Wylie |
རྒྱ་གར་སྐད་དུ། མ་མ་ཙིཏྟ་གུ་ཧྱ་ཏན་ཏྲ། བོད་སྐད་དུ། མ་མོ་ཐུགས་གསང་བའི་རྒྱུད།། ཐམས་ཅད་མཁྱེན་པའི་དཔལ་བཅོམ་ལྡན་འདས་དཔལ་ཧེ་རུ་ཀ་ཡབ་མངོན་རྫོགས་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། ། སྔོན་འདས་པའི་དུས་མ་བྱོན་པའི་སྔོན་རོལ་དུ། རི་རབ་ཀྱི་རྩེ་ལྷ་གཡུང་དྲུང་གི་གནས་ནས། ཐིག་ལེ་ཆེན་པོའི་ཚུལ་དུ་བཞེངས་སུ་གསོལ་ནས། ཡབ་མངོན་རྫོགས་ཀྱི་རྒྱལ་པོས། འབྱུང་བ་ཆེན་པོ་ལྔ་སྲིད་པའི་རྒྱུར་བཤིག་སྟེ། སྐྱེ་འགྲོ་ཐམས་ཅད་དེ་ལས་འཆར་བར་མཁྱེན་ཏོ།། ཡབ་མངོན་རྫོགས་ཀྱི་རྒྱལ་པོས་ཐིག་ལེ་ཆེན་པོ་ཡེ་མཉམ་པ་ལས།། ཡེ་མཉམ་པའི་སླད་བཞིན་དུ།། འབྱུང་བ་ཆེན་པོ་ལྔ་ཡེ་ནས་སངས་རྒྱས་པར་བསྟན། འབྲས་བུ་བདེ་བ་ཆེན་པོ་བྱང་ཆུབ་སེམས་སུ་ལ་བཟླའོ།། ཆེ་མཆོག་ཧེ་རུ་ཀའི་དགོངས་སྤྱོད་ཀྱི་ལེའུ་སྟེ་དང་པའོ།།།། འདི་ནས་མར་ལྟ་བས་ཐག་བཅད་པའི་ཕྱིར། ཡང་གཏེར་ལྟ་བའི་མན་ངག་བསྟན་ཏེ། ཙིཏྟ་རིན་པོ་ཆེ་དཀར་དམར་གྱི་གཞལ་ཡས་ཁང་བྱང་ཆུབ་སེམས་ཀྱི་གའུ་ནས། ཀུན་ཏུ་བཟང་མོ་མི་འགྱུར་བའི་བདག་ཉིད། ཡེ་ཤེས་ཐམས་ཅད་ཀྱི་འབྱུང་གནས། ཆོས་ཀྱི་དབྱིངས་ཀྱི་ངོ་བོ་བླ་ན་མེད་པའི་ཕྱག་རྒྱར་གསལ་བ་ལས། མཁའ་གསལ་ཉི་མའི་དཀྱིལ་འཁོར་ནས་སྣང་སྲིད་ཐམས་ཅད་འཆར་བར་མཛད་དེ། མཁའ་བཞི་དབྱིངས་དང་ལྔའོ།། དེའི་ལས་དབྱིངས་དང་ཡེ་ཤེས་ཀྱི་མ་མོ་ཐམས་ཅད་བསྐྱེད་པའོ། ། ཙིཏྟ་རིན་པོ་ཆེ་དཀར་དམར་གྱི་རྩ་བཞི་ལས།། དང་པོར་དཔལ་ཆེན་པོ་ཉིད་ཀྱི་ཐུགས་ཡེཤེས་ལས་བསྐྱེད་པས། ཡེ་ཤེས་ཀྱི་མ་མོ་ཡང་བག་བཞི་གནས་སོ།། མཁའ་བཞི་དབྱིངས་དང་ལྔ་ལ་འབྱུང་བའི་རྒྱལ་མོ་ལྔ་གནས་སོ། ། གནས་ཡུལ་བཅུ་དྲུག་ལ་ཡེ་ཤེས་ཀྱི་མ་མོ་བཅུ་དྲུག་གནས་སོ།། ཕྱི་རྩ་གསུམ་བརྒྱ་དྲུག་ཅུ་ལ་མ་མོ་ཐམས་ཅད་སྤྲོ་བསྡུ་གསལ་བ་བསྟན་དོན་དབྱིངས་དང་ཡེ་ཤེས་ལས་མི་འགལ་བས། ཡེ་ཤེས་ཀྱི་ཡེ་ཤེས་ཆེན་པོ་བླ་ན་མེད་པའི་ཕྱག་རྒྱར་གསལ་བའོ། ། ཡང་གཏེར་ལྟ་བའི་ལེའུ་སྟེ་གཉིས་པའོ།།།། འདི་ནས་མར་སྤྱོད་པས་ལ་དོར་དོར་བ་དང། འཁོར་བ་ཚེ་གསོ་ཞིང་བྱང་ཆུབ་སྲོག་གཟུང་བའི་ཕྱིར།། སྟན་འགན་གྱི་ལས་བསྟན་ཏེ་བསྒྲལ་བས་མ་མོ་རྣམས་ཀྱི་ཐུགས་དམ་སྐོངས་སོ། ། སྦྱོར་བས་འཕགས་པ་རྣམས་ཀྱི་ཐུགས་དམ་སྐོངས་སོ།། མཉམ་པར་གཞག་པས་དྷ་ར་མ་ཀ་ཡའོ།། སྦྱོར་སྒྲོལ་གྱི་གསང་ཚིག་སྟན་འགན་གྱི་ལེའུ་སྟེ་གསུམ་པའོ། །།། འདི་ནས་མར་བསྒྲུབ་པས་ཕུལ་དུ་འབྱུང་ཞིང་ཕྱི་རབས་ཀྱི་རྣལ་འབྱོར་པ་རྣམས་རྟོག་པ་ཆུད་མི་གནས་པའི་ཕྱིར། གསང་ལུང་མན་ངག་སྐོས་ཀྱི་ལེའུ། གསེར་གྱི་སྐུད་པ་ལ་རིན་པོ་ཆེ་གཙར་ལ་བརྒྱུས་པ་ལྟར་བསྟན་ཏེ། བཀའ་དང་མཐུན་ཞིང་ཐུགས་དང་འཐད་པའི་གནས་བཙལ་བ་དང། གཞུང་གཞན་དང་མཐུན་པར་ས་གཞི་བྱིན་གྱིས་བརླབས་པ་དང། ས་གླུད་གཏང་ཞིང་ས་བསླང་བ་དང། ས་གཞི་བྱིན་གྱིས་བརླབ་ཅིང་སའི་ལྷ་མོ་བརྟན་མ་ལ་སྦྲན་གཏང་བ་དང། སའི་སྨོན་ལམ་གདབ་པ་ཀུན་གཞུང་གཞན་དང་མཐུན་པར་བྱའོ།། རྣལ་འབྱོར་པ་སྒྲིབ་པ་སྦྱང་བའི་ཕྱིར། ཕྱིའི་མཆོད་པ་རྒྱ་ཆེར་འབུལ་བ་དང། སྤང་སྐོང་ཀླག་ཅིང་ཚ་ཚ་གདབ་པ་དང། འབུམ་ལྔའི་བཤགས་པ་ལ་སོགས་པ་བྱའོ།། འདི་ལྟ་བུའི་ལས་བྱེད་པའི་དུས་སུ། ཕྱིའི་འགྲ་བགེགས་ནང་དུ་མི་གཏང། ནང་གི་དངོས་གྲུབ་ཕྱི་རུ་མི་གཏང་བའི་ཕྱིར། ཟ་ལམ་གོམ་པ་སུམ་ཅུ་རྩ་བདུན་མཁའ་འགྲོ་མའི་ཚུགས་ས་རུ་མཐོ་ཆེན་པོ་བཞི་དང་བཅུ་གཅིག་ལ་སོགས་པ་བརྩིགས་ལ། ཕྱི་མཚམས་བཅད་པ་དང། དུར་ཁྲོད་ཀྱིས་འགྱིང་སྟབས་ཏེ། དཔལ་ཆེན་པོའི་ཆས་སུ་ཞུགས་ལ། གུ་གུལ་གཉེར་མ་དང། ཡུངས་ཀར་རྒྱལ་པོ་དང། ཁྲོ་བོ་བཅུའི་མཚམས་བཅོད། འདི་ནས་མར་ལྟ་བ་ལོག་པར་ལྟ་ཞིང།། བར་དུ་གཅོད་པའི་དམ་སྲིད་དུར་ཁྲོད་ཀྱི་ཐོད་པ་མཚན་ངན་ལ་མནན་པ་དང། སིདྡྷི་ཕྲ་མོའི་དངོས་གྲུབ་ལ་བར་དུ་གཅོད་པའི་བགེགས་བཟློག་པའི་ཕྱིར་སྒོ་བྱང་གདམས་པ་དང། འཚོ་བ་ཟས་ཀྱི་ཡོ་བྱད་དང། དུག་འཇོམས་སྨན་གྱི་ཡོ་བྱད་ལ་སོགས་པ་བྱིན་གྱིས་བརླབ་པ་དང། ས་ཚོ་ཚོན་རྩི་བྱིན་གྱིས་བརླབས་པ་དང། གཡོག་གཟུངས་མ་བྱིན་གྱིས་བརླབ་པ་དང། དུར་ཁྲོད་རྫས་ཀྱི་ཆག་ཆག་གདབ་པ་ལ་སོགས་པ་ཀུན་གཞུང་བཞིན་བྱའོ།། དཀྱིལ་འཁོར་འཁོར་ལོ་རྩིབས་བཞི་པའི་ཐིག་གདབ། དབུས་ཀྱི་ལྟེ་བ་ཟླུམ་པོ་ལ་ཟླ་གམ་ཁ་སྤྲོད་བྲི། དེའི་ཕྱིར་མི་ཐོད་པའི་འཕྲེང་བས་བསྐོར། དེའི་ཕྱིར་རིམ་དུ་པདྨ་འདབ་མ་བཞི་བྲི། དེའི་ཕྱིར་རིམ་དུ་འཁོར་ལོ་རྩིབས་བཞི་པ་བྲི། དེའི་ཕྱི་རིམ་མུ་ཁྱུད་ཟླུམ་པོ་ལ་ཐོད་པའི་འཕྲེང་བས་བསྐོར། དེའི་ཕྱི་རིམ་དྲི་མེད་པདྨ་བཅུ་བཞིས་བསྐོར། དེའི་ཕྱི་རིམ་ཐོད་པའི་འཕྲེང་བས་བསྐོར། དེའི་ཕྱི་རིམ་གྲུ་ཆད་བཞི་ལ་པདྨ་འདབ་མ་བཞི་བྲི། དེའི་ཕྱི་རིམ་ཞིང་ཀྱང་བྲི། དེའི་ཕྱི་རིམ་བར་ཁྱམས་ལ། གྲུ་གསུམ་མཐིང་ནག་ཁྲོ་བོའི་དཀྱིལ་འཁོར་བྲི། ལྕགས་རི་མཚོན་ཚོགས་སྒོ་ཁྱུད་སྦག་ཏུ་བྱ། དེའི་ཕྱི་རིམ་མེ་རི་འབར་བས་བསྐོར། དཀྱིལ་འཁོར་བཅའ་གཞིའི་ལེའུ་སྟེ་བཞི་པའོ།།།། འདི་ནས་མར་འཕྲིན་ལས་གཞུང་བསྲང་བའི་ཕྱིར། སྐབས་ཀྱིས་ལས་མདེའུ་ཏ་ཐོ་བར་ནས་ཕྱུང་བ་ལྟར་བསྟན་ཏེ། དང་པོ་དབང་ཆེན་གྱི་དཀྱྀལ་འཁོར་བསྐྱེད་ཅིང་དུར་ཁྲོད་ཀྱི་གཞལ་ཡས་ཁང་དབུབ་པ་དང། ཏིང་ངེ་འཛིན་རྣམ་པ་གསུམ་གྱི་བདག་ཆེ་མཆོག་བསྒོམ་པ་དང། རང་བཞིན་གྱི་དཀྱིལ་འཁོར་ནས་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་དུ་སྤྱན་དྲང་བ་དང། གཉིས་སུ་མེད་པར་བྱ་བའི་ཕྱིར་ཕྱག་བྱ་བ་དང། དུར་ཁྲོད་རྫས་ཀྱི་དཀྱིལ་འཁོར་དུ་གདན་གདིང་ཞིང་བཞུགས་སུ་གསོལ་བ་དང། སྐུ་གསུང་ཐུགས་ཀྱི་ཐུགས་དམ་བསྐང་བའི་ཕྱིར་བདུད་རྩི་སྨན་ཡེ་ཤེས་ཀྱི་མཆོད་པ་འབུལ་བ་དང། མི་འདའ་གཉིས་སུ་མེད་པར་བྱ་བའི་ཕྱིར་དམ་བཅའ་བ་དང། བག་ཆགས་སྦྱང་པའི་ཕྱིར་ཡེ་ཤེས་མཁའ་འགྲོའི་བཤགས་པ་བྱ་བ་དང། དངོས་གྲུབ་མི་འགྱུར་བར་བྱ་བའི་ཕྱིར་སྨོན་ལམ་གདབ་པ་དང། བདག་མ་མོའི་དབང་དུ་མི་འགྱུར་བར། མ་མོ་བདག་གི་དབང་དུ་འདུ་བའི་ཕྱིར། བདག་དཔལ་ཆེན་པོ་སྐུ་ཆེ་བའི་ང་རྒྱལ་བསྐྱེད་ཅིང་མ་མོ་བདག་གི་དཔང་དུ་བསྡུ་བ་དང། སྔགས་དང་སྙིང་པོ་བརྗོད་པ་དང། བསྒྲུབ་པའི་དུས་སུ་མཚང་བྲུ་བ་ཞིང་བསྒྱེར་བ་དང། འཇུག་ཀུན་སྐབས་ཀྱི་ལས་མདེའུ་གྱི་བསྡུས་པས། སྐབས་ཀྱི་ལས་མདེའུ་གྱི་ལེའུ་སྟེ་ལྔ་པའོ།།།། མ་མོ་ཐམས་ཅད་ནི་ཡང་གབ་བཞི་རུ་འདུས་ཏེ། དེ་བཞི་སྤྱན་དྲང་བའི་སྔགས་ནི། དེ་ཡང་སྲོག་གི་ཡང་སྙིང་འདིར་འདུས་སོ།། རྒྱུན་མ་ཆད་པར་བཟླས་སོ། ཏྲག་རག་ཤ་མུ་ཏྲ་ཁ་མུན་ཏྲ་རག་མོ་ཛ་ཛ་ཏེ་ཁུཾ་ཁ་ལ་མ་ཧི་བྷྱོ། རྒྱུན་མ་ཆད་པར་བཟླས་པས་ནི། རང་དབང་མེད་པར་ནམ་མཁའ་ལ་སྤྲིན་འདུ་བ་བཞིན་དུ་འདུ་ཞྀང་ཚོགས་སོ།། རྦད་པའི་སྙིང་པོ་ནི། ཏྲག་རག་ཤ་མུ་ཏྲ་སྙིང་ཁ་རག་རྦད་ཆུམས་ཐུམ་རི་ལི་རི་ལི་བྷྱོ། མ་མ་རཱ་ཛ་ཡ་ཡ་ཐུན་བྷྱོ། སྲོག་གི་སྙིང་པོའི་ལེའུ་སྟེ་དྲུག་པའོ།།།། དེ་ནས་དཀྱིལ་འཁོར་གྱི་དབུས་སུ་དར་མཐིང་ནག་གི་གུར་དབུབ། སྙིང་དམར་པོར་བྱའོ། ། དར་གྱི་མཐིང་གུར་གྱི་ནང་དུ། དུར་ཁྲོད་ཀྱི་རྫས་ཐུགས་དམ་གྱི་རྟེན་བན་དྷ་མཚན་ལྡན་དགུ་ལ། དབུས་ཀྱི་པདྨ་འདབ་མ་བཞི་ལ་བན་དྷ་བཞི་དགོད་དོ། ཕྱི་པ་ལྔ་འཁོར་ལོ་རྩིབས་བཞི་དབུས་ཀྱི་ལྟེ་བ་དང་ལྔ་ལ་རེ་རེ་དགོད་དོ། ། བན་དྷ་དེ་ཀུན་གྱི་ནང་དུ་ཁྲག་སྣ་སྟོང་རྩ་བརྒྱད་རྙེད་ན་ལེགས། མ་རྙེད་ན་གར་འབྱོར་འབྱོར་དང། ཁྲག་ཆེན་ཐིགས་གཅིག་དང། སྤྱང་ཁུའི་ཁྲག་ཆེན་ཐིགས་གཅིག་དང། མཚལ་ཆེན་ཐིགས་གཅིག་དང། དེ་རྣམས་བསྲེས་ལ་དབུས་ཀྱི་བཞི་པོར་བླུགས་སོ།། གསེར་ཕྱེ་མེ་ལོང་བཞི་དང། བུད་མེད་མཚན་ལྡན་གྱི་ནུ་ཞེ་དང། ཁྱོ་གའི་བྱང་ཆུབ་སེམས་སུ་སྦྱར་ལ་བཞག། ཞིང་གི་གཡང་གཞི་བླ་རི་རུ་གདགས། ཞིང་གི་རྒྱལ་མཚན་ཕྱར་ལ་རྐང་གི་གླིང་བུ་འབུད། ཐོད་པའི་ཅང་ཏེའུ་བརྡུངས་ཏེ་ཤ་ཆེན་གྱི་གཏོར་མ་འབུལ། དམར་གྱི་ཨརྒ་སྦྲེང་བ་སྟེ། དུར་ཁྲོད་རྒྱན་གྱི་ལེའུ་སྟེ་བདུན་པའོ།།།། དེ་ནས་ཡུམ་ཆེན་མོ་སྤྱན་དྲང་ངོ་ཟེར་ཡང། དང་པོ་ཆེ་མཆོག་ཧེ་རུ་ཉིད་སྤྱན་དྲངས་ཏེ། འཆི་མེད་རྡོ་རྗེ་དཀྱིལ་འཁོར་ནས། གུ་ཧྱ་དཔལ་ཆེན་ཆེ་མཆོག་སྤྱན་འདྲེན་ན།། ཆོས་ཉིད་དབྱིངས་ཀྱི་དཀྱིལ་འཁོར་ནས།། ཡེ་ཤེས་རིག་པ་ཉིད་ལ་སྐྱེད་པའི་ལྷ། ། ཡེ་ཤེས་དབྱིངས་ལ་བསྐྱེད་པའི་ཁྲོ་རྒྱལ་གཙོ།། གུ་ཡ་དཔལ་ཆེན་ཆེ་མཆོག་ཧེ་རུ་ཀ། རང་བཞིན་དཀྱིལ་འཁོར་ཆེན་པོ་ནས།། བཏང་སྙོམས་ཆེན་པོའི་ངང་ལས་མ་གཡོས་ཀྱང།། འགྲོ་བའི་ལོག་རྟོག་བསལ་ཕྱིར་གཤེགས་སུ་གསོལ། ། ཕྱག་རྒྱ་ཆེན་པོ་བཞིའི་ཚུལ་དུ་བྱས་ལ་འདི་སྐད་ཅེས་བརྗོད་དོ།། ཨེ་ཧྱ་ཧེ་ཛ་ཧཱུཾ་བཾ་ཧོ། མ་ཧཱ་ཆེ་མཆོག་ཤྲི་ཧེ་རུ་ཀ།། ས་མ་ཡ་མུ་ཏྲ་རུ་ལུ་རུ་ལུ་ཧཱུཾ་ཛ། ཞེས་བརྗོད་ལ། དེ་ནས་ཡུམ་ཆེན་མོ་སྤྱན་དྲང་ངོ། ། མཁའ་མཉམ་ཀློང་གི་དཀྱིལ་འཁོར་དང་ནས།། ཀུན་ཏུ་བཟང་མོ་སྤྱན་འདྲེན་ན།། གུ་ཧྱ་རིན་ཆེན་གཏེར་འཆར་མ།། ཀྱེ་མ་ཅིག་ཀུན་བཟང་དབྱིངས་ཀྱི་ཆོས་བདག་མོ།། བཞུགས་ནི་ནམ་མཁའི་དཀྱིལ་ན་བཞུགས། ། མཁར་བཞི་དང་ནི་དབྱིངས་དང་ལྔ།། ཡང་གབ་དབང་གི་རྒྱལ་མོ་བཞི།། མཁའ་གསལ་ཉི་མའི་དཀྱིལ་འཁོར་ནས།། སྣང་སྲིད་ཐམས་ཅད་འཆར་བར་མཛད། མཐའ་ཡས་སེམས་ཅན་ཐམས་ཅད་དང། ཅིར་སྣང་ཅི་སྲིད་མ་ལུས་ཀུན།། ཆོས་ཀྱི་དབྱིངས་སུ་རོ་གཅིག་སྟེ།། བདེ་ཆེན་ཡུམ་གྱི་ཀློང་དུ་རྫོགས།། ཐམས་ཅད་དབྱེར་མེད་མཉམ་པའི་དབྱིངས་མི་འགྱུར་ཡེ་ཤེས་ཀློང་དུ་ཐྀམ།། མཐའ་དབུས་མེད་པར་ཀུན་ལ་ཁྱབ། ། བདག་མེད་ཕྱོགས་ཆ་ཀུན་དང་བྲལ།། གཟུགས་འཛིན་མཚན་མའི་ཡུལ་ལས་འདས།། ཡེ་བདལ་མཉམ་ཉིད་ནམ་མཁའི་སྐུ།། ཆོས་ཉིད་ཞི་བའི་ངང་ལས་མ་གཡོས་ཀྱང། ། འགྲོ་བའི་ལོག་རྟོག་བསལ་ཕྱིར་གཤེགས་སུ་གསོལ།། བདེ་ཆེན་གསང་བའི་དཀྱིལ་འཁོར་ནས།། དབང་གི་རྒྱལ་མོ་སྤྱན་འདྲེན་ན།། རང་བྱུང་ཡེ་ཤེས་སྤྲོས་དང་བྲལ།། ཡིད་ཀྱི་རྣམ་ཤེས་གསལ་བའི་དབྱིངས། ། སྤྲོས་བྲལ་ཀུན་ཏུ་བཟང་མོའི་མཁའ།། ཀུན་གཞི་མ་གཡོས་མཉམ་པའི་ངང། གསལ་བ་དག་བས་ནམ་མཁའ་བཞིན།། ཆགས་པའི་སྐྱོན་བྲལ་པདྨ་བཞིན།། ཕྱོགས་བྲལ་ཀུན་ཏུ་བཟང་མོའི་ཀློང།། མཁའ་ཀློང་གཉིས་མེད་སྤྲོས་བའི་སྲས། ། ཡང་གབ་དབང་གི་རྒྱལ་མོ་བཞིན།། བདེ་ཆེན་གསང་བའི་དབྱིངས་སུ་སྐུངས།། དབྱིངས་ལས་བསྐྱེད་པའི་མ་མོ་བཞི།། དམ་ལ་གནས་པའི་སྲིང་མོ་བཞི།། བདུད་རྩི་སྒྲུབ་པའི་རྒྱལ་མོ་བཞི། ། ཕུར་བུ་བསྒྲུབ་པའི་བློན་མོ་བཞི།། མ་མོ་ཀུན་གྱི་གཙོ་མོ་བཞི།། ནད་རྣམས་གཏོང་བའི་མ་མོ་བཞི།། མ་མོ་ཐུན་གྱི་བདག་མོ་བཞི།། སེམས་ལ་སྐྱེས་པའི་བུ་མོ་བཞི།། ཡིད་ལ་གཞུང་བའི་མཛའ་མོ་བཞི། ། ལས་ལ་ཤིས་པའི་བྲན་མོ་བཞི།། བསྐྱེད་ནི་ཆོས་ཀྱི་དབྱིངས་ནས་བསྐྱེད།། བཞུགས་ནི་ནམ་མཁའི་དཀྱིལ་ན་བཞུགས།། རྒྱུ་ནི་བར་སྣང་ཁམས་སུ་རྒྱུ།། གནས་ནི་རྒྱ་མཚོའི་གླིང་ལ་བཅས།། དབང་ནི་སྲིད་པ་གསུམ་ལ་མཛད། ། སྲིད་གསུམ་འཇིག་རྟེན་སྤྱོད་མཛད་མ།། བདག་གི་དམ་ཚིག་དགོངས་ནས་ཀྱང།། སྤྱན་དྲངས་མཆོད་ཕྱིར་གཤེགས་སུ་གསོལ།། སྤྱི་ཏི་ཁ་ལ་མ་སྙིང་ཁ་རག་ཛཱ་ཛཱ། རག་ཤ་མ་སྙིང་ཀ་རག་ཛཱ་ཛཱ། ཁ་རཾ་རག་མོ་རག་ཤ་སྙིང་ཁ་རག་ཛཱ་ཛཱ། ཁ་རཾ་རག་ཤ་མ་སྙིང་ཁ་རག་ཛཱ་ཛཱ། ཐོད་པ་རེ་རེའི་ནང་དུ་བྲིས་ཏེ། གོང་གི་དཀྱིལ་འཁོར་གྱི་དབུས་སུ་དར་གྱི་མཐིང་གུར་ཕུབ་པའི་ནང་དུ་དགོད། འདི་ལྟ་བུའི་ལས་བྱེད་པའི་དུས་སུ། ཁ་གསེར་ཁ་གཡུ་བསྒྲུབ་པ་པོའི་སྙན་ཆར་བཏགས་སོ།། ཁ་གསེར་ཁ་གཡུ་མུར་ཞིང། བཟླས་པའི་སྙིང་པོ་ནི། ས་མ་ཡ་ཧོ། ས་མ་ཡ་སྟྭཾ། ཏྲག་རག་ཤ་མུ་ཁ་མུན་ཏྲ། སྙིང་ཁ་རག་མ་མ་ནི་སོད།། སྙིང་ཀ་རག་མ་མ་ཏྲག་ཏ་ཐུན་བྷྱོ། གུ་ཧྱ་གཡུ་གཏེར་གསང་བའི་ལེའུ་སྟེ་བརྒྱད་པའོ།།།། འདི་ནས་མར་དམ་ཚིག་གིས་གཞི་གཟུང་ཞིང། སྐུ་གསུང་ཐུགས་ཀྱི་དམ་ཚིག་ལས་མི་འདའ་བའི་ཕྱིར་དམ་བཅའ་བར་བསྟན་ཏེ། རྣལ་འབྱོར་གང་ཞིག་མཉམ་པའི་དཀྱིལ་འཁོར་དུ། ། ཐེག་ཆེན་བླ་མེད་འབྲས་བུ་གཙོར་བཞག་སྟེ། བླ་མེད་བྱང་ཆུབ་འབྲས་བུ་འགྲུབ་པ་དང།། གསང་སྔགས་གསང་བའི་ཐི་ཚག་ཙམ་པ་རུ།། མི་འདའ་མཐའ་དང་ཡུན་དུ་བདག་བསྲུང་ན། ། རྡོ་རྗེ་དམ་ཅན་མ་ཚོགས་རྒྱ་མཚོ་རྣམས།། སོ་སོའི་ཐུགས་དམ་རྗེས་སུ་དགོངས་མཛོད་ལ།། འཕྲིན་ལས་དུས་བཞིན་ཡུན་དུ་མ་བསྐྱང་བར།། མི་གཡེལ་དམ་ལ་རུབ་པའི་འཕྲིན་ལས་མཛོད།། དམ་ཚིག་ས་མ་ཡ་འབུམ་སྡེ་ཡང། ། དམ་ཚིག་སྟོང་རྩ་བརྒྱད་དུ་འདུས།། དམ་ཚིག་སྟོང་རྩ་བརྒྱད་ཀྱང།། དམ་ཚིག་ཉི་ཤུ་རྩ་བརྒྱད་དུ་འདུས།། དེ་ཡང་སྐུ་གསུང་ཐུགས་ཀྱི་དམ་ཚིག་ཏུ་འདུས་ཏེ། སྐུ་གསུང་ཐུགས་ཀྱི་དམ་ཉམས་ན། ཆད་པའི་བདག་མོ་བྱང་ཆུབ་སེམས་ལ་བསྐྱེད་པའི་མ་མོ་དཀར་མོ་དབུ་དགུ་ཡིན་ཏེ། བཀའི་ཕོ་ཉ་ཐོད་འཕྲེང་ཅན་དང། ཕྱིའི་ཚངས་པ་ཆེན་པོ་བསྡོངས་ཏེ། ནད་སྨྱོ་འདྲེ་དང་འབོག་ནད། ཡིད་ཕྱི་ནང་འགག་བྱེད། དབང་པོ་སྡོམ་བྱེད། ཡན་ལག་སྲ་བྱེད། རང་གི་སེམས་ཀྱི་གཉེན་པོར་སེམས་ཀྱི་ཆད་པ་འབྱུང་བས། ཡང་ཤི་དང་ཡང་སོས་ནད་འབྱུང་བས། དམ་ཚིག་དམྱལ་བའི་ལེའུ་སྟེ་དགུ་པའོ། །།། འདི་ནས་མར་འཕྲིན་ལས་ཀྱི་ཁྱད་པ་དང་སྔགས་ཀྱི་ཆེ་བ་དབྱུང་བའི་ཕྱིར།། མ་མོ་ཙིཏྟ་ཡང་སྙིང་གི་སྒྲུབ་ཐབས་བསྟན་ཏེ། དཀྱིལ་འཁོར་འདོམ་གང་གྲུ་བཞི་དབངས་སུ་ཆག་གང་བར་བྱས་ལ། དབུས་ཨེ་གྲུ་གསུམ་ལ་སོར་ལྔ་བར་བྱས་ལ། གཏིང་ཏུ་བྲུས་ཏེ་སྦག་ཏུ་བྱའོ།། ཨེའི་ལོགས་གསུམ་ལ་ཟླ་གམ་གསུམ་བྲིས། ཟུར་གསུམ་ལ་ལྕགས་གཞུ་དང་ལྕགས་མདའ་བྲི།། དེ་ཡི་ཕྱི་རིམ་ཐོད་པའི་འཕྲེང་བས་བསྐོར།། དེའི་ཕྱིར་མི་འཁོར་ལོ་རྩིབས་བརྒྱད་བྲི། ། མུ་ཁྱུད་ཟླུམ་པོ་ལ་ཞིང་སྐྱོང་བྲི།། གྲུ་ཆད་ལ་ཕྱག་རྒྱ་ཆེན་པོ་བཞི་བྲི།། དེའི་ཕྱིར་རིམ་ལ་མེ་རི་ཁ་ནང་དུ་བསྟན་པ་བྲི།། དེའི་ཕྱི་རིམ་ལ་རྡོ་རྗེ་ར་བ་བྲི།། ཟུར་བཞི་ལ་རྡོ་རྗེ་རྒྱ་གྲམ་བཞི་བྲི། ཡ་ཏགས་ལ་ཧོམ་སོལ་དང། ཐལ་ཆེན་དང། བུད་མེད་བཅུ་བདུན་ལོན་པའི་རག་ཏ་དང།། ཁྱི་དོམ་བུའི་སྙིང་དང།། ཕག་པ་རོག་པོའི་སྙིང་དང།། ར་སེར་རྒྱའི་སྙིང་དང། བཾ་གྱི་སྙིང་དང། དེ་རྣམས་ལ་གཏོར་མ་བྱའོ། ། ལུག་ནག་པོས་བསྐང་བ་བྱས་ལ། བྱང་ཤར་གྱི་མཚམས་སུ་གདགས་སོ།། ཤར་དུ་ལྟ་བ་རྡེང་དུ་གྱུར་བ་ཅིག་བཞག། བྱང་དུ་འཕྲིན་ལས་ཕུར་བུ་ལ་མཁས་པ་ཅིག་བཞག། འཕྲིན་ལས་རྒྱུན་མ་ཆད་པར་བསྐུལ་ལོ། ། ནུབ་ནས་སྔགས་དམྱལ་དང་སྦྲིད་བས་བར་མ་ཆད་པར་བརྡེག་གོ། ལྷོ་ནས་མ་མོ་ལ་གདུང་ཞིང་ཕོ་ཉར་དགྱེའོ།། ལིང་ག་བཅའ་ཐབས་ནི། སྲོག་མཁར་གྱི་ས་དང། ངར་རྣབས་དང། ཚུབ་མི་ལོ་མ་དང། གནམ་གྱི་རས་མ་ལ་གཟུགས་བྱས་ལ། ཨེ་གྲུ་གསུམ་དུ་གཞུག་གོ། ཨེའི་ལྷོ་ཟུར་དུ་ཕུར་བ་ལ་གདགས་སོ།། ཟླ་གམ་ལ་མ་མོའི་སྙིང་པོ་བྲི།། འཁོར་ལོ་ལ་ཁྲོ་བོའི་ཕུར་པ་དགོད། ཡུངས་ཀར་པདྨ་རག་ཏས་དབང་བསྐུར་ལ། ལིང་ཁ་ལ་བརྡེག་པའི་སྔགས་ནི། ཀ་ལ་རུ་པ་སྙིང་ཁ་རག་ཁད་ཁ་ཙིཏྟ། ཏིབ་ཏ་ཙཀྲ་ཧུར་བུ་ཧུར་བུ། ཏྲག་རག་ཤ་མི་ཙི་བྷྱོ་ཧཱུཾ་ཕཊ། ཡུངས་ཀར་གྱི་རྒྱལ་པོ་ཡོད་ན་རབ། མེད་ན་སིལ་མ་འབྲུམ་བུ་བཅུ་བཅུ་ལ་བསྔགས་ལ་བརྡེག་གོ། ཞག་དགུ་ལ་ཉིས་འབུམ་བརྡེག་གོ། ཞག་དྲང་དང་གྲུབ་ཚད་ནི། མིང་གཟུགས་ལ་རྡེབ་པའི་ཡང་སྙིང་ནི། ཨོཾ་དྷ་རྨ་རག་ཤ་རྦད། མུ་ཏྲ་རྦད། བཾ་རིལ་དུན་བྷྱོ། མུག་ཏྲག་རཀྵ་རི་ཏི་སྭཱཧཱ། མ་མོ་གསེར་གྱི་འབྲུ་གཅིག་པའི་བསྒྲུབ་ཐབས། ཆེ་མཆོག་ཉིད་ཀྱི་དགོངས་སྤྱོད།། ཡང་སྙིང་སྔགས་ཀྱི་ལེའུ་སྟེ་བཅུ་པའོ།།།། འདི་ནས་མར་ཕྱི་རབས་པའི་རྣལ་འབྱོར་པ་རྣམས་ཀྱིས་བསྟན་པ་གཉན་པོ་བསྲུང་བའི་ཕྱིར་ཐུན་གྱི་བསྒྲུབ་ཐབས་བསྟན་པ། མཚོ་སྨན་ཡེ་ཤེས་ཀྱི་རྒྱུད་ལས་བསྐྱེད་པ་ལགས་ཏེ། རྒྱ་གར་སྐད་དུ། ཨརྱ་རེ་མ་ཏི་ཞེས་བྱའོ། སང་ཀྲི་ཏའི་སྐད་དུ། རྡོ་རྗེ་དཔལ་མོ་ལྡན་ཞེས་བྱའོ།། བོད་སྐད་དུ། མཚོ་སྨན་གྱི་རྒྱལ་མོ་ཞེས་བྱའོ།། གསང་བའི་མཚན་གསོལ་བ། གཉན་གྱི་ཡུམ་ཅིག་ཀླུ་རུམ་བསིལ་ཞེས་བྱའོ།། དེའི་ཐུན་ནི་གྲགས་སོ་ཕུར་ཐུན་ལགས་ཏེ། བཅའ་བའི་ཐབས་ནི་དཀྱིལ་འཁོར་འཁོར་ལོ་རྩིབས་བཞི་པའི་དབུས་སུ་མཐིང་ནག་གྲུ་གསུམ་མཐིང་ནག་སྤག་ཏུ་བྱ། ། དབུས་སོར་སྔ་གྲུ་གསུམ་གཏིང་དུ་བྲུ། ཕྱི་རིམ་སོར་ལྔ་གྲུ་གསུམ་འཕངས་སུ་སྟོད། གྲུ་གསུམ་རྩེ་མོ་ལྷོ་རུ་བསྟན། ལོགས་གསུམ་ལ་ཟླ་གམ་བྲི། དེའི་ཕྱི་རིམ་ཐོད་པའི་འཕྲེང་བས་བསྐོར། འཁོར་ལོ་རྩིབས་བཞི་ལ་ཡང་གབ་བཞི་དགོད། མུ་ཁྱུད་ཟླུམ་པོར་གྲུ་ཆད་བཞིན་ལྡན་པར་བྲི། བར་ཁྱམས་གྲུ་གསུམ་ལ་ཁྲོ་བོའི་ཕུར་བ་དགོད། ལྕགས་རི་སྒོ་ཁྱུད་མེ་རི་འབར་བས་བསྐོར། མ་ཏྲང་དཀྱིལ་འཁོར་ལྷོའི་ཕྱོགས་སུ་མནན། འབྲུབ་ཁུང་གྲུ་གསུམ་མཆན་ཁུང་གཡས་གཡོན་བྱ། དེའི་ཐ་མ་རྩང་དང་ཕུར་བུས་བསྐོར། བསྒྲུབ་རྫས་རྟེན་དུ་ཙ་ར་དཀར་པོ་གཉའ་ནག་གཞག། བསྙེན་པའི་གྲངས་ནི་ཉི་ཤུ་བཞི་ནས་གནམ་སྟོང་ཡན་ཆད་དོ། ཞག་གསུམ་གོང་དུ་ལྟ་བསྙེན་བྱའོ།། མགོ་ལྤགས་ཞག་བཞིའི་ནུབ་མོ་ཙ་རས་བཟློག་པ་བྱའོ།། གཡང་གཞིར་བཤུས་ལ་དུག་གཏོར་ཕུར། གནམ་སྟོང་ནུབ་མོ་མནན་པའི་ལས་བྱའོ།། ཐུན་སྔགས་ལ་དུག་ཁ་ལ་ཟ་མུན་ལོ་དན་ཏི་རྦད། ཡུ་ན་རྦད། ཐིབས་རྦད། བམ་རྦད། དུ་ར་རྨཾ་རྦད། ཆེ་གེ་མོའི་སྲོག་རྩ་ལ་རྦད། ཅེས་བཟླས་སོ།། དཀར་མོ་དབུ་དགུ་མ་བྱང་ཆུབ་སེམས་ལས་བསྐྱེད་པ་ལགས་ཏེ། རྒྱ་གར་སྐད་དུ། ཨརྱ་རེ་མ་ཏི་ཞེས་བྱ་བ། སང་ཀྲི་ཏའི་སྐད་དུ། རྡོ་རྗེ་དཔལ་མོ་ལྡན་ཞེས་བྱའོ།། བོད་སྐད་དུ། མཚོ་སྨན་གྱི་རྒྱལ་མོ་ཞེས་བྱའོ།། གསང་བའི་སྐད་དུ་མཚན་གསོལ་བ། ། གཉན་གྱི་ཡུམ་ཅིག་ཀླུ་རུམ་སིལ་ཞེས་བྱའོ།། རྒྱ་གར་སྐད་དུ། ཨརྱ་དཀར་མོ་རེ་མ་ཏི་ཞེས་བྱའོ།། སང་ཀྲི་ཏའི་སྐད་དུ། མ་སར་དབང་ཕྱུག་རྡོ་རྗེ་ཁྲོ་མོ་མན་ཛ་ཞེས་བྱའོ།། བོད་སྐད་དུ། དཀར་མོ་དབུ་དགུ་མ་ཞེས་བྱའོ། ། གསང་བའི་མཚན་གསོལ་བ། རྡོ་རྗེ་ལྕམ་ཅིག་པདྨ་གསལ་ཞེས་བྱའོ།། དེའི་ཐུན་ནི་མ་མོའི་སྙིང་ཐུན་ལགས་ཏེ། བཅའ་ཐབས་ནི་དཀྱིལ་འཁོར་མཐིང་ནག་གྲུ་གསུམ་སྦག་ཏུ་བྲྀ། དབུས་ཀྱི་གྲུ་གསུམ་རྩེ་མོ་ལྷོ་རུ་བསྟན། དབུས་ཀྱི་གྲུ་གསུམ་རེ་ལ་འབྲུབ་ཁུང་རེ། ཐ་མ་མེ་རིག་འབར་བས་བསྐོར། དབུས་ཀྱི་ཟླ་ག་མ་གསུམ་ལ་ཉི་མ་དང་ཟླ་བ་བྲི། མུ་ཁྱུད་ཟླུམ་པོ་ལ་ཐོད་པའི་འཕྲེང་བ་བྲི། གྲུ་ཆད་བཞི་ལ་ཕྱག་རྒྱ་ཆེན་པོ་བཞི་དགོད་བར་ཁྱམས་གྲུ་གསུམ་ལ་ཁྲོ་བོའི་ཕུར་བ་དགོད། མུ་རན་ལྕགས་རི་ལ་མ་མོའི་མཆོད་རྫས་དགོད། སྒོལ་བསེའི་ལྷ་མོ་མཆེད་བཞི་དགོད། དེའི་རྫས་དང་རྟེན་དུ་དགོད་པ་ནི། དབུས་ཀྱི་མཐིང་ནག་གྲུ་གསུམ་ལ་སྐྱེས་བ་མི་གྲི་ཤི་བའི་ཐོད་པ་དགོད། དེའི་ནང་དུ་བཾ་གྱི་ཙིཏྟ་དང། ར་རྒྱ་མོའི་ཙིཏྟ་དང། ཁྱི་དོམ་པའི་སྙིང་ཁྲག་དང། ཕག་པ་རོག་པོའི་སྙིང་ཁྲག་བསྲེས་ལ་དར་མཐིང་ནག་གིས་ཁ་བཀབ་ལ་བཞག། ལིང་ཁ་བཅའ་བའི་ཐབས་ནི། གྲོག་མཁར་གྱི་ས་དང། ཚུབ་མའི་ལོ་མ་དང། བུང་བུའི་བདུད་རྩི་དང། ངར་སྣབས་དང། ཁར་རྐོང་སྲིན་ཅན་དང། འདི་རྣམས་གཟུགས་བྱས། ལྷོ་ཕྱོགས་ཀྱི་འབྲུབ་ཁུང་དུ་ལིང་ཁ་ཕུར་པ་ལ་བཏགས་ལ་ཡུངས་ཀར་གྱིས་རྒྱལ་པོ་བརྡེག། ལྷོ་ནུབ་མཚམས་སུ་འབྲུ་ཁུང་དུ་ཁྲོ་བོའི་ཕུར་བ་གདབ། བྱང་ཤར་མཚམས་སུ་དུག་ཤིང་སྐྱེར་པ་ལ་ཧོམ་ཅིག་བྱས་ལ་དྲག་པོའི་སྦྱིན་སྲེག་བྱའོ། ། དབུས་ཀྱི་གྲུ་གསུམ་ལ་ཧཱུཾ་ཕཊ་བྲི། མ་ཏྲཾ་ཤར་གྱི་ཕྱོགས་སུ་མནན།། མ་ཏྲཾ་དཀྱིལ་འཁོར་བྲི་བ་ནི། མ་ཏྲཾ་སྙིང་ཀར་འབྲུབ་ཁུང་བྱ།། ཕྱི་རིམ་མུ་ཁྱུད་ཟླུམ་པོ་ལ། པདྨ་འདབ་མ་བརྒྱད་དུ་བྲི། མགོ་བོ་ལྷོ་ཡི་ཕྱོགས་སུ་བསྟན། ། བསྒྲུབ་པའི་སྔགས་ནི་འདི་བཟླས་སོ།། ཏྲག་རག་ཤ་མུ་ཏྲ་ཁ་མུན་ཏྲ། སྙིང་ཁ་རག་རྦད་ཀ་ཙིཏྟ་རྦད་ཆུམས་ཐུམས་རྦད་རི་ལི་ལི་བྷྱོ། དུས་ཚོད་ཟླ་བ་དམར་གྱི་ངོ།། གཟའ་དམག་དཔོན་ལ་གཏད་པར་བྱའོ། ། ཐུན་ཁྲག་དགྲ་བོའི་ཁྱིམ་ལ་གཏོར་རོ།། སྲིད་པའི་བུ་མོ་གསང་བའི་དོ་རྗེ་དྲི་ཆུ་ལས་བསྐྱེད་པ་ལགས་ཏེ། རྒྱ་གར་སྐད་དུ། གུ་ཡ་གསང་ཆེན་མ་ཞེས་བྱའོ།། སང་ཀྲི་ཏིའི་སྐད་དུ། སྲིད་པའི་འཕྲིན་བློན་ཆེན་མོ་ཞེས་བྱའོ། ། བོད་སྐད་དུ། སྲིད་པའི་བུ་མོ་ཞེས་བྱའོ།། གསང་བའི་སྐད་དུ་མཚན་གསོལ་བ། ནམ་མཁའི་མཁའ་འགྲོ་དབྱིངས་རུམ་སིལ་ཞེས་བྱའོ།། དེའི་ཐུན་ནི་བལ་མོའི་དུག་ཐུན་ལགས་ཏེ། དཀྱིལ་འཁོར་གྱི་བཅའ་ཐབས་ནི། དཀྱིལ་འཁོར་མཐིང་ནག་གྲུ་གསུམ་པ་ཟུར་གསུམ་ལྕགས་མདའ་ལྕགས་གཞུ་བྲི།། ལོགས་གསུམ་ཟླ་གམ་ཁ་ཕྱིར་བསྟན་པ་རེ་བྲི། དེའི་དབུས་སུ་ཡི་གེ་ཛ་རེ་བྲི། དེའི་ཕྱི་རིམ་གྲུ་ཆད་ཀྱི་ནང་ལོགས་སུ་མེ་རི་ཁ་ནང་དུ་བསྟན་པ་བྲི། དེའི་ཕྱི་རིམ་པར་ཁྱམས་ལ་ཁྲོ་བོའི་ཕུར་པ་དགོད། ལྕགས་རི་ལ་དབང་ཕྱུག་དགོད། སྒོ་ལ་བསེའི་ལྷ་མོ་བཞི་དགོད། དབུས་སུ་བསེ་གཞོང་པ་སྦྱར་དགོད། ནང་དུ་ཨེ་རཾ་བརྒྱ་བྲི། ཡ་སྟགས་ལ། དུག་པོ་ང་ནག་པོ་དང། གླང་པོ་ཆེའི་མཆིམ་པ་དང། བྱ་ངང་པ་ཞེས་གསོལ་བ་དང། ཁམས་དུག་སྣ་ཚོགས་ལ་མངར་གསུམ་གྱི་ཆང་གིས་བསླང་ལ།། བསྒྲུབ་པའི་སྙིང་པོ་ནི། ཨོཾ་ཀ་བེ་ཤ་ཏྲ་བེར་ཤ་བེ་ཤ་ཤ་རུ་བེ་ཤ་ཁ་ཐུན་བྷྱོ། མ་ཏྲཾ་ནུབ་ཀྱི་ཕྱོགས་སུ་མནན། མ་ཏྲང་དཀྱིལ་འཁོར་བྲྀ་བ་ནི།། གསང་བའི་གནས་སུ་འབྲུབ་ཁུང་བྲུ།། འབྲུབ་ཁུང་གསང་བའི་གནས་སུ་བྱ།། རས་སམ་གྲོ་ག་ཤིང་ཤུན་ལ།། དགྲ་བོའི་གཟུགས་དང་མིང་རུས་བྲིས། ། འབྲུབ་ཁུང་ནང་དུ་མནན་པ་བྱ།། དུག་དང་ཁྲག་ཏུ་བསྲེས་ནས་ནི།། གཟུགས་ལ་བརྒྱབ་སྟེ་ཁྱིམ་ལ་གཏོར།། དུར་ཁྲོད་ཀྱི་ལྷ་མོ་ཤྲི་རྩམ་ཎི་ཏྲི་ནི། གོ་རུ་ཙ་ན་ལས་བསྐྱེད་པ་ལགས་ཏེ། རྒྱ་གར་སྐད་དུ། ནག་མོ་པ་ཏེ་ལི་ཞེས་བྱའོ།། སང་ཀྲི་ཏའི་སྐད་དུ། གིང་ཀར་རྡོ་རྗེ་གཏུམ་སྒྲོལ་མ་ཞེས་བྱའོ།། བོད་སྐད་དུ། རྡོ་རྗེ་ཟ་རླུང་ཞོན་མི་ཞེས་བྱའོ།། གསང་བའི་མཚན་གསོལ་བ། སྒྲོལ་མ་རྡོ་རྗེ་མཁའ་འགྲོ་མཆོག་ཅེས་བྱའོ། ། དེའི་ཐུན་ནི་མ་མོའི་ཚིལ་ཐན་ལགས་ཏེ། དེའི་བཅའ་ཐབས་ནི། དཀྱིལ་འཁོར་མཐིང་ནག་གྲུ་གསུམ་སྦག་གནམ་སྒོ་ཅན། དེའི་ཕྱི་རིམ་ཐོད་པའི་འབྲེང་བས་བསྐོར། ཐ་མ་མེ་རི་འབར་བས་བསྐོར། ། དེའི་དབུས་སུ་བུད་མེད་ཀྱི་བན་དྷ་ཅིག་གཞག། དེའི་ནང་དུ་ཚིལ་ཆེན་ཕུལ་གང་བླུགས་ལ། དུར་ཁྲོད་རས་ལ་སྡོང་བུ་བྱས་ལ་མེ་བཏང་སྟེ་ཁྱོ་གའི་བན་དྷ་གཅིག་གིས་ཁ་དགབ་བོ།། བདག་ཉིད་ཆེ་མཆོག་གསལ་བར་སྒོམ། ། ངོས་གཡོན་དུ་ལྷ་མོ་ཙ་མུན་ཏྲི་སྒོམ། ཕྱག་གཡོན་པས་ཐོད་པའི་སྟེང་ནས་མནན་ཏེ། གཡས་པས་འཕྲེང་བ་བགྲང་ཞིང་བསྒྲུབ་པའི་སྙིང་པོ་འདི་བཟླས་སོ།། ཙ་མུན་ཏྲ་པ་ར་ཏ་ཡ་ཏིས་སྟ་ཛྭ་ལ་ནི་ཧཱུཾ་ཕཊ་སྭཱཧཱ། ཉི་ཤུ་དགུ་ལ་གཟུགས་ནས་གནམ་སྟོང་ལ་གདོན་ནོ།། དེ་གྲུབ་པ་དང་ཐོད་པ་ཁ་བཀབ་པ་དེ་རུ་བཞར། ཁྱི་དཀར་པོའི་འོ་མ་དང། སྦྲུལ་གྱི་པགས་པའི་ཚིལ་བུ་དང། སོག་པོའི་སྙིང་ཁྲག་དང། ར་རོག་པའི་སྙིང་ཁྲག་དང། གཡག་བྱ་ལའི་སྤུ་དང། རྟ་ངང་པའི་རྣ་སྤུ་དང་དེ་རྣམས་བསྲེས་ཏེ། བྱ་ངང་བའི་སྙིང་ཁུགས་སུ་བླུག་ལ། དུས་རྟག་ཏུ་ལུས་ལ་བཅང་བར་བྱའོ།། མ་ཏྲང་བྱང་གི་ཕྱོགས་སུ་མནན།། མ་ཏྲང་དཀྱིལ་འཁོར་བྲི་བ་ནི། ། མགོ་བོའི་སྟེང་དུ་འབྲུག་ཁུང་བཅའ།། འབྲུབ་ཁུང་མཐའ་མ་རྩང་གིས་བསྐོར།། གོང་དུ་བསྒྲུབ་པའི་རྫས་རྣམས་ལ།། ཐུན་གྱི་སྙིང་པོ་བརྗོད་བྱས་ལ།། ཚིལ་ཐུན་ཀླད་པའི་རྒྱས་སུ་དབབ། ། ཙིཏྟ་བེའུ་ཆུང་སྔགས་ཀྱི་ལེའུ་སྟེ་བཅུ་གཅིག་པའོ།།།། བདག་ཉིད་ཡེ་ཤེས་ཀྱི་དཔལ་ཆེན་པོ་ཆེ་མཆོག་ཧེ་རུ་ཀར་སྒོམ་ལ། མ་མོའི་དབང་དུ་བདག་མི་བཏང་བར། མ་མོ་བདག་གི་དབང་དུ་བསྡུ་བའི་ཕྱིར། ཁྲོ་བོ་ཚམ་ངམ་གྱི་དྲེགས་པ་ཅན་དཔལ་སྐོང་བར་བྱ་སྟེ། ཧཱུཾ། ང་ནི་སངས་རྒྱས་ཀུན་གྱི་ཡབ།། ང་ནི་བདེ་གཤེགས་ཀུན་གྱི་གཙོ།། ང་ནི་གཤིན་རྗེ་ཀུན་གྱི་གཤེད།། ང་ནི་མ་མོ་ཀུན་གྱི་ཡབ།། ང་ནི་དུར་ཁྲོད་སྙིང་ཤ་ཅན། ། ང་ནི་བདུད་ཀྱི་བདུད་ཆེན་པོ།། ཧཱུཾ་ང་ནི་ཐམས་ཅད་དབང་དུ་སྡུད་པའི་རང་བཞིན་ཏེ།། ཆེ་མཆོག་ཤྲཱི་ཧེ་རུ་ཀ།། ང་ནི་སྦྱོར་བདག་ཆེན་པོ་སྟེ།། ཡག་ཤ་ཤྲཱི་ཧེ་རུ་ཀ། ང་ནི་སྒྲོལ་བདག་ཆེན་པོ་སྟེ།། ར་ག་ཤ་ཤྲཱི་ཧེ་རུ་ཀ། ང་ནི་དམ་ཚིག་བདག་པོ་སྟེ།། ས་མ་ཡ་ཤྲི་ཧེ་རུ་ཀ། ང་ནི་ཐམས་ཅད་སྦས་པའི་རང་བཞིན་ཏེ།། ང་ནི་དཔལ་ཆེན་ཧེ་རུ་ཀ། ང་ནི་དུས་གསུམ་སྔོན་དུ་བྱུང།། ང་ནི་དུས་གསུམ་ལྟར་གནས་པ།། ང་ནི་དུས་གསུམ་སླད་ཀྱིས་འབྱུང། ། དུས་གསུམ་འདི་ནི་ང་ཡི་དབང།། དཔལ་འབར་ཆེ་མཆོག་སྐུ་བ་སྐྱོད་པ།། མཐིང་ནག་འབར་བ་འཇིགས་པའི་སྐུ།། དབུ་དགུ་ཕྱག་ཀྱང་བཅོ་བརྒྱད་དེ།། ཞབས་ནི་རྡོ་རྗེ་འབར་བ་བརྒྱད། ། དུར་ཁྲོད་རྒྱན་གྱིས་ལུས་བརྒྱན་ཅིང།། རྡོ་རྗེ་གཤོག་པ་ནམ་མཁའ་གདེངས།། ཐོད་སྦྲུལ་འབར་བས་ལུས་བརྒྱན་ཅིང།། མེ་དབུང་འབར་བའི་ཀློང་ན་བཞུགས།། ཞལ་བགྲད་མཆེ་གཙིགས་སྤྱན་བཟློག་ནས། ། ཚམ་ངམ་དྲག་པོས་མ་མོ་འདུལ།། ཁྱེད་ཀྱི་སྲོག་སྙིང་ང་ལ་ཡོད།། ཁྲ་རྒོད་གཟན་ལ་བཅུམ་པ་བཞིན།། སྲོག་གི་སྙིང་པོ་དམ་ལ་འདུ།། ཁྱེད་ཀྱི་དམ་རྫས་ང་ལ་ཡོད།། ཙིཏྟ་འཕྲེང་བ་ང་ལ་ཡོད།། མི་དབང་འབྲས་བུ་ང་ལ་ཡོད། ། ཤི་ཀའི་མཚལ་ཐིག་ང་ལ་ཡོད།། རས་བལ་རླུང་གིས་བསྡུས་པ་བཞིན།། དམ་རྫས་གསང་བའི་དམ་ལ་འདུ།། བཀའ་ལྟར་མི་བྱེད་དམ་ལ་མི་གནས་ན།། གཞོབ་རྒོད་རྡོག་པས་བརྫིས་པ་བཞིན། ། གསོ་གླགས་མེད་པར་དམྱལ་ཐག་ཆོད།། ནིས་ཏིམ་ཀུ་རུ་ནི། ཁ་སོ་བ་ཏི་ཡཾ། སེན་ཡཾ། རུ་ཡམ་ནི་སོད། སྙིང་ཟ་བ་ཙིཏྟ་ལ་མ་ཤ་རོ་ལ་ཁྲག་འཐུང། ཤལ་ཁྱི་ཁྲིད་ཀྐཾ་ཤ་ཡ། ཏ་བར་ལ་ཏོ། ཏྲི་ཧྲི་ཧཱུཾ་ཕཊ། དཀྲ་ཧེ་དཀྲ་ཧེ་ཞེས་བརྗོད་དོ། ། ཁྲོ་བོ་འཇིགས་བྱེད་གསང་བའི་ལེའུ་སྟེ་བཅུ་གཉིས་པའོ།།།། འདི་ནས་མར་ལ་བྲ་སེ་ན་དབབ་པར་བྱ་སྟེ། དཀྱིལ་འཁོར་གོང་དང་མཐུན། དམ་རྫས་བན་དྷ་བཅོ་བརྒྱད་མེད་དུ་མི་རུང་ངོ། ། ཁྲག་སྣ་སྟོང་རྩ་བརྒྱད་མེད་ན་ཡང། བཅོ་བརྒྱད་མེད་དུ་མི་རུང་ངོ།། ཤ་སྣ་སྟོང་རྩ་བརྒྱད་དང་སྨན་སྣ་སྟོང་རྩ་བརྒྱད་མེད་ན་ཡང། བརྒྱ་རྩ་བརྒྱད་མེད་དུ་མི་རུང་ངོ།། གསུར་ཆེན་གྱི་དུད་པ་རྒྱུན་ཆད་མེད་པར་བཏང་ངོ། ། གཟུངས་མ་མཚན་ལྡན་བརྒྱད་མེད་ན་ཡང། བཞི་མེད་དུ་མི་རུང་ངོ།། དགོངས་ལྡན་ཅིག་མེད་དུ་མི་རུང་ངོ།། ལས་མཁན་ཅིག་མེད་དུ་མི་རུང་ངོ།། སྐྱེས་བུ་ངར་ཙན་མཚམས་གཅོད་པ་ཅིག་མེད་དུ་མི་རུང་ངོ། ། དཀྱིལ་འཁོར་གྱི་གྲུ་བཞིར་བན་དྷ་བཞི་ལ། ཁམས་བརྒྱ་མ་བཞིའི་སྙིང་པོ་བྲིའོ།། དཀྱིལ་འཁོར་གྱི་མུ་བྲན་ལ་ལོང་པ་རྒྱབ་སྦྲེལ་མར་བྲིའོ།། ཡང་སྦྲུལ་དང་སུམ་སྤྲུལ་དུ་བཅས་པར་བསྟན།། ཕུར་པ་བརྒྱ་རྩ་བརྒྱད་ཀྱིས་དཀྱིལ་འཁོར་བསྐོར། མདའ་བཞིའི་མཚམས་སུ་བན་དྷ་བཞི་དགོད་དོ། དེའི་མཚམས་སུ་གསེར་ཕྱེ་མེ་ལོང་བཞི་དགོད་དོ།། དཀྱིལ་འཁོར་རྒྱན་དེ་ཀུན་གོང་མ་དང་འཐུན་ནོ།། ཤར་ཕྱོགས་ཀྱི་བྷན་དྷ་ནི་སྲིད་པའི་བུ་མོའི་རྟེན་ནོ། ། ལྷོ་ཕྱོགས་ཀྱི་བན་དྷ་ནི་མཚོ་སྨན་གྱི་རྟེན་ནོ།། ནུབ་ཕྱོགས་ཀྱི་བན་དྷ་ནི་དབུ་དགུ་མའི་རྟེན་ནོ།། བྱང་ཕྱོགས་ཀྱི་བན་དྷ་ནི་ཙ་མུན་ཏྲིའི་རྟེན་ནོ།། བཅུ་བཞི་ནི་མཁའ་འགྲོ་མ་བཅུ་བཞིའི་རྟེན་ནོ། ཚལ་བུ་ལ་མ་མོ་སྟོང་རྩ་བརྒྱད་ཀྱི་སྙིང་པོ་བྲིས་ལ་ལེའུ་ཚེལ་བསྐོར་རོ།། ཡུམ་སྦས་ལ་མཚམས་བཅད་དོ།། ཡུམ་རྣམས་བདུད་རྩིའི་ཆུས་བཀྲུས་ལ། མདའ་བྱ་རྒོད་མ་ལ་མདེའུ་རྩང་ལ་སྣ་མ་བཅུག་ལ། དར་ལེ་བརྒན་གྱི་མགུལ་ཆིངས་བྱས་ལ་ཡུམ་གྱི་ལ་འུའི་དཔུང་ཁ་ནས་བཟུང་ལ་ཐེ་ཚོམ་སྨྲའོ། ། ཁར་གསང་ཁར་ཉིད་སྔོན། མ་རུ་ནི་ངོ་མ་ཤེས། སྲིང་དུ་ནི་ངོ་མ་ཤེས། གྲོགས་སུ་ནི་ངོ་མ་ཤེས། དེ་སྐད་ཐེ་ཚོམ་སྨྲས་པ་དང། མཁའ་འགྲོ་བཅུ་བཞིས་སླར་ལན་གསོལ་པ། སྲིན་ལ་གནས་བཟུང་སྟེ་པྲ་དབབ་བོ།། འཇིག་རྟེན་སྔ་ཕྱིའི་གཏམ་ཁྱེར་ནས་འོང་བ་རལ་གཅིག་མ་ཡིན་པས་སྙིང་པོ་ནས་དྲངས་སོ།། ཏྲག་རག་ཤ་མུ་ཏྲ་རུ་ལུ་རུ་ལུ་བྲུཾ། ཤྲི་མ་ཛུ་ཏི་པ་ཏ་ཙ་ཀྲ་རྒྱན་བྲུཾ། སྔགས་མཁན་གྱི་ཞབས་གཡོན་པ་ལ་བཏགས་ལ། དེ་ལྟར་ལུང་གི་ཟིན་པར་བྱས་ན། ལྷ་སྲིན་སྡེ་བརྒྱད་གང་བཀོལ་ཡང་བསྒྲུབ་བོ།། བྲ་སེ་ནའི་ལེའུ་སྟེ་བཅུ་གསུམ་པའོ། །།། འདི་ནས་མར་བསྐུལ་ཚིག་གིས་ཐུགས་དམར་གྱི་རྒྱུད་བསྐུལ་བར་བསྟན་ཏེ། སྣང་སྲིད་བདག་མོ་སྐུ་བཞེངས་ལ།། གླིང་བཞི་མུན་པའི་གཡུང་དྲུང་འདས་པའི་ཕ་རོལ་ནས། འབྱིང་བྱེད་ཆེན་མོའི་མིང་ཤེད་ན། ། གསེར་གྱི་ཁྲི་ལ་གཡུའི་གདན་བཏིང་མ།། སྣང་སྲྀད་ཐམས་ཅད་དབང་སྡུད་མཛད་མ།། སྐྱེ་འགྲོ་ཚེ་ལ་ལེགས་ཉེས་ལྟང་འཛིན་མ།། ཐོག་གི་བདག་མོ་གློག་འཕྲེང་མ།། སྲིང་ཅིག་ཆེན་མོ་ཀླུ་རྒྱལ་འབུམ་གྱི་རྗེ། སྐུ་ལ་ན་བཟའ་ཅི་གསོལ་ན། ། ན་བཟའ་རྨ་བྱའི་ཐུལ་པ་ལ།། མཐའ་མ་གཡུ་ཡི་རྡོ་རྗེས་གཏམས།། མུ་མེད་གསེར་གྱི་གོ་ཅོག་ཅན།། སྤྱན་མིག་གཡོན་པ་ཉི་མ་འཁྱིལ་བ་ཙམ།། སྤྱན་མིག་གཡས་པ་ཟླ་བ་འཁྱིལ་བ་ཙམ། ། བཞུགས་ནི་ཉི་མ་ལྷོ་ན་བཞུགས།། མཚོ་སྨན་ཆེན་མོ་ལེགས་ཉེས་ལྟང་འཛིན་མ།། སྐུ་ནི་མི་བསྐྱོད་དབྱིངས་ན་བཞུགས།། ཕྱག་ན་འཕྲུལ་གྱི་མེ་ལོང་བསྣམས།། འཕྲུལ་གྱི་མེ་ལོང་གཟིགས་པ་ཡིས།། འཁོར་གྱི་ཕོ་ཉ་བསྐུལ་ནས་ནི། ། སྟོང་གསུམ་འཇིག་རྟེན་སེམས་ཅན་ལ།། ཚེ་སྲོག་ཀུན་གྱི་ལྟང་ཡང་འཛིན།། རྣམ་པར་ཐར་པའི་ལམ་ཡང་སྟོན།། སངས་རྒྱས་ཀུན་དང་གཤེགས་ཤུལ་མཐུན།། དབང་ཕྱུག་འཕྲ་མེན་རྣམས་ཀྱི་དགོངས་སྤྱོད་ཅན། ། འཇིག་རྟེན་འཛམ་བུའི་གླིང་བཞི་ཡི།། ཤ་ཁྲག་དབུགས་དང་སྲོག་ལ་དབང་སྒྱུར་མངའ་མཛད་མ།། འཛམ་བུ་གླིང་བཞི་སེམས་ཅན་ཚེ་ཟད་དུས་ཟད་གཏན་ལ་འབེབས།། ཀླུ་ཕྲན་འབུམ་གྱིས་ཞབས་ལ་བསྐོར། ། ཙི་ཙི་ཛྭ་ལའི་བདག་ཅིག་མ། སངས་རྒྱས་རྣམས་དང་ཐུགས་དམ་གཅིག། རྒྱལ་རིགས་རྣམས་དང་ལས་ཐབས་ཅིག། ལེགས་ལྡན་ནག་པོ་ཕོ་ཉར་འགྱེད།། ཀླུ་ཡི་སྡེ་དཔོན་འཁོར་འདུས་མ།། མ་འཕང་གཡུ་མཚོའི་ནང་ཤེར་ན། ། ཆེ་ཞེ་ཆེན་མོ་ཀླུ་རུ་མ་སིལ།། ཉ་ཆེ་ཡོར་མོའི་ཐུལ་པ་ལ།། ཉི་ཕྲན་སྟོང་གི་སུག་མན་བརྒྱན།། སྦྲུལ་ནག་ཉི་ཁྲི་བདུད་འབུམ་ཡང།། གཡས་ནས་བཅུས་ནས་གཡོན་དུ་འདྲིལ།། སྦྲུལ་ནག་འདུག་བའི་ཐུམ་པ་ཅན། ། འཕགས་མོ་སུམ་ཁྲི་ལྔ་སྟོང་གཞི་བས།། མགོ་བོ་བསྣོལ་བའི་གདན་ལ་གཤིབས་ཏེ་བཞུགས།། ཕྱག་རྒྱ་ཆུ་སྲིན་རྒྱལ་མཚན་འཛིན།། ཞལ་ནས་མཚོ་ཆེན་རླངས་པ་འཐུལ་ཆོས་ཉིད་མ་རུ་ངོ་མ་ཤེས། ། ཆོས་ཉིད་མ་རུ་ངོ་མ་ཤེས་ན།། དབྱིངས་དང་ནི་ཡེ་ཤེས་ལྡན།། ཕ་རུ་ནི་ངོ་མ་ཤེས།། ཕ་རུ་ནི་ངོ་མ་ཤེས་ན།། བརྩེ་བའི་ནི་གཞུང་དང་ལྡན།། གྲོགས་སུ་ནི་ངོ་མ་ཤེས།། གྲོགས་སུ་ནི་ངོ་ཤེས་ན། ། གྲོགས་མཆོག་ནི་གཞུང་དང་ལྡན།། མིང་པོ་ནི་ངོ་མ་ཤེས།། མིང་པོར་ནི་ངོ་མ་ཤེས་ན།། དཔའ་བརྗིག་ནི་མཛེས་པ་དང་ལྡན།། རྗེ་རུ་ནི་ངོ་མ་ཤེས།། རྗེ་རུ་ནི་ངོ་ཤེས་ན།། དབྱིངས་སུ་ནི་འབངས་སུ་མཆི།། དེ་ནས་ཡབ་མངོན་རྫོགས་རྒྱལ་པོས་སྲིན་ལ་གནས་བཟུང་ནས། གཡོན་གྱི་བྷ་ག་དབང་དུ་བསྡུས་ཏེ་ཡར་དྲངས་ཏེ། མ་རུ་ནི་ད་བསྒྲུབ་ཀྱི། མ་ལྟར་ནི་དབང་མ་ཆེ།། དབྱིངས་ལ་ནི་ཡེ་ཤེས་སྦྱོར།། སྲིད་དུ་ནི་ད་བསྒྲུབ་ཀྱི། ། སྲིད་ལྟར་ནི་བརླབ་མ་དམ། གྲོགས་སུ་ནི་ད་བསྒྲུབ་ཀྱི།། གྲོགས་ལྟར་ནི་ཕྲག་མ་དོག། མཛའ་མོར་ནི་ད་བསྒྲུབ་ཀྱི།། ཡིད་ལ་ནི་གཞུངས་པར་གྱིས།། བྲན་མོར་ནི་ད་བསྒྲུབ་ཀྱི།། བྲན་ལྟར་ནི་སྙིང་མ་རིང། ། ལས་ལ་ནི་གཤིན་བར་གྱིས།། ད་ནི་དཀྱིལ་འཁོར་གྱི་གྲཝ་བཞིར་ཟུར་དབང་བསྐུར་ལ་བཞག་གོ། དེའི་ནུབ་མོ་བཤགས་བྱང་བྱའོ།། དེའི་ཕྱི་ནུབ་བར་གཅོད་ཀྱི་བགེགས་གདུལ་བའི་ཕྱིར།། འཕྲིན་ལས་ཕུར་བུའི་དཀྱིལ་འཁོར་བཞེངས་སུ་གསོལ་ལོ། ། དེའི་ཕྱི་ནུབ་ནམ་མཁའ་ལྡིང་གཅིག་གིས་བསྐང་ངོ།། དེའི་ཕྱི་ནུབ་ཙ་ར་གཅིག་གིས་ཟློག་གོ། དེའི་ཕྱི་ནུབ་ཤེལ་དཀར་སྨུག་གཅིག་གིས་བསྐང་ངོ།། དགུང་བཞིའི་ནང་པར་ཤེལ་དཀར་མོ་གཅིག་གིས་དཀར་མོ་དབུ་དགུ་མའི་ཐུགས་དམ་བསྐང་ངོ། ། དེ་ནས་ནག་པོ་ཤེལ་མིག་གིས་མཚོ་སྨན་དང་ཀླུ་རྣམས་ཀྱི་ཐུགས་དམ་བསྐང་ངོ།། དེ་ནས་པྲ་དབབ་སྟེ། ཡུམ་རྣམས་བདུད་རྩིའི་ཆུས་བཀྲུས་ལ། ། རྒྱན་རག་ཏའི་ཐིག་ལེས་བཏབ་ལ།། སྲིན་ལག་ལ་སྐུད་པ་ནག་པོ་གཅིག་གདགས། གུང་མོ་ལ་སྐུད་པ་དཀར་པོ་གཅིག་གདགས། དེ་ནས་པྲ་དབབ་མཚམས་གཅད་དོ།། དེ་ནས་ཡུངས་ཀར་ལ་བསྔགས་ལ། སྤྱིའི་སྙིང་པོའི་སྟེང་དུ་པྲ་དབབ་པའི་སྙིང་པོ་བཟླས་སོ།། གོང་མའི་སྙིང་པོ་ལ་བྲུ་གདགས་སོ།། ཏྲག་རག་ཤ་མུ་ཏྲ་རུ་ལུ་རུ་ལུ་རག་མོ་ཛ་ཛ་ཁ་ན་མ་ཏི་བྲུཾ་དབང་ཕོབ་ཅིག། ཏྲག་རག་ཤ་ཏྲག་རཀྵ་མུ་ཏྲ་རུ་སུ་རུ་ལུ་བྲུཾ། སྙིང་ཁ་རག་བྷྱོ། རུ་ལུ་ཁ་རཾ་ར་ག་ཤ་ནི། ཤུ་ཏྲི་སྟ་རྦད། ཐུམ་རི་ལི་ལི་ཤུ་ཏི་སྟ་རྦད་བྲུཾ་དབང་ཕོབ་ཅིག། གཞུང་ལས་བྱུང་བའི་མ་མོའི་སྙིང་པོ་ཆོད་ཕྱོགས་ཕྱོགས་ལྷར་འཕོག་ལ། མ་མོའི་སྙིང་པོ་འཛབ་ཏུ་འདོན་དུ་གཞུག་གོ། དེ་ནས་པྲ་དབབ་པའི་མི་པདྨའི་གདན་སྟེང་བཞག་ལ། ཕྱོགས་ཕྱོགས་ནས་ཕྱི་དབང་བསྐུར་རོ།། དེ་ནས་དངོས་གྲུབ་ཀྱི་ཆ་རྐྱེན་ལུགས་བཞིན་དུ་བཤམས་ལ། བདུད་རྩིའི་བདག་མོ་ཡིན་པས་བསྙེན་བསྒྲུབ་བདུད་རྩིའི་འཛབ་བརྒྱ་རྩ་བརྒྱད་ཚང་བར་གདོན་ནོ། ། དེ་ནི་སྐད་ཀྱིས་འཇིག་རྟེན་སྔངས་པར་མཛད།། ལས་སུ་སྐྱེ་ཤི་རྩད་གཅོད་མ།། གནམ་ས་ཟློག་པའི་ཕྱག་རྒྱ་སྒྱུར།། འཁོར་གྱི་ཕོ་ཉ་བསྐུལ་ནས་ནི།། དམ་ལ་རུབ་པའི་འཕྲིན་ལས་མཛད། ། ལག་པ་གཡོན་ན་བདུད་རྩི་ཤིང།། ཀ་ཀ་ལི་སྟེ་ཚེ་ཤིང་འཛིན།། ལག་པ་གཡས་ན་འཁོར་ལོ་སྒྱུར།། འཛམ་བུ་གླིང་བཞི་བྱོ་བཟློག་མཛད།། སྲོག་དབུགས་བདག་མོ་སྐུ་སྐྱོད་ཅིག། ཅེས་བསྐུལ་ལོ།། ད་ནི་དཀར་མོ་དབུ་དགུའི་ཐུགས་དམ་བསྐུལ་ཏེ། དཔལ་ཆེན་ཐུགས་ལས་སྤྲུལ་པའི་སྲས་མོ་སྟེ།། དཔལ་གྱི་བཀའ་ཉན་སྤྲུལ་པའི་འཁོར་སྡུད་མ།། གནས་ནི་རི་མཚོ་བདུན་ན་གནས། ། ཆིབས་སུ་སྤྲུལ་བ་མགོ་དགུ་ཆིབས།། དཀར་པོ་དུང་གི་གཡུ་རྡོག་ཅན།། སྐུ་ནི་ཤེལ་རྡོ་གཅག་པ་འདྲ།། ཉི་མའི་ཟེར་བས་ཤིན་ཏུ་འཛེར།། ཟླ་བའི་འོད་བས་དཀར་ལ་གསལ།། སྐུ་ཡི་འོད་ཀྱིས་སྟོང་ཁམས་ཁྱབ། ། ཞལ་ནས་འཇིགས་པའི་སྐར་མདའ་འཕྲོ།། སྐུ་ནི་དཀར་མོ་ཆེན་མོ་ལ།། སྲིན་པའི་གནམ་ནི་གོས་སུ་གྱོན།། གྲགས་པའི་ས་ནི་སྟན་དུ་བཏིང།། ཁམས་གསུམ་འཇིག་རྟེན་ཕང་དུ་ཁྱེར།། ཉི་ཟླ་ཀུན་ཀྱང་ཁྱུར་མིད་བྱེད། ། སྲིད་པ་གསུམ་ནི་སྐུ་ལ་རྫོགས།། ཉི་མའི་དཀྱིལ་མདངས་སྤྱན་ནས་འཆར།། ཟླ་བའི་རྨ་མདངས་ཞལ་ནས་འཆར།། ལག་ན་རི་རབ་རྩ་དགུ་གསོར།། ཤིན་ཏུ་མི་ཟད་གཏུམ་ཆེན་མ།། དགུ་ཚིགས་གཞུ་རུ་གདུང་བ་མོ། ། སྐར་ཆེན་མདའ་རུ་འཕེལ་པ་མོ།། དགྲ་སྙིང་ཕུར་གྱི་འདེངས་པ་མོ།། ཆེ་ཞེ་མ་སར་དབང་ཕྱུག་མ།། ཤ་ཁྲག་དམར་གྱི་དྲི་བསྣམ་མ།། ལེགས་ཉེས་ཀུན་གྱི་ལྟང་འཛིན་མ།། དམ་ཚིག་ཉམས་པའི་རྗེས་གཅོད་མ། ། ཐོག་དང་སེར་བ་ཞལ་ནས་འཐོར།། སྦྲུལ་ནག་སྟོང་གི་ཞགས་པ་འཕེན།། ཟླ་བ་ཚེས་པའི་སྤྱན་ཟུར་གཟིགས།། དགྲ་བོ་དམ་ཉམས་ཀུན་གྱི་གཤེད་མར་ཞལ་འཆེས་མ།། དཀར་མོའི་རྒྱལ་མོ་གཤེགས་སུ་གསོལ། ། གཡས་ན་གིང་ཆེན་བཅོ་བརྒྱད་འགྱེད།། གཡོན་ན་གིང་ལྕམ་བཅུ་གཉིས་འགྱེད།། གིང་གི་རྒྱལ་མོར་གཤེགས་སུ་གསོལ།། གནས་ནི་ཤར་གྱི་ཕྱོགས་ན་གནས།། རྒྱུ་ནི་བར་སྣང་ཁམས་སུ་རྒྱུ།། བཞུགས་ནི་ནམ་མཁའི་དཀྱིལ་ན་བཞུགས། ། ལས་སུ་དགྲ་བོའི་སྙིངའབྱིན་ཅིང།། ཟས་སུ་དགྲ་བོའི་ཙིཏྟ་ཟ།། སྐོམ་དུ་སྙིང་ཁྲག་དྲོན་མོ་འཐུང།། བཅོལ་བའི་འཕྲིན་ལས་གྲུབ་པར་མཛོད།། ད་ནི་སྲིད་པའི་བུ་མོ་བསྐུལ་ཏེ། ། གངས་དཀར་རྩེ་ལ་གནས་པ་མོ།། ལས་སུ་བཅོལ་ན་ཀུན་ཀྱང་བསྒྲུབ།། ཉིན་མོ་རྡོ་རྗེ་དམ་ཚིག་ཅན།། མཁའ་ལ་དབང་སྒྱུར་དབང་མོ་ཆེ།། ནམ་མཁའ་དབང་སྒྱུར་མཐུ་མོ་ཆེ།། དཀྱིལ་འཁོར་དབང་སྒྱུར་བྱིན་མོ་ཆེ། ། དམ་ཚིག་དབང་སྒྱུར་རྫུ་འཕྲུལ་ཅན།། སྨུག་ནག་ཆེན་མོ་དབུ་ལྔ་ལ།། ཙིཏྟ་སྟོང་གིས་མངའ་བདག་མོ།། སྐུ་ལ་ན་བཟའ་ཅི་གསོལ་ན།། ན་བཟའ་ལེ་བརྒན་འབར་པ་གསོལ།། གཙོས་ཆེན་སྟོང་གི་ལ་དབུས་ཀླུབས། ། ལས་སུ་བཅོལ་ན་ཀུན་ཀྱང་འགྲུབ།། ཕྱག་ན་འདྲིལ་བའི་མཆོག་ཕུར་བསྣམས།། དགྲ་བགེགས་སྙིང་ལ་གཟེར་འདེབས་མ།། ཞལ་ནས་སྒྲ་སྒྲོགས་འགྲུག་ཆེན་ལྡིར།། གནམ་ལ་དབྱར་དགུན་མཚམས་ཁྱད་འབྱེད། ། དེ་ཕྱིར་སྲིད་པའི་བུ་མོ་བྱའོ།། ཕྱག་ན་ཐོག་བསྣམས་དགྲ་སྙིང་སྲེག། ཐུགས་ནི་དགྲ་བོའི་ཙིཏྟ་རློམ།། དེ་ཕྱིར་ཙིཏྟའི་བདག་མོ་ས་བྱའོ།། སྤྱན་ནི་སྟོང་ཁམས་ཁྱབ་པར་གཟིགས།། སྲིད་པའི་འཇིག་རྟེན་བྱ་ར་མཛོད། ། དེ་ཕྱིར་སྲིད་པའི་བུ་མོས་བྱའོ།། ནམ་མཁའ་སྟོང་ལ་དབང་སྒྱུར་མ།། དཔྱིད་ཟླ་གསུམ་ལ་རྒྱུ་བའི་དུས།། རླུང་དང་ཚུབ་མའི་སྣ་འདྲེན་མ།། རྩི་ཤིང་ཀུན་དང་ནི་གསིང་གཡོ།། དེ་ཕྱིར་སྲིད་པའི་བུ་མོས་བྱའོ། ། དབྱར་ཟླ་གསུམ་ལ་རྒྱུ་བའི་ཚེ།། ཐོག་དང་སེར་བའོ་གདོང་འདྲེན་མ།། ཆུ་བོ་ཀུན་གྱི་གཞུང་འདྲེན་མ།། ཆུ་ཕྲན་ཀུན་གྱི་མདོག་འབྱིན་མ།། མེ་ཏོག་ཀུན་གྱི་འོད་ལེན་མ།། སེམས་ཅན་གཞོན་པའི་མདངས་འཕྲོག་མ། ། དེ་ཕྱིར་མདངས་བདག་བུ་མོས་བྱའོ།། སྟོན་ཟླ་གསུམ་ལ་རྒྱུ་བའི་དུས།། བཞུགས་ནི་རི་རབ་ཟོམ་ལ་བཞུགས།། གསེར་གྱི་སྐྱོགས་གཡུའི་པྲ་ཞིང།། ཅན་འབྲས་བུ་ལོ་ཏོག་བཅུད་ལེན་མ། ། ལོ་ཐོག་འབྲས་བུ་སྲིད་པས་བསྐྱེད།། དེ་ཕྱིར་སྲིད་པའི་བུ་མོས་བྱའོ།། དགུན་ཟླ་གསུམ་ལ་རྒྱུ་བའི་དུས།། བཞུགས་ནི་ས་ཡི་འོག་ན་བཞུགས།། ལག་ན་ཕྱག་རུམ་མདུང་ཙམ་ཐོགས།། ཐམས་ཅད་སྡོམས་པའི་མངའ་མཛད་མ། ། དེ་ཕྱིར་སྲིད་པའི་བྱ་མའི་བྱའོ།། ཐེའུ་རང་ཧས་པོས་དབང་སྒྱུར་མ།། སྲིད་པའི་བུ་མོ་ཐུགས་དམ་ཅན།། དམ་ཚིག་དུས་ལ་བབ་ཀྱིས་འཕྲིན་ལས་མཛོད།། ད་ནི་དུར་ཁྲོད་ཀྱི་བདག་མོ་ཤྲི་ཙ་མུན་ཏྲ་བསྐུལ་ཏེ། དུར་ཁྲོད་ལྷ་མོ་ཤྲི་ཙ་མུན་ཏྲ།། སྐུ་མདོག་དམར་སེར་ཆེན་མོ་ལ།། སྤྲུལ་པ་མཐིང་ནག་ཆས་ཀྱིས་བརྒྱན།། ཡར་ལྟས་གནམ་གྱི་ལྷ་རྒྱལ་མམ།། མར་ལྟས་ས་ཡི་ཀླུ་རྒྱལ་མ། ཆིབས་སུ་སྤྲུལ་བ་རླུང་ནག་ཆིབས། ། ན་བཟའ་གོས་སུ་ནག་པོ་གསོལ།། ཞལ་ནས་རྫི་བ་འབུད་པ་མོ།། གཡས་ན་ཟངས་ཀྱི་རྒྱུ་ཞགས་ཐོགས།། གཡོན་ན་སྲོག་སྙིང་གཅོད་པའི་ཕྱག། སྡང་བ་དགྲ་བོ་དྲང་ཞིང་ཁུག། རླུང་ལྷའི་ཕྱོགས་ནས་ཕོ་ཉ་འགྱེད། ། སྤྲུལ་པ་ཤ་ཞོན་མང་པོ་འགྱེད།། མཐིང་ནག་ཆེན་མོ་རལ་པ་ཅན།། ཟ་བྱེད་རྡོ་རྗེ་ཐོག་འབེབས་ཤིང།། རླུང་དང་སེར་བུ་ཆིབས་སུ་ཆིབས།། སྐུ་ལ་མི་བཟད་འབར་བས་བརྒྱན།། ཟས་སུ་སེམས་ཅན་གསོན་པོ་ཟ། ། ཆེ་ཞེ་ཆེན་མོ་སྐུ་གཅིག་མར།། ཟས་སུ་སེམས་ཅན་སྟོང་ཟ་མ།། སྲིད་པ་ཟ་བྱེད་སྐྱེ་ཤི་རྩད་ག་ཅོད་མ།། ཁམས་གསུམ་འཇིག་རྟེན་སྟོང་བར་སྒྲོལ་མཛད་མ།། ཁམས་གསུམ་ཟ་བར་དམ་བཅས་སྲིད་པར་བས་གཅོད་མ། ། བསྟན་པ་འཇིག་པའི་དགྲ་བོ་ནག་པོ་ལགས།། ལས་ཀྱི་ཐུན་ཅིག་དབབ་ཏུ་གསོལ།། དུག་གི་ཁ་ཆུས་གདབ་ཏུ་གསོལ།། སྒྲོལ་བྱེད་ཆེན་མོའི་དུས་ལ་བབ།། བསྒྲུབ་པའི་དུས་སུ་མཚང་ཟུ་ཞིང་བསྐུལ་བས། ། བསྐུལ་ཚིག་ལེའུ་སྟེ་བཅུ་བཞི་པའོ།།།། དཀྱིལ་འཁོར་གྱི་དབུས་སུ།། དུས་གསུམ་ཡེ་ཤེས་ལྔ་ལྡན་ཀ་པ་ལའི་ནང་དུ།། དྲི་ཆེན་དང། ཁྱི་དཀར་པོའི་རུས་བུ་དང། ཙིཏྟ་ཆ་གཅིག་གིས།། རྣམ་པར་སྣང་མཛད་ཀྱི་ཐུགས་དམ་བསྐང་ངོ། ། ཤར་གྱི་ཕྱོགས་ཀྱྀ་འཁོར་ལོ་ལ།། སྐུ་གསུང་ལྷུན་གྲུབ་རྡོ་རྗེ་ཀ་པ་ལའི་ནང་དུ།། རྟ་སྔོན་པོའི་འབྲས་བུ་ཆ་གཅིག་དང།། བྱང་ཆུབ་སེམས་ཆ་གཅིག་གིས།། རྡོ་རྗེ་སེམས་དཔའི་ཐུགས་དམ་བསྐང་ངོ། ལྷོ་ཕྱོགས་ཀྱི་འཁོར་ལོ་ལ།། ཡོན་ཏན་ཚོགས་རྫོགས་རྡོ་རྗེ་ཀ་པ་ལའི་ནང་དུ།། གླང་པོ་ཆེའི་འབྲས་བུ་ཆ་གཅིག་དང།། ཙིཏྟ་ཆ་གཅིག་གིས།། རིན་ཆེན་འབྱུང་ལྡན་གྱི་ཐུགས་དམ་བསྐང་ངོ། ། ནུབ་ཕྱོགས་ཀྱི་འཁོར་ལོ།། མཚན་མེད་སྤྲོས་བྲལ་རྡོ་རྗེ་ཀ་པ་ལའི་ནང་དུ། རྨ་བྱའི་འབྲས་བུ་ཆ་གཅིག་དང། བུད་མེད་ཀྲ་སེར་ལ་ལི་རག་ཏ་ཆ་གཅིག་གིས།། སྣང་བ་མཐའ་ཡས་ཀྱི་ཐུགས་དམ་བསྐང་ངོ། ། བྱང་ཕྱོགས་ཀྱི་འཁོར་ལོ་ལ།། དུག་གསུམ་གཏན་སྲུགས་རྡོ་རྗེ་ཀ་པ་ལའི་ནང་དུ།། ཤང་ཤང་གི་འབྲས་བུ་ཆ་གཅིག་དང།། དྲི་ཆུ་དང།། ཅི་ཡང་རུང་བའི་གློ་དང།། མཆེར་བ་དང།། ཙིཏྟ་ཆ་གཅིག་གིས།། དོན་ཡོད་གྲུབ་པའི་ཐུགས་དམ་བསྐང་ངོ། ། དེ་ནས་མ་མོ་རྣམས་ཀྱི་ཐུགས་དམ་བསྐང་བ་ནི།། མཚོ་སྨན་ཡེ་ཤེས་སྐུ་ལས་བསྐྱེད་བ་ལགས་ཏེ།། དེའི་ཐུགས་དམ་བསྐང་བ་ནི། ཀུ་ཀུར་ནག་པོ་ཤེལ་མིག་དང།། ལུག་ཆུ་གམ་དང། རྨ་བྱའི་མདོངས་ཀྱིས་བསྐང་ངོ།། དཀར་མོ་དབུ་དགུ་མ་བྱང་ཆུབ་སེམས་ལས་བསྐྱེད་པ་ལགས་ཏེ། གཙོ་བོ་ཉིད་ཀྱི་ཐུགས་དམ་ཆོས་ཉིད་ཀྱི་ལྟ་བ་དང། ལུང་དང་མན་ངག་གི་ཆོས་དང།། ཤེལ་དཀར་མོ་སྨིན་དམར་དང། ཀུ་ཀུར་དཀར་པོས་བསྐང་ངོ།། སྲིད་པའི་བུ་མོ་གསང་བའི་རྡོ་རྗེའི་དྲི་ཆུ་ལས་བསྐྱེད་པ་ལགས་ཏེ། དེའི་ཐུགས་དམ་བསྐང་བ་ནི།། ཀུ་ཀུ་ར་གཙོས་ཀ་ཤེལ་མིག་དང། ལུག་སྨུག་ཆགས་ཀྱི་ཐུགས་དམ་བསྐང་ངོ། ། ཙ་མུན་ཏྲ་གོ་རོ་ཙ་ན་ལས་བསྐྱེད་པ་ལགས་ཏེ། དེའི་ཐུགས་དམ་བསྐང་བ་ནི། ལུག་ནག་མོ་སྤྱི་དཀར་དང།། བྱ་ནག་མོ་གསེར་མིག་དང། ཤ་ཆེན་གྱི་གཏོར་མ་དང། ཚིལ་ཆེན་གྱི་མེ་མར་དང། གསུང་ཆེན་གྱི་དུད་པས་རྒྱུན་མ་ཆད་པར་གཏང་ལ་བསྐང་ངོ།། ཙིཏྟ་པེའུ་ཤིང་བསྐང་ཚད་ཀྱི་ལེའུ་སྟེ་བཅོ་ལྔ་པའོ།།།། གསང་བའི་བསྙེན་པ་རྫོགས་པ་དང།། དབང་དང་ལྡན་པའི་སློབ་དཔོན་ལ།། སློབ་མ་གུས་དང་ལྡན་པར་ལ། ། ལག་ཏུ་རིན་ཆེན་གསེར་ཐོགས་ནས། དབང་ཉིད་གསེར་གྱིས་བླུ་བར་བྱའོ།། སློབ་དཔོན་ཕྱག་ན་རྡོ་རྗེ་ཡིས།། རྡོ་རྗེ་དྲིལ་བུ་ཐོགས་ནས་ཀྱང།། འཕྲིན་ལས་རྣམ་བཞིའི་དབང་བསྐུར་རོ།། སློབ་དཔོན་འཇམ་དཔལ་གཞོན་ནུ་ཡིས། ། ཕྱག་ན་པོ་ཏི་བསྣམས་ནས་ཀྱང།། གུས་དང་དད་ལྡན་སློབ་མ་ལ།། གཉན་བྱེད་འཁོར་ལོའི་དབང་བསྐུར་རོ།། སྟོན་པ་ཀུན་ཏུ་བཟང་པོ་ཡིས།། ཁྲིའུ་དང་ཆགས་ཤིང་ཐོགས་ནས་ཀྱང། ། སྡེ་སྣོད་འཆད་པའི་དབང་བསྐུར་རོ།། སྟོན་པ་མངོན་རྫོགས་རྒྱལ་པོ་ཡིས།། ལག་ཏུ་བན་དྷ་ཐོགས་ནས་ཀྱང།། གསང་སྔགས་བསྒྲུབ་པའི་དབང་བསྐུར་ཏེ།། རྒྱལ་ཐབས་སྤྱི་བླུགས་དབང་བསྐུར་རོ། ། གདུགས་ལྟར་སྤྱི་ནས་འགེབས་པའི་སློབ་དཔོན་གྱིས།། བསྒྲུབ་པའི་དཀྱིལ་འཁོར་མཐའ་ནས་བསྡུས།། རྫས་དང་ལག་ཆ་བཀྲམ་པ་རྣམས།། དབུས་ཀྱི་རན་དྷ་བཞི་རུ་བསྡུ།། མ་མོ་སུམ་བརྒྱ་དྲུག་ཅུ་ཡང། ། ཡང་གབ་དབང་གི་རྒྱལ་པོ་བཞི་རུ་བསྡུས།། བན་དྷ་བཞི་ཡིས་དབང་བསྐུར་བས།། ཡང་གབ་བཞི་ཡི་དབང་ཆེན་རྫོགས།། སྤྱི་ཏི་ཁ་ལ་མ་མུ་ཏྲ་ས་མ་ཡ་ཏི་སྟ་ཙཀྲ་རྒྱན་བྲུཾ། རག་ཤ་མོ་རག་ཤ་མ་ཤུན་ཏི་སྟ་ཙཀྲ་རྒྱན་བྲུཾ། ཁ་རཾ་རག་ཤ་མ་ས་མ་ཡ་ཏི་སྟ་ཙཀྲ་རྒྱན་བྲུཾ། དབང་གི་རྒྱལ་མོ་བཞིས་དབང་བསྐུར་བས། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དབང་རྫོགས་པར་གྱུར་ཅིག། དབང་གི་ཏན་ཏྲའི་ལེའུ་སྟེ་བཅུ་དྲུག་པའོ། ། ད་ནི་ཐུན་གྱི་གྲུབ་རྟགས་བསྟན་ཏེ། ཐོད་པའི་ཁྲག་དཀར་དམར་དུ་འདྲེས་པས་ཡབ་ཡུམ་གཉིས་སུ་མེད་པའི་དངོས་གྲུབ་པ་ཡིན་ནོ།། ཁྲག་དེ་སྦོས་ན་སྒྲིབ་པ་ཡོད་པས་བཤགས་པ་བྱའོ།། ཐོད་པ་འགུལ་ཞིང་འདྲེག་ན། ། ཕོ་ཉ་རྣམས་ཀྱི་དངོས་གྲུབ་ཐོབ་པ་ཡིན་ནོ།། ཁོལ་ཞིང་རླངས་པ་བྱུང་ན།། ཁྲོ་བོ་ཞེ་སྡང་གི་དངོས་གྲུབ་ཐོབ་པ་ཡིན་ནོ།། དེ་ལས་མདོག་ནག་པོར་གྱུར་ན། ཆོས་ཀྱི་དབྱིངས་ཀྱི་དངོས་གྲུབ་ཐོབ་པ་ཡིན་ནོ། ། གྲུབ་པ་ལྟས་ཀྱི་ལེའུ་སྟེ་བཅུ་བདུན་པའོ།། ཨྠི+ྀ།།
CLOSE WINDOW