིགས་ཐམས་ཅད་ལ་དམོད་པ་དོར་བ་འདིའོ།། ཨོཾ་ཏཱ་ཏཱ་ལ་ཏྲག་རཀྵ་རུ་ཏི་ནན། མུར་ཏི་བཾ། རེ་མ་ཏི་ཆེ་གེ་མོའི་སྲོག་ལ་ཛཱ་ཛཱ་ཛཱ་ཛཱ། པདྨ་མ་ར་ཏི་རུ་ཏེ་རེ་མ་ཏི་ཆེ་གེ་མོའི་སྲོག་ལ་ཛཱ་ཛཱ་ཛཱ་ཛཱ། ནག་མོ་དུན་ཏིང་མ་མ་བྷྱོ་བྷྱོ། སྙིང་ཤད་ཤད་ནི་ཛཱ་ཛཱ། ཆེ་གེ་མོའི་སྲོག་རྩ་ལ་བྷྱོ་བྷྱོ། ཞེས་སྨོས་པས་བསྟན་པ་ལ་གནོད་པ་ལྟ་ཅི་སྨོས་ཏེ། གླིང་བཞི་ཙམ་ཡང་ཕུང་བར་བྱེད་དོ།། ངེས་བསྒྲུབ་པའི་གནས་ནི། བྲག་དམར་པོ་ཆོས་ཟངས་འདྲ་བ་འམ། རྒྱ་སྐགས་ཀྱི་ཁ་དོག་འདྲ་བའམ། དྲག་པོ་ཁྲག་གི་མཆེ་རིས་ཅན་ནམ། མཚོ་གླིང་ངམ། ཆུ་འགུར་ལྟ་བུ་འམ། ཡང་ན་དུར་ཁྲོད་གསར་སྙིང་གི་གནས་སུ་བྱའོ།། ངེད་བསྟེན་པའི་དམ་རྫས་ནི་ལུག་ནག་མོ་སྤྱི་དཀར་དང། ཁྱི་ནག་དང། བྱ་ནག་དང། མི་སྙིང་དང། རྟ་སྙིང་དང། ར་སྙིང་དང། ཁྱི་སྙིང་དང། ནལ་ཤ་དང། སྙིང་དང། ཁྲག་སྣ་ཚོགས་དང། ཤ་སྣ་ཚོགས་དང། བདུད་རྩི་དང། གཏོར་མ་ཆེན་པོ་དང། མེ་ཏོག་སྣ་ཚོགས་པ་ལ་བྱའོ།། སྲོག་གི་སྙིང་པོ་ནི། ཨོཾ་ཏདྱ་ཐཱ། ཏྲག་རག་ཤ་མུགྟི་བཾ་མ་རུ་ལུ་ཛཱ་ཛཱ། དགྲའི་སྙིང་ལ་བྷྱོ་བྷྱོ། ཨོཾ་མ་པདྨ་ར་ཏ་རུ་ཏེ་རེ་མ་ཏི། ཙིཏྟ་ཙིཏྟ། དགྲ་སྙིང་ལ་བྷྱོ་བྷྱོ། ཨོཾ་རུ་ལུ་ཀོའུ་མེན་སྱེན་མྱེན་མ་ཛཱ་ཛཱ། དགྲ་སྙིང་ལ་བྷྱོ་བྷྱོ། ཨོཾ་ཨུ་ཏི་དུ་རུ་དུ་རུ། ཚལ་པཱ་མེ་ད་རཱ་ཛཱ་ཛཱ། དགྲ་སྙིང་ལ་བྷྱོ་བྷྱོ། བདག་ཅག་བཞིའི་འོ།། ནག་མོ་དུན་བྷྱོ་བྷྱོ། ནག་མོ་དུན་ཏིང་མ་ལས་ལ་བྷྱོ་བྷྱོ་བྷྱོ་བྷྱོ། འཁོར་གྱིའོ།། མ་མ་ཤ་ཤ་རུ་ཁྲག་ཤུ་ཧྲིང། ཙིཏྟ་དགྲ་བོའི་སྙིང་ལ་ཐུན་ཐུན། འུབ་འུབ་རིལ་མའི་སྙིང་ལ་རིལ་རིལ། ཏྲག་རཀྵ་རུ་ཁྲག་སྙིང་ལ་ཛཱ་ཛཱ། རུ་རུ་ལུ་ནི་ཏི་སྟ་རྦད། ཏྲིག་ཏྲིག་ཧྲིང་མཱ་མཱ་མ་ཤམ་ཙིཏྟ་དཔལ་ལྷ་མོ་ཡ། བདག་ཅག་གི་སྤྱི་སྡོམ་གྱི་སྙིང་པོའོ།། བསྙེན་པའི་དཀྱིལ་འཁོར་ནི། དབུས་སུ་གྲུ་གསུམ་པདྨ་འདབ་བརྒྱད་བཅས་པར་བྱས་ལ། ཟླུམ་པོ་ལ་ཐོད་པའི་འཕྲེང་བས་བསྐོར་བ་གྲུ་ཆད་དང་བཅས་པར་བྱའོ།། གསད་པའི་དཀྱིལ་འཁོར་ནི། གྲུ་གསུམ་དམར་ནག་ཏུ་བྱས་ལ། ཐོད་འཕྲེང་གྲུ་ཆད་དུ་བཅས་པ་སྒོ་ཁྱུད་དང་མེ་རིར་བཅས་པར་བྱའོ། ། རག་ཏུ་གསད་པའི་དཀྱིལ་འཁོར་ནི། ཐོད་པ་སྐྱ་བོ་ལ་ཕྱི་ནང་དུ་སྲོག་ལེན་ཕོ་མོ་བརྒྱད་ཀྱི་ཞལ་ཕྱུང་བའོ།། དེ་ལྟར་བསྙེན་བསྒྲུབས་གསད་དང་གསུམ་གྱི་དཀྱིལ་འཁོར་ལ་བ་སུ་ཏའི་ཕྲ་ལག་དང་འཕྲེང་བས་བསྐོར། ཞིང་གི་རྒྱལ་མཚན་དང། རྐང་ཆེན་གྱི་དུང་དང། ཐོད་པའི་རྔ་དང། བབྡྷའི་ཆ་ལང་དང། སྤྱི་བླུགས་ཞྭ་ཆེན་གོན། འཕྲེང་ཆེན་བགྲང། རཀྟའི་དར་ཕྱར། ཀུ་ཤའི་གླུ་བླང། ཤེལ་ནག་ལ་འབེན་བཅའ། དེ་ནས་བསྙེན་བསྒྲུབ་ཚུལ་བཞིན་པ། མཚན་མ་བཟང་པོར་མ་བྱུང་བར། འཛབ་གདོན་བསྟོད་དང་བསྐུལ་བ་གཏང། རྒྱུ་དུས་དག་ཏུ་གཏོར་མ་ནི། གནད་ནས་བོད་ཅིང་སྦྱིན་པར་བྱ།། དེ་ནས་མཚན་མ་བྱུང་བ་དང། ། ཐུན་འཕང་དངོས་གྲུབ་བླང་བར་བྱ།། དེ་ནི་བསྒྲུབ་པར་བཤད་པའོ།། དཔལ་ལྷ་མོ་ནག་མོ་རེ་མ་ཏི་མཆེད་བཞི་སྲོག་རྩ་མངོན་དུ་དབྱུང་བའི་རྒྱུད་ལས། སྲོག་སྙིང་བསྟན་པ་དང་རྩ་བའི་མཎྜལ་བསྟན་པའི་ལེའུ་སྟེ་གསུམ་པའོ། །།། བསྙེན་ཅིང་བསྒྲུབ་པར་བྱ་བ་ནི།། དཀྱིལ་འཁོར་པདྨ་འདབ་བརྒྱད་ལ།། དབུས་སུ་མཐིང་ནག་གྲུ་གསུམ་ལ། ཐོད་འཕྲེང་མེ་རིས་བརྒྱན་པར་བྱ།། སྒོ་དང་སྒོ་ཁྱུད་བཅས་པར་བྲི། ། དེ་ལ་དམ་རྫས་དགོད་པ་ནི།། མཆོག་ཕུར་བཅུ་དང་ལྕགས་ཕུར་ཅུ།། མཐིང་ནག་དར་གྱིས་བརྒྱན་པ་དགོད།། སེང་གེའི་སྙིང་དང་མི་སྙིང་དང།། རྟ་སྙིང་ཁྱི་སྙིང་ར་སྙིང་དང།། ལུག་གི་སྙིང་དང་གླང་གི་སྙིང། ། དོམ་གྱི་སྙིང་དང་སྟག་གི་སྙིང།། ཕག་པའི་སྙིང་དང་བཅུ་པོ་ཡིས།། སྙིང་རྩེ་ལ་དར་མཐིང་ནག་ལྕེའུ་རེ་གདགས།། སྙིང་གི་རྩ་བ་སྙིང་རང་དངོས་སུ་དར་དམར་པོ་ལྕེ་རེ་གདགས། མི་ཁྲག་དང་རྟ་ཁྲག་ལ་གཞི་བླངས་ལ། ། ཁྲག་སྣ་ཅི་མང་ཐོད་པ་གསུམ་བཞག། རྩང་ལ་གློ་སྙིང་དམར་ཕྲུལ་ལེ་བཀལ་ལ་གཟུགས། བཤོས་བུ་ཆག་གང་བ་ཅིག་ལ་ཁྲག་གི་ཐིག་ལེ་ལོགས་བཞིར་བྱུག་ལ་སྟེགས་བུའི་སྟེང་དུ་བཞག། སྨྱུག་མ་ཚིགས་དགུ་པ་ཅིག་ལ་ཚོན་ཚོགས་ཀྱི་ནམ་མཁའ་ཅིག་བྱས་ལ། བཤོས་བུའི་དཀྱིལ་ན་ཡར་གཟུགས་སོ།། བྱ་ཚལ་བུ་ཅིག་གིས་ཐུགས་དམ་བསྐང། གསོབ་ཤུས་བྱས་ལ་གཤོག་པ་གཡས་པ་ལ་དགྲ་བོའི་མིང་རུས་བཏགས་ལ། དར་ཚོན་སྣ་ལྔས་བརྒྱན་ལ་ནམ་མཁའི་དཀྱིལ་དུ་གདགས་སོ།། བྱ་མཚལ་བུ་ཅིག་གི་གཤོག་པ་གཡས་པ་ལ་དགྲ་བོའི་མིང་རུས་བཏགས་ལ། བདུད་སྒྲོལ་གྱིང་རྣམས་ཀྱི་རྟ་རུ་བཟུང་ཞིང་རྟེན་དུ་བཅའ་འོ། ། རྨད་དུ་བྱུང་བའི་གཏོར་མ་ཆ་གཅིག་བཤམས་ལ། སྲིད་པ་ཕོ་བཅུ་བསྐུལ་ཞིང་དམོད་བཙུགས་ལ་གཏང་ངོ།། ཟླ་ཁམ་བསེ་ཞལ་ཅན་ཅིག་ལ་བྱང་ཆུབ་སེམས་ཀྱི་ཐིག་བཏབ་ལ། དེ་ལ་ནམ་མཁའ་ནག་པོ་ཅིག་བཙུགས་ལ། བྱ་མོ་ནག་མོའི་གསོབ་ཅིག་གི་གཤོག་པ་གཡོན་པ་ལ་དགྲ་བོའི་མིང་རུས་བཏགས་ལ། གཤོག་པ་གཡས་དང་གཞུང་ལ་དར་ཚོན་སྣ་ལྔས་བརྒྱན་ནམ་མཁའ་ལ་གདགས། བྱ་ནག་མོ་ཅིག་ལ་སྐེར་ཙིཏྟའི་འཕྲེང་བ་གདགས། ལུས་ལ་དར་ཚོན་སྣ་ལྔས་བརྒྱན་ལ་བདུད་མོ་རྣམས་ཀྱི་ཐུགས་དམ་བསྐང་ཞིང་རྟེན་དུ་བཅའ་འོ།། རྨད་དུ་བྱུང་བའི་གཏོར་མ་ལ་དམོད་བཙུགས་ཤིང་སྲོད་དང་ཐོ་རངས་གཏད་དོ།། དེ་ནས་བདུད་ཡབ་ཡུམ་རྣམས་ལ་སྲོག་སྙིང་ཚད་དུ་བསྐྱལ་ཏེ་ལས་བཅོལ་ན། དགྲ་བགེགས་བརྒྱ་བརྒྱ་སྒྲོལ་ནུས་སོ།། ཨོཾ་ཏྲི་ཙ་པ་ལ་ཨ་ཤུག་མེ་སྭཱཧཱ། ཨོཾ་མ་ཙ་པ་ལ་ཨ་ཤུག་མེ་སྭཱཧཱ། ཞེས་སྲོག་སྙིང་དེ་རེ་རེ་ལ་བྱེ་བའི་ཚད་དུ་སྐྱོན་ན། རྟགས་ནི་རབ་འབྲིང་རྣམ་གསུམ་སྟོན། རབ་ཏུ་སྐུ་ནི་མངོན་དུ་སྟོན།། འབྲིང་དུ་སྐད་འབྱིན་འོད་དང་སྒྲ།། ཐ་མར་མེ་འབར་བ་རུ་འབྱུང།། རྟགས་ནི་མངོན་དུ་བསྟན་པ་དང།། འཕྲིན་ལས་རིམ་པ་གཞུང་བཞིན་བརྩམ། ། ཧཱུཾ། བསྐལ་པ་མེ་ལྟར་འབར་བའི་ཀློང་དཀྱིལ་ནས། ཡབ་ཅིག་གཤིན་རྗེའི་རྒྱལ་པོ་གཤེགས་སུ་གསོལ།། ཡུམ་ཅིག་སྲིན་མོ་དུར་ཁྲོད་བདག་མོ་གཤེགས་སུ་གསོལ།། སྲས་མཆོག་སྤྲུལ་པ་ཡ་མ་ར་ཛ་གཤེགས་སུ་གསོལ། ། དེ་ཡི་འཁོར་ན་གནས་པའི་སྲས་ཀྱི་མཆོག། གིང་ཆེན་བདུད་མོའི་ཚོགས་རྣམས་རྣམས་གཤེགས་སུ་གསོལ།། ཕྱོགས་ཕྱོགས་ནི་ཡ་ཀི་ན།། ནམ་མཁའ་ནི་ཡ་གི་ན།། རི་རབ་ནི་ཟོམ་རྩེ་ན། ། ཕྱོགས་བཞི་ནི་མཚམས་བརྒྱད་ན།། བདུད་ཀྱི་རྒྱལ་པོ་ཕོ་དགུ་མོ་དགུ་བཞུགས།། བདུད་ཕོ་བདུན་མོའི་མཚན་བཏགས་པས།། སྒྲོལ་གིང་ཕོ་མོ་བཅོ་བརྒྱད་པོ།། སྐྱེས་པ་ཕོ་མོ་ཀུན་གྱི་བདུད།། མི་ཕྱུགས་དེ་ནི་གཉིས་ཀྱི་བདུད། ། ཁྱེད་ཀྱི་དེ་ནི་ཕྱག་ན་མངའ།། སྐྱེས་མཆོག་གིང་ཆེན་ཕོ་མོའི་ཚོགས།། རྣལ་འབྱོར་དབང་ཕྱུག་བདག་བསྒྲུབ་ཀྱི།། དོ་ནུབ་སྤྱན་འདྲེན་གཤེགས་སུ་གསོལ།། ཛ་ཧཱུཾ་བཾ་ཧོ་གིང་ཀ་ར་ཧཱུཾ་ཛ། ནག་མོ་དུན་ཏིང་ཧཱུཾ་ཛ། ། ཧཱུཾ། སྙན་པའི་སྒྲས་ནི་སྤྱན་འདྲེན་ན།། དུང་དང་པི་ཝང་གླིང་བུའི་སྒྲ།། སྙན་པའི་གླུ་དབྱངས་ཕྱོགས་བཅུར་འབུལ།། སྲོག་ལེན་ཕོ་དགུ་མོ་དགུའི་ཚོགས།། ཕོ་བྲང་ཆེན་པོར་བཞུགས་སུ་གསོལ།། གིང་ཀ་རག་མོ་རཀྵ་ས་མ་ཡ་ཏིཥྛ་ལྷན། ། ཧཱུཾ། དགའ་དང་གུས་པས་ཕྱག་ཀྱང་འཚལ།། ང་ནི་དབང་ཕྱུག་ཆེན་པོ་སྟེ།། ཁྱེད་ནི་རྣལ་འབྱོར་དམ་ལ་གནས།། དམ་ཚིག་གཞུང་དུ་ཕྱག་འཚལ་ལོ།། སྐྱེ་མཆོག་གིང་ཆེན་ཕོ་མོ་ལ།། མོས་པའི་དམ་ཚིག་མཆོད་པ་ནི།། ཆང་ཕུད་དང་ནི་ཁྲག་ཕུད་དང།། ཤ་ཁྲག་དང་ནི་སྙིང་སྣ་དང།། འཛའ་གད་ཕུད་དང་གཏོར་མར་བཅས།། དྲི་བསྲུང་སྤོས་ཀྱི་མཆོད་པ་འདི།། གིང་ཆེན་ཡབ་ཡུམ་ཞལ་དུ་འབུལ། ། ས་མ་ཡ་གིང་ཀར་ནག་མོ་རཀྵ་དུན་ཏིང། མ་ཧཱ་པུ་ཛ་པྲ་ཏི་ཛ་ཧོ་ཁརཾ་ཁཱ་ཧི་ཁཱ་ཧི། ཧཱུཾ། ཕོ་བྲང་ཆེན་པོའི་ཟོམ་རྩེ་ན།། སྒྲོལ་བའི་གིང་ཆེན་ཕོ་མོ་བཞུགས།། ལེགས་ཉེས་འཛིན་པའི་དམ་ཚིག་ཅན། ། སྔོན་དང་སྔོན་གྱི་དམ་བཅས་པ།། བཅོམ་ལྡན་དཔལ་ཆེན་ཧེ་རུ་ཀས།། ལག་ཏུ་རྡོ་རྗེ་གཏན་ནས་ནི།། རྣལ་འབྱོར་ཕ་ཡི་བསྲུང་མ་རུ།། ཇི་ལྟར་ཁས་བླངས་དམ་བཅས་པ།། མི་བསྙལ་ཕྱིར་དུ་རྡོ་རྗེ་གཏད།། ང་ཡང་རྣལ་འབྱོར་དབང་ཕྱུག་ཆེན་པོ་སྟེ། ། ཁྱེད་ཀྱང་སྒྲོལ་བའི་དམ་ཚིག་ཅན།། དམ་ཚིག་བསྲེ་ཡིས་ད་ཚུར་སྤྱོན།། ངེད་ཀྱང་ལྷ་རུ་ཁྱེད་མཆོད་དེ།། ཁྱེད་ཀྱང་དམ་ལྡོག་ན་ར་སྐན།། བདག་ལ་ཚེ་ཡི་དབང་ཆེན་གསོལ།། བདག་གི་བུད་མེད་འཁོར་བཅས་ལ།། སྲོག་དང་སྲིད་ལ་མངའ་མ་མཛད།། འཁོར་འདི་སྲུངས་ལ་གནས་སྐྱོངས་ཤིག། ཅི་བཅོལ་བྱ་བར་ཁས་བླངས་སོ།། དགྲ་བགེགས་བསྒྲལ་བར་དམ་བཅས་སོ།། བདུད་བྲམ་ཡ་དགྲ་སྙིང་ལ་དུན་བྷྱོ་བྷྱོ། ནག་མོ་རཀྵ་དུན་ཏིང་ཁ་རཾ། དགྲ་སྙིང་ལ་དུན་བྷྱོ་བྷྱོ། དེ་ནས་བདུད་ཕོ་མོ་རྣམས་ལ་འཕྲིན་ལས་བཅོལ་བ། ཧཱུཾ། སྐྱེ་མཆོག་གིང་ཆེན་བཅོ་བརྒྱད་ཀྱང།། བཞུགས་ནི་རི་རབ་བརྩེ་ལ་བཞུགས། ། གནས་ནི་ནམ་མཁའི་དཀྱིལ་དུ་བཅས།། རྒྱུ་ནི་བར་སྣང་ཁམས་སུ་རྒྱུ།། གྲོགས་ནི་རྣལ་འབྱོར་སྤྱི་ལ་མཛད།། ཀུན་ཀྱང་ཁྲོ་བོའི་རྒྱལ་པོ་སྟེ།། ཀུན་ཀྱང་སྒྲོལ་བའི་བདག་མོ་མཛད།། སྐྱེ་མཆོག་ཁྲོ་བོ་གིང་ཀ་ར། ། བཞུགས་ནི་ནམ་མཁའི་དཀྱིལ་ན་བཞུགས།། ཆིབས་སུ་སེང་གེ་དཀར་མོ་ཆིབས།། སྐུ་ལ་གཡུ་ཡི་སླག་པ་གསོལ།། གཡས་ན་གསོད་པའི་སྤུ་གྲིབ་བསྣམས།། གཡོན་ན་ལྕགས་ཀྱུ་རྣོན་པོ་བསྣམས།། རྔམ་ཞིང་བྲོས་པའི་ང་རོ་ཡིས། ། ལྷ་ཆེན་ཚངས་པ་སྒྲོལ་ལ་བརྩོན།། དེ་ལ་གསང་བའི་མཚན་བཏགས་པ།། སྐྱེ་མཆོག་དུང་གི་གཙུག་ཕུད་ཅན།། ཁྲོ་མོ་གནས་པའི་འཕྲུལ་མོ་ཆེ།། གོས་སུ་མུན་པ་ནག་པོ་གོན།། མེ་སྒྲོན་འབར་བའི་ཤམ་ཐབས་ཅན། ། གནམ་ཕྱེད་གོས་སུ་གོན་པ་ལ།། ས་ཕྱེད་སྟན་དུ་འདིངས་པ་མོ།། ཕྱག་ན་མདུང་དམར་ལྕགས་ཀྱུ་བསྣམས།། ཆིབས་སུ་བསེ་ཡུ་ཁྱུང་ཆེན་ཆིབས།། ཤ་ཁྲག་ཀུན་གྱི་དྲི་སྣོམས་མ།། ལས་སུ་སྒྲོལ་ལ་དགའ་བ་མོ། ། སྤུ་གྲིས་འདེབས་ཤིང་མཆོད་སྟབས་བྱེད།། སྦྱོར་སྒྲོལ་དམ་ཚིག་མཆོག་ལགས་ཀྱིས།། རྣལ་འབྱོར་དབང་ཕྱུག་ཆེན་པོ་ཡིས།། དགྲ་བགེགས་མ་ལུས་བསྒྲལ་དུ་གསོལ།། ཧཱུཾ། སྐྱེ་མཆོག་རྡོ་རྗེ་དུར་ཁྲོད་གཤེད། ། བཞུགས་ནི་རི་རབ་བརྩེ་ལ་བཞུགས།། ཆིབས་སུ་ཁྱུང་ཆེན་གཤོག་ལ་ཆིབས།། སྐུ་ལ་ཁྱུང་གི་སླག་པ་གསོལ།། གཡས་ན་གསོད་པའི་སྤུ་གྲི་ཐོགས།། གཡོན་ན་ལྕགས་ཀྱུ་རྣོན་པོ་ཐོགས།། རྔམ་ཞིང་ཁྲོས་པའི་ང་རོ་ཡིས། ། མ་བདུད་ནག་མོ་སྒྲོལ་ལ་བརྩོན།། དེ་ལ་གསང་བའི་མཚན་བཏགས་པ།། སྐྱེ་མཆོག་ཁྱུང་གི་གཤོག་རྒོད་རྩལ།། ཁྲོ་མོ་ནམ་མཁའི་གློག་འབར་མ།། གོས་སུ་ནམ་མཁའི་ཁམས་ཀུན་གོན། ། ཕྱག་ན་སྲོག་གི་ཆན་པ་ཐོགས།། ཆིབས་སུ་འབྲུག་དང་རླུང་ལ་ཆིབས།། རོལ་དུ་གློག་དང་འཚུབས་མ་ཁྲིད།། གང་དུ་བསམ་པར་ཡུད་ཀྱིས་ཕྱིན།། སྔོན་གྱི་ཐུགས་དམ་སྨར་ལགས་ཀྱིས།། ཁྱག་ཆེན་དམ་ལ་ད་ཚུར་སྦྱོན། ། ལས་སུ་གསོད་ལ་དགའ་བ་མོ།། སྦྱོར་སྒྲོལ་དམ་ཚིག་མཆོག་ལགས་ཀྱིས།། རྣལ་འབྱོར་དབང་ཕྱུག་ཆེན་པོ་ཡི།། དགྲ་བགེགས་མ་ལུས་བསྒྲལ་དུ་གསོལ།། ཧཱུཾ། རྡོ་རྗེ་སྤྱང་ཁུ་ཆེན་མོ་ནི། ། བཞུགས་ནི་དུར་ཁྲོད་གནས་ན་བཞུགས།། ཆིབས་སུ་ཟ་བྱེད་སྤྱང་ཁུ་ཆིབས།། སྐུ་ལ་ལྕེ་སྤྱང་སླག་པ་གསོལ།། སྐུ་ནི་ནག་པོའི་འགྱིང་སྟབས་ཅན།། གིང་ཆེན་མང་པོ་ཕོ་ཉེར་འགྱེད།། གཡས་ན་གསོད་པའི་སྤུ་གྲི་བསྣམས། ། གཡོན་པ་ལྕགས་ཀྱུ་འབར་བས་སྙིང་ཡང་འབྱིན།། རྔམ་ཞིང་ཁྲོས་པའྀ་ང་རོ་ཡིས།། དམ་སྲི་ཐམས་ཅད་སྒྲོལ་མ་བརྩོན།། དེ་ལ་གསང་བའི་མཚན་བཏགས་པ།། སྐྱེས་མཆོག་རྡོ་རྗེ་སྒྲོལ་བྱེད་རྩལ།། ཁྲོ་མོ་བར་སྣང་གློག་འབར་མ། ། བདུད་ཀྱི་ལྕམ་མོ་གཤིན་རྗེའི་ཡུམ།། ཉི་མ་གཅིག་ལ་ཁམས་གསུམ་རྒྱུ།། མཚན་མོ་གཅིག་ལ་སྟོང་ཁམས་རྒྱུ།། གཡས་པ་ཁྲག་ནག་ཕྱར་ཞིང་གཡོབ།། གཡོན་པ་ཏྲི་ཤུལ་འཕྱར་ཞིང་བརྡེག། གཡུ་ཡི་ཆུ་སྲིན་འབར་བ་ཆིབས།། སྡང་བར་བྱེད་པའི་དགྲ་ལ་ཡ།། ལས་སུ་གསོད་ལ་དགའ་བ་མོ།། སྦྱོར་སྒྲོལ་དམ་ཚིག་མཆོག་ལགས་ཀྱིས།། རྣལ་འབྱོར་དབང་ཕྱུག་ཆེན་པོ་ཡི།། དགྲ་བགེགས་མ་ལུས་སྒྲོལ་དུ་གསོལ། ། ཧཱུཾ། སྐྱེ་མཆོག་རྡོ་རྗེ་གཏུམ་པོ་རྩལ།། བཞུགས་ནི་བར་སྣང་ཁམས་ན་བཞུགས།། ཆིབས་སུ་རྔམ་པ་དོམ་ལ་ཆིབས།། སྐུ་ལ་དོམ་སླག་ནག་པོ་གསོལ།། ཕྱག་ན་དགྲ་སྟ་ཞགས་པ་བསྣམས།། རྔམ་ཞིང་ཁྲོས་པའི་ང་རོ་ཡིས། ། བདུད་རྗེ་ནག་པོ་སྒྲོལ་ལ་བརྩོན།། དེ་གསང་བའི་མཚན་བཏགས་པ།། སྐྱེས་མཆོག་རྡོ་རྗེ་བདུད་འདུལ་རྩལ།། ཁྲོ་མོ་མི་མཚན་ལྕང་ལོའི་བདག། སྐུ་ལ་འོད་འབྱུང་ཁམས་གསུམ་བསྲེགས། ། ཞལ་ནས་མེ་འབར་རྒྱ་མཚོ་སྐེམས།། ཆིབས་སུ་ཆུ་གླང་ལུ་མོ་ཆིབས།། གོས་སུ་ཤ་ཐུལ་ནག་པོ་གོན།། ཕྱག་ན་ཤ་ཞགས་རིང་མོ་བསྣམས།། ཕྱག་གཡོན་ཐོད་ཁྲག་ཟོར་དུ་འཕེན།། ལས་སུ་གསོད་ལ་དགའ་བ་མོ། ། སྦྱོར་སྒྲོལ་དམ་ཚིག་མཆོག་ལགས་ཀྱིས།། རྣལ་འབྱོར་དབང་ཕྱུག་ཆེན་པོ་ཡི།། དགྲ་བགེགས་མ་ལུས་བསྒྲལ་དུ་གསོལ།། ཧཱུཾ། ཁྲོ་བོའི་རྒྱལ་པོ་གཤིན་རྗེ་གཤེད།། བཞུགས་ནི་འོད་ཀྱི་དཀྱིལ་ན་བཞུགས། ། ཆིབས་སུ་སྟག་གུ་རིགས་ལ་ཆིབས།། སྐུ་ལ་སྟག་གི་སླག་པ་གསོལ།། སྐུ་སྟོད་སྟག་གི་ཟར་ཕྲན་ཅན།། གཡས་པ་གསོད་པའི་སྤུ་གྲི་བསྣམས།། གཡོན་པ་ལྕགས་ཀྱུ་རྣོན་པ་བསྣམས།། རྔམ་ཞིང་ཁྲོས་པའི་ང་རོ་ཡིས། ། གཤིན་རྗེ་ནག་པོ་སྒྲོལ་ལ་བརྩོན།། དེ་ལ་གསང་བའི་མཚན་བཏགས་པ།། སྐྱེས་མཆོག་སྟག་གི་ཟར་ཕྲན་ཅན།། ཁྲོ་བོ་ཁྲོ་མོ་སྟག་མགོ་ཅན།། སྐུ་ལ་མེ་འབར་རྒྱ་མཚོ་སྐྱེམས།། འཁོར་ནི་ཆུ་སྲིན་རྒྱལ་བས་བསྐོར། ། ལག་ན་སྦྲུལ་གྱི་ཞགས་པ་བསྣམས།། ཆུ་སྲིན་བིར་གྱི་བུ་མོ་ཞོན།། རྒྱ་མཚོའི་གཏིང་ནས་དམིགས་པ་ལེན།། ལས་སུ་གསོད་ལ་དགའ་བ་མོ།། སྦྱོར་སྒྲོལ་དམ་ཚིག་མཆོག་ལེགས་ཀྱིས།། རྣལ་འབྱོར་དབང་ཕྱུག་ཆེན་པོ་ཡི། ། དགྲ་བགེགས་མ་ལུས་བསྒྲལ་དུ་གསོལ།། ཧཱུཾ། རྡོ་རྗེ་འབྱུང་བ་ཆེན་པོ་ནི།། བཞུགས་ནི་འབྱུང་པོའི་དཀྱིལ་ན་བཞུགས།། ཆིབས་སུ་རྒོད་ཀྱི་གཤོག་པ་ཆིབས།། སྐུ་ལ་མེ་ཡི་སླག་པ་གསོལ། ། གཡས་ན་ལྕེ་དགུ་ཞགས་པ་བསྣམས།། གཡོན་ན་ལྕགས་ཀྱུ་རྣོན་པོ་བསྣམས།། རྔམ་ཞིང་ཁྲོས་པའི་ང་རོ་ཡིས།། མེ་ལ་འབྱུང་པོ་སྒྲོལ་ལ་བརྩོན།། དེ་ལ་གསང་བའི་མཚན་བཏགས་པ།། སྐྱེས་མཆོག་རྡོ་རྗེ་ཐོགས་མེད་རྩལ། ། ཁྲོ་མོ་བར་སྣངས་གཟི་འཕྲེང་མ།། སྐུ་མདོག་མཐིང་ནག་འབར་བ་ལ།། སྐུ་ལ་གཟི་ཐུམ་ཁྲ་བོ་གསོལ།། ཕྱག་ན་གཟི་ཡི་ཁྲམ་ཡིག་བསྣམས།། དགྲ་བོ་དམ་ཉམས་ཐུགས་དམ་བསྐང། ། ཆིབས་སུ་བྱ་རྒྱལ་ཁྱུང་ལ་ཆིབས།། ལས་སུ་གསོད་ལ་དགའ་བ་མོ།། སྦྱོར་སྒྲོལ་དམ་ཚིག་མཆོག་ལགས་ཀྱིས།། རྣལ་འབྱོར་དབང་ཕྱུག་ཆེན་པོ་ཡི།། དགྲ་བགེགས་མ་ལུས་བསྒྲལ་དུ་གསོལ།། ཧཱུཾ། རྡོ་རྗེ་འཆི་བདག་ཆེན་མོ་ནི། ། བཞུགས་ནི་བདུད་ཀྱི་ཡུལ་ན་བཞུགས།། ཆིབས་སུ་བདུད་རྟ་ནག་པོ་ཆིབས།། སྐུ་ལ་བདུད་ཀྱི་ཆས་དགུ་གསོལ།། ནག་པོ་བདུད་ཀྱི་ཕོ་ཉ་སྟེ།། གཡས་ན་གསོད་པའི་སྤུ་གྲི་བསྣམས།། གཡོན་ན་ལྕགས་ཀྱུ་རྣོན་པོ་ཐོགས། ། རྒྱུད་དྲུག་གཅོད་ཅིང་ཙིཏྟ་འབྱིན།། རྒྱུ་དྲུག་གཅོད་དཔའི་གང་ཕོ་ནི།། རྔམ་ཞིང་ཁྲོས་པའི་ང་རོ་ཡིས།། རེ་སྟེ་འགོང་ཡག་སྒྲོལ་ལ་བརྩོན།། ནག་པོ་ཀུན་གྱི་ཕོ་ཉ་སྟེ།། དེ་ལ་གསང་བའི་མཚན་བཏགས་པ། ། རྡོ་རྗེ་རྔམ་པའི་བསྒྲུབ་པ་ཙལ།། ཁྲོ་མོ་འབར་སྣང་མཐུ་མོ་ཆེ།། སྲིད་པ་གསུམ་གྱི་བྱོ་བཟློག་མཁན།། སྐུ་མདོག་སེར་མོ་འབར་བ་ལ།། སྐུ་ལ་གསེར་ཐུལ་སེར་པོ་གསོལ།། ཆིབས་སུ་རླུང་དང་བུ་ཡུག་ཆིབས། ། ཕྱག་ན་སེར་པ་ཁ་ཆར་བསྣམས།། ལས་སུ་གསོད་ལ་དགའ་བ་མོ།། སྦྱོར་སྒྲོལ་དམ་ཚིག་མཆོག་ལགས་ཀྱིས།། རྣལ་འབྱོར་དབང་ཕྱུག་ཆེན་པོ་ཡི།། དགྲ་བགེགས་མ་ལུ་བསྒྲལ་དུ་གསོལ།། ཧཱུཾ། རྡོ་རྗེ་གནོད་སྦྱིན་ཆེན་མོ་ནི། ། བཞུགས་ནི་བར་སྣང་ཁམས་ན་བཞུགས།། སྐུ་ལ་མེ་འབར་སླག་པ་གསོལ།། ཆིབས་སུ་ལྕགས་ཀྱི་སྤྱང་ཁུ་ཆིབས།། གཡས་ན་ཀ་དར་རྣོན་པོ་ཐོགས།། གཡོན་ན་ལྕགས་ཀྱུ་རྣོན་པོ་ཐོགས། ། རྔམ་ཞིང་ཁྲོས་པའི་ང་རོ་ཡིས།། གནོད་སྦྱིན་ཕོ་མོ་སྒྲོལ་ལ་བརྩོན།། དེ་ལ་གསང་བའི་མཚན་བཏགས་པ།། སྐྱེས་མཆོག་རཀྟ་ཐིག་ལེ་རྩལ།། ཁྲོ་མོ་བར་སྣང་གློག་འབར་མ།། སྐུ་མདོག་དམར་ནག་འབར་བ་ལ། ། སྐུ་ལ་མཐིག་ནག་བེར་ཆེན་གསོལ།། ཆིབས་སུ་སྟག་མོ་གྲུས་མ་ཆིབས།། ཕྱག་ན་འཛིན་བྱེད་ཕྱག་ཆ་ནི།། དབུ་ཞགས་སྔོན་པོ་ཤ་ར་ར།། སྔོན་གྱི་རྒྱལ་བས་གསུངས་པའི་བཀའ།། ལས་སུ་གསོད་ལ་དགའ་བ་མོ། ། སྦྱོར་སྒྲོལ་དམ་ཚིག་མཆོག་ལགས་ཀྱིས།། རྣལ་འབྱོར་དབང་ཕྱུག་ཆེན་པོ་ཡི།། དགྲ་བགེགས་མ་ལུས་བསྒྲལ་དུ་གསོལ།། ཧཱུཾ། ནག་མོ་མེ་ཡི་ཁ་རླངས་ཅན།། སྐུ་མདོག་ནག་མོ་འབར་བ་ལ། ། མུན་པ་ནག་པོའི་སླག་པ་གསོལ།། ཆིབས་སུ་བདག་གཡག་རོག་པོ་ཆིབས།། ཕྱག་ན་བདུད་ཀྱི་ཁྲམ་ཐོགས་ཤིང།། སྡང་བའི་དགྲ་བོ་ཁྲམ་ལ་འདེབས།། འཁོར་དུ་སྲོག་བདག་འབུམ་གྱིས་བསྐོར།། རྔམ་ཞིང་ཁྲོས་པའི་ང་རོ་ཡིས། ། སྲོག་གཅོད་ཕོ་མོ་ལས་ལ་བསྐུལ།། དེ་ལ་གསང་བའི་མཚན་བཏགས་པ།། ནག་པོ་སྲོག་ལེན་རགྴ་ཁ།། ཁྲོ་མོ་དཔལ་ལྡན་རེ་མ་ཏི།། སྐུ་སྟོད་རེ་བ་ནག་པོ་གསོལ།། དྲེད་ལྤགས་ནག་པོའི་ཤམ་ཐབས་ཅན། ། ལྕགས་ཀྱི་དྲེ་རྟ་རྐང་གསུམ་ལ།། སྲིན་པོའི་ཡ་མཁལ་སྔ་རུ་བྱས།། སྲིན་པོའི་མ་མཁལ་ཕྱི་རུ་བྱས།། སྲིན་མོའི་སོགས་པས་སྒ་ལེགས་བྱས།། སྲིན་པོའི་པགས་པས་སྒ་གཡོགས་བྱས།། མི་མགོའི་ཡོབ་ཆེན་ཁྲ་ལ་ལ། ། སྦྲུལ་གྱི་གོང་ཐག་གོ་རྨད་ཅན།། བྱུ་རུ་དམར་པོའི་མཐུར་སྲབ་ལ།། གཡུ་ཡི་ཁ་རྒྱན་སི་ལི་ལི།། སྐྱེ་ནས་གསེར་གྱི་དྲིལ་བུ་ཁྲོལ།། དེ་ལྟ་བུ་ནི་ཆིབས་སུ་ཆིབས།། གཡས་ན་བྷན་དྷ་ཁྲམ་ཤིང་བསྣམས། ། གཡོན་ན་ནད་ཀྱི་རྒྱལ་བ་བསྣམས།། འཕོངས་ལ་མཚོན་གྱི་གྲུ་གུ་བཀལ། གོང་ན་ཤོད་ཀྱི་རྡེའུ་བགྲང།། ལས་སུ་གསོད་ལ་དགའ་བ་མོ།། སྦྱོར་སྒྲོལ་དམ་ཚིག་མཆོག་ལགས་ཀྱིས།། རྣལ་འབྱོར་དབང་ཕྱུག་ཆེན་པོ་ཡི། ། དགྲ་བགེགས་མ་ལུས་བསྒྲལ་དུ་གསོལ།། ཧཱུཾ། རྡོ་རྗེ་དུས་འཚམས་ཆེན་མོ་ནི།། བཞུགས་ནི་རླུང་ནག་དཀྱིལ་ན་བཞུགས།། སྐུ་ལ་ལྕགས་ཀྱི་ཚེ་བེར་གསོལ།། ཕྱག་ན་འཇིགས་བྱེད་སྒྲོལ་བ་སྤུ་གྲི་བསྣམས། ། གཡོན་ན་ལྕགས་ཀྱུ་རྣོན་པོ་བསྣམས།། རྔམ་ཞིང་ཁྲོས་པའི་ང་རོ་ཡིས།། འཇིག་རྟེན་དྲེགས་པ་སྒྲོལ་ལ་བརྩོན།། དེ་ལ་གསང་བའི་མཚན་བཏགས་པ།། སྐྱེས་མཆོག་ངེས་པའི་ཐིག་ལེ་རྩལ།། ཁྲོ་མོ་སྨུག་ནག་རེ་མ་ཏི། ། སྨུག་ནག་འབར་བའི་ན་བཟའ་ལ།། མེ་སྟག་འབར་བའི་ཤམ་ཐབས་ཅན།། ཆིབས་སུ་ཆུ་གླང་ནག་པོ་ཆིབས།། རྒྱུ་ནི་དུར་ཁྲོད་ཀློང་ན་རྒྱུ།། ལེན་ནི་སྤྱུགས་པའི་གླུ་ལེན་མ།། གཏོང་ནི་ལྟས་ངན་སྣ་ཚོགས་གཏོང། ། ཟ་ནི་མི་ཤ་རློན་པ་ཟ།། འགེངས་ནི་སྟོང་གསུམ་བགེགས་ཀྱིས་འགེངས།། འཐུང་ནི་རྟ་ཁྲག་རློན་པ་འཐུང།། བཞིན་ཡང་མི་སྡུག་ཁྲག་མདོག་མ།། འཁོར་བཞི་ནག་མོ་ཁྲག་མདོག་མ།། དེ་ཡི་འཁོར་གྱི་མ་མོ་ནི། ། གྲངས་ཀྱང་བརྒྱ་ཕྲག་སྟོང་ཡོད་ཀྱང།། རེ་ཡང་གཉིན་མོ་ཀུན་ལ་རེ།། སུ་ལ་མི་རེ་ཁྱོད་ལ་རེ།། སུ་ལ་མི་ལྟོས་ཁྱོད་ལ་ལྟོས།། དཔལ་ལྡན་ནག་མོ་རེ་མ་ཏེ།། མཐུ་རྩལ་ཆེ་བར་རྒྱུ་མཆིས་པས།། དམག་དཔུང་བསྐྱེད་ལ་བདུད་ཁ་བསྒྱུར། ། རུ་མཚོན་ཕྱོར་ལ་དགྲ་དཔུང་ཆོམ།། ལས་སུ་གསོད་ལ་དགའ་བ་མོ།། སྦྱོར་སྒྲོལ་དམ་ཚིག་མཆོག་ལགས་ཀྱིས།། རྣལ་འབྱོར་དབང་ཕྱུག་ཆེན་པོ་ཡི།། དགྲ་བགེགས་མ་ལུས་བསྒྲལ་དུ་གསོལ། ། བདུད་པྲ་མ་ཡ་དགྲ་སྙིང་ལ་དུན་བྷྱོ། སྲོག་རྩ་ཆོད་སྲོག་རྩ་ཆོད། ཁ་ཐ་ཁ་ཐ། རྦད་བུ་རྦད་བུ། དགྲ་སྙིང་ལ་དུན་བྷྱོ། མི་སྙིང་ལ་དུན་བྷྱོ། བདུད་བྲ་མ་ཡ་ཐུམ་ཐུམ། དགྲ་བོའི་སྙིང་ལ་ཐུམ། བདུད་བྲ་མ་ཡང་གཟེར་གཟེར། དགྲ་བོའི་སྙིང་ལ་གཟེར། བདུད་པྲ་མ་ཡ་དགྲ་བོའི་སྙིང་ལ་དུན་བྷྱོ། སྲོག་རྩ་ཆོད་སྲོག་རྩ་ཆོད། ཁ་ཐ་ཁ་ཐ། རྦད་བུ་རྦད་བུ། དགྲ་སྙིང་ལ་དུན་བྷྱོ། མི་སྙིང་ལ་དུན་བྷྱོ། བདུད་པྲ་མ་ཡ་ཐུམ་ཐུམ། དགྲ་བོའི་སྙིང་ལ་ཐུམ། བདུད་པྲ་མོ་ཡ་གཟེར། དགྲ་བོའི་སྙིང་ལ་གཟེར། བདུད་པྲ་མོ་ཡ་དགྲ་བོའི་སྲོག་རྩ་ཆོད། བདུད་པྲ་མོ་ཡ་དགྲ་བོ་ནི་མ་ར་ཡ་ཛ་ཐུམས་རྦད། ནག་མོ་མཾ་ས་ཤ་ལ་ཛ་ཛ་ཏྲཾ། ནག་མོ་ཙིཏྟ་སྙིང་ལ་ཛ་ཛ། ནག་མོ་དགྲ་བོའོ་རྩ་ལ་ཛ་ཛ། ནག་མོ་དགྲ་བོའི་སྲོག་ལ་ཛ་ཛ། ནག་མོ་དགྲ་བོའི་དབུགས་ལ་ཧར་ཧུར་ཛ་ཛ། ནག་མོ་དགྲ་བོའི་སྙིང་ལ་ཛ་ཛ། ཏིག་ཧབ་ཡཱ་ཡཱ། སྙིང་ལ་ཐུན། ཙིཏྟ་ཁ་ཐུམ་ལོག། ཐུམ་རིལ་རྦད། ཡཾ་རྦད་བྷྱོ། སྲོག་ལ་ཐུམ་རྦད། ཁམ་རིལ་ཡ་རྦད། མཱ་ར་ཡ་བྷྱོ། ཕུར་པ་རྣམས་ཀྱང་གཟུགས་ལ་བརྡེག། སྙིང་སྣ་རྣམས་དང་གཏོར་མས་མཆོད། བཤོས་ཆ་ཆང་ཕུད་དུས་གསུམ་མཆོད།། བྱ་དང་ནམ་མཁའ་རྟེན་དུ་གཟུགས། ། རྟགས་རྣམས་བྱུང་ནས་མཎྜལ་བསྡུ།། མ་ར་ཡ་བྷྱོ། ཕུར་པ་རྣམས་ཀྱང་གཟུགས་ལ་བརྡེག། སྙིང་སྣ་རྣམས་ཀྱང་གཏོར་མར་མཆོད།། དངོས་གྲུབ་བླངས་ཏེ་གཏང་རག་གཏང། ། དཔལ་ལྡན་ནག་མོ་རེ་མ་ཏི་མཆེད་བཞི་སྲོག་རྩ་མངོན་དུ་དབྱུང་བའི་རྒྱུད་ལས། སྲོག་བདག་ཕོ་དགུ་མོ་དགུ་བསྒྲུབ་པའི་ལེའུ་སྟེ་བཞི་པའོ།།།། དེ་ནས་ཡང་དག་བཤད་བྱ་བ་གསད་པར་བྱ་བའི་འཕྲིན་ལས་ནི། ། དཀྱིལ་འཁོར་དམར་ནག་གྲུ་གསུམ་ལ།། ཟླ་ཁམས་གསུམ་ལྡན་ཐོད་འཕྲེང་བརྒྱན།། གྲུ་ཆད་སྒོ་དང་མེ་རིར་བཅས།། ཚུལ་དང་མཐུན་པའི་མཎྜལ་བཅས།། གྲུ་གསུམ་བཞི་ལ་ལྕགས་ཕུར་བཞི།། གྲུ་ཆད་བཞི་ལ་ཐིལ་བཞི། ། ཟླུམ་པོ་གཙང་ནག་འབུམ་གྱིས་བསྐོར།། ཟླ་ཁམས་གསུམ་ལ་བྱ་ནག་གསུམ།། གཞན་ཡང་དམ་རྫས་ཚང་བར་བསགས།། ཚུལ་དང་མཐུན་པའི་གཏོར་མ་གཉིས།། སྲོད་དང་ཐོ་རངས་དུས་སུ་གཏང། ། འཇིགས་བྱེད་རྒྱལ་པོ་གཤིན་རྗེ་ཡིས།། དམ་ཆེན་བསྐུལ་ལ་རྩང་ཕུར་གདབ།། དེ་ནས་ཆེ་བའི་ང་རྒྱལ་བསྐྱེད་ལ།། མཁན་རྒྱ་ནས་མཚང་བྲུ་ཞིང་ཕུར་པས་གདབ། ཧཱུཾ། རྒྱ་གར་ཡུལ་ནས་བཞུགས་པའི་ཚེ། ། རྒྱ་མོ་སྤྱན་དམར་མ་ཡི་མཁན།། ཁྱོད་ནི་མྱོས་བྱེད་ཆེན་མོ་སྟེ། དམ་ཚིག་ཉམས་པའི་དགྲ་བོ་ཡི།། ཀླད་པའི་རྒྱས་སུ་ཕུར་བུས་ཐོབ།། ཨོཾ་ཏ་དྱ་ཐཱ་ཏྲ་ག་རཀྵ་མུ་ཏི་བེ་རུ་ལུ་ཛ་ཛ། དགྲ་སྙིང་ལ་བྷྱོ་བྷྱོ། མ་གི་ཡ་ཧཱུཾ་ཕཊ། མེན་ཡུལ་གཏིང་ན་བཞུགས་པའི་ཚེ།། མོན་མོན་སྤྱི་རིངས་ལས་འཕྲན་ཅན་གྱི་མཁན།། ཁྱོད་ནི་སྐུལ་བྱེད་ཆེན་མོ་སྟེ།། དམ་ཚིག་ཉམས་པའི་དགྲ་འདིའི།། རྐང་པའི་མཐིལ་དུ་ཀི་ལ་ཡ།། ཨོཾ་པདྨ་ར་ཏི་རུ་ཏི་རེ་མ་ཏི། ཙིཏྟ་ཙིཏྟ་དགྲ་སྙིང་ལ་བྷྱོ་བྷྱོ། ཏྲག་མོ་རཀྵ་ཀཱ་ལ་ཡ་ཧཱུཾ་ཕཊ། དབུས་ཀྱི་དུར་ཁྲོད་ཀློང་ན་བཞུགས་པའི་ཚེ། ཨེ་ཀ་ཛ་ཏི་རལ་གཅིག་མ་ཡི་མཁན།། ཁྱོད་ནི་གསོད་བྱེད་ཆེན་མོ་སྟེ།། དམ་ཚིག་ཉམས་པའི་དགྲ་བོ་ཡི། ། མཁལ་རྩ་གཡས་སུ་ཀི་ལ་ཡ།། ཨོཾ་ལུ་ཀོའུ་མེ་སན་ནན་ཛ་ཛ། དགྲ་སྙིང་ལ་བྷྱོ་བྷྱོ། རག་མོ་རཀྵ་ཀི་ལ་ཡ་ཧཱུཾ་ཕཊ། དམར་གྱི་རྒྱ་མཚོ་འགྲམ་ན་བཞུགས་པའི་ཚེ།། ནག་མོ་ཡུལ་ཡི་རལ་གཅིག་ཡི་མཁན། ། ཁྱོད་ནི་སྲོག་ལེན་ཆེན་མོ་སྟེ།། དམ་ཚིག་ཉམས་པའི་དགྲ་བོ་འདིའོ།། མཁལ་རྩ་གཡོན་ལ་ཀི་ལ་ཡ།། ཨོཾ་ཨུ་ཏི་དུ་རུ་དུ་རུ། ཚལ་པ་མེ་དྷ་ར་ཛ་ཛ། དགྲ་སྙིང་ལ་བྷྱོ་བྷྱོ། རག་མོ་རགྴ་ཀཱི་ལ་ཡ་ཧཱུཾ་ཕཊ། ཁྱོད་ཀྱི་འཁོར་དུ་བུད་མེད་ནག་མོ་འབུམ་གྱིས་བསྐོར་བའི་ཚེ། ནག་མོ་འབུམ་རྣམས་ལས་ལ་འགྱེད་པའི་མཁན།། ཁྱེད་ཀྱི་སྤྱན་རྩ་བཟློག་ནས་མཆེ་བ་གརྩིགས་པའི་ཚེ།། བུད་མེད་ནག་མོ་འབུམ་གྱིས་ཡང།། མིག་རྩ་རིག་རིག་ཁྱེད་ལ་ལྟ་བའི་མཁན། ། ཁྱེད་ཀྱིས་རྐན་སྒྲ་ཆེམ་ཆེམ་དྲག་ཏུ་བརྡབས་པའི་ཚེ།། ད་ལྟ་ཉིད་དུ་འཕྲིན་ལས་མཛད་པའི་མཁན། ཨོཾ་ཧ་ར་ལ་བྷྱོ་བྷྱོ། པ་ཙ་པ་ཙ་ཀཱི་ལི་ཀཱི་ལ་ཡ་མཱ་ར་ཡ་ཧཱུཾ་ཕཊ། དཔལ་ལྷ་མོ་ནག་མོ་རེ་མ་ཏི་མཆེད་བཞི་སྲོག་རྩ་མངོན་དུ་འབྱུང་བའི་རྒྱུད་ལས། གཙོ་མོ་བཞིས་བུར་བ་གདབ་པའི་ལེའུ་སྟེ་ལྔ་པའོ།།།། དེ་ནས་འཁོར་ནག་མོ་འབུམ་གྱི་རྩང་གིས་གདབ་པའི་ཕྱིར། ཧཱུཾ། དབྱིངས་ཀྱི་དུར་ཁྲོད་ཀློང་ན་བཞུགས་པའི་ཚེ། ། རླུང་དང་བུ་ཡུག་སྣ་འདྲེན་པའི།། དབྱར་ཞིང་རྒྱ་མཚོའི་འགྲམ་ན་བཞུགས་པའི་ཚེ།། མེ་ཏོག་མདངས་ལེན་བཞུགས་པའི་མཁན།། སྟོན་བཞིན་བར་སྣང་ཁམས་ན་བཞུགས་པའི་ཚེ། འབྲས་བུ་ལོ་ཐོག་བཅུད་ལེན་མ་ཡིན་མཁན། ། དགུན་བཞིན་གངས་དཀར་རྩེ་ན་བཞུགས་པའི་ཚེ།། རླུང་དང་བུ་ཡུག་སྣ་འདྲེན་མ་ཡི་མཁན།། ནམ་གྱི་གུང་ལ་རྒྱུ་བའི་ཚེ།། ལྷ་མོ་ནམ་གྲུ་མ་ཡི་མཁན།། བདུད་ཀྱི་བུ་མོ་མཛད་པའི་ཚེ། ། བདུད་ཀྱི་ལྕམ་ལ་གཤིན་རྗེའི་ཡུམ་ཅིག་མ་ཡི་མཁན།། མ་མོ་སྟོང་གི་གཙོ་མོ་མཛད་པའི་ཚེ།། ཛ་ཛ་ཤོ་ན་མ་ཡི་མཁན།། དཔལ་ཆེན་པོ་ཡི་ཞལ་ནི་མངོན་སུམ་མཐོང་བའི་ཚེ།། བྷཱ་ག་ཧྲི་ཏི་མ་ཡི་མཁན། ། དཔལ་ཆེན་གཟུངས་མ་མཛད་པའི་ཚེ།། ཀྲོ་དྷི་ཤྭོ་ན་མ་ཡི་མཁན།། དཔལ་རྟ་མགྲིན་གཟུངས་མ་མཛད་པའི་ཚེ།། ཨེ་ཀ་ཛ་ཏི་རལ་གཅིག་མ་ཡི་མཁན།། དགྲ་རྣམས་ཕུང་བར་མཛད་པའི་ཚེ།། དགྲ་བླའི་རྒྱལ་མོ་ཉིད་ཀྱི་མཁན། ། སྐུ་ལ་མུ་ཏིག་དཀར་པོའི་འཕྲེང་བས་དོ་ཤལ་མཛད་པའི་ཚེ།། ཨེ་ཀ་ཛ་ཊི་ཡ་མའི་མཁན།། བར་སྣང་ཁམས་ལ་བཞུགས་པའི་ཚེ།། འགྲོ་བ་ཀུན་ལ་དབང་སྒྱུར་མ་ཡི་མཁན།། འཛམ་བུ་གླིང་བཞི་དུས་གཅིག་རྒྱུ་བའི་ཚེ། ། གླིང་བཞི་གྲགས་མོ་རྒྱལ་གྱི་མཁན།། མཛའ་བུ་གླིང་བཞི་མངའ་བདག་མཛད་པའི་ཚེ།། གླིང་གི་འདྲ་རང་མ་ཡི་མཁན།། རཀྟའི་ཐིག་ལེས་སྐུ་ལ་བརྒྱན་པའི་ཚེ།། དབང་གི་རྒྱལ་མོ་རཀྟའི་ཐིག་ལེ་ཅན་གྱི་མཁན། ། གདུག་པ་སྦྲུལ་གྱིས་སྐུ་ལ་བརྒྱན་པའི་ཚེ།། སྐྱེ་འགྲོ་ཀུན་གྱི་སྲོག་གཅོད་མ་ཡི་མཁན།། ནག་མོ་འབུམ་གྱི་དུས་ལ་བབ།། དམ་ཚིག་ཉམས་པའི་དགྲ་བོའི།། སྙིང་རྩ་གཡས་ལ་ཀི་ལ་ཡ། ། ཏྲག་རཀྵ་རུ་ཏྲ་ཁྲག་དུན་བྷྱོ། ནག་མོ་དུན་བྷྱོ། དུན་ཏིང་མ་ལས་ལ་བྷྱོ་བྷྱོ། མ་དུར་ང་མ་བྷྱོ་དུ་ང་མ་བྷྱོ། ཙིཏྟ་ཐུན་བྷྱོ། རག་མོ་ཡཾ་དགྲ་ལ་ཡཾ་ཡཾ། ཀཱི་ལི་ཀཱི་ལ་ཡ་མཱ་ར་ཡ་ཧཱུཾ་ཕཊ། དཔལ་ལྷ་མོ་ནག་མོ་རེ་མ་ཏི་མཆེད་བཞི་སྲོག་རྩ་མངོན་དུ་དབྱུང་བའི་རྒྱུད་ལས། ནག་མོ་འབུམ་གྱི་རྩང་གདབ་པའི་ལེའུ་སྟེ་དྲུག་པའོ།།།། དེ་ནས་འཁོར་སེར་མོ་འབུམ་གྱི་རྩང་གདབ་པ། ཧཱུཾ། ཤེལ་གྱི་མཆོད་རྟེན་དབུ་ལ་རྩིགས་པའི་ཚེ། ། རིགས་ལྔ་ཀུན་དང་དམ་ཚིག་དགྱེས་སྡེ་མོ་ཡི་མཁན།། དཔལ་ཚད་བརྒྱད་ཁྲི་དུས་གཅིག་རྒྱུ་བའི་ཚེ།། གསུར་གྱི་དྲི་སྣོམ་ཁྲག་གི་རྗེ་གཅོད་མ་ཡི་མཁན།། ཁྲག་གི་རྒྱ་མཚོའི་ནང་ན་བཞུགས་པའི་ཚེ།། རལ་པ་གཅིག་གིས་རྒྱ་མཚོས་བསྐྱིལ་བའི་མཁན། ། དགྲ་ཤ་གསོལ་ནས་དགྱེས་ཏེ།། ཞལ་གྱི་རྐན་སྒྲ་ཏོག་ཅིང་སེ་གོལ་བརྡབ་པའི་ཚེ།། ཧཱུཾ་དང་ཕཊ་གྱི་སྒྲ་སྒྲོགས་པ་ཡི་མཁན།། སྲིད་པ་གསུམ་དུ་ཐོག་གི་བསྐལ་པ་འབེབས་པའི་ཚེ། ། འཇིག་རྟེན་བག་ཆགས་ཐམས་ཅད་ཐལ་བར་རློག་པའི་མཁན།། དམ་ཚིག་གཉན་པོ་ཚུལ་བཞིན་བསྲུང་བའི་ཚེ།། དམ་ཚིག་དབང་གིས་སྐུ་ལ་བརྒྱན་པའི་མཁན།། ཐུགས་དམ་བསྐུལ་ནས་ཚུལ་བཞིན་བཅོལ་པའི་ཚེ། ། ཁྲོ་མོ་ཆ་བྱད་འཇིགས་པར་སྟོན་པའི་མཁན།། དབང་ཕྱུག་ཆེན་མོ་འཕྲིན་ལས་བཅོལ་པའི་ཚེ།། དབང་བསྒྲུབ་རྒྱལ་མོས་འཕྲིན་ལས་མཛད་པའི་མཁན།། ལྷ་རྣམས་ཞལ་གྱིས་སྤྱུགས་པའི་འབོད། ། མཛེས་པའི་ལྷ་མོ་གཞོན་ཚུལ་སྟོན་པའི་མཁན།། དྲང་སྲོང་ཆ་ལུགས་ཚུལ་བཞིན་མཛད་པའི་ཚེ།། གཟའ་དང་རྒྱུ་སྐར་དུས་གཅིག་བཟློག་པའི་མཁན།། བྱང་ཕྱོགས་དུར་ཁྲོད་ཀློང་ན་བཞུགས་པའི་ཚེ།། ཛྭ་ཊི་ཡུ་ཡི་རལ་གཅིག་འོད་དཔུང་མ་ཡི་མཁན། ། ལྷ་རྣམས་རྫོང་དུ་འཛུད་པའི་ཚེ།། རྫོང་གི་ལྷ་མོ་ལྷ་མ་ཡིན་རྣམས་ཕུང་བར་མཛད་པའི་མཁན།། མེ་ཡིས་རི་རབ་འཁོར་ཡུག་དུས་ཅིག་བསྲེགས་པའི་ཚེ།། མེ་ཟ་བྲག་གྱོན་མ་ཡི་མཁན། ། རྒྱུ་དྲུག་རྩད་ནུས་གཅོད་པའི་ཚེ།། ངན་སོང་ཐམས་ཅད་ཐལ་བར་རློག་པར་བྱེད་པའི་མཁན།། སྲིན་མོའི་ཐོད་རུས་ཞལ་དུ་གསོལ་བའི་ཚེ།། སྲིན་མོའི་ཤ་ཟ་རུས་འཆའ་མ་ཡི་མཁན།། བདུད་ཀྱི་བུ་མོ་མཛད་པའི་ཚེ། ། ཧ་རི་རག་ཤ་ཁ་འབར་མ་ཡི་མཁན།། གནོད་སྦྱིན་མོ་ཡི་གཙོ་མོ་མཛད་པའི་ཚེ།། གནོད་སྦྱིན་རྒྱལ་མོ་གདོང་རིངས་མ་ཡི་མཁན།། སྨན་ཕྲན་འབུམ་གྱི་གཙོ་མོ་མཛད་པའི་ཚེ།། སེར་ཆེན་ཁ་འདྲིལ་རྡོ་རྗེ་རླུང་མོའི་མཁན། ། ཀེ་རི་བརྒྱད་ཀྱི་གཙོ་མོ་མཛད་པའི་ཚེ།། ཀེ་རི་ནག་མོ་མཆེ་བ་ཅན་གྱི་མཁན།། འཕྲ་མེན་བརྒྱད་ཀྱི་གཙོ་མོ་མཛད་པའི་ཚེ།། ཁ་ཁ་ནག་མོ་དགྲ་སྙིང་འབྲུ་བའི་མཁན།། སྒོ་མ་བཞི་ཡི་གཙོ་མོ་མཛད་པའི་ཚེ། ། འཆིངས་བྱེད་ཞག་འཕེན་མ་ཡི་མཁན།། དབང་ཕྱུག་ཉི་ཤུ་བརྒྱད་ཀྱི་གཙོ་མོ་མཛད་པའི་ཚེ།། སྲིན་མོ་སྨུག་ནག་ཐོད་ཁྲག་འཐོར་བའི་མཁན།། ཕོ་ཉ་ཚོགས་ཀྱི་གཙོ་མོ་མཛད་པའི་ཚེ།། མགོ་དགུ་རྐང་གཅིག་དགྲ་སྙིང་འབྱིན་པའི་མཁན། ། དམ་ཚིག་མཐའ་དག་སྐུ་ལ་གནས་པའི་ཚེ།། མ་བཙུན་ཨུག་ཆོས་དབྱར་མོ་བསིལ་གྱི་མཁན།། ཕོ་ཉ་སྲིད་པར་ཆགས་པའི་སྲོག་དང་ཁྲག་གི་མའང་བདག་མཛད་པའི་ཚེ། ། ནག་མོ་སྲོག་གཅོད་སྙིང་འབྱིན་ཤ་ཟ་ཁྲག་འཐུང་མ་ཡི་མཁན།། འཇིགས་སུ་རུང་བའི་དཔལ་ལྡན་རེ་མ་ཏི།། བསྒྲུབ་པའི་རྫས་ལ་གྲོགས་མཛོད་ལ།། སྡང་བའི་དགྲ་ལ་རྟགས་ཕྱུང་ཞིག། སེར་ནག་འབུམ་གྱི་དུས་ལ་བབ། ། དམ་ཚིག་ཉམས་པའི་དགྲ་བོ་འདི།། སྙིང་རྩ་གཡོན་ལ་ཀཱི་ལ་ཡ།། བྷྱོ་བྷྱོ་བྷྱོ་བྷྱོ། ཛཱ་ཛཱ་ཛཱ་ཛཱ། ནག་མོ་དགྲ་བོ་བཾ་རི་ལི་ལི། ནག་མོ་སྙིང་ཁྲག་ལ་རི་ལི་ལི། ནག་མོ་སྙིང་ལ་རི་ལི་ལི། ནག་མོ་དགྲ་བོའི་སྲོག་ལ་ཆོ་ཆོ། བཾ་རི་ལི་ལི། བྷྱོ་བྷྱོ། རག་མོ་རག་མོ་རུ་རུ་མི་ཏ་ཡཾ། ཀཱི་ལི་ཀཱི་ལི་མཱ་ར་ཡ་ཧཱུཾ་ཕཊ། དཔལ་ལྷ་མོ་ནག་མོ་རེ་མ་ཏི་མཆེད་བཞི་སྲོག་རྩ་མངོན་དུ་དབྱུང་པའི་རྒྱུད་ལས། སེར་ནག་འབུམ་ཚོགས་ཀྱི་རྩང་གདབ་པའི་ལེའུ་སྟེ་བདུན་པའོ། །།། དེ་ནས་འཁོར་དམར་ནག་འབུམ་གྱི་རྩང་གདབ་པ། ཧཱུཾ། འཛམ་བུ་གླིང་བཞི་ལྷག་ཕུད་ཉུལ་བའི་ཚེ། གླིང་བཞི་མཁའ་འགྲོ་འབར་མའི་མཁན།། བསྐལ་པ་སྟོང་གི་མངའ་བདག་མཛད་པའི་ཚེ། ། ཐོག་གི་བུ་མོ་གློག་འགྱུ་མ་ཡི་མཁན།། སྲིད་པ་གསུམ་གྱི་སྐོས་མཁན་མཛད་པའི་ཚེ།། སྲིད་པའི་བུ་མོ་སྐོས་འདེབས་མ་ཡི་མཁན།། དགེ་སྡིག་གཉིས་ཀྱི་གཤགས་གཉིས་དུས་གཅིག་འབྱེད་པའི་ཚེ།། ཉེས་ལེགས་ལྟར་འཛིན་དམ་ཚིག་རྗེས་གཅོད་མ་ཡི་མཁན། ། སྲིན་པོ་འབུམ་ཕྲག་གཅིག་ཏུ་འཁོར་བའི་ཚེ།། སྲིན་མོ་ཤ་ཟན་བརྩེ་བའི་མཁན།། ཤ་ཁྲག་དམར་ལ་རོད་རོད་གསོལ་བའི་ཚེ།། ཡུད་ཙམ་གྱིས་ནི་དགྲ་སྙིང་འབྱིན་པའི་མཁན། ། སྲིན་མོ་ཆུང་མ་མཚན་པའི་ཚེ།། སྲིན་མོ་ཤམ་ཤམ་མ་ཡི་མཁན།། སྲིན་མོ་འབུམ་གྱི་འདོད་པ་སྒོང་པའི་ཚེ།། སྲིན་མོ་ནག་མོ་ཧལ་ཧལ་མ་ཡི་མཁན།། སྲས་བུ་སྲི་ཕྲུག་འབུམ་ཕྲག་དུས་གཅིག་བལྟམས་པའི་ཚེ། ། སྲོག་ཆགས་ཀུན་གྱི་ཤ་ཟ་རུས་འཆའ་མ་ཡི་མཁན།། སྡང་བའི་དགྲ་ལ་ལས་མཛོད་ཅིག། དམར་ནག་འབུམ་གྱི་དུས་ལ་བབ།། རེ་མ་ཏི་བ་ཤ་ཙ་བ་ལ་ཛཱ་ཛཱ་བྷྱོ་བྷྱོ། མ་མ་ས་མ་ཡ་བྷྱོ་བྷྱོ། མ་མ་ས་མ་ཡ་ཐུམ། རྣིར་ཛཱ་མཱ་ལཱ་ཤག། ལག་ཏུ་རྦད་བྷྱོ། མ་མ་ཁ་མ་ཐུམ། ཀི་ལི་ཀཱི་ལ་ཡ་མ་ར་ཡ་ཧཱུཾ་ཕཊ། དཔལ་ལྷ་མོ་ནག་མོ་རེ་མ་ཏི་མཆེད་བཞི་སྲོག་རྩ་མངོན་དུ་དབྱུང་བའི་རྒྱུད་ལས། དམར་ནག་འབུམ་ཚོགས་ཀྱི་རྩང་གདབ་པའི་ལེའུ་སྟེ་བརྒྱད་པའོ། །།། དེ་ནས་འཁོར་ལྗང་ནག་འབུམ་གྱི་རྩང་གདབ་པ། ཧཱུཾ། སྐུ་ལ་རེ་བ་ནག་པོ་གསོལ་བའི་ཚེ།། ནག་མོ་རེ་བའི་གོ་ཟུ་ཅན་གྱི་མཁན།། དྲེ་རྟ་རྐང་གསུམ་ཆིབས་སུ་ཆིབས་པའི་ཚེ། ། ནག་མོ་དྲེ་རྟའི་མངའ་བདག་ཆེན་མོའི་མཁན།། ཕྱག་ན་བདུད་ཁྲམ་ནག་པོ་བསྣམས་པའི་ཚེ།། སྐྱེ་འགྲོ་ཐམས་ཅད་ཁྲམ་ལ་འདེབས་པའི་མཁན།། མཆན་ན་རྩིབས་བྱ་དམར་པོ་བཅུག་པའི་ཚེ།། སྐྱེ་འགྲོ་ཐམས་ཅད་དཀྱུས་ལ་འཛུད་པའི་མཁན། ། བུད་མེད་ནག་མོ་སྟོང་གིས་བསྐོར་བའི་ཚེ།། མ་མོ་འབུམ་གྱི་མངའ་བདག་ཉིད་ཀྱི་མཁན།། ཁྲག་སྐམས་ལྕགས་ཀྱུ་ཕྱག་ན་བསྣམས་པའི་ཚེ།། དགྲ་བོའི་བླ་འགུགས་སྙིང་རྩ་འདྲེན་པའི་མཁན། ། གསེར་གྱི་སྐོན་པ་ཕྲག་ལ་གཟེད་པའི་ཚེ།། འབྲས་བུ་ལོ་ཐོག་གཉིས་སུ་ལེན་པའི་མཁན།། གཡུ་ཡི་ཟོར་བ་ཕྱག་ན་བསྣམས་པའི་ཚེ།། ལོ་ཐོག་སྣར་གྱི་བཅུད་ལེན་མ་ཡི་མཁན།། ཞགས་པ་ནག་པོ་ཀླད་ལ་བསྐོར་བའི་ཚེ། ། འཇིགས་སུ་རུང་བའི་བདུད་མོ་སྲོག་ལེན་མཁན།། གསེར་གྱི་ཇུ་ཏིག་ཕྱག་ན་བསྣམས་པའི་ཚེ།། སྲིད་པ་གསུམ་ལ་བྱ་ར་མཛད་པའི་མཁན།། སྦྱོར་བདག་ཆེན་མོ་ཡིན་པའི་ཚེ། ། སྣང་སྲིད་ཙམ་གྱི་རེ་བ་སྐོང་མའི་མཁན།། སྤྱན་རྩ་བཟློག་ནས་མཆེ་བ་གཙིགས་པའི་ཚེ།། བདུད་དང་སྲིན་པོ་མ་ལུས་འདུལ་བའི་མཁན།། ཞིང་ཆེན་གཡང་གཞི་སྐུ་རེགས་མཛད་པའི་ཚེ།། མུ་སྟེགས་འདྲེ་གདོན་ཟིལ་གྱིས་གནོན་པའི་མཁན། ། དྲེད་ལྤགས་ནག་པོ་སྐུ་ལ་གསོལ་བའི་ཚེ།། བདུད་དང་སྲིན་པོ་འཕངས་སུ་འཁོལ་བའི་མཁན།། སྟག་ལྤགས་རློན་པས་ཤམ་ཐབས་མཛད་པའི་ཚེ།། སྟག་གི་བུ་མོ་རིས་བཀྲ་མ་ཡི་མཁན། ། ཁྱུང་གཤོག་སྔོན་པོས་སྐུ་ལ་བརྒྱན་པའི་ཚེ།། ཁྱུང་གི་བུ་མོ་ཁྲག་ཟན་མ་ཡི་མཁན།། ཞིང་ཆེན་གདན་ལ་བརྐྱང་བསྐུམ་བཞུགས་པའི་ཚེ།། རྫུ་འཕྲུལ་བཞི་ཡི་ཞབས་དང་ལྡན་པའི་མཁན།། ཐོད་པ་སྐམ་རློན་ཕྱག་ན་བསྣམས་པའི་ཚེ། ། བདེ་གཤེགས་རྣམས་ལ་དགེས་མཆོག་འབུལ་བའི་མཁན།། ཁྲོ་མོ་སྨུག་ནག་ཆ་ལུགས་འཛིན་པའི་ཚེ།། སྣང་སྲིད་ཐམས་ཅད་མེ་ཡིས་བསྲེགས་པའི་མཁན།། སྲིན་མོ་ནག་མོ་ཆ་ལུགས་འཛིན་པའི་ཚེ། ། བསྒྲུབ་པ་པོ་ཡི་ལྟ་སྤྱོད་རྟོགས་པའི་མཁན།། ལྷ་མོ་དཀར་མོའི་ཆ་ལུགས་འཛིན་པའི་ཚེ།། སྲིད་པའི་མ་མོ་དངས་ལྡན་མ་ཡི་མཁན།། བདུད་རྩི་རྣམ་ལྔ་ཞལ་དུ་གསོལ་བའི་ཚེ།། ཡིད་བཞིན་ཟས་ལ་མངའ་བསྙེམས་མ་ཡི་མཁན། ། དབུ་སྐྲ་གྱེན་དུ་འཁྱིལ་བའི་ཚེ།། བརྟུལ་ཞུགས་རྩལ་རྣམས་དུས་གཅིག་འབྱིན་པའི་མཁན།། མི་རོ་རྟ་རོ་ཞལ་དུ་གསོལ་བའི་ཚེ།། ཞལ་གྱི་སྒྲེགས་པས་སྟོང་གསུམ་འགེངས་པའི་མཁན། ། ཤངས་ནས་རྣག་དང་ཆུ་སེར་འཛག་པའི་ཚེ།། སྟོང་ཁམས་ཡོངས་ཀྱི་བག་ཆགས་སྦྱོང་བའི་མཁན།། གདོང་སྨུག་རྩས་བསྒགས་པའི་ཚེ།། དབང་ཕྱུག་ཚོགས་ལ་སྟེན་ཅིང་འགྱིང་བག་སྟོན་པའི་མཁན།། སྤྱན་རྩ་བཟློག་ནས་ཐུར་དུ་གཟིགས་པའི་ཚེ། ། ངས་སོང་ཐམས་ཅད་དོང་སྤྲུགས་མཛད་པའི་མཁན།། དབུ་ཡི་རལ་པས་ཕྱོགས་བཅུར་གཏིབས་པའི་ཚེ།། སྟོང་ཁམས་ཐམས་ཅད་མ་མོས་འགེངས་པའི་མཁན། ། སྤྱན་ནས་ཁྲག་གི་མཆི་མ་འཛག་པའི་ཚེ།། འཛམ་བུ་གླིང་བཞིར་ཤྭ་སེར་འབེབས་པའི་མཁན།། ཞལ་ནས་སྤྱུགས་པའི་གླུ་སྙན་བླང་པའི་ཚེ།། རྣལ་འབྱོར་རྣམས་ཀྱི་དྲོད་ཚད་རྟོགས་པའི་མཁན།། མགུར་ཆུ་བྱིས་པའི་མགོ་བོས་མཛད་པའི་ཚེ། ། བསྒྲུབ་བ་པོ་ཡི་ཏིང་འཛིན་ཉུང་བའི་མཁན།། ཏེའུ་སེག་ནེའུ་སེག་འཕྲེང་བ་བགྲང་བའི་ཚེ།། ཐུགས་དམ་སྙིང་པོ་བསྙེལ་གྱིས་དོགས་པའི་མཁན།། དར་ནག་གོ་ཟུ་སྐུ་ལ་གསོལ་བའི་ཚེ། ། འཁོར་གྱི་མ་མོ་རྣམས་ལ་འགྱིང་བག་སྟོན་པའི་མཁན།། མཐའ་མ་ཐོད་པའི་འཕྲེང་བས་བརྒྱན་པའི་ཚེ།། མ་མོ་འབུམ་རྣམས་ལས་ལ་འཁོལ་བའི་མཁན།། སྦྲུལ་ནག་སྟོང་གིས་སྒྲོག་བུ་མཛད་པའི་ཚེ།། གླུ་རྣམས་ཚར་གཅོད་དམ་ཉམས་འདུལ་བའི་མཁན། ། ཐོད་ཁྲག་དམར་པོ་ཞལ་དུ་གསོལ་བའི་ཚེ།། འདོད་ཆགས་ཁྲག་ལ་ངོམ་མཐའ་མེད་པའི་མཁན།། གསལ་བའི་ཞུན་མར་ཕྱག་ན་བསྣམས་པའི་ཚེ།། སྔགས་པ་དམ་ཉམས་པ་ཡི་སྲོག་ལེན་མཁན། ། ཤ་བའི་སྐྱིད་ལྷམ་ཞབས་ལ་གསོལ་བའི་ཚེ།། བརྟན་མ་བཅུ་གཉིས་ལས་ལ་འཁོར་བའི་མཁན།། ལྕགས་འཕྲེང་སྔོན་པོས་ལྕགས་སྒྲོག་མཛད་པའི་ཚེ།། གདུག་པ་པོ་རྣམས་སྤ་བཀོང་མ་ཡི་མཁན། ། ཆུ་གླང་ནག་པོ་ཆིབས་སུ་ཆིབས་པའི་ཚེ།། རྒྱ་མཚོ་གཏིང་ནས་འཁྲུག་ཅིང་ཀློང་བའི་མཁན།། སྡང་དགྲ་གནོད་བགེགས་སྒྲོལ་ལ་ཤོག། ལྗང་ནག་འབུམ་གྱི་དུས་ལ་བབ།། ཛཱ་ཛཱ་རེ་མ་ཏི་བ་ཤ་ཙ་པ་ལ་ཛཱ་ཛཱ། ཤ་རྒྱུས་སྙིང་ལ་ཡ། ཤ་རྒྱུས་སྲོག་ལ་ཡ། དབུགས་རྒྱུས་རྩ་ལ་ཡ། རྩ་རྒྱུས་ཁྲག་ལ་དུན་དུན། རག་མོ་རག་མོ་རུ་རུ་ཏི་སྟ་རྦད། ཡཾ་ཤམ་ཤམ། ནག་མོ་སྲོག་ལུས་ཕྲོལ། ཀཱི་ལི་ཀཱི་ལ་ཡ་མ་ར་ཡ་ཕཊ། བྲག་དང་བྱ་ནག་ཟོར་དུ་བྱ། ཚེ་བསྟིམ་དངོས་གྲུབ་བླང། དཔལ་ལྷ་མོ་ནག་མོ་རེ་མ་ཏི་མཆེད་བཞི་སྲོག་རྩ་མངོན་དུ་དབྱུང་བའི་རྒྱུད་ལས། ལྗང་ནག་འབུམ་གྱི་རྩང་གདབ་པ་དང་མཁན་བརྒྱ་བསྒྲུབ་པའི་ལེའུ་སྟེ་དགུ་པའོ། །།། དེ་ནས་ཡང་དག་བཤད་བྱ་བ། རབ་ཏུ་བཤད་པར་བྱ་བ་ནི།། དཀྱིལ་འཁོར་དམར་ནག་གྲུ་གསུམ་ལ།། དབུས་སུ་རབས་ཆད་མོན་གྱི་མགོར།། ནང་དུ་མ་བཞིའི་ཞལ་ཀྱང་བྲི།། ཕྱི་ལ་སྲོག་བདག་བཞི་ཡི་ཞལ། ། ནང་དུ་ཁྲག་སྣ་ཚང་བར་བསགས།། ཐོད་པ་སྐྱ་བོ་གཅིག་གི་ནང་དུ་དུག་སྣ་ཚོགས་ཚང་བར་བསོགས། སྣ་ལ་ཁྲག་ལ་བསྒྲུབས། དེ་ནས་ཁྲག་དུག་བསྲེས་ལ། དེ་ནས་ཐུན་བསྙེན་དག་ལ་འཇུག། སྙིང་པོ་སྟོང་གི་བར་རག་ཏུ། ། བསྐུལ་ཚིག་དང་ནི་ཚུལ་བཞིན་བཏང།། ཨོཾ་ཏྲི་ཁས་བླངས་མ་རུ་ཏྲ། ཧཱུཾ་ཐུམ་རུ་ལུ་རུ་ལུ་མ་ཧེ་བྷྱོ། རུ་རུ་རག་མོ་མ་ཤམ། ནི་ཙ་པ་ལ། ནི་ལྷ་ཡ་མ་དུན་ཧྲིང་ཡག་དུ་མ་ཛཱ་ཛཱ། ཁྲག་ལས་རླངས་པ་འབྱུང་བ་དང། ། ཁྲག་དུག་བསྲེས་ཏ་དུག་ངར་བསྐྱེད།། ཨོཾ་ཨ་བེ་ཤ། ཐེ་བ་ཤ། ཏ་བེ་ཤ། རུ་བེ་ཤ། ཤ་ཁ་ཐུན་བྷྱོ། ས་ཏམས་ཏམ། ཤོག་ཏམ་ཤོག་ཏམ། བམ་མུགས་དམ་ཉམས་སྲོག་ལ་མཱ་ར་ཡ། ཁྲག་དུག་གཉིས་ལས་རླངས་བ་བྱུང།། སྔོན་དམར་ཁྱུག་ཁྱུག་བྱུང་བ་ནི།། འདུ་བ་རྣམ་བཞིའི་ནད་དག་གིས།། དགྲ་བོ་དག་དང་སྨོས་ཅི་དགོས།། བསྟན་པ་གཉན་པོའི་འཇིག་བྱེད་དང།། དཀོན་མཆོག་སྨོད་པ་བརླག་པར་བྱེད། ། དེ་ནས་གསང་བའི་སྔགས་དག་ནི།། སྟོང་སྟོང་ཚད་དུ་ཕྱིན་པར་བྱ།། ཏྲི་ཙ་བ་ལ་ནི་ར་ཟུང། བདུད་ཏྲི་ནི་ར་ཟུང། ཡ་ཏྲི་ནི་ར་ཟུང་ཆུམ་ཤིག། ཡཾ་ཏྲི་ནི། ར་ཟུང། དུན་ཏྲི་པ་ཏྲི། ལྡན་ཛ། དན་དྲི་ཤོ་མ་ཏྲི། ཆེ་གེ་མོ་མ་ར་ཡ་ཏྲིང་ཛ་ཛ། ཡཱ་ཡཱ་ཐིམ་ཐིམ། མཱ་ར་ཡ་ཐུན་ཡཱ། ཨོཾ་ཏདྱ་ཐཱ། ཏྲག་རཀྵ་མུ་ཏྲི་བཾ་རུ་ལུ་ཛ་ཛ། དགྲ་སྙིང་ལ་བྷྱོ་བྷྱོ། བེ་ཤ་ཁ་ཐུན་བྷྱོ། ཨོཾ་པདྨ་ར་ཏི་རུ་ཏི་རེ་མ་ཏི། ཙི་ཏ་ཙ་ཏ། དགྲ་སྙིང་ལ་བྷྱོ་བྷྱོ། བེ་ཤ་ཁ་ཐུན་བྷྱོ། ཨོཾ་རུ་ལུ་གེའུ་མེ་སེན་མེན་ནན་ཛཱ་ཛཱ། དགྲ་སྙིང་ལ་བྷྱོ་བྷྱོ། བ་ཤ་ཁ་ཐུན་བྷྱོ། ཨོཾ་ཨུཾ་སྟི་དུ་རུ་དུ་རུ་ཚལ་པ་མེ་དྷ་ར་ཛ་ཛ། དགྲ་སྙིང་ལ་བྷྱོ་བྷྱོ། བེ་ཤ་ཁ་ཐུན་བྷྱོ། ནག་མོ་དུན་བྷྱོ། དུན་ཏིང་མ་ལས་ལ་བྷྱོ། འཁོར་ནག་མོ་འབུམ་དང་བཅས་ཏེ་འཕྲིན་ལས་ལ་སྤྱོན་ཅིག་ཛ་ཛཱ། ལས་བྱེད་གཙོ་མོ་ཛ་དུན་ཏིང། བེ་ཤ་ཁ་ཐུན་བྷྱོ་བྷྱོ། ལིང་ཁ་འདར་རམ་ཁྲག་ཏུ་འཁོལ།། གྲུབ་རྟགས་ཚད་དུ་ཕྱིན་པ་དང།། སྲོག་བདག་ཕོ་མོ་ལས་ལ་བསྐུལ། ། ཧཱུཾ། བདུད་རྣམས་ཀུན་གྱི་ཡང་བདུད་དེ།། མེ་རི་འབར་བའི་གནས་སྲུན་པོ།། ནག་པོ་མེ་ཡི་ཁ་རླངས་ཅན།། མེ་འབྲུག་དམར་པོ་ཞོན་ཞིང་རྒྱུའོ།། ལག་ན་གནམ་ལྕགས་སྲིན་པོ་རྐང།། སྲིན་རྐང་ཅན་གྱིས་ད་དྲོངས་ལ། ། བསྟན་པ་འཇིགས་པའི་དགྲ་བོ་འདི།། མི་མང་འདུ་བའི་གནས་སུ་སོད།། ཤན་པ་ཁྱོད་ཀྱི་དུས་ལ་བབ།། ཆུང་མ་ནག་མོ་ཁྲག་འཛག་མ།། ཁྲག་གི་རལ་པ་སྔོན་དམར་འགྱུ།། དགྲ་ལ་སྔོན་དམར་དལ་ཁ་ཕོབ། ། ནད་གཏོང་མ་ཡི་དུས་ལ་བབ།། ཧཱུཾ། ནག་པོ་བེ་གློན་མི་གཅིག་པ།། རལ་པ་གཅིག་འགྲེང་གནམ་དུ་འཁྱིལ།། ལག་ན་མི་ཡི་གཡང་གཞི་རྡེབས།། བདུད་གཡག་ནག་པོ་ཞོན་ཅིང་རྒྱུག། དམ་ཚིག་ཉམས་པའི་དགྲ་བོ་འདི། སབ་སུབ་ལུང་པའི་ནང་དུ་གསོད།། ཤན་པ་ཁྱོད་ཀྱི་དུས་ལ་བབ།། དེ་ཡི་ཆུང་མ་ནག་མོ་ནི།། ནག་མོ་ཆེན་མོ་གློག་འགྱུ་མ།། མགོ་མེད་བྲང་ནི་ནུས་མས་བཀང།། བསེ་དང་དུང་གི་ཞོ་འཐོར་ཞིང། ། སྟོང་ཁམས་ཁྱབ་པའི་ལག་རིངས་མ།། དགྲ་སྙིང་དབྱུང་བའི་དུས་ལ་བབ།། དཔལ་ལྡན་ནག་མོ་རེ་མ་ཏི།། རྒྱུ་ནི་དཔྱིད་ཟླ་གསུམ་ལ་རྒྱུ།། ཐུན་དང་ཟོར་གྱི་སྣ་དྲོངས་ལ།། ཐུན་ཁྲག་རིམས་སུ་ད་སྒྱུར་ཅིག། རིམས་ནད་དགྲ་སྡང་འདི་ལ་ཡ།། ཧཱུཾ། ལྷ་བདུད་དྲེགས་ཆེན་གསུས་པོ་ཆེ།། ལག་ན་དར་ནག་རུ་མཚོན་ཕྱར།། ལྕགས་ཀྱི་མཛོ་རྒོད་ཞོན་ཞིང་རྒྱུག། སྤྲིན་ནག་དུང་དཀར་འཁྱིལ་ན་བཞུགས།། སྐུ་ལ་སྔོ་བའི་དགྲ་བོ་འདི། ། རི་དྲག་གསང་བའི་གནས་སུ་སོད།། ཤན་པ་ཁྱོད་ཀྱི་དུས་ལ་བབ།། དེ་ཡི་བཙུན་མོ་ནག་མོ་ནི།། ནག་མོ་ཆེན་མོ་མགོ་གསུམ་མ།། ཕག་སྐད་འཚེར་ཞིང་ལྕགས་སེར་འབེག། ལྕགས་ཀྱི་སེར་དྲག་འབེབས་པ་མོ། ། དགྲ་བོའི་སྙིང་ལ་ལྕགས་སེར་འབེབས།། དཔལ་ལྡན་ནག་མོ་རེ་མ་ཏི།། རྒྱུ་ནི་དབྱར་ཟླ་གསུམ་ལ་རྒྱུའོ།། ཐུན་དང་ཟོར་གྱི་སྣ་དྲོངས་ལ།། ཐུན་ཁྲག་རིས་སུ་ད་བསྒྱུར་ལ།། རིམས་ནད་དང་དགྲ་སྙིང་ཉིད་ལ་ཡ། ། ཧཱུཾ། བདུད་མཁར་ཁ་རག་སྒོ་མེད་ནས།། རལ་པ་སྤྱི་འཆིངས་བདུད་ཀྱིས་སོ།། ལག་ན་དགྲ་སྙིང་རློན་པ་བསྣམས།། བདུད་རྟ་ནག་པོ་ཞོན་ཞིང་རྒྱུག། ཞགས་པ་ནག་པོ་ཤྭ་ར་ར།། བདུད་ཡ་ནག་པོ་ལྡིང་ནག་འཛུམས། ། བདུད་ཁྱི་ནག་པོ་འདུར་ཞིང་འཇབ།། བཀའ་གཅོག་དམ་བྲལ་སྡིག་ཅན་འདི།། ཟང་ཟིང་གྲོང་གི་དབུས་སུ་སོད།། ཤན་པ་ཁྱོད་ཀྱི་དུས་ལ་བབ།། བཙུན་མོ་ནག་མོ་སོ་གཅིག་མ།། སོ་གཅིག་སྐྱེ་ཤི་རྩད་གཅོད་མ། ། མོན་བུ་སྟ་ཐོག་སུམ་ཅུའི་འཁོར།། སྲོག་རྩ་བཅད་པའི་དུས་ལ་བབ།། དཔལ་ལྡན་ནག་མོ་རེ་མ་ཛ།། རྒྱུ་ནི་སྟོན་ཟླ་གསུམ་ལ་རྒྱུ།། ཐུན་དང་ཟོར་གྱི་སྣ་དྲོངས་ལ།། ཐུན་ཁྲག་རིམས་སུ་ད་སྒྱུར་ལ། ། རིམས་ནད་དགྲ་བོའི་སྙིང་ལ་ཡ།། ཧཱུཾ། ཁུ་ལེ་ཤོད་ཀྱི་ལག་དགུ་པོ།། བསེ་མཁར་སྨུག་པོའི་ནང་ན་གནས།། བྱུ་རུའི་མཆེ་བ་འདར་ཞིང་འོང།། བསེ་ཁྲབ་སྨུག་པོ་སི་སི་ལི།། བསེ་ཡི་རྨོག་མོ་གསང་རིངས་གསོལ། ། བསེ་མདུང་སྨུག་པོ་ལྡེམས་སེ་ལྡེམས།། བསེ་དར་འབྲུ་རིང་པུ་རུ་རུ།། བསེ་ཡི་ལྕགས་ཀྱུ་ཀྲ་ལ་ལ།། བསེ་ཞགས་དམར་པོ་ཤ་ར་ར།། བསེ་རྟ་དམར་པོ་གཞུ་རིང་ཞོན།། བསེ་ཡི་བྱ་ལ་གཞུང་སེ་ཞུངས། ། རིང་ལ་སྙེག་པའི་ཞིང་བཅུ་འདི།། རྒྱ་མཚོར་རློབས་ལ་ཆུ་གྲིར་སོད།། ཤན་པ་ཁྱོད་ཀྱི་དུས་ལ་བབ།། འཇིགས་བྱེད་ཁྱོད་ཀྱི་བཙུན་མོ་ནི།། དམར་མོ་མིག་གསུམ་སྦྲུལ་མགོ་ཅན།། ལག་ན་ཞག་གི་ཕོར་ཐོགས་མ། ། ནད་གཏོང་མ་སྟེ་སྨྱོ་པ་མོ།། སྨྱོས་ནད་གཏང་བའི་དུས་ལ་བབ།། དཔལ་ལྡན་ནག་མོ་རེ་མ་ཛུ།། རྒྱུ་ནི་དགུན་ཟླ་གསུམ་ལ་རྒྱུ།། ཐུན་དང་ཟོར་གྱི་སྣ་དྲོངས་ཤིག། ཐུན་ཁྲག་རིམས་སུ་ད་བསྒྱུར་ལ།། རིམས་ནད་དགྲ་སྡང་འདི་ལ་ཡ། ། ཨོཾ་ཙ་རུ་ཐུམ་རིལ། ཁྲག་ཐུམ་ལིང། གུག་ཚར་ལིང། བཾ་བཾ་རྨུག་རྦད། དྲོལ་དྲོལ་ཕུག་ལྗུར་ཏི་ཕྱུང། རོལ་རོལ་དགྲ་བོའི་སྙིང་ལ་རོལ། དགྲ་བོའི་སྲོག་ལ་རོལ། སྙིང་ཐིག། སྲོག་ཐིག་རྦད་རྦད་ཡཱ། ནག་མོ་བྷྱོ། རག་མོ་བྷྱོ། ཡག་མོ་བྷྱོ། དྲིག་མོ་བྷྱོ། རེ་མ་ཏི་བྷྱོ། རེ་མ་ཊ་བྷྱོ། རེ་མ་ཛ་བྷྱོ། རེ་མ་ཛུ་བྷྱོ། མོ་མ་འོ། མ་བྷྱོ་མ་བྷྱོ། མ་མོ་ནག་མོ་ཕྲོལ། ཡག་མོ་སོད། ནི་ཛ་རྦད་ཐུན་བྷྱོ། སྡང་བའི་དགྲ་བོ་ལ། མ་མོ་ལས་ཀྱི་ཐུན་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ། ཐོད་བུ་ཐུན་དུ་བྱས་ལ། ཁྲོ་བོའི་ཁང་རྩར་འགྲམ་རྩར་སྦ། ཡང་ན་ཁོའི་ཞིང་མུའི་དཀྱིལ་དུ་སྦའོ།། དཔལ་ལྷ་མོ་ནག་མོ་རེ་མ་ཏི་མཆེད་བཞི་སྲོག་རྩ་མངོན་དུ་དབྱུང་བའི་རྒྱུད་ལས། སྲོག་བདག་ཡབ་ཡུམ་བསྒྲུབ་པའི་ལེའུ་སྟེ་བཅུ་པའོ། །།། དེ་ནས་ཡང་དག་བཤད་བྱ་བ།། ཐོག་སེར་གསང་བའི་ལས་དག་འདི།། སྤྱི་ཡི་དཀྱིལ་འཁོར་དེ་ཉིད་ལ།། རྫས་སུ་བཅའ་བའི་དམ་རྫས་འདིས། ། ཐོད་པ་སྲུབས་དྲུག་པ་གསུམ་དུ།། ར་སེར་རྒྱའི་ཁྲག། ཁྱི་མོ་ནག་མོའི་ཁྲག། གདོང་གཅིག་མའི་མངལ་ཁྲག་གསུམ་བླུགས་ལ། ཟླ་ཁམ་གསུམ་ལ་བཞག་གོ། དེ་ནས་ཉུངས་དཀར་དང། བ་བླ་དང། བོད་དུག་དང། པ་ཙེ་བ་རྣམས་ལ་ངན་སྔགས་བཟླས་ཏེ་བསྒྲུབ་བོ།། ཨོཾ་ཏདྱ་ཐཱ། ཏྲག་རཀྵ་མུག་བཾ། མ་རུ་ལུ་ཛཱ་ཛཱ། དགྲ་སྙིང་ལ་བྷྱོ་བྷྱོ། ཨོཾ་པདྨ་ར་ཏི་རུ་ཏི་རེ་མེ་ཏི། ཙིཏྟ་ཙིཏྟ་དགྲ་སྙིང་ལ་བྷྱོ་བྷྱོ། ཨོཾ་རུ་ལུ་ཀོ་བུ་མེ་སེན་མེན་ནན་ཛཱ་ཛཱ། དགྲ་སྙིང་ལ་བྷྱོ་བྷྱོ། ཨོཾ་ཨཱུཾ་སྟི་དུ་ར་དུ་རུ་ཚལ་པ། མེ་ད་ར་ཛ་ཛ། དགྲ་སྙིང་ལ་བྷྱོ་བྷྱོ། ཏྲག་མོ་ཏྲག་ཀ་ལི་བཾ་ཡཾ། ས་མ་ཡ་ཧཱུཾ་ཕཊ། ཁྲག་ལ་གདབ་བོ། རྨི་ལམ་གྱི་མཚན་མ་དང། མངོན་སུམ་པའི་རྟགས་བྱུང་བ་དང། རྫས་དང་ཡས་སྟག་ཀུན་ཁྱེར་ཏེ། ཡུལ་གང་དུ་བྱེད་པའི་ལོ་ཐོག་ལ། ཟོར་དུ་བརྡེག་ཅིང་སྔགས་བཟླས་སོ།། རུ་རུ་རག་མོ་ཏི་སྟ་ཏྲག་མོ་ཏྲགྴ་མ་མ་རཾ་བྷྱོ། རུ་རུ་ཀཾ་ཀཾ་མ་མ་རམ་བྷྱོ། རུ་རུ་རག་མོ་མ་རཾ་བྷྱོ་བྷྱོ། རུ་རུ་པེ་བ་སྟི་སྟ་མ་མ་རཾ་བྷྱོ། རུ་རུ་ཙི་བི་རི་མ་མ་རཾ་བྷྱོ། སྔགས་དེ་རྣམས་བཟླས་ལ། བྲང་རྡུང། སྐྲ་གསིག། ཞིང་ལྤགས་གདབ་བོ། གཤེད་དེར་བསྒོམས་ལ་བསྐུལ་བར་བྱའོ།། ཧཱུཾ། ཁམ་ནག་གསུམ་འབར་བའི་དཀྱིལ་འཁོར་ནས། ། ས་བདག་རྒྱལ་མོ་གཤིན་རྗེའི་སྲིང་ཅིག་མ།། འཇིགས་བྱེད་དཔལ་གྱི་ཕོ་ཉ་བདུད་ཀྱི་ཡུམ།། རྨ་བྱའི་རྒྱལ་མཚན་བདུད་ཀྱི་རྒྱན་དུ་བྱས།། ཟླ་བའི་འོད་ནི་སྤྱི་བོའི་གཙུག་ན་གསལ།། ཉི་མའི་འོད་ནི་ལྟེ་བའི་དཀྱིལ་ནས་འཆར། ། ཞིང་ལྤགས་གཡང་ཞི་སྐུ་ཡི་རྒྱན་དུ་བྱས།། རེ་ལྡེ་ནག་པོ་སྐུ་ཡི་སྨད་གཡོགས་བྱས།། ཕྱག་མཚན་གཡས་ན་སྤུ་གྲི་ནག་པོ་བསྣམས།། ཕྱག་མཚན་གཡོན་ན་ནད་ཀྱི་རྐྱལ་བ་བསྣམས། ། བོང་བུ་གྭ་ཆགས་ཁྱོད་ཀྱིས་ཆིབས་སུ་ཆིབས།། རླུང་ནག་ནང་ནས་ཐོག་དང་སེར་བ་ཕོབ།། དམ་ཉམས་དགྲ་བོའི་ལོ་ཐོག་བརླག་པར་མཛོད།། སྐྱིན་འདང་བདག་མོ་ཐུགས་དམ་དུས་ལ་བབ།། སྲིད་གསུམ་འཇོམས་མཛད་དཔལ་ལྡན་རེ་མ་ཏི། ། སྦྲུལ་གྱི་གདུ་བུས་ཞེ་སྡང་རྩད་ནས་གཅོད།། ཆུ་སྲིན་ཐོད་པས་ཉོན་མོངས་དབྱིངས་སུ་སྒྲོལ།། ཁྲམ་ཤིང་ནག་པོས་དམ་ཉམས་དམྱལ་ཐག་གཅོད།། ཐོག་སེར་བདག་མོའི་ཐུགས་དམ་དུས་ལ་བབ། ། ཐུགས་རྗེ་སྒེག་མ་དཔལ་ལྡན་རེ་མ་ཏི།། སྐུ་ཡི་མ་མོ་མི་བཟད་རལ་གཅིག་མ།། ཆུ་སྲིན་པིར་གྱི་སླག་པ་སྐུ་ལ་གསོལ།། འཕྲིན་ལས་བསྐལ་པར་ཐོག་དང་སེར་བ་གཏོང།། ཐོག་བདག་རྒྱལ་མོའི་ཐུགས་དམ་དུས་ལ་བབ། ། བཀའ་གསང་རྒྱུ་ལྡོག་དཔལ་ལྡན་རེ་མ་ཛ།། སྤྲིན་གྱི་གོ་ཟུ་ནག་པོས་སྐུ་ལ་ཀླུབས།། མི་མགོའི་འཕྲེང་བས་སྦྲུལ་གྱི་དོ་ཤལ་བྱས།། འཕྲིན་ལས་གཏེར་དུ་ཤྭ་དང་བུ་ཡུག་གཏོང། ། ཐོག་སེར་བདག་མོའི་ཐུགས་དམ་དུས་ལ་བབ།། དུར་ཁྲོད་ཀུན་འགྲོ་དཔལ་ལྡན་རེ་མ་ཛུ།། རུ་སྦལ་སླག་པས་སྐུ་ཡི་སྟོད་དུ་གསོལ།། སྟག་ལྤགས་རློན་པས་སྐུ་ཡི་སྨད་དུ་གསོལ།། འཕྲིན་ལས་གཉེར་དུ་རླུང་དང་ཐོག་འབེབས་མ། ། དམ་ཉམས་དགྲ་ལ་ཐོག་དང་སེར་བ་འབེབས།། ཤར་ཤར་རམ་ནལ་དུད་ཕྲོ་མ། ཐོག་གི་རྫས་ནི་ལྕགས་ཕྱེད། ཟངས་ཕྱི། གསེར་ཕྱེ། ཀུན་ཁྲག་ལ་བཏབ་སྟེ་ཐོག་གི་ལས་སོ། ། གཞན་སེར་བའི་ལས་ཁོངས་སུ་ལྟས་སོ།། དཔལ་ལྷ་མོ་ནག་མོ་རེ་མ་ཏི་མཆེད་བཞི་སྲོག་རྩ་མངོན་དུ་དབྱུང་བའི་རྒྱུད་ལས། ཐོག་སེར་དབབ་པའི་ལེའུ་སྟེ་བཅུ་གཅིག་པའོ།།།། དེ་ནས་ཡང་དག་བཤད་བྱ་བ། ། མུ་སྟེགས་ལོག་ལྟ་ཟིན་པ་ལ།། ལྟས་ངན་གཏང་བའི་ལས་དག་ནི།། ཁམ་པའི་ཉ་བོ་མགོ་གསུམ་ལ།། ལྟས་ངན་སྣ་ཚོགས་མགོ་དང་སྙིང།། ཀླད་པ་སྐམ་པོ་བརྡར་ལ་བླུག། གཞན་ཡང་རྫས་རྣམས་ཚང་བར་བསག། ངན་སྔགས་འདི་ཡིས་ལྟས་ངན་བསྒྲུབས།། རག་མོ་རག་མོ་ཤམ་ཤམ། ནག་མོ་དུན་བྷྱོ། དུ་ལིང་དུ་ལིང། སྙིང་ཁ་རག་མ་དུ་ལིང། སྲོག་ལ་དུ་རྩེ་ཕོབ་ཡཱ། མཚན་མ་རྟགས་ལ་ཕབ་པ་དང།། བདག་ཉིད་གཤད་པོར་གསལ་བསྒོམས་ལ། ། ལྟས་ངན་བདག་མ་དྲག་ཏུ་བསྐུལ།། ཧཱུཾ། མ་ཅིག་དཔལ་ལྡན་རེ་མ་ཏི།། སྐུ་ལ་སྦྲུལ་ནག་སླག་པ་གསོལ།། ཕྱག་ན་གཡུའི་འཁར་བ་བརྡེབས།། མ་མོ་དྲེ་ནག་ཁ་སེར་ཆིབས།། གསེར་གྱི་སྒ་ལ་གཡུ་ཡི་ཤ་ཐག་འཕྲུལ། ། སྔོན་དམར་རལ་པ་སིག་གེ་སིག། རལ་པའི་གསེབ་ནས་མེ་སྟག་འཕྲོ།། ལྟས་ངན་ཝ་སྦྱང་ཤུལ་ན་འདུ་རུ་རུ།། སྒེག་མོ་ལྷ་མོ་རེ་མ་ཏི།། སྦྲ་ཐག་གཡེངས་ཤིང་ཆོམ་ཐག་བརྟུལ། ། ནམ་གྱི་གུང་ལ་རྒྱུ་ཞིང་དགྲ་བོའི་དམིགས་ལ་འཛིན།། འོ་དོད་ཐང་གསུམ་འབོད་ཅིང་ཕྱག་ནས་སླེབ་ནག་རྡེགས།། ནག་མོ་ཀློང་རྡེབས་བྱེད་ཅིང་འོས་འཛུབ་མུན་ལྟར་ནག། ཆོ་འཕྲུལ་ལྟས་ངན་དབབ་པའི་དུས་ལ་བབ། ། ནག་མོ་དཔལ་ལྡན་རེ་མ་ཏི།། འཇོལ་ནི་སླ་གྲིབ་མཚམས་ནས་འཇོལ།། རྒྱུ་ནི་ནམ་གྱི་གུང་ལ་རྒྱུ།། མོ་ཡི་ལྟས་ཀྱང་མི་མཐོང་ངོ།། ཁྱི་མོ་གསང་གིས་མི་ཚོར་རོ།། ཁྱོད་ཀྱི་འཁོར་ནི་ནག་མོ་འབུམ། ། ནག་མོ་འབུམ་གྱི་ཁ་ལོ་སྒྱུར།། ནག་མོ་འབུམ་གྱི་མངའ་བདག་མོ།། སྐྲ་གསེབ་གཟའ་ཡིས་བརྒྱན་ཅིང་གཟའ་ཡི་ཆོ་འཕྲུལ་གཏོང།། སྐྲ་གསེབ་སྐར་མས་བརྒྱན་ཅིང་སྐར་མའི་ཆོ་འཕྲུལ་གཏོང།། ཐོད་པའི་འཕྲེང་བ་བགྲང་ཞིང་མི་མགོའི་ཆོ་འཕྲུལ་གཏོང། ། ལྕགས་ཀྱི་བྱ་ནག་ཐོགས་ཤིང་བྱ་རོག་ཁ་ནས་མེ་ཆེན་འབར།། སྲིན་བྱ་སྐད་འདོན་ཕྱུང་དེ་ཕྱུང།། འུག་པའི་རྐན་སྒྲ་ཐོག་གེ་ཐོག། བྱ་ནག་སྣ་ཚོགས་ཐིབས་སེ་ཐིབས། ། ལྟས་ངན་གླ་བ་རྒལ་དང་ཐོད་དེ་ཐོད།། ནག་མོ་ཆེན་མོ་ཁྲག་མིག་མ།། ཆིབས་སུ་དྲེ་ནག་གཉེར་མངས་ཆིབས།། ལྟས་ངན་སྲེག་པ་ཕུར་འཇོལ་མཁན།། ལྟས་ངན་དབབ་པའི་དུས་ལ་བབ།། དཔལ་ལྡན་ནག་མོ་རེ་མ་ཛ། ། ནག་མོ་སྒེག་འགྲོས་ལིངས་སེ་ལིངས།། སྐྱག་ཀའི་སྤྱི་འགྲིངས་ཞུངས་སེ་ཞུངས།། ནག་མོ་ཆེན་མོ་སྐུ་བསྐྱོད་དང།། རྔ་མོ་ནག་མོ་པྲལ་ལ་བཅུག། གསེར་གྱི་སྟག་མོ་གྲུས་མ་ཤུལ་ནས་འཁྲིད། ། དམ་ཉམས་དགྲ་ལ་མདོ་རིས་ཐོབ།། ལྟས་ངན་ཝ་སྤྱང་འདུར་དུ་ཆུག། ལྟས་ངན་བདག་མོའི་དུས་ལ་བབ།། དཔལ་ལྡན་སྙན་གྱི་རེ་མ་ཛུ།། ཆིབས་སུ་བོང་བུ་གྭ་ཆགས་ལ།། ཁམ་པའི་མི་མོ་སྐྱ་རིངས་ཞོན། ། ཁམ་པའི་མི་མོ་བཅོ་ལྔ་ལ།། ཀུ་ཀུ་རཱ་ཛའི་ཆོ་ངེ་དེ་རི་རི།། ལྷ་མོ་སྙིང་པོ་མ་ནོར་ང་ལ་ཡོད།། ཁྱོད་ཀྱི་ཁོལ་མོ་ནག་མོ་དིག་མ་བདུན་དུ་སྤྲུལ།། ལྟས་ངན་དུར་ཁྲོད་ཝ་བརྒྱལ་ཙེ་རེ་རེ།། ལྟས་ངན་ཆོ་འཕྲུལ་དབབ་པའི་དུས་ལ་བབ། ། ནག་མོ་རོ་རིང་ཤིན།། སྙིང་ནར་ཡཾ་ཁམ་རུག་དུན་དུན་རོ་ལོང། དུ་ལིང་དུ་ལིང། རག་མོ་རུ་ཀཾ་ཉོག་ལིང། ལྟས་ངན་སྣ་ཚོགས་ཕྲོབ་ཡཱ། ཡས་སྟག་རྣམས་ཁོའི་ཁང་པའི་འགྲམ་རྩར་སྦས་ལ་བཞག། དཔལ་ལྷ་མོ་ནག་མོ་རེ་མ་ཏི་མཆེད་བཞི་སྲོག་རྩ་མངོན་དུ་དབྱུང་བའི་རྒྱུད་ལས། ལྟས་ངན་དབབ་པའི་ལེའུ་སྟེ་བཅུ་གཉིས་པའོ།།།། དེ་ནས་ཡང་དག་བཤད་བྱ་བ།། སྦྱིན་སྲེག་ལས་ནི་བཤད་བྱ་བ། ། མཎྜལ་བྱ་བའི་ས་བདག་ནི།། མི་གྲིར་ཤི་བའི་ས་དང་ནི། གཡུལ་བཤམ་པ་ཡི་ས་དག་ལ།། བསྲེག་ཁང་གྲུ་གསུམ་མཐིང་ནག་བརྩིགས།། ཆག་ཆག་གི་ཆུ་ནི་གྲིར་ཤི་བའི་ཁྲག་གམ། ཆུ་མི་ལྐུག་པའི་ཆུས་བྱའོ། ། ཤིང་ནི་བྲ་མ། སྐྱེར་བ། སེ་བ། བྱི་ཚེར་ཏེ། གདུག་ཤིང་སྣ་དགུ་ལ་བྱའོ།། རི་ཤི་བའི་རྩ་བ། སྤྱང་ཚེར་བ། ར་དུག་པ་སྟེ་དུག་ཤིང་དེ་ལྟ་བུ་ལ་བྱའོ།། ཡམ་ཤིང་མི་རོ་ཁབ་འམ།། དུར་ཁྲོད་ཀྱི་ཤིང་ལ་བྱའོ།། མེ་ནི་རེག་མའམ། གདོང་གཅིག་འམ། སྨད་འཛག་མ་འམ། ཡུག་ས་མོ་སར་བ་ལྟ་བུ་འམ། བཀྲ་མི་ཤིས་པའི་མེ་ལ་བྱའོ།། བསྲེག་པའི་རྫས་ནི། བ་སྤུ་ཡུང་བ་ལྟ་བུ་ཡིས།། གཏོར་མ་དང་ནི་ལྷ་བཤོས་ཀུན།། སེར་པོའི་ཐིག་ལེ་མང་དུ་གདབ། ། ཉུངས་ཀར་ནི་མར་ཁུས་མཆོད་ཞི་བའི་རྗེས་སུ་བསྟན་པ་ནི། མར་དང་ཞོ་དང་མེ་ཏོག་དཀར།། གཏོར་མ་ལྷ་བཤོས་དཀར་པོས་མཆོད།། དབང་གིས་རྫས་སུ་བསག་པ་ནི།། ཁྲག་དང་མེ་ཏོག་དམར་པོ་དང། ། གཏོར་མ་བཤོས་བུ་དམར་པོས་མཆོད།། དྲག་པོའི་རྫས་སུ་བྱ་བ་ནི།། ཉུངས་ནག་སྐེ་ཚེ་ཏིལ་ནག་དང།། ལྕགས་ཕྱེ་མེ་ཏོག་ལོ་བཙན་དང།། ཁྲ་བོ་ཁྲེ་དང་ནས་ནག་དང།། སྲན་མ་སྲུབ་མ་བསྲེས་པའི་ཚེ། ། གཏོར་མ་ལྷ་ཤོས་ཟུར་གསུམ་ནག། དྲག་པོའི་རྫས་སུ་དབུལ་བར་བྱའོ།། ལིང་ག་སྨན་མ་གཏུབས་བྱས་ལ།། དེ་དག་ཀུན་ལ་དབུལ་བར་བྱའོ།། ཨོཾ་ཏདྱ་ཐཱ་ཏྲག་རགྴ། རུ་བེ་རུ་བེ་ནན། མུག་སྟིག་བཾ་རུ་ལུ་ཛ་ཛ། ཆེ་གེ་མོ་ད་ཧ་ད་ཧ། པ་ཙ་པ་ཙ་སྭཱཧཱ། ཨོཾ་པདྨ་ར་ཏེ་རེ་མ་ཏིང། ཙིཏྟ་ཙིཏྟ་མ་མ་རུ་ལུ་རུ་ལུ་ཛ་ཛ། ཆེ་གེ་མོ་བྷན་དྷ་ཀུ་རུ་ཡེ་སྭཱཧཱ། ཨོཾ་རུ་ལུ་ཀོའུ་མེ་སེན་མེན་ནན་ཛ་ཛ། ཆེ་གེ་མོ་པུཥྟིཾ་ཀུ་རུ་སྭཱཧཱ། ཨོཾ་ཨུ་མ་ཏིང་དུ་རུ་དུ་རུ། ཚལ་པ་མེ་ཛ་ཛ། ཆེ་གེ་མོ་ཛ་ཛ་ཞི་བ་ཤན་ཏིང་ཀུ་རུ་སྭཱཧཱ། བསྟོད་ཅིང་བསྲེག་པ་ནི། ཧཱུཾ། མ་ཅིག་ལྷ་མོ་རེ་མ་ཏི།། ནག་མོ་མི་སྲུན་མཆེ་བ་ཆན།། དྲག་པོའི་འཕྲིན་ལས་བསྒྲུབ་པའི་ཕྱིར། ། མཐིང་ནག་ཆེན་པོའི་སྐུ་ལ་ཕྱག་འཚལ་བསྟོད།། ཧཱུཾ། ཡེ་ཤེས་ཀློང་ཡངས་འཁྱིལ་བའི་ཧོམ་ཁུང་དུ།། དྲག་པོའི་རྫས་སུ་སྦྱར་བའི་མཆོད་པ་འདི།། མ་ཅིག་རེ་མ་ཏི་ལ་མཆོད་འབུལ་བསྟོད།། རྣལ་འབྱོར་རྣམས་ལ་བསྲུང་ཞིང་སྐྱབ་པ་དང། ། དམ་ཉམས་དགྲ་བོའི་མ་ལུས་ཐལ་བར་རློག། ཧཱུཾ། སྲིད་པའི་ལྷ་མོ་རེ་མ་ཏི།། དམར་ནག་མི་སྲུན་མཆེ་བ་ཅན།། དབང་གི་འཕྲིན་ལས་བསྒྲུབ་པའི་ཕྱིར།། སྨུག་ནག་འཇིགས་པའི་སྐུ་ལ་ཕྱག་འཚལ་བསྟོད། ། ཡེ་ཤེས་ཀློང་ཡངས་འཁྱིལ་བའི་ཧོམ་ཁུང་དུ།། དབང་གི་རྫས་སུ་སྦྱར་བའི་མཆོད་པ་འདི།། མ་ཅིག་རེ་མ་ཏི་ལ་མཆོད་འབུལ་བསྟོད།། རྣལ་འབྱོར་དབང་གི་ལས་ལ་ད་ཚུར་སྦྱོན།། དམ་ཉམས་དགྲ་བགེགས་དབང་དུ་སྡུས། ། ཧཱུཾ། མ་ཅིག་ལྷ་མོ་རེ་མ་ཛ།། སེར་ནག་མི་སྲུན་མཆེ་བ་ཅན།། རྒྱས་པའི་འཕྲིན་ལས་བསྒྲུབ་པའི་ཕྱིར།། སེར་ནག་འཇིགས་པའི་སྐུ་ལ་ཕྱག་འཚལ་བསྟོད།། ཡེ་ཤེས་ཀློང་ཡངས་འཁྱིལ་བའི་ཧོམ་ཁུང་དུ། ། རྒྱས་པའི་རྫས་སུ་སྦྱོར་བའི་མཆོད་པ་འདི།། རེ་མ་ཛ་ཡི་སྐུ་ལ་མཆོད་འབུལ་བསྟོད།། རྒྱས་པའི་འཕྲིན་ལས་བདག་ལ་རྫོགས་པར་མཛོད།། ཧཱུཾ། མ་ཅིག་ལྷ་མོ་རེ་མ་ཛུ།། སྔོ་སྐྱ་མི་སྲུན་མཆེ་བ་ཅན། ། ཞི་བའི་འཕྲིན་ལས་བསྒྲུབ་པའི་ཕྱིར།། སྔོ་སྐྱ་འཇིགས་པའི་སྐུ་ལ་ཕྱག་འཚལ་བསྟོད།། ཡེ་ཤེས་ཀློང་ཡངས་འཁྱིལ་བའི་ཧོམ་ཁུང་དུ།། ཞི་བའི་རྫས་སུ་སྦྱར་བའི་མཆོད་པ་འདི།། མ་ཅིག་རེ་མ་ཛུ་ལ་མཆོད་འབུལ་བསྟོད། ། རྣལ་འབྱོར་བདག་གི་ཞི་བའི་ལས་བདེན་འགྲུབ།། དམ་ཉམས་དགྲ་བགེགས་མ་ལུས་ཞི་བར་མཛོད།། སྙིང་པོ་ཉི་ཤུ་རྩ་རེ་དང། བསྟོད་པ་རེ་དང་སྤེལ་ལ་གཏང་ངོ།། ཕྱི་ནང་གསང་བ་གསུམ་གྱི་མཆོད་པ་ལ། ཕྱིའི་མཆོད་པ་ནི་ལྔ་འམ་བདུན་གྱིས་མཆོད་དོ།། ཏིང་ངེ་འཛིན་དང་ཕྱག་རྒྱའི་མཆོད་པ་ཡང་དེ་བཞིན་དུ་མཆོད་དོ།། ནང་གི་མཆོད་པ་ནི་ནལ་བྲུག་གི་སྙིང་དང། བྱ་འམ་ལུག་ནག་གི་སྙིང་ལ་གཞི་བླངས་ལ། སྙིང་སྣ་ཚོགས་འབུལ་ལོ།། རྒྱུན་གཏོར་སུམ་ཆ་དང། རཀྟ་དང། ཨ་མྲྀ་ཏ་དང། མཆོད་པ་འབྱོར་ཚད་དུ་འབུལ་ལོ།། བསྟོད་པ་ནི། ཧཱུཾ། ཁམས་གསུམ་སྒྲོལ་བའི་དཔལ་མོ་ཁྱེད་བཞི་ལ།། མཐུན་པའི་རྫས་ཀྱི་མཆོད་པ་དམ་པ་དང། ། དམ་རྫས་སྣ་ཚོགས་སྦྱར་བའི་མཆོད་པ་དང།། གཟུགས་དང་ལིང་གར་བཅས་པ་འདི་རྣམས་ཀུན།། ཡེ་ཤེས་ཀློང་ཡངས་འཁྱིལ་བའི་ཧོམ་ཁུང་དུ།། རྣལ་འབྱོར་གུས་པའི་ཚུལ་གྱིས་ཆོད་འབུལ་གྱིས། ། ནག་མོ་མཆེད་བཞིའི་སྐུ་ལ་མཆོད་འབུལ་བསྟོད།། རྩ་བའི་སྙིང་པོ་བཞིའི་ཞབས་ལ། མ་ཧཱ་རཀྟ་ཁཱ་ཧི། མ་ཧཱ་ཙིཏྟ་ལ་ཁཱ་ཧི། མ་ཧཱ་གོ་རོ་ཙ་ན་ལ་ཁཱ་ཧི། མ་ཧཱ་བ་སུ་ཏ་ཁ་རཾ་ཁཱ་ཧི། མ་ཧཱ་པཉྩ་ཨ་མྲྀ་ཏ་ཁཱ་ཧཱི། མ་ཧཱ་བྷ་ལིང་ཏ་ཁ་ཧཱི། ཤ་ཏྲུཾ་མ་ར་ཡ་ཁཱ་ཧི། མཱ་ཁཱ་ཧི་མཱ་ཁཱ་ཧི་མཱ་ཁ་ཧི་མཱ་ཁཱ་ཧི། དེ་ནས་དུག་གསུམ་གྱིས་མཆོད་པ་ཡང་དབུལ་ལོ།། གསང་བའི་མཆོད་པ་ནི། བདག་དང་ལྷ་མོ་བཞིའི་མཁའ་བྱིན་གྱིས་བརླབས་ཏེ། ། བདག་གི་བྱང་སེམས་མ་བཞི་མཁའ་ལ་སོ་སོར་བབས་པས་མཉེས་ཏེ་ཅི་བཅོལ་བ་བྱེད་པར་བསམ།། ཕྱིར་དེ་བཞིན་གཤེགས་པ་ཐམས་ཅད་ལ་འཕྲོས་པས་ཐུགས་དམ་སྐོངས་པར་བསམ། ། སེམས་ཅན་དང་ཤ་ཏྲུཾ་ལ་ཕོག་པས་དུག་གསུམ་རྩད་བཅད་ནས་འཁོར་བསྟོངས་པར་བསམ་མོ།། དཔལ་ལྷ་མོ་རེ་མ་ཏི་མཆེད་བཞི་སྲོག་རྩ་མངོན་དུ་དབྱུང་བའི་རྒྱུད་ལས། སྦྱིན་སྲེག་གི་ལས་ཀྱི་ལེའུ་སྟེ་བཅུ་གསུམ་པའོ། །།། དེ་ནས་ཡང་དག་བཤད་བྱ་བ།། ལས་རྣམས་གྲུབ་པར་མ་གྱུར་ན།། འཇིག་རྟེན་བསམ་པ་བསྒྲུབ་པ་དང།། རེ་ཏི་མཆེད་བཞི་འཁོར་དང་བཅས།། མིང་དགུ་མཁན་བརྒྱ་ལས་སྟོང་གྲུབ།། རེ་མ་ཏི་ཡི་ཤི་ས་བཤད། ། འདི་ཡི་བསྒྲུབ་པ་གང་བཙམས་ཀྱང།། ཆོ་འཕྲུལ་ཆེ་ལ་རྟགས་མེད་ན།། ཉི་མ་ནུབ་ཀར་རྣལ་འབྱོར་བ།། མི་དགའ་བ་ཡི་སེམས་དང་ལྡན་པས་ན།། མོས་སུ་བདག་དབང་བྱས་པ་ཡིས། ། འཁོར་དུ་རྐྱེན་འོང་མཐར་ཕྱུང་འགྱུར།། དེ་ལ་འདི་ཡི་མྱུར་དུ་བཙལ།། བསམ་པ་ཐམས་ཅད་འགྲུབ་པའི་ས།། ཆུ་གླིང་དུར་ཁྲོད་བྲག་དམར་མཚོ།། དབེན་པའི་གནས་སོགས་གར་རྙེད་པར།། ས་གླུད་གཏང་ཞིང་ཕྱི་བཤགས་བྱ། ། མཆོད་དང་ཕྱི་བཤགས་དག་པར་བྱ།། དཀྱིལ་འཁོར་འདོམ་གང་གྲུ་བཞི་ལ།། གྲི་ཁྲག་དྲི་ཆེན་ཆག་ཆག་གདབ།། བ་སུ་ཏ་ཡི་ཐིག་གདབ་བྱ།། དབུས་སུ་ཁྲུ་གང་གྲུ་གསུམ་བརྩེགས།། གཞི་མ་དམར་ལ་མེ་རི་དཀར། ། གྲུ་གསུམ་འོག་མ་སེར་པོ་སྟེ།། བར་བ་དཀར་ལ་ཐོད་པ་དམར།། སྟེང་མ་ར་ག་དམར་པོ་བྲི།། དེ་སྟེངས་རོ་རས་མེ་ལོང་ཚད།། བུ་མོ་ཉི་ཤུའི་ཚད་ལྡན་པས།། རཀྟ་ས་བྲིས་ཏེ་མ་དབུས་སོ། ། དེ་ཡི་མཐའ་མ་སྔགས་འདིས་བསྐོར།། ཨོཾ་བཛྲ་སྙིང་ཁ་རག་མ་བྷྱོ་ཛ། ཟུར་གསུམ་གནས་སུ་དགོད་པ་ནི།། ལྕགས་སྐྱར་སེང་ལྡེང་ཕུར་བ་དགོད།། དམ་རྫས་གཏོར་མ་སྤྲིན་ཞལ་ཅན།། བྱང་ཤར་མཚམས་ཀྱི་གྲཝ་རུ་བཞག། བྱང་དུ་རཀྟའི་སྤྲིན་ཆེན་བཞག། གཤིན་རྗེའི་ཕྱོགས་སུ་ཧོམ་གཟུགས་བཞག། མཎྜལ་མཐིང་ནག་དར་གྱིས་དགབ།། ལེ་བརྒན་དར་གྱི་ཡོལ་བས་བསྐོར།། དཀྱིལ་འཁོར་རྒྱན་རྣམས་ཚོགས་པར་དགྲམ། ། ཧེ་རུ་ཀ་འམ་གཤིན་རྗེ་གཤེད།། མཆོད་པ་ཕུལ་ལ་བསྙེན་འཛབ་བྱ།། ཨེ་རེ་དུར་ཁྲོད་འབར་བ་ལ།། ཛཱ་ལ་རཾ་གྱིས་ཁམས་གསུམ་ཀུན།། ཁྲོ་བོའི་སྐུར་བདག་ལ་བསྟིམ།། དུར་ཁྲོད་ཆས་ཀྱིས་བདག་དབང་བསྐུར། ། མ་མོའི་འཕྲིན་ལས་གཞུང་དུ་བསྙེག། བསམ་གཏན་ལྡན་པས་ང་རྒྱལ་བསྐྱེད།། སྔགས་ཀྱི་བཀུགས་ལ་སྨན་མཆོད་བྱ།། སྐྱེར་ཕུར་ཁྲོ་བོར་བྱིན་བརླབས་རྩེར།། མ་མ་ཏྲིག་ནན་སྔགས་བྲིས་ཏེ།། རང་གི་ལག་པ་གཡོན་པས་བཟུང། ། གཡས་པ་འཕྲེང་བ་ཆེན་པོ་བགྲང།། ཨོཾ་མ་མ་ཏྲིག་ནན། རེ་མ་ཏི་ཙིཏྟ་པ་ལ་ཏྲག་རཀྵ་ཁ་མུན་ཏྲ། ཏྲ་བ་ཏྲ་བ་རཀྵ། དུན་དུན་ཛ་ཛ་ཧྲིང། འཛབ་ཟློས་ཏིང་འཛིན་ལྡན་པར་བྱའོ། ། མོ་ཉིད་དམ་བཅའ་ཁས་ལེན་ན།། བདུད་རྩི་བྱིན་ལ་དམ་ཚིག་འབོག། ཁྲག་སྤྲེང་རྔ་བརྡུང་དམ་ཚིག་བསྐུལ།། མ་མ་ས་མ་ཡ་སྟྭཾ། ཏྲིག་ནན་ས་མ་ཡ་སྟྭཾ། སྔགས་དེས་ཕུར་གདབ་བདུད་རྩི་བླུག། རེ་མ་ཏི་ཁཱ་ཧི་ས་ནི་གཏོར་མ་དབུལ། ། གྲུབ་པའི་རྟགས་རྣམས་བྱུང་བ་དང།། ཕུར་ཕྱུང་ཤུལ་དུ་བདུད་རྩི་བླུག། དེ་ནས་དགྲ་ལ་དྲག་པོའི་ལས།། ཏིང་འཛིན་ལས་དང་སྔགས་དང་ནི།། ཕོ་ཉ་རྟགས་དང་ཐུན་བཞི་དང། ། གདབ་དང་གཏུབ་དང་ཞལ་དུ་བསྟབ།། ཟོར་འཕངས་བྷྱོས་གདབ་བཟང་ངན་པ།། འཕང་བའི་ལས་དང་སྔགས་རྣམས་ནི།། འཕང་བའི་ལས་ནི་འདི་དག་གོ། ཛ་ཛ་རེ་མ་ཏྲི་ཛ། འཇིག་རྟེན་དག་ན་མཐུ་ཆེ་བ། མ་ཧཱ་དེ་བ་འཆི་བར་བཤད།། དཔལ་ལྷ་མོ་ནག་མོ་རེ་མ་ཏི་མཆེད་བཞི་སྲོག་རྩ་མངོན་དུ་དབྱུང་བའི་རྒྱུད་ལས། ཤི་ས་བསྟན་པའི་ལེའུ་སྟེ་བཅུ་བཞི་པའོ།།།། དེ་ནས་སྐྱོན་ཡོན་བསྟན་པ་ནི། རེ་མ་ཏི་མཆེད་བཞིས་སངས་རྒྱས་ཀྱི་བསྟན་པ་ལ་གནོད་པའི་དགྲ་ལྟ་ཅི་སྨོས་ཏེ། བདུད་དང་སྲིན་པས་བདག་རླག་པར་བྱེད་པས། གང་ཟག་ཀུན་གྱི་སྙིང་ལམ་ན། ངས་ཀྱང་འདི་དག་རྦད་ལ་དགྲ་དང་བར་ཆོད་མིང་མེད་པར་བྱས་ལ་རང་གཉན་ཞིང་ཆེ་བར་བྱ་སྙམ་སྟེ། དེ་ལྟར་མི་བཏུབ་ལེགས་ཉེས་གཉིས་ཀྱི་ལྟ་ལ་ཡང་འདི་རྣམས་རབ་ཏུ་མཁས་ཏེ། ཐོ་ཆོ་དང་བཙན་ཐབས་བྱར་མའི་དོད་དེ་ཕ་རོལ་པོས་མཉེས་པར་རང་གིས་ཉེས་ན་ཆད་པ་ཚུར་གཅོད་དུ་འོང་ངོ། ། གཉིས་ཀས་ཉེས་ན་གཉིས་ཀ་ལ་ཆད་པ་མཉམ་པོར་གཅོད།། དམ་ཚིག་མི་གཙང་ན་ཡང་སླར་བདུད་དུ་འབེབས། བུ་སྨད་ཆུང་མ་དང་འཁོར་ཡང་རླག་པར་བྱེད། བདག་དམ་ཚིག་ལ་གནས་ཤིང་གཙང་མ། སྲིང་མོ་མང་པོའི་ནང་ན་མི་མིང་པོ་གཅིག་ཡོད་པ་བཞིན་དུ་གདུང་ཞིན་བརྩེ་བར་འགྱུར་རོ།། ལྟ་བ་ཆེ་ན་ཡིད་བཞིན་གྱི་ནོ་བུ་རིན་པོ་ཆེ་ལྟར་མཐོང་ཞིང།། བསྙེན་ཞིང་བསྐུར་སྟི་བྱེད་པར་འགྱུར་རོ།། ཏིང་ངེ་འཛིན་གསལ་ན་ནི་ལས་ཀྱི་རྗེ་བོ་བཞིན་དུ་བཀའ་ཉན་ཞིང་ཁུར་བར་འགྱུར་རོ། ། དམ་རྫས་འཚོགས་ཤིང་མཆོད་པ་འགྲུབ་ན་ཕ་མ་དྲིན་ཅན་ལ་བུས་ལན་ལྡོན་ཞིང་ཡིད་ལ་ཅི་འདོད་པའི་དངོས་གྲུབ་སྐྱེལ་ལོ། ། བཀའ་འདི་གསང་ཐུབ་ཅིང་སྤྱད་ལེགས་ན་མི་ཟད་པའི་གཏེར་སྤས་པ་བཞིན་དུ་ཡིད་ལ་ཅི་འདོད་བསམ་པ་འགྲུབ་བོ།། འདི་ལྟར་སྤྱད་ཉེས་སམ་གཞན་ལ་སྤེལ་བར་བྱས་ན་ངའི་མཚང་ཚིག་བསྒྲགས་ཟེར་ནས་སྙིང་ཁྲག་འཐུང། དཔལ་ལྷ་མོ་ནག་མོ་མཆེད་བཞི་སྲོག་རྩ་མངོན་དུ་དབྱུང་བའི་རྒྱུད་ལས། སྐྱོན་ཡོན་བསྟན་པའི་ལེའུ་སྟེ་བཅོ་ལྔ་པའོ།།།། སྲོག་རྒྱུད་རྫོགས་སོ།།།།

CLOSE WINDOW