Wylie |
། མ་མ་ཀརྨ་སརྦ་ཏན་ཏར་ཙ་ཏ་ནཱ་མ།། བོད་སྐད་དུ།། མ་མོ་ལས་ཐམས་ཅད་ཀྱི་ལས་རྒྱུད་ལུང་ཞེས་བྱ་བ།། ཡུམ་ཆེན་མོ་མུ་ཁ་ལེ་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གི་ཐོས་པའི་དུས་གཅིག་ན། ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་སྐུ་དང།། གསུང་དང།། ཐུགས་རྡོ་རྗེའི་རང་བཞིན་གྱི་བྷ་ག་ལ།། ཟོ་མདོག་བདེ་བ་ཅ་ཅོ་ལ་སོགས་མེད་པར་སྙོམས་པར་ཞུགས་སོ།། དེའི་ཚེ་དབའ་བོ་དང་མཁའ་འགྲོ་མ་ལ་སོགས་པ་ཞིང་གི་རྡུལ་སྙེད་དང། ། འཇིག་རྟེན་གྱིས་གནོད་སྦྱིན་མོ་ལ་སོགས་པ་དང།། སྲིན་མོ་རྣམས་མདུན་དུ་བདར་ནས་བཞུགས་སོ།། དེ་ནས་ལྷའི་དབང་པོ་སྟན་ལས་ལངས་ཏེ་བསྐོར་བ་དང་ཕྱག་འཚལ་ནས། ། ཡུམ་ཆེན་མོ་སྣང་སྲིད་བདེ་བ་ལ་འགོད་ཅིང་སྲིད་མོ་རྣམས་དབང་དུ་འཛད་པ་ནི་ངོ་མཚེར་ན།། ལས་ལ་གྲུབ་པའི་མ་མོ་རྣམས་ཇི་ལྟར་བསྒྲུབ།། ལས་ཀྱི་དབྱེ་བ་ཇི་ལྟར་བགྱི།། ཡུམ་གྱིས་བདག་བཤད་དུ་གསོལ། ། ཞེས་གསོལ་པ་དང།། དེ་ཡི་ཚེ་ཡུམ་ཆེན་མོས་འདི་སྐད་ཅེས་གསུངས་སོ།། མ་མོ་ངའི་བསྟན་པ་འདི་ལ་སྙིགས་མ་ལྔའི་དུས་ཏེ།། བསྟན་པ་རང་གི་རང་འཇིགས་པ་དང།། གོས་སུ་རེ་བ་གོན་པ་དང། ། ཟས་སུ་ལྕི་བཟ་བ་དང།། ཉེ་བ་དགྲ་རུ་ལྡང་བ་དང།། དམ་ཆོས་རང་དགར་སྦྱོད་པ་དང།། མ་ཉེས་དམ་ལས་གཅོད་པ་དང།། གསང་སྔགས་སྒོར་ཀུན་ཏུ་འཇུག་པ་དང།། མན་ངག་ཟོང་དུ་འཁྱེར་བེ་དང། ། རྒྱལ་བའི་སྐུ་ལ་རིང་ཐང་འདེབས་པ་དང།། ལམ་གྲོག་པོར་གྱུར་པ་དང།། རྒྱལ་ཁམས་སིལ་བུར་སོང་བའི་དུས་སུ།། མ་མོ་ཡང་རང་དམ་རང་གིས་འདས་ནས་མན་ངག་གིས་གྲུབ་པའི་དུས་འབྱུང་བས། ། དེའི་དུས་སུ་ངས་བསྟན་པ་དྲལ་པ་ལ་ཕན་གདགས་ཤིང།། མ་མོ་གྲུབ་པའི་ཐམས་བསྟན་ཅིང་བཤད་པར་བྱ་ཡིས།། བརྒྱ་བྱིན་ལ་སོགས་ལེགས་པར་ཉོན་ལ་ཡིད་ལ་ཟུང་ཞིག།། དེ་ནས་ཡང་དག་བཤད་བྱ་བ། ། དང་པོ་མ་མོ་སྒྲུབ་པའི་གནས།། དུར་ཁྱོད་དག་གམ་མཚོ་གླིང་དམ།། ངམ་གྲོག་ཕུག་ལ་སོགས་པ་ཡིན།། བར་ཆོད་བགེགས་དང་མི་མེད་པར།། ལས་ལ་གྲུབ་པའི་རྐྱེན་དང་ལྡན།། གནས་ཀྱི་མང་ངག་ཤེས་པ་ཡིས། ། དང་པོར་དབེན་པའི་གནས་བཙལ་ཏེ།། གནས་དེར་མ་མོའི་རྫས་བཙལ་པ།། མི་ཤ་མ་ཡིན་གཞན་གྱི་ཤ་མི་ཟ།། མི་ཁྲག་མ་ཡིན་གཞན་གྱིས་ཁྲག་མི་བཏུང།། མིསྙིང་མ་ཡིན་གཞན་གྱིས་སྙིང་མི་བཟའ།། མི་གསུར་མ་ཡིན་གཞན་གྱིས་གསུར་མི་སྣོམ། ། མི་གཡབ་མ་ཡིན་གཞན་གྱིས་གཡབ་མི་བྱ།། མི་གོས་མ་ཡིན་གཞན་གྱིས་གོས་མི་བགོ།། མི་ཞྭ་མ་ཡིན་གཞན་གྱི་ཞྭ་མི་བགོ།། ཞེས་མ་མོ་སྤྱིའི་དམ་རྫས་སོ།། མ་ཧྭ་མཾ་ལ་སོགས་ཤ་སྣ་སྟོད། ། མ་ཧྭ་ར་ཀྟ་ལ་སོགས་ཁྲག་སྣ་སྟོང།། མ་ཧྭ་ཙིཏྟ་ལ་སོགས་སྙིང་སྣ་སྟོང།། རང་བཞིན་ཤི་བའི་ལུས་ལ་བཙལ།། གོས་སུ་ཞིང་གི་གཡང་གཞི་བགོ།། ཞྭ་རུ་སྲིད་པའི་སྦྱི་བླུགས་བགོ།། བུད་པ་རྐང་གི་གླིང་བུ་བུད། ། བརྡབ་པ་ཐོད་པའི་ཆ་ལད་བརྡབ།། རྡུང་བ་ལྟག་སྤྲོས་རྔེའུ་ཆུང་རྡུང།། གཡབ་བ་མི་ཡི་གཡབ་མོ་གཡོབ།། དཀྱིལ་འཁོར་རྒྱན་ནི་ཞིང་ཡིན་ཏེ།། ཞིང་གི་བླ་རེ་དར་གྱི་ཕུར་སྒྲོགས་ཅན། ། ཞིང་གི་ཡོལ་བ་མཛེས་པའི་རྒྱན་གྱི་བརྒྱན།། ཞིང་གི་རྒྱལ་མཚན་དར་གྱི་ཤམ་བུ་ཅན།། སྦྱོ་བོ་ལ་སོགས་གནས་རྣམས་སུ།། རྨབྱ་མཛེས་པའི་རྒྱན་གྱིས་བརྒྱན། མིག་ལ་སོགས་པའི་གནས་རྣམས་སུ།། ནོར་བུ་མཛེས་པའི་རྒྱན་གྱིས་བརྒྱན། ། མ་མོ་དགེས་པའི་རྫས་རྣམས་ནི།། ཙན་དན་དང་ནི་གུར་ཀུམ་དང།། རྟག་ཏུ་དྲི་དང་ལྡན་པར་བྱ།། ཁ་དོག་ཀྱང་ནི་ལེགས་པར་བཙལ།། དཔེར་ན་རང་གི་ཁ་ཟས་ཀྱང།། བཟའ་བ་ཁྱད་པར་མ་འཕགས་ཙམ། ། མ་མོའི་དམ་རྫས་དེ་བཞིན་ནོ།། ཤིང་སྡོག་སྨན་མར་མེ་ཏོག་འབྲས་བུར་བཅས།། འདི་ཡང་མ་མོའི་དམ་རྫས་ཏེ།། མདའ་དང་རལ་གྲི་དར་སྣ་དང།། མཚོན་ཐག་རྩང་སྐུད་ལེགས་པར་བཙལ། ། དེ་ཡང་དཀྱིལ་འཁོར་རྫས་ཡིན་ཏེ།། རུས་པའི་རྫས་དག་སྦྱིན་སྲེག་རྫས།། ཐུན་གྱི་རྫས་དང་མནན་པའི་རྫས།། ཐམས་ཅད་དང་པོར་སྔགས་པས་བཙལ།། རྫས་རྣམས་ཤིན་ཏུ་གསང་བ་སྟེ།། མི་ཐོས་མི་མཐོང་ལེགས་པར་སྦ། ། དེ་དག་སྤྲྀ་ཡི་རྫས་རྣམས་ཏེ།། མ་མོ་བྱེ་བྲག་རྫས་རྣམས་ནི།། གྲུབ་བླིན་བཞི་ཡི་རྫས་རྣམས་ནི།། ཟངས་ཆུ་དངུལ་ཆུ་བྱ་ལུག་དཀར།། བར་མཚམས་བླིན་མོ་བཅུ་གསུམ་རྫས།། ཁྱི་ཁུ་མིག་མ་བྱེ་བ་དང། ། བྱ་ནག་སྒོ་ང་བཅུ་གསུམ་སྟེ།། ཡར་གྱི་བཅུ་གསུམ་རྫས་ཀྱིས་མིང།། མདའ་འཕང་བཅུ་གསུམ་ཡིན་པར་འདོད།། སྔར་གྱི་གླུད་བུ་བཅུ་གསུམ་ཡིན།། ཁ་བླིན་བཞི་ཡི་རྫས་དག་ནི།། སྲོག་མེད་པ་ཡི་མདགས་བཞི་སྟེ། ། མེ་ལོང་དང་ནི་རྨ་བྱ་དང།། ཆུ་དང་མར་མེ་ཡིན་པར་འདོད།། གཟུགས་ཅན་གཟུགས་ཀྱི་ཕུང་པོ་བཞི།། ཟངས་མཆུ་ཅན་དང་སྟག་གླང་ཅན།། གཡག་གླང་ཅན་དང་རྩི་བེར་སོགས།། གྲུབ་བློན་བཞི་ལ་དེ་ལྟ་བུའི། ། གཟུགས་བཞི་ཆུ་སྲིན་སེང་གེ་དང།། ཧོར་དང་བྱ་ཁྱུང་བག་ཕྱེ་ལས།། གཟུགས་ཅན་སྲོག་གི་བསྡུད་པ་བཞི།། ལུག་དཀར་མོ་ལ་སོགས་པ་ཡིན།། སྲོག་བཅད་པ་ཡི་འབྲས་བུ་གཉིས།། ཁྱོད་དཀར་རོག་པའོ། ། ལྔ་གོང་ནས་ནི་འབྲས་བུ་མཆོག། མཚམས་ཀྱི་བླིན་པོ་བཅུ་གཉིས་ལ།། ཤིང་ཨ་མྲའི་འབྲས་བུ་སྟེ།། མི་འབྲས་སྔོན་ནས་བཙལ་ཏེ་མཆོག།། བཙུན་མོ་ཆས་ཞུགས་བཅུ་གཉིས་ཏེ།། ཁྱི་དཀར་ར་རོགས་བྱ་ནག་མོ། ། བོང་བུ་འབྲས་བུའི་ཆས་སུ་ཞུགས།། ཡང་བག་ཕྱེ་ལས།། བཙུན་མོ་ཆས་བྱས་མཐིང་གྲུར་ནང་དུ་ཞུགས།། བར་མཚམས་བློན་མོ་བཅུ་གསུམ་ལ།། སེམས་ཅན་སྲོག་མེད་བཅུ་གསུམ་སྟེ།། ངུར་པ་འཕྱེ་བ་བྱ་ནག་མོ། ། རྨད་ལྕམ་ཁྱི་དང་འུག་པ་དང།། སེ་རིགས་སུ་མྱུ་གུ་དང།། ཏི་བྱ་བྱ་དཀར་ཀྲུང་ཀྲུག་ཡིན།། བཙུན་མོ་བཅུ་གསུམ་དར་དཀར་ཆས།། རྒྱལ་མོ་བཞི་ལ་སྲོག་མ་བཅད།། ཁྲ་བཞི་མཚལ་དང་ལི་ཁྲི་དང། ། མེ་ལྕགས་སྲོ་ལོ་དམར་པོ་ཡིན།། ས་ཡིན་རྒྱལ་མོ་རྨིག་པ་ཡིན།། ཆུ་ཡི་རྒྱལ་མོ་ཉ་རྩང་པ།། མེ་རྒྱལ་སྲིན་བུ་མེ་ཁྱེར་ཡིན།། རླུང་གི་རྒྱལ་མོ་ཝང་པ་སྟེ།། བག་ཕྱེ་གཟུགས་བྱ་ཆས་སུ་གཞུག། སྨན་མོ་བཅུ་གཅིག་དག་ལ་ཡང། ། བརྒྱད་ལ་ཁྱོད་ཡོད་གསུམ་ལ་མེད།། ཁྱོ་སྐལ་འབྲས་བུ་འདི་ལྟར་སྟེ།། ཙིཏྟའི་འབྲས་བུ་གཉའ་བ་དང།། ལུག་རྡུར་བ་རུ་མཁས་པས་བརྟག། ཆུ་འབྲས་བསེ་ཡི་འབྲས་བུ་སྟེ།། མེ་འབྲས་ལྕགས་ཕྱེ་ཡིན་པར་ངེས། ། སྲོག་མེད་སེམས་ཅན་བཅུ་གཅིག་ནི།། དབུགདས་ཀྱི་འདི་དག་ཀུན་གྱི་རྫས།། སྲོག་ཆགས་གང་རུང་བཅུ་གཅིག་ལ།། མཐིང་ནག་དར་གྱི་བརྒྱན་པ་སྟེ།། གོ་ལེ་མ་བཞི་རྫས་ཀྱང་བཞི། ། སྲིང་མོ་བཞི་ལ་བམ་ཆེན་ཚོགས།། མ་བདུད་རག་ཏ་གསུམ་གྱི་རྫས།། གཞོན་བུ་མ་བཞི་མུ་སྟེགས་སོགས།། དགེ་བསྙེན་བཞི་ནི་འདི་ལྟ་སྟེ།། གནམ་གྱི་དགེ་བསྙེན་ནམ་མཁའ་ལྡིང།། ས་ཡི་བྱི་བ་ས་ཡི་སྦལ། ། མི་ཡི་བདུག་པ་ཡིན་པར་ངེས།། ཅིར་མི་འོང་གི་སྦུན་དྲུག་བཞི།། ཀླུ་དང་བཙན་དང་བདུད་དང་ཡས།། གནོད་སྦྱིན་ལས་གྲུབ་མ་མོ་བཞི།། ཤིང་འབྲས་ཤིང་ཏོག་སྣ་ཚོགས་ཏེ།། ཆུ་འབྲས་ཆུ་སྣ་ཚོགས་པ་ཡིན། ། ས་ཡི་འབྲས་བུ་དམིགས་པ་ཡིན།། མེ་འབྲས་སོལ་བ་སྣ་ཚོགས་སོ།། མི་བཅོས་མི་རུང་མི་མོ་བརྒྱད།། ཙིཏྟ་དགུ་དག་མི་དབང་དགུ།། གཟུགས་ཅན་དགུ་དང་གཟུགས་མེད་དགུ།། ཙིཏྟ་དགུ་ནི་འདི་ལྟ་སྟེ། ། ཤིང་གི་ཙིཏྟ་ག་བུར་ཡིན།། ཆུ་ཡི་ཙིཏྟ་ཀ་ར་ཡིན།། ས་ཡི་ཙིཏྟ་རྒྱ་སྦོས་ལགས།། རླུང་གི་ཙིཏྟ་དུ་རུ་ཀ།། མི་ཡི་ཙིཏྟ་ག་པུར་ཐལ།། ནམ་མཁའི་ཙིཏྟ་ཨ་རུ་ར།། བར་སྣང་ཙིཏྟ་མི་ཡི་སྙིང།། བྲག་གི་ཙིཏྟ་བྲག་སྦོས་པ། ། དུར་ཁྲོད་ཙིཏྟ་རོ་བསྲེགས་ཐལ།། དེ་ནི་སྲོག་མེད་ཙིཏྟ་དགུ།། སྲོག་ཆགས་ཙིཏྟ་དགུ་དག་ནི།། རྨུག་རྒྱ་སྲོལ་པོ་ཙཏྟ་དགུ།། མི་དབང་འབྲས་བུ་དགུ་དག་ནི།། ས་ཡི་མི་དབང་བ་བྲས་བ་བྱ།། མེ་ཡི་མི་དབང་ཕྱེ་མ་ལེབ། ། ཆུ་ཡི་མི་དབང་ཉ་ཚན་པ།། ནམ་མཁའི་མི་དབང་རི་བོང་ཡིན།། བར་སྣང་མི་དབག་ཝ་ཡིན་ཏེ།། བྲག་གི་མི་དབང་ཤ་བ་ཡིན།། ཤིང་གི་མི་དབང་རི་སྐེགས་ཡིན།། དེ་དག་མི་དབང་དགུ་ཡིན་ནོ།། མ་མོ་སྟོང་ལ་རྫས་བརྒྱ་ཕྲག། ། བདུད་དུ་ངེས་པ་དེ་དག་ལ།། དེ་ཀུན་མུ་ཁ་ལེ་ལས་བྱུང།། ཙིཏྟ་དགུ་ཡི་མེ་ཏོག་ལས།། ནི་དབང་དགུ་ཡི་དབུ་ལས་བྱུང།། གཟུག་བརྒྱད་སྦྱི་བོ་དག་ལས་བྱུང།། སྲོག་མ་བཅད་པའི་རག་ཏ་དགུ། ། པདྨ་ལས་བྱུང་ཤི་བ་མེད།། རོ་དགུ་པདྨའི་ཆ་ལ་བཞག། འདི་དག་སྒོ་ང་ལས་བྱུང་བ།། ཀ་ལ་ཡལ་ཤའི་དམོད་པོ་ནི།། དཔེར་ན་ལྷ་མོ་རེ་མ་ཏི།། གསང་བའི་མི་དབང་ཀྱི་དབང་དང།། ཤི་ཀའི་མཚལ་ཐིག་ཤིང་ལ་སོགས། ། ནག་མོའི་རྫས་ཏེ་དེ་བཞིན་ཀུན།། དེ་ལྟར་གྱུར་པའི་རྫས་རྣམས་དང།། བོད་པའི་རྫས་དང་མཆོད་པའི་རྫས།། རྟེན་དང་དམ་ཚིག་བསྲེ་བའི་རྫས།། བསྐང་བའི་རྫས་དང་རུང་བའི་རྫས། ། སྦིན་སྲེག་རྫས་དང་ཐུན་གྱི་རྫས།། ཐ་མར་མནན་པའི་རྫས་ཡིན་ཏེ།། རྫས་འདི་དང་པོར་ཤེས་བྱ་སྟེ།། དེ་ནས་ཚུལ་དང་མཐུན་པར་བཙལ།། མ་མོའི་རྫས་རྣམས་འཚོགས་གྱུར་ན།། བྱིས་པ་མེ་ཏོག་མཐོང་བ་ལྟར། ། དེ་ཉིད་དུ་ནི་མ་མོ་རྒྱུག། དེ་བས་དངོས་གྲུབ་འདོད་པའི་མིས།། དང་པོར་རྫས་ལ་ནན་ཏན་བྱ།། མ་མོ་ཐམས་ཅད་ལས་རྒྱུད་ལུང་ལས།། མ་མོའི་དམ་རྫས་བསྟན་པའི་ལེའུ་སྟེ་དང་པའོ།། དེ་ལྟར་རྫས་རྣམས་གསོགས་གྱུར་ནས། ། དང་པོ་མ་མོ་སྟེན་པ་ཙམ།། ཡང་ཀོང་གདོན་པ་སོགས་པ་ཡིན།། ཕྱི་བཤགས་དང་པོ་ལེགས་པར་བྱ།། དེ་ནས་མཐོ་གཟུསདགས་མཐོན་རྣམས་ལ།། ཁ་བྱང་བཏགས་ཏེ་གཏོར་མ་སྦྱིན། ། དམ་བཅའ་ལས་ཀྱི་བསྒོ་བ་བྱ།། ཕྱི་མཚམས་བཅད་ནས་བར་མཚམས་གཅད།། གནས་ཀྱི་ཕྱོགས་མཚམས་ཕུར་པས་གདབ།། དེ་ཡི་ཆོ་ག་གཞུང་བཞིན་བྱ།། དེ་ནས་གནས་ཀྱི་ཐེམ་འོག་ཏུ།། དམ་སྲི་ལེགས་པར་གནས་པར་བྱ། ། མཎྜལ་གྲུབ་བཞི་དགྲ་འམ་བགེགས།། དེ་དག་ལེགས་པར་མནན་པར་བྱ།། མི་བསད་པ་འམ་གཡུལ་ཉེས་པས།། དེ་ལ་མཎྜལ་ལེགས་པར་བྱ།། དང་པོར་འབྱུང་པོ་ཐམས་ཅད་པའི།། གཏོར་མ་རྒྱ་ཆེར་སྦྱིན་པར་བྱ། ། དེ་ནས་ཡོ་བྱད་ཆ་གསུམ་བགོ།། ཆ་གཅིག་མཆོད་དང་གཏོར་མ་བྱ།། ཆ་གཅིག་ཚོགས་དང་ཡོ་བྱད་བྱ།། ཆ་གཅིག་ཟ་ཚོགས་དུས་སུ་འབུལ།། ས་ཡི་ལྷ་མོའི་ཆོ་ག་བྱ།། དུར་ཁྲོད་ཆག་ཆག་རྣམས་ཀྱིས་གདབ། ། ལྷ་སྲིན་ཀུན་ལ་འགོ་མ་ཡེངས།། ཞི་བའི་ཚི་གིས་སྨྲ་བར་བྱ།། དེ་ནས་ཐིགས་གདབ་ས་ཚོན་བྲི།། ཀྲི་ཡའི་རྒྱུད་དང་ཡོ་གའི་རྒྱུད།། དཀྱིལ་འཁོར་བྲི་བ་ཇི་ལྟ་བར།། ཤེས་པ་རྣལ་འབྱོར་མ་མོ་རུ། ། མཁས་པ་རྣམས་ཀྱིས་ཤེས་པར་བྱ།། དེ་ལྟར་དཀྱིལ་འཁོར་བྲིས་ནས་ཀྱང།། རང་རང་ཡིག་འབྲུ་དགོད་པར་བྱ།། དེ་ནས་རྫས་རྣམས་དགོད་པར་བྱ།། སྟེ་ནས་ཞིང་གི་བླ་རི་སྟེ།། ཕྱོགས་ནས་ཞིང་གི་ཡོལ་བ་འོ། ། མཚམས་ནས་ཞིང་གི་རྒྱལ་མཚན་ནོ།། ཞིང་གི་ལྷུ་སྡུམ་ལ་སོགས་པ།། རོལ་མོ་སྣ་ཚོགས་ཚུ་གྱིས་བརྒྱན།། ཡང་ན་དར་གྱི་ཡོལ་དང་གདུགས།། ཟུར་དུ་མདའ་དང་ཕུར་པ་དང།། གྲི་དང་ཚོན་སྐུད་དྲ་བ་རིས། ། མདའ་ཕུར་རལ་གྲི་ཁྲོ་བོ་སྟེ།། སྐུད་པ་རྡོ་རྗེར་བྱིན་གྱིས་བརླམས།། ཐ་མར་རྩང་གི་སྲིན་མོ་འགྲོས།། བྷྱོ་ལས་སྲིན་མོ་རེ་རེ་བསམ།། དེ་ནས་དཔལ་གྱི་གཏོར་མ་ཡང།། ཆོས་འབྱུང་དབྱིབས་དང་ཡོ་བྱད་བསོགས། ། མཛེས་སྡུག་རྒྱན་གྱིས་བརྒྱན་པར་བཤམས།། མ་མོའི་གཏོར་མའི་མཐེབ་ཀྱུའི་གྲངས།། གཅིག་དང་གསུམ་ལ་སོགས་པ་ཡིན།། སྣོད་ཀྱི་ནད་དགྲམ་ད་ཡི་ནང།། ཁྲག་གིས་བཀང་བ་དེ་ཡི་ནང།། མཐུན་པའི་རྫས་ཀྱིས་གང་བར་བྱ། ། མཐེབ་ཀྱུས་ཐོད་པའི་རང་བཞིན་ཏེ།། ཁྲག་གི་རག་ཏའི་རྒྱ་མཚོར་བསམ།། སྙིང་དབུས་གློ་བ་ཤར་མཆེར་ནུབ།། མཁའ་མ་ལྷོ་དང་བྱང་དུ་བཞག།། འབྲས་བུ་དབུས་ལ་མིག་ནི་ཤར། ། རྣ་བ་ནུབ་ལ་སྣ་ནི་ལྷོ།། ལྕེ་ནི་བྱང་དུ་དགོད་པ་སྟེ།། རང་རང་མཐུན་པའི་དམ་རྫས་ཏེ།། རང་བཞིན་ཤི་བའི་དམ་རྫས་རྣམས།། རྗེས་ཡི་རང་ཞིང་དམ་ཚིག་རྫས།། གཞན་ཡང་མཆོད་པའི་ཚོགས་རྣམས་བཤམས། ། རུས་པའི་རྫས་ལ་སོགས་པ་ཀུན།། གནས་དེར་རེ་ཞིག་བཞག་པར་བྱ།། མ་མོ་ལས་ཐམས་ཅད་ཀྱི་ལས་རྒྱུད་ལུང་ལས།། དཀྱིལ་འཁོར་བྲི་ཞིང་རྫས་དགོད་པའི་རིམ་པ་སྟེ་ལེའུ་སྟེ་གཉིས་པའོ། ། དེ་ནས་ཡང་དག་བཤད་བྱ་བ།། རང་ཁ་ཆས་ཞུགས་རྟགས་གདབ་སྟེ།། གཡེང་བའི་བར་ཆོད་ཀུན་སྦངས་ཏེ།། བདེ་བའི་སྟན་ལ་ལེགས་འདུག་ལ།། དེ་བཞིན་ཉིད་ཀྱི་ཏིང་འཛིན་རྫོགས།། ཏིང་འཛིན་གསུང་བསྒོམས་རྗེས་ཐོབ་ལ། ། ཕྱོགས་བཅུའི་ཁྲོ་བོའི་སྐུ་ཡི་མཚམས།། མཚོན་ཆ་འཆོལ་བ་གསུང་གི་མཚམས།། རྡོ་རྗེ་མེ་མཚམས་ཐུགས་ཀྱི་མཚམས།། མཚམས་སུ་མཁས་པས་ལེགས་པར་བཅད།། མཚམས་ཀྱི་རྒྱ་དང་འཕངས་ཀྱི་ཚད། ། རྒྱ་ནི་ལྕགས་རི་འོག་ནི་རླུང།། སྟེག་ནི་འཇིག་རྟེན་འོག་མིན་མཚམས།། དེ་ནས་དབང་ཆེན་དཀྱིལ་འཁོར་ཀྱང།། ཆགས་སྡང་ལྔ་ཡི་དཀྱིལ་འཁོར་འཁྲུག། དེ་སྟར་ཀེང་རུས་རི་རབ་བརྗིད།། རི་རབ་སྟེང་དུ་མ་མོ་ཡི། ། གཞལ་ཡས་ཁང་པབརྩེགས་མ་བསམ།། ཕྱི་ནང་རིན་ཆེན་སྣ་ལྔ་སྟེ།། ནང་དུ་ཐོད་པའི་གཞལ་ཡས་ཁང།། འོག་ནས་ཁྲག་གི་རྦ་ཀློ་ང་འཁྲུག།། སྟེང་ན་ཞིང་གི་བླ་ར་འཕྱོ།། བར་ན་དར་ནག་རུ་མཚོན་འཕྱར། ། དེ་ལྟར་རང་རྫོགས་མཆོད་པར་བྱ།། བདག་ཉིད་ཆེ་མཆོག་སྐུར་གསལ་ནས།། དཔལ་གྱི་མཆོད་པ་གཞུང་བཞིན་བྱ།། དེ་ནས་རང་ཉིད་གསལ་བྱའི་ཕྱིར།། སྟོང་གི་འཛབ་ཀྱང་རང་ལ་འབུལ།། དེ་ནས་མ་མོའི་གནས་རྣམས་སུ། ། དར་ཚིག་སྙིང་པོ་དེ་བསམས་ལ།། རང་ཉིད་ཆེ་བའི་ང་རྒྱལ་དང།། སྔོན་གྱི་དམ་ཚིག་རྗེས་དྲན་ནས།། ལག་ཏུ་རྔ་དྲིལ་ཐོགས་ནས་སུ།། མ་མོ་གནས་ནས་སྦྱན་དྲངས་ཏེ།། རང་རང་གནས་སུ་ལེགས་འོང་སྟེ། ། སྟེང་བུ་སྙིང་པོ་ལ་ཐིམ་ནས།། རང་རང་སྐུ་དང་རྒྱན་དུ་གསལ།། བརྡ་སྒོ་དང་ནི་བརྡ་ཕྱག་འཚལ།། གདན་གདིང་ལ་སོགས་དེ་བཞིན་ནོ།། དེ་ནས་དུས་ཚིགས་གང་ཡིན་པའི།། རབ་ཏུ་བརྟན་པར་བཞུགས་སུ་གསོལ། ། སྔར་དམ་ཉམས་པ་བཤགས་པར་བྱ།། སྨན་དང་ཁྲག་སོགས་བྱིན་གྱིས་བརླབས།། དང་པོ་སྨན་མཆོག་དེ་ནས་ཁྲག། དེ་ནས་ཆང་དང་གཏོར་མའོ།། རྣམ་ལྔ་མཆོད་པ་ལ་སོགས་པ།། དང་པོ་ཉིད་དུ་བྱ་བ་ཡིན། ། དེ་ནས་དེ་ལ་བསྟོད་པ་བྱ།། དེ་རྫེས་མ་མོའི་སྲོག་སྙིང་ནས།། དྲངས་ཏེ་མཁས་པས་བསྙེན་པ་བྱ།། སྐབས་འདིར་མ་མོ་ལ་དམིགས་པའི།། བཟླས་ལུགས་ཡིན་བར་ཤེས་པར་བྱ།། ཉིན་མོ་ཤི་འུ་མིས་མི་ཐོས། ། མཚན་མོ་སྲོག་ཏུ་མདའ་ལྟར་དྲང། མན་ངག་མེད་པར་སྲོག་སྙིང་འདྲེན།། ས་ན་མ་མོ་འཁྲུག་པར་ངེས།། མན་ངག་དོན་ནི་འདི་ཡིན་ཏེ།། མཚོ་ཡི་གནས་པས་སྲོག་ཡིན་ཏེ།། ལུས་ལ་སྲོག་ཏུ་འདོད་པ་ཡིན། ། ལུས་ཀྱི་སྙིང་པོ་སྙིང་ཡིན་པས།། སྲོག་སྙིང་བྱ་བ་སྙིང་ལ་ཡོད།། སྲོག་གི་སྙིང་པོ་སྙིང་དེ་ལ།། ཡི་གེའི་རྣམ་པ་འདི་ལྟ་བུ།། རྩ་རུ་གནས་པས་སྲོག་དེ་ཡིན།། དྲང་བ་སྙིང་གི་རྩ་ནས་འདྲེན། ། ཏིང་འཛིན་མདའ་ལྟར་སྙིང་རྩ་དྲང།། སྙིང་རྩ་དྲང་བས་སྙིང་ཡང་འོང།། སྙིང་འོངས་ལུས་སེམས་དག་ཀྱང་འོང།། མ་མོ་འོང་བས་བསྙེན་པ་ཡིན།། སྲིན་ལ་སོགས་པ་ཐམས་ཅད་ཀྱི།། སྲོག་སྣིང་ལ་སོགས་དེ་བཞིན་ནོ། ། དེ་ལྟར་ཐུན་བཞི་སྦྱོད་བ་ཡིན།། མཚན་མའི་བར་དུ་བསྙེན་པར་བྱ།། དང་པོ་སྲོག་སྙིང་ངོ་བོ་དང།། གནས་པའི་ཚུལ་ལམ་ཚད་རྣམས་ཤེས།། གྲངས་མང་ཟུར་ཡང་མ་ཆག་ན།། གུག་འགྲེང་ཚེག་བར་མ་ཆད་ན། ། འདི་ནི་མ་མོའི་སྙིང་རྩ་སྟེ།། སྙིང་རྩ་དྲངས་པས་ངེས་པར་ཞུགས།། བར་མ་ཆད་པར་སྟོང་སྟོང་ལ།། མཚན་མོ་སྟོང་ཚིགས་མཆོད་པ་དང།། བསྟོད་པ་དེ་བཞིན་བྱ་བ་ཡིན།། ཉིན་མོ་ཁྲི་སོགས་མཆོད་པ་བྱ། ། དེ་ཡིས་དུས་སུ་ཟབ་ཚོགས་ལ།། བྱིན་རླབས་སྤྱན་དྲངས་མཆོད་སོགས་བྱ།། ཚོགས་ལ་ཆ་བཞིར་ཁྱོ་བྱས་ལ།། དང་པོར་དཔའ་བོ་མར་མེ་མཆོད།། བར་མས་སྐབས་ཀྱི་ཉམས་ཆགས་བཤགས།། ཐ་མར་བར་ཆོད་དགྲ་བགེགས་ཀྱི། ། གཟུགས་བྱས་བསྒྲལ་དང་བཏབ་པར་བྱ།། དེ་ནས་མཚན་མ་བྱུང་བར་དུ། ལོ་དང་ཟླ་བར་བསྙེན་པར་བྱ།། མ་མོ་ལས་ཐམས་ཅད་ཀྱི་ལས་རྒྱུད་ལུང་ལས།། བསྙེན་པ་བསྟན་པའི་ལེའུ་སྟེ་གསུམ་པའོ། ། དེ་ནས་བསྙེན་པ་བྱས་པ་དང།། དེ་ནས་བསྒྲུབ་པ་བརྩམ་བྱ་བ།། སྙེན་པའི་མཎྜལ་དེ་ཉིད་ལ།། བདག་གི་གཟུགས་དང་མ་མོའི་གཟུགས།། གཟུགས་ཀྱི་སྙིང་ཁར་གསང་མཚན་ནང།། དམ་ཚིག་སྔགས་ཀྱི་དེ་ཉིད་སྦྱང། ། ལུས་དང་གྲིབ་མའི་ཚུལ་བཞིན་དུ།། རྟག་ཏུ་གནས་པ་གྲུབ་པ་ཡིན།། དེ་ལྟར་བསྒྲུབ་པ་གྲུབ་པ་ན།། ལས་ལ་སྦྱར་བ་བརྩམས་པར་བྱ།། སྒྲུབ་པའི་དུས་ཀྱི་ཏིང་འཛིན་ནི།། ཁ་ནག་ལྟ་བུའི་ཏིང་འཛིན་ཏེ། ། ཇི་ལྟར་སྣང་དང་གྲགས་པ་ཀུན།། ཐམས་ཅད་མ་མོའི་རང་བཞིན་ཏེ།། མ་མོ་རང་སེམས་སྣང་བ་ན།། སེམས་དང་མ་མོ་ཐ་དད་མེད།། ཏིང་འཛིན་མན་ངག་དེ་ལྟར་རོ།། བཟླས་ལུགས་བདག་དང་མ་མོ་ལ། ། དམིགས་པ་མཁས་པས་ཤེས་པར་བྱ།། བསྙེན་པ་མ་གྲུབ་སྒྲུབ་མི་བརྩམ།། བསྒྲུབ་པ་མ་ལུས་ལས་མི་བརྩམ།། ལས་མ་གྲུབ་པར་ལས་ཀྱི་ནི།། ལྷག་མ་ལ་སོགས་འབྲས་བུ་མེད།། མ་མོ་ལས་ཐམས་ཅད་ཀྱིས་ལས་རྒྱུད་ལུང་ལས། ། གྲུབ་པ་བསྟན་པའི་ལེའུ་སྟེ་བཞི་པའོ།། དེ་ནས་ལས་ལ་སྦྱར་བ་ཡི།། དཀྱིལ་འཁོར་རྫས་རྣམས་དགོས་པར་བྱ།། དགྲ་བོ་འགྲུབ་ས་འབྲུབ་ཁུང་སྟེ།། དྲག་པོའི་དཀྱིལ་འཁོར་གྲུ་གསུམ་བྱ།། ཀུན་ཀྱང་ནག་པོར་བྱས་ནས་ཀྱང། ། ནང་དུ་ཚེར་མས་བཀང་བྱས་ལ།། ཐ་མ་ཕོ་ཉ་རྩང་གིས་བསྐོར།། དེ་ནི་ལས་ཀྱི་དཀྱིལ་འཁོར་ཏེ།། དེ་ནས་དགྲ་ཡི་དྲི་མ་དྲུག། རུ་པའི་རྒྱུ་ལས་རུ་བ་བྱ།། སྲུབ་མོའི་ལོ་མ་རྐང་གིས་ཕྲུམ། ། སྐྱིན་དང་ཤལ་ཤུལ་རྒྱལ་མཚན་དུམ།། གྲོགས་མཁར་ས་དང་ཁྲི་ཚེ་ཕུག། དགྲ་ཡི་གཟུགས་བྱ་རང་ཁ་ཡི།། རྫས་རྣམས་གང་ཡང་མི་བཏང་ངོ།། དཔྲལ་བར་མིང་ལ་སྙིང་ཁར་རུས།། སྦྱི་བོར་ཨོཾ་ལ་འདོམས་སུ་ཕཊ། ། སྙིག་ཁར་ཧཱུཾ་ནག་སྒྲིལ་མའི་བར།། ནི་དང་ཛ་ཡི་འབྲུབ་ཁུང་དུ།། གན་རྐྱལ་བཞག་ལ་ལྷ་དང་དབྲལ།། སྲོག་ལྷ་དགྲ་ལྷ་མོ་ལྷ་སོགས།། སྲུང་བའི་ལྷ་དང་ལེགས་པར་ཕྲལ།། མ་ཉེས་འོ་དོད་དྲག་ཏུ་འབོད། ། དེ་ནས་ལིང་ཁར་དགྲ་བསམ་ལ།། ཁ་ཏི་ར་དང་བསེ་ཤིང་གི།། མེ་ལ་གཟུགས་དེ་གཟུགས་པར་བྱ།། དེ་ནས་འབྲུབ་ཁུར་ནང་དུ་གཞུག།། འབྱུང་པོ་ཀུན་ཚིམ་གཏོར་མ་བཏང།། བདེན་པའི་དམ་ཡང་ལེགས་པར་བདར། ། ལས་ཀྱི་རྫས་རྣམས་དགོས་ལེགས་བྱ།། སྔོན་དུ་བྱ་བའི་ལས་རྣམས་ནི།། བསྙེན་རྫས་སྐབས་དང་ཐུན་མོང་བྱ།། ཏིང་འཛིན་གསུམ་དང་མཆོད་བསྟོད་པར།། གོང་མ་བཞིན་དུ་ཤེས་པར་བྱ། ། ཐུན་བཞིའི་སྦྱོར་བ་མ་ཆད་ན།། ལས་ལ་སྦྱོར་བའི་རིམ་པ་སྟེ།། སྔགས་ཀྱང་དགྲ་བོ་དགུག་ལ་སོགས།། གསད་པའི་སྔགས་དང་བྱེ་བྲག་ལས།། ཚིག་ཀྱང་བསད་པའི་ཚིག་ཡིན།། དགྲ་བསད་པ་ཡི་ལས་ཡིན་ཕྱིར། ། ལས་ལ་སྦྱོར་བར་གྲགས་པ་ཡིན།། ཏིང་འཛིན་མ་མོའི་ཐུགས་ཁ་ནས།། འོད་ཟེར་ནག་མོ་ལྕགས་ཀྱུ་འདྲ།། འཕྲོས་པས་གཟའ་བའི་ལྷ་དང་དབྲལ།། ལུས་ལ་ནད་གཞི་སྣ་ཚོགས་ལངས།། བཀྲག་དང་གཟི་མདངས་ཉམས་པ་དེ། ། དཀར་ནག་དཀྱིལ་གྱི་མཚམས་དག་ནས།། མི་ཡི་ས་བོན་ནརི་བཀུག་ནས།། འབྲུབ་ཁུང་ལིང་ག་ལ་བསྟིམས་ནས།། ལྕགདས་ཀྱུ་ལྟ་བུའི་ཏིང་འཛིན་ཡིན།། སྟོང་གི་འོད་ཟེར་ཁོང་པ་ནས།། དགྲ་ལ་སོགས་པའི་བཟླས་པ་ཡིན། ། མཚན་མ་བྱུང་ནས་རུ་པ་སྟེ།། ཐུན་དབབ་རལ་གྲིས་གཏུབས་པ་སྟེ།། ཕོ་གཡས་མོ་ནི་གཡོན་ནས་གཏུབ།། ཤིན་ཏུ་ཁྲོས་སེམས་ཏིང་འཛིན་བསར།། དེ་ནས་བསྲེག་དང་བསྟེབ་པ་བྱ། ། བསྲེག་པའི་ཐལ་བ་ཆ་གསུམ་སྟེ།། ཆ་གཅིག་བྷྱོས་གདབ་གཏོར་མར་བཏབ།། ཆ་གཅིག་མནན་པའི་རྟེན་དུ་བཞགས།། ཆ་གཅིག་ཤི་བའི་རྟེན་ཕྱོགས་སུ།། གཏོར་ལ་བྲང་བརྡུང་འོ་དོད་འབོད།། ལས་ལ་སྦྱར་བའི་དུ་དྲུག་ཏུ། ། ཟ་ཚོགས་ཐ་མ་དགྲ་རུ་བྱ།། དེ་ལྟར་བྱས་པའི་ནམ་བྱེད་ནས།། སྦྱུགས་གླུ་བླང་ཞིང་གཟུ་དཔང་གསོལ།། བྲང་བརྡུང་ཚོ་ངེས་ཆེན་པོས་བརྡབ།། ལག་མཆོག་དཔལ་གྱི་གཏོར་མ་བྱ།། མ་མོ་གང་ཡང་བསྲེ་བ་མེད། ། འབྱུང་པོ་ཀུན་ཚིམ་གཏོར་མ་སྦྱིན།། དེ་ལ་ལས་བཅོས་དཔང་ཡང་གཟུགས།། ཚོགས་ཀྱི་འཁོར་ལོ་ཆེན་པོ་བསྐོར།། ལོག་ལ་རང་གི་ཆོ་གས་བསྲུང།། ལས་ལ་སྦྱར་བ་ཡིན་པར་ངེས།། མ་མོ་ལས་ཐམས་ཅད་ཀྱི་ལས་རྒྱུད་ལུང་ལས། ། ལས་ལ་སྦྱར་པའི་ལེའུ་སྟེ་ལྔ་པའོ།། དེ་ནས་ལས་ཀྱི་ལྷགས་མ་ནི།། ཐུན་ནི་འདི་ལྟར་བྱ་བ་སྟེ།། ཐུན་རྫས་སོ་སོར་དགྲམ་པར་བྱ།། དེ་ལ་ཞིང་གི་དགྲ་བརྟགས་སམ།། རྒྱུས་ཆེན་དགྲོལ་བ་བཤམས་ནས་ཀྱང། ། དང་པོར་ཁྲོ་བོ་བྱིན་དབབ་ཅིང།། གསུར་ཆེན་གཏང་ཞིང་ཆས་ཞུགས་ལ།། ཐུན་གྱི་མ་མོ་བསྐུལ་པར་བྱ།། དེ་ནས་ཐུན་གྱི་སྔགས་བཟླས་ཏེ།། ཏིང་འཛིན་དུག་གི་ན་བུན་དང། ། མཚོན་གྱི་ཆར་པ་ནད་ཀྱི་བསྐལ།། བྱུང་བར་བསམས་པ་ན་བུན་གྱིས།། ལྟ་བའི་ཏིང་འཛིན་ཡིན་པར་ངེས།། དེ་ནས་དུར་ཁྲོད་འཆད་པ་འམ།། བྱང་རི་མཐོན་པོའི་ཁར་འཛེགས་ལ།། མ་མོ་བསྐུལ་བ་ཐུན་དམིགད་བཅའ། ། དེ་ནས་ཐུན་གྱི་ལམ་བསྟན་པ།། བླ་ནས་ཕྱོགས་དང་འབེབས་ཕྱོགས་དང།། ཐུན་གྱི་འགྲོ་གཟུགས་སྲིན་པོ་དང།། སྲིན་མོའི་འགྲོས་ཀྱིས་བསྐོར་བར་བྱ།། རྔ་མ་དང་ཟ་འཕྱོང་པ་ཡི་ཚུལ། ། བརྡེག་ཚུལ་བསྐོར་བ་ལན་གསུམ་བྱ།། དེ་ནས་གྱད་ཀྱི་འདུག་སྟངས་དང།། ཐ་མ་རྟེན་ལ་བརྡེབ་པར་བྱ།། ཐུན་གྱི་གཟི་བྱིན་བསྐྱེད་པ་ནི།། མཆན་གྱི་བུ་ལ་འཕང་བའི་ཚེ།། བདུན་བརྒྱུད་རྩ་བ་གཅོད་སོགས་ཡིན། ། དེ་ནས་བརྡེབ་པའི་གནས་བསྟན་པ།། མཆན་གྱི་བུ་ལ་ཁྲག་ཐུན་ཡ།། དེ་ནས་ཐུན་གནས་ངེས་བར་འཆད།། ཐུན་གྱི་མཆན་ཉིད་ཤེས་པར་བྱ།། ཁྲག་དང་ཐོས་པས་སྣ་དྲངས་ཏེ།། དྲག་པོའི་གཏོར་མས་གཞུག་བཏུལ་ལོ། ། དེ་ནས་ཐུན་གྱི་དབྱེ་བ་ཡང།། གསད་ཐུན་དང་ནི་གསོ་ཐུན་དང།། བསྐང་ཐུན་བཟློག་ཐུན་ཡིན་པར་ངེས།། དེ་རེའི་ཐུན་གྱི་རིམ་པ་ཡང།། མཁས་པས་འདི་ལྟར་ཤེས་པར་བྱ།། ཕུར་ཐུན་ཡུངས་ཐུན་ཚེ་ཐུན་དང། ། རྡོ་ཐུན་ཆུ་ཐུན་ཟངས་ཐུན་དང།། མདུང་ཐུན་ར་ཐུན་མདའ་ཐུན་དང།། ཁྲག་ཐུན་ཐོད་བྱ་ཐུན་དང།། སྒོམ་ཐུན་ཁམ་ཐུན་སྙིང་ཐུན་དང།། དུག་ཐུན་ལུག་ཐུན་ལ་སོགས་པ།། བརྒྱ་རྩ་བརྒྱད་ཀྱི་ཐུན་འཕངས་པ། ། མ་ཧཱ་དེ་བ་འཇིག་འགྱུར་ནས།། གླིང་བཞིའི་མི་ལ་སྨོས་ཅི་དགོས།། ཐུན་གྱི་མན་ངག་མ་གོལ་བ།། དུག་གི་ན་བུན་ཏི་འཛིན་ཡིན།། གོལ་ན་རང་ལ་མཚོན་ཆ་ཡིན།། མ་མོ་ལས་ཐམས་ཅད་པའི་ལས་རྒྱུད་ལུང་ལས། ། ཐུན་གྱི་ལེའུ་སྟེ་དྲུག་པའོ།། དེ་ནས་ཡང་དག་བཤད་བྱ་བ།། ལྷག་མ་ངེས་པར་གདོན་མི་ཟ།། བསྲེག་པའི་ཆོ་ག་ཡིན་པར་འདོད།། བསྲེག་པའི་དགྲ་ནི་ཧོམ་ཡིན་ཏེ།། མ་མོ་དྲག་པོ་ལས་ཀྱི་ཧོམ། ། དཀྱིལ་འཁོར་རིམ་པ་འདི་ལྟར་བྱ།། གྲུ་གསུམ་པ་རྩང་དང་བཅས།། ཟུར་དུ་འབར་བའི་ཞལ་གསུམ་སྟེ།། ལོགས་ཀྱི་དེ་བཞིན་ཤེས་པར་བྱ།། ཟུར་གསུམ་འགུགས་བྱེད་ལྕགས་ཀྱུ་གསུམ།། ལོགས་གསུམ་འབིགས་བྱེད་ཏྲི་ཤུལ་གསུམ། ། ཤོད་རྡེ་བྱང་དམར་ཁྲམ་བམ་གདགས།། སྔོན་དམར་ཚོན་གྱི་དྲ་བ་བགྱི།། དེ་ཡི་ནང་དུ་གཟས་བའི་གཟུགས།། མིང་བྱང་བཏགས་པ་ས་ལ་བྱ།། སྙིང་ཁར་གདན་ཀྱི་འབྲུབ་ཁུང་བྱ། ། གདུག་པའི་ཧོམ་ཤིང་གཟུགས་ལ་བྱ།། དེ་ལ་བསྲེག་ཤིང་རྩང་གིས་བརྒྱན།། དེ་ནས་བདེ་བར་གཤེགས་པའི་ཧོམ།། ཕྱི་ཡི་འགྲུབ་ལུང་སྤངས་ནས་ནི།། བསྲེག་རྫས་སྦང་བའི་སྦྱིན་སྲེག་ནི།། ཀཱ་ལ་ཡག་ཤ་དྲག་པོའི་ཧོམ། ། འཕྲིན་ལས་རྣམ་བཞི་བཅོལ་བ་ཡིས།། བྱ་བ་མི་འགྲུབ་དྲག་པོ་འབྱུང།། གཟུགས་དེ་ཐུན་དབབ་གཏུབས་ནས་སུ།། སྔར་རྫས་དྲག་ཤིང་བསྲེག་བྱས་ན།། གང་ཡང་ཕུང་བར་ཐེ་ཚོམ་མེད། ། དེ་ཡི་ཏིང་འཛིན་འདི་ལྟར་སྟེ།། དཔེར་ན་ཤིང་བསྲེགས་ཐལ་བ་བཞིན། གཟུགས་བསྲེགས་ནི་དང་ལུས་བསྲེགས་བསམ།། ཤིང་བསྲེགས་ཐལ་བའི་ཏིང་འཛིན་ཡིན།། དེ་ཚེ་སྲེག་པའི་སྔགས་ཟློས་པ། དྲག་པོའི་མེ་ལ་དམིགས་ལ་བཟླས། གོང་མ་དྲག་པོ་རྫས་ལ་དམིགས་ཏེ་བཟླས། བཟླས་པ་ཡིན་པར་ཤེས་པར་བྱ། དེ་ནས་དྲག་པོ་མེ་ཡི་རྫས།། འདི་ལྟར་མཁས་པས་བཙལ་བར་བྱ།། དུག་དང་ཁྲག་དང་སྐེ་ཚེ་དང། ། ལན་ཚཱ་ནིམ་པ་ལ་སོགས་ཏེ། ད་དུ་ར་ཙས་དག་ལུགས་ཡིན།། ཡམ་ཤིང་དམར་ནག་ཁྲག་དང་དུག། དྲི་ཆེན་དྲི་ཆུ་མི་རུས་ཕྱེ།། སྐེ་ཚེ་ལན་ཚཱ་སྐྲ་སེན་མོ།། ཟངས་ལྕགས་འཁར་བ་ར་གན་ཕྱེ།། ཤ་བ་གླ་བ་དགོ་བ་རྣམ། རི་བོང་ལ་སོགས་རི་དཱགས་དང།། བོང་བུ་རྔ་མོ་ལ་སོགས་རྟུག།། ཇི་སྙེད་རྫས་ཀྱི་རོ་སྲེག་སའི་མཎྜལ་དུ།། རྫས་དགོད་པ་ཡི་རིམ་པ་ཡང།། མེ་ཏོག་ནག་པོ་དྲི་མི་ཞིམ།། རོ་ནི་ཁ་བའི་མེ་མར་ཆེན།། མི་སོགས་ཤ་བའི་ལྷ་བཤོས་དང། ། ཁྲག་གི་ཨརྒ་མཆོད་ཡོན་སོགས།། མཆོད་རྫས་སྔགས་པའི་གཡོན་དུ་བཞག། མིང་རུས་དྲི་ཆེན་དྲི་ཆུ་དང།། བོང་བུ་རྔ་སོགས་རྟུག་པ་དང།། ཚེར་མ་ཅན་གྱི་ཡམ་ཤིང་དང།། ཚ་བའི་དམར་ནག་སྐྲ་སེན་སོགས། ། སྔགས་པ་རང་གི་གཡས་སུ་བཞག། དགང་གཟུར་བླུགས་གཟར་མ་དུན་དུ་བཞག།། རྫས་དེ་བསྲེག་པའི་ཏིང་འཛིན་ཡང།། ཡམ་ཤིང་ལ་སོགས་འབར་བས་སྤྲས།། དེ་ནི་བཟའ་བ་རུ་པ་སྟེ། ། འབར་བའི་འོད་ལ་བསྲེག་པར་བྱ།། མར་སོགས་འཇུ་བའི་རྗས་རྣམས་ནི།། དེ་དག་བཟའ་བའི་ཁྲག་ཏུ་བསམ།། དེ་ནི་མ་མོའི་ཞལ་དུ་དབུལ།། དྲི་ཆེན་ལ་སོགས་རྫས་རྣམས་ནི།། དེ་ནི་བཟའ་བའི་ཤ་ཡིན་ཏེ། ། མ་མོའི་ཕྱག་ཏུ་དབུལ་བར་བྱ།། དྲག་པོ་ཧོམ་གྱི་མེ་དེ་ཡང།། སྨེ་ཤ་ཅན་དང་རྡོལ་པ་པོ།། མི་སྡོང་ཤན་པའི་ཁྱིམ་ནས་བླང།། དེ་ལྟར་བསྲེག་པའི་ཐབས་ཤེས་ན།། རྫས་བསྲེགས་ངེས་པར་དགྲ་བགེགས་ཡིན། ། འདི་དག་ལས་ཀྱི་ཁ་ཚར་ལས།། སྦྱིན་སྲེག་ཡིན་པར་གསུངས་པ་ནི།། ལས་ཀྱི་ཁ་ཚར་མ་ཤེས་པར།། ལས་ལ་སྦྱོར་བ་ཝ་དང་འདྲ།། དཔེར་ན་མདའ་ལ་མདེའུ་མེད་པས།། བསྒྲུབ་བྱ་འབིགས་པར་མི་ནུས་སོ། ། ལས་དང་ལས་ཀྱི་ཆོ་ག་སོགས།། གཅན་གཟན་སྟག་གི་མཆེ་བ་འདྲ།། དཔེར་ན་མདའ་ལ་མདེ་བཅུག་བཞིན།། ལས་མེད་ལས་ཀྱི་ཁ་ཚར་ཡང།། མགོ་བོ་མེད་པའི་རྔ་མ་འདྲ།། མགོ་མེད་རྔ་མ་འགྲོ་བ་མེད།། དེ་ལྟར་ལས་དང་ཁ་ཚར་གཉིས། ། བྱེ་བྲག་མཁས་པས་ཤེས་པར་བྱ།། ལས་དང་སྤྱི་དང་བྱེ་བྲག་དེ།། ཁ་ཚར་སྤྱི་དང་བྱེ་བྲག་ཡིན།། དཔེར་ན་སྲེག་པའི་མེ་ལ་ཡང།། ཞི་རྒྱས་དབང་དྲག་མངོན་སྤྱཽད་རྫོགས།། མེ་ཡི་བྱེ་བྲག་མཁས་པས་དབྱེ། ། ལས་དང་ལས་ཀྱི་ཚར་ལས།། མཁས་པ་སྦུ་གྲིའི་སོ་དང་འདྲ།། དེ་བས་འབད་པ་ཐམས་ཅད་ཀྱིས།། ལས་གཞན་ལེགས་པར་ཤེས་པར་བྱ།། ལས་ཀྱི་གཞུང་ལ་མ་རྨོངས་ཤིང། ། སེམས་ཅན་བརྟུལ་ཞུགས་དང་ལྡན་པ།། དུག་གི་སྔོང་པོ་ཡིན་པར་ངེས།། ལས་གཞུང་འདི་ལ་སྒྲུབ་ལུགས་གསུམ།། དང་པོ་བཀའ་ཡི་སྒྲུབ་པ་སྟེ།། གཉིས་པ་བཀའ་བརྟེན་བསྒྲུབ་པ་ཡིན།། གསུམ་པ་མན་ངག་སྒྲུབ་པའོ། ། བསྒྲུབ་པ་དེ་ལ་དུས་གསུམ་སྟེ།། རྒྱལ་བ་ང་ཡི་སྐུ་བཞུགས་དུས།། ང་ཡི་བསྟན་ལ་གནོད་པ་ལ།། བསྒྲུབ་པའི་ལས་རྣམས་བཅོལ་དགོས་ཏེ།། མ་མོ་མཁའ་འགྲོ་ལ་སོགས་པ།། མདོངས་སོལ་ཚུལ་དུ་ལས་བྱེད་པ། ། དེ་ནི་བཀའ་ཡི་སྒྲུབ་པ་ཡིན།། རྒྱལ་སྲིད་ཡོད་པའི་རྒྱལ་པོ་བཞིན།། ང་ནི་མྱ་ངན་འདས་འོག་ཏུ།། ང་ཡི་གསུང་གི་བྱིན་བརླབས་དང།། དགེ་བཅུ་དག་ལ་གནས་པ་དང།། བཀའ་བསྒོ་ལས་བཅོལ་བྱེད་པའི་དུས། ། བཀའ་བརྟེན་པའི་སྒྲུབ་ལུགས་ཡིན།། རྒྱལ་སྲིད་ཕར་བརྟེན་ཚུར་བརྟེན་བཞིན།། སྙིགས་མ་མི་དགེ་བཅུ་ཡི་དུས།། མན་ངག་གི་ནི་བསྒྲུབ་པ་སྟེ།། མ་མོ་རང་གི་མན་ངག་ལས།། བཀའ་ཡིས་འདུལ་བར་མི་འགྱུར་ཏེ། ། དཔེར་ན་རྒྱལ་ཁམས་སིལ་བུ་བཞིན།། དེ་ལྟར་བསྒྲུབ་པའི་མན་ངག་སྦངས།། ཐོ་ཆོར་མ་མོ་སྒྲུབ་བྱེད་པ།། རང་ཡང་ཕུང་ལ་གཞན་ལ་འང་གནོད།། དེ་བས་མི་ཤེས་རྨོངས་པས་རྨོངས།། མ་མོ་ལས་ཐམས་ཅད་པའི་ལས་རྒྱུད་ལུང་ལས། ། ཧོམ་གྱི་ལེའུ་སྟེ་བདུན་པའོ།། དེ་ནས་ངེས་བར་གདོན་མི་ཟ།། ལས་རྣམས་འདི་ལྟར་ཤེས་པར་བྱ།། སྦྱིན་སྲེག་བྱས་པའི་ཐལ་བ་དང།། དགྲ་ཡི་དྲི་མ་དྲུག་པོ་ལ།། མནན་པའི་ལིང་ཁ་བྱ་བ་སྟེ། ། མནན་པའི་རྟེན་ནི་དུ་ཡོད་པ།། འཁྲུལ་འཁོར་གྲངས་ཀྱང་དེ་ཙམ་བྱ།། གནན་པའི་གཞན་མ་རོ་རས་སོགས།། དེ་ལ་དུག་སོགས་རྫས་ཀྱི་སྐུ།། ཐེབས་པའི་དུས་སུ་འཁྲུལ་འཁོར་བཅའ། ། མནན་པའི་འབྲུབ་ཁུང་བདུན་བྱས་ལ།། དེ་ལ་དགྲ་ཡི་གཟུགས་བརྙན་བདུན།། བདུན་རྒྱུདརྩ་བ་ཡིན་པར་ངེས།། ཡང་ན་དེ་ཡི་གནས་བདུན་གྱི།། གཟུགས་བརྙེན་མདུན་དུ་མཁས་པས་བསམ།། ཞལ་ལས་བྱུང་བར་འབྲུབ་ཁུང་ལ། ། ལིང་ག་དེ་བཞིན་ཤེས་པར་བྱ།། ཕྱི་རུ་རྡོ་རྗེ་རྒྱ་གྲམ་ལ།། མན་ངག་ཅན་གྱིས་ལིང་ག་བྲི།། སྔོན་དམར་ཐུན་གྱི་དཀྱིལ་འཁོར་ཡིན།། དེ་ཡང་ཡན་ལག་རྫོགས་པར་བྲི།། སྙིང་ཁར་མིང་ལ་དབྲལ་བར་རུས། ། སྤྱི་བོ་སྙིང་ཀ་འདོམ་བར་དུ།། ཨོཾ་དང་ཧཱུཾ་ནག་ཕཊ་སེར་ནརི།། དབུས་ཀྱི་འབྲུབ་ཁུང་ཐ་མ་རུ།། གཙོ་བོའི་སྔགས་བྲིས་མ་མོ་ཡི།། གསང་སྔགས་རིམ་པར་བྲིས་ནས་ཀཡང།། དེ་ལ་ཐུན་གྱི་སྔགས་རྣམས་བྲི། ། དེ་ལ་སྡེ་བརྒྱད་གཉན་དགུའི་སྔགས།། དེ་རྫས་མནན་པའི་སྔགས་ཀྱང་བྲི།། གཟུགས་ཀྱི་བླ་གནས་རྣམས་སུ།། བྱང་དང་ཕུར་པ་ཛ་ལྕགས་ཀྱུ།། མདའ་ལ་སོགས་པའི་ཟ་བྱེད་བྲི།། སྲོག་གི་ཟ་བྱེད་བདུན་ཡིན་ཏེ། ། མཛེས་ལ་སོགས་པ་ཟ་བྱེད་དགུ།། བླ་ནས་གནས་པ་མཁས་པས་བྲི།། བླ་གནས་མན་ངག་མ་ཤེས་པར།། ཐུན་འདེབས་ཕུར་འདེབས་གྲིས་གཏུབ་པ།། དེ་ནི་ཞེ་སྡང་དོན་མེད་ཡིན།། བླ་གནས་རྣམ་པ་གཉིས་ཡིན་ཏེ། ། ཚེས་གཅིག་ལ་སོགས་བླ་གནས་ནི།། དེ་ནི་མི་འགྱུར་བླ་གནས་ཡིན།། བྱའི་མེའུ་ཆུང་གཤང་ལྕགས་གནས།། བྱི་བ་ལ་སོགས་ལོ་བཅུ་གཉིས།། དཔྱིད་ཟླ་ར་བ་ལ་སགོས་པའི།། ཟླ་བ་ཞག་ནི་སུམ་ཅུ་དང། ། དུས་ཚོད་བཅུ་གཉིས་ལ་སོགས་པའི།། འདི་ནི་འགྱུར་བའི་བླ་གནས་སོ།། རྩང་དང་གྲི་དང་ཛ་ལ་སོགས།། ལྷ་སྲིན་གང་གི་རབ་བྲི།། ཐ་མར་དབང་གི་ཁ་བྱང་གདགས།། གཏད་དང་ཁྲམ་གཉིས་སྦེལ་མར་བྲི། ། རང་གིས་ཉེས་ན་དཔང་མི་གཟུགས།། བར་དུ་དབྱེ་བའི་ཕྲ་མ་གཞུག།། བདེན་ཚིག་མ་ལུས་སོག་པར་བྲི།། དེ་ནས་མནན་པའི་ས་ཡང་རུང།། འབྱུང་པོ་ཀུན་ཚིམས་གཏོར་མ་གཏང།། དར་ནག་རེ་ནག་གུར་ཕུར་ལ། ། དང་པོར་ཟ་བྱེད་གང་ཡིན་པའི།། རྟེན་ལས་རང་གི་སྙིང་པོ་བཟླས།། སྐུ་རུ་བཞེངས་ལ་མཆོད་བསྟོད་བྱ།། ཟ་བྱེད་རྣམ་པ་བཞི་ཡིན་ཏེ།། སྲོག་གི་ཟ་བྱེད་གཤིན་རྫེ་ཡིན།། ཞ་གྲམ་ཟ་བྱེད་པ་བདག་ལ། ། སྨྱོ་འབོག་ཟ་བྱེད་རྒྱལ་པོ་ཡིན།། མཛེ་ནད་ཟ་བྱེད་ཀླུ་ཡིན་ནོ།། ཟ་བྱེད་གང་ཡིན་མཉེས་བྱས་ལ།། དེ་ལ་མནན་པའི་ལས་བཅོལ་ལོ།། བཟའ་བ་ལྷ་དང་དབྲལ་བྱས་ལ།། མནན་པའི་འཁྲུལ་འཁོར་གཟུགས་ལ་བསྟིམ། ། དེ་ནག་ལྷ་སྲིན་སྡེ་བརྒྱད་དོ།། དེ་ནས་འཁྲུལ་འཁོར་དྲི་བྱས་ནས།། སྔོན་དམར་སྐུད་པས་རྒྱ་གྲམ་བྲི།། སྐུད་པའི་སྔགས་ཀྱང་བཟླས་ཤིང་བྲི།། དེ་ནས་ལ་ཅའི་སྦལ་བར་གཞུག།། རེ་བ་ནག་པོས་དྲལ་བ་དང། ། དེ་ནས་ཐོད་པའི་ནང་དུ་གཞུག། ཐོད་པ་རླུང་དང་ཆུ་ལ་སོགས།། མི་ཚོར་བ་རུ་བསྲུང་བྱས་ལ།། དེ་ནས་ས་དེ་ཚད་དུ་བརྐོ།། དེ་ཡི་ཁུང་པར་ཐོད་པ་གཞག། ས་དེ་ལྷ་སྲིན་རྟེན་ཡིན་པས།། དེ་གཞག་རྟེན་ལ་གཏད་པའོ། ། དེ་ལྟར་གཏད་དང་ཁྲམ་བྲིས་པས།། འདི་ནི་གཏད་པའི་ཁྲམ་ཞེས་བྱ།། གཏད་ཅིང་ཁྲམ་དུ་བཏབ་པ་དེ།། མི་ཆོར་ཕྱིར་ན་མནན་པ་བྱ།། མནན་པ་རེ་ཞིག་བདུན་ཡིན་ཏེ།། བསྒོམ་པ་པོ་ལ་བདུན་པོ་དེ། ། ལས་བྱང་ནང་དུ་ཤེས་པར་བྱ།། དེ་ལྟར་བྱས་པའི་ཏིང་འཛིན་ནི།། མི་བཟུང་ལྕགས་བཅུག་ཏིང་འཛིན་ཡིན།། དེ་ལྟར་བཟླས་པའི་སྔགས་རྣམས་ནི།། ལྷ་སྲིད་ལ་དམིགས་བཟླས་པ་ཡིན།། ཐུན་ནི་སྤུ་གྲི་ལྟ་བུ་སྟེ། ། ལོ་མ་ཡལ་ག་གཅོད་པ་ཡིན།། མནན་པ་སྟེ་རེ་ལྟ་བུ་སྟེ།། བདུན་རྒྱུད་རྩ་བ་གཅོད་པ་ཡིན།། སྲོག་གི་མཐའ་སྡུག་མནན་པ་ཡིན།། སེར་བའི་མཐའ་སྡུད་རྟ་མ་ཡིན།། མ་མོ་ལས་ཐམས་ཅད་ཀྱི་ལས་རྒྱུད་ལུང་ལས། ། མནན་པའི་ལེའུ་སྟེ་བརྒྱད་པའོ།། དེ་ནས་ཡང་དག་བཤད་བྱ་བ།། ཁར་ནག་ཐུན་གྱི་སྔགས་རྣམས་ནི།། དཀར་ནག་སྔོ་དང་དམར་མོ་སེར།། ཕྱིང་ཁ་ལོག་སྟེ་གསང་བའ་ཐུན།། ཨོཾ་བཛྲ་གི་བི་ཧཱུཾ་ཀར་པོ་མ་ཧཱ་བར་ག་ཧཱུཾ་ཕཊ། ། ནག་པོ་ས་ཤིས་ཤི་བླ་ཤི་ས་ཟད་ཧཱུཾ་ཕཊ།། སྔོན་པོ།། ལོ་ཤི་ཁ་ལ་རགྴ་རྦད་ན་ཧཱུཾ།། དམར་པོ།། དུ་ར་ས་ཐིམ་ན་དགྲ་བོ་ཧཱུཾ།། སེར་པོའི་སྔགས་སོ།། མ་མོ་ཐམས་ཅད་ཀྱང་རྒྱུད་ལུང་ལས། ། སྤྱཽད་ལམ་ཁར་ནག་ཐུན་གྱི་ལེའུ་སྟེ་དགུ་པའོ།། ད་ནི་ལྟ་བ་བཤད་བྱ་སྟེ།། གཉིས་མེ་ལྟ་བས་ཐག་བཅད་ནས།། སྤྱོད་པ་ཆེན་པོ་ལ་དོར་རོ།། འཁོར་དང་མྱ་ངན་འདས་པའི་ཆོས།། རྟོགས་ན་དེ་གཉིས་ག་ལ་སྲིད། ། རྟོག་པ་ལོག་པས་གཉིས་སྣང་སྟེ།། དེ་ལ་མི་མོས་ལོག་རྟོག་ཅན།། རང་ལ་མངན་བྱེད་གོ་བའི་སེམས།། བསྟེན་བསྲུང་སྐུར་འདེབས་གཤགས་བྱེད་པ།། དེ་ཡི་འཁོར་བའི་ངན་འགྲོར་ལྟུང།། ཐུགས་རྗེ་ཆེན་པོ་ས་བསྒྲལ་བར་བྱ། ། དེ་ལྟའི་ལྟ་བ་དང་ལྡན་ན།། ལྟ་བ་དེ་ཉིད་སངས་རྒྱས་ཡིན།། ཤིན་ཏུ་གདུག་པའི་ཞེ་སྡང་ཅན།། ཇི་སྲིད་འདི་ནི་གསང་བར་བྱ།། འདི་ནི་ང་ཡིས་དགྲ་ཡིན་ཞེས།། རྒྱ་ཆེར་མ་རྟོགས་གོལ་སེམས་ཅན། ། ཞེ་སྡང་སོལ་པའི་སྡོང་པོ་འདྲ།། དེ་ནི་འཁོར་བའི་ཤ་ཡང་སར་ལྟུང།། གཞན་ཡང་ཕྲ་མོའི་ལྟ་བ་ནི།། སྦྱོད་ལམ་ཀུན་ཏུ་མ་གོལ་བར།། བདག་ཉིད་ཆེ་མཆོག་གཙོ་བོར་ལྟ།། གཡོན་རྣམས་ཐམས་ཅད་ཡུམ་དུ་ལྟ། ། མདུན་རྣམས་ཐམས་ཅད་མ་མོའི་ཚོགས།། བཀའ་ལུང་ཉན་ཅིང་ལས་བྱེད་ལྟ།། རྩི་ཤིང་ནགས་ཚལ་ལ་སོགས་ཀུན།། ཐམས་ཅད་མ་མོའི་ཚོགས་སུ་ལྟ།། བཟའ་དང་བཅའ་དང་བཏུད་དང་བགོ།། ལོངས་སྦྱོད་ཚོགས་སུ་སྣང་བ་ཀུན། ། ཐམས་ཅད་མ་མོའི་ཟས་སུ་ལྟ།། སྣོད་ཀྱི་འཇིག་རྟེན་གཞལ་ཡས་ཁང།། བཅུད་དུ་གནས་པ་འཁོར་སོགས་ལྟ།། སྟེང་ནི་ཞིང་གི་གཡང་གཞི་གསོལ།། འོག་ནི་ཁྲག་གི་རྒྱ་མཚོ་སོགས།། བར་ནི་ཀེང་རུས་རྩིག་པར་ལྟ། ། སྤྱོད་ལམ་ཀུན་ཏུ་བལྟ་བར་བྱ།། མ་མོ་ཐམས་ཅད་ཀྱི་ལས་རྒྱུད་ལུང་ལས།། སྤྱཽད་པའི་ལེའུ་སྟེ་བཅུ་པའོ།། དེ་ནས་རྣལ་འབྱོར་སྦྱོད་པ་ནི།། ལོངས་སྤྱཽད་མི་ཁྲག་ཤ་ལ་རློམ།། ཁྱད་པར་ཚིལ་ཆེན་ཤ་དང་རྐང། ། བྲིས་སྐུ་གཡས་གཡོན་ཀུན་ཏུ་ཡང།། སྦོས་ཀྱི་ན་བུན་འཐིབས་པར་བྲི།། མདོ་ལོང་དྲེ་རྟ་ཞོན་པ་ཀུན།། བུད་མེད་ཚུལ་དུ་ལབ་ཆུང་བགོ།། སོར་ཚིགས་འཕྲེང་བ་འབྲལ་མི་བྱ།། ན་ཆུང་གཞོན་པའི་གོས་ལེགས་བགོ། ཚིལ་ཆེན་མེ་མར་བལྟམ་བྱས་ལ།། བྲིས་སྐུ་དེ་ཡི་ཐ་མ་རུ།། འགྲོ་དང་འདུག་དང་བསྐོར་དང་འབུད།། རྐང་གླིང་བུད་ཅིང་ཆ་ལང་བརྡབ།། གསང་བ་སྔགས་ཀྱི་སྐོ་དང་སྐང།། མིས་མི་མཐོང་བར་དྲག་ཏུ་བཟླས། ། འགྲོ་དང་འདུ་འཛི་ཟས་དག་ལ།། ཆགས་པར་མི་བྱ་ཐོད་པའི་རྔ།། བརྡུང་ཞིང་མདོ་ལོང་སྤྱུགས་གླུ་བླང།། དྲག་པོ་དག་ལ་ཞུགས་བའི་ཚེ།། ཕྱར་བ་གོན་ལ་མཆི་མ་བཏང།། གདུང་བའི་སྨྲེ་སྔགས་གདོན་པར་བྱ། ། ཐུན་ལ་ཞིང་གི་སྐྲ་བཏགས་འཐེན།། ཤ་ཆེན་དག་ཀྱང་ཟ་བར་བྱ།། སྐོམ་ན་ཁྲག་ཀྱང་བཏུང་བར་བྱ།། དེ་ལྟར་བྱས་ནས་འགྲུབ་པར་ངེས།། གཞན་ཡང་སྦྱོད་པ་འདི་ལྟ་སྟེ།། རས་ཆེན་དག་ནི་བླངས་ནས་ཀྱང། ། རང་ལ་མོས་ཤིང་ཤིས་བ་ཡི།། མ་མོ་བྲི་སྐུ་འདྲ་འབག་སོགས།། བྱེད་པ་སྦྱོད་པ་ཡིན་པར་འདོད།། གཞན་ཡང་ཁྱད་པར་ཞིང་ཆེན་གྱི།། ཤ་དང་ཁྲག་དང་ཚིལ་ཆེན་སོགས།། གཏོར་མ་རྟག་ཏུ་གཏང་པར་བྱ། ། མ་མོ་ཐམས་ཅད་པའི་ལས་རྒྱུད་ལུང་ལས།། སྦྱོད་པ་བསྟན་པའི་ལེའུ་སྟེ་བཅུ་གཅིག་པའོ།། དེ་ནས་སྔགས་པའི་དམ་ཚིག་ནི།། སྙིང་རྫེ་དུས་དང་ལྡན་པ་རུ།། ཆུ་བོ་ཆེན་པའི་གཞུང་བཞིན་དུ།། ལྷ་མི་སྦང་ཞིང་བླ་མ་བཀུར། ། དམ་འདྲེས་གསང་བའི་འཚང་མི་འབྲུ།། འོག་མ་མི་ཤེས་སྙིང་རྫེ་བསྐྱེད།། གསང་སྔགས་སྒྲ་དང་ཏིང་ངེ་འཛིན།། སྤྱཽད་ལམ་ཀུན་ཏུ་རྒྱུན་མི་གཅད།། བཟའ་དང་བཏུང་བ་ཐམས་ཅད་ལ། ། ལྷ་ལ་ཕུད་དབུལ་ནར་པ་བཤགས།། དམ་རྫས་མ་འཚོམས་ལྷ་མི་བོད།། བུད་མེད་ཚོགས་ལ་སྨད་མི་བྱ།། རང་གིས་ཉེས་ན་དཔང་མི་གཟུག།། རྣལ་འབྱོར་རྣལ་འབྱོར་ཐམས་ཅད་ལ།། དུས་དང་རྟག་ཏུ་སྨད་མི་བྱ། ། དཀོན་མཆོག་སྤྱི་ཆེད་དང་དུ་བླང།། དེ་ལྟར་བྱས་ན་མྱུར་དུ་འགྲུབ།། ང་རྒྱལ་མི་བྱ་གཡོ་སྒྱུ་སྦང།། སྙན་དང་ཆགས་དང་གྲགས་པ་དང།། ཁྱེ་དང་བཀུར་སྟི་ལོངས་སྤྱོད་ཡང།། དམ་ཚིག་དོན་དུ་ཐམས་ཅད་སྦང། ། བསྒྲལ་བའི་ལས་རྣམས་མ་ཤེས་པར།། དྲག་པོའི་ལས་རྣམས་ཐམས་ཅད་སྦང།། སེམས་ཅན་ཀུན་ལ་སྙིང་རྫེ་ཞིང།། རྡོ་རྗེ་སྤུན་ལ་གདུང་སེམས་བསྐྱེད།། རྒྱུ་དུ་བརྟག་ཅིག་གཏོར་མ་གཏང།། ལོ་གཅིག་དང་ལ་རྒྱུ་བ་ནི། ། ཚེས་གཅིག་ལོ་གསར་གཉན་པོ་ཡིན།། ཟླ་བ་གཅིག་ལ་རྒྱུ་བ་ནི།། ཉི་ཤུ་དགུ་ལ་གཏོར་མ་གཏང།། ཞག་གཅིག་དུས་ནི་བཞི་ཡིན་ཏེ།། ནང་ནུབ་ཉིད་གུང་མཚན་གུར་སྟེ།། དུས་དེར་བྱ་བ་ཀུན་བྱས་ཏེ། ། འགྲུབ་པར་གྱུར་པ་ཐེ་ཚོམ་མེད།། མ་མོ་ལས་ཐམས་ཅད་པའི་རྒྱུད་ལུང་ལས།། དམ་ཚིག་བསྟན་པའི་ལེའུ་སྟེ་བཅུ་གཉིས་པའོ།། དེ་ནས་མ་མོ་དེ་དག་ནི།། དབྱེ་བ་འདི་ལྟར་ཤེས་པར་བྱ།། ཀུན་ཏུ་བཟང་མོ་ལ་སོགས་པའི། ། ཡང་གསང་མ་མོ་དྲུག་པ་ཡིན།། ཀུན་ཏུ་བཟང་པོ་དེ་ཉིད་ལ།། དབྱེ་བའི་རྣམ་པ་འདི་ལྟར་སྟེ།། ཀུན་ཏུ་བཟང་མོ་རྒྱལ་མོ་བཞི།། དེ་བཞིན་གཙོ་མོ་ཉིད་བཞི་སྟེ།། ཀུན་ཏུ་བཟང་མོའི་ཁ་བློན་བཞི།། དེ་བཞིན་གྲུབ་བློན་མ་བཞིའོ། ། མཚམས་ཀྱི་བློན་མོ་བཅུ་གཉིས་ཏེ།། བར་མཚམས་བློན་མོ་བཅུ་གཉིས་ཡིན།། དེ་ཡི་སྨན་མོ་བཅུ་གཉིས་ཡིན།། གོ་ལ་མ་གཞི་སྲིང་མོ་བཞི།། ཀུན་རུ་བཟང་མོའོ་མ་མོ་བདུན།། སྲིང་མོ་བདུད་ཏེ་གཞོན་ནུ་བཞི། ། བཅོས་སུ་མི་རུང་མ་མོ་བརྒྱད།། བཅོས་ནས་གྲུབ་པའི་མ་མོ་གཅིག། དེ་ལྟར་འགྱུར་བའི་མ་མོ་རྣམས།། ཀུན་ཏུ་བཟང་མོའི་མ་མོ་ཡིན།། དཔག་བསམ་ཤིང་གི་བུམ་པ་ལ།། མ་མོ་འདི་རྣམས་གནས་པ་ཡིན། ། ཡང་གསང་མ་མོ་ལྔ་པོ་ལ།། གོང་བཞིན་རྒྱལ་མོ་བཞི་ལ་སོགས།། མ་མོ་དབྱེ་བ་འདི་ལྟེ་སྟེ།། རི་རབ་ཁ་ཁྱེར་དང་པོ་ན།། རང་རང་གྲལ་གྱི་རིམ་པར་གནས།། ཡང་གསང་མ་མོ་དབྱེ་བའོ། ། ཡེ་ཤེས་མ་མོ་བཅུ་བཞི་ཡང།། རེ་ཞིག་མཁས་པས་འདི་ལྟར་དབྱེ།། དཔེར་ན་ཉི་ཟླ་ཐོད་འཕྲེང་ཅན།། ཐོད་འཕྲེང་ཅན་གྱི་ཁ་བློན་བཞི།། དེ་བཞིན་གྲུ་བློན་མ་བཞི་དང།། མཚམས་ཀྱི་བློན་མོ་བཅུ་གཉིས་དང། ། བར་མཚམས་བློན་མོ་བཅུ་གཉིས་ཡིན།། སྨན་མོ་བཅུ་གཉིས་གོ་ལེ་བཞི།། སྲིང་མོ་བཞི་དང་མ་མོ་བདུན།། སྲིང་མོ་བདུན་ཏེ་གཞོན་ནུ་བཞི།། ཇིར་མི་ཡོངས་ཀྱི་སྦུན་བཞི་དང།། བཅིས་སུ་མི་རུང་མ་མོ་བརྒྱད། ། བཅོས་ནས་གྲུབ་པའི་མ་མོ་གཅིག། འདི་དག་ཉི་ཟླ་ཐོད་འཕྲེང་ཅན།། དེ་ཡི་མ་མོ་དབྱེ་བ་སྟེ།། འཕྲ་མེད་རྒྱ་མཚོ་ལ་སོགས་པའི།། མཁའ་ཡི་མ་མོ་ཐམས་ཅད་ལ།། དབྱེ་བ་རིམས་བཞིན་ཤེས་པར་བྱ། ། དཔག་བསམ་ཤིང་གི་འཁོར་ལོ་ལ།། རི་རབ་བང་རིམ་བར་མ་ལ།། རང་རང་གྲལ་གྱི་རིམ་པར་གནས།། མཁའ་ཡི་མ་མོ་དབྱེ་བའོ།། སྲིད་པ་ཆགས་བྱེད་ལ་སོགས་པའི།། སྨན་མོང་དབྱེ་བ་འདི་ལྟ་སྟེ། ། དཔེར་ན་སྲིད་པ་ཆགས་བྱེད་ཀྱི།། སྨན་མོའི་རྒྱལ་མོ་བཞི་དང་ནི།། དེ་བཞིན་སྨན་མོ་ཁ་བློན་བཞི།། བཅོས་ན་གྲུབ་པའི་མ་མོའི་བར།། དེ་ཙམ་མ་མོའི་རིམ་པར་གནས།། སྲིད་པ་ཆགས་བྱེད་ལ་སོགས།། རང་རང་གྲམ་གྱི་རིམ་པར་གནས། ། མ་མོ་ཀུན་ལ་དེ་བཞིན་དབྱེ།། དཔག་བསམ་ཤིང་གི་འཁོར་ལོ་ལ།། རི་རབ་བང་རིམ་ཐ་མ་ལ།། རོལ་མཚོ་རི་རབ་གླིང་དང་ཡངས།། ལྕགས་རི་རྒྱ་མཚོ་དུར་ཁྲོད་སོགས།། སྨན་མོའི་ཚོགས་ཀྱི་དབྱེ་བ་སྟེ། ། དཔེར་ན་སྨུག་མོའི་ཚོགས་ལ་ཡང།། སྨུག་མོའི་རྒྱལ་མོ་ཁ་བློན་བཞི།། སྨུག་མོའི་གྲུབ་བློན་མཚམས་བློན་མོ།། སྨུག་མོ་བར་མཚམས་བློན་མོ་དང།། སྨུག་མོའི་དམར་མོ་གོ་ལེ་མ།། སྨུག་མོའི་སྲིད་མོ་མ་བདུན་དང། ། སྨུག་མོའི་བརྒྱད་མི་ཅིག་དང།། སྨུག་མོའི་ཚོགས་ཀྱི་དབྱེ་བ་སྟེ།། དཀར་མོ་ལ་སོགས་དེ་བཞིན་ནོ།། སྔགས་པ་གང་ཞིག་མ་མོའི་དབྱེ་མི་ཤེས།། མུ་ཆོར་སྐོང་དང་བསྐུལ་དང་ལས་འཆོལ་དང། ། གནད་ལས་འབོད་ཅིང་ལས་བྱེད་མདོས་བཅོས་བ།། རང་ཡང་ཚེ་ཐུང་འཇིག་རྟེན་བཀྲ་མི་ཤིས།། དེ་བས་སྲོག་ལུས་རྫས་རྣམསཀྱིས།། བླ་མ་མཉེས་བྱ་དབྱེ་བའི་མན་ངག་བརྩམ།། དཔེར་ན་རིགས་བཞིའི་དབྱེ་བ་ཤེས་ཙམ་གྱིས། ། རྒྱལ་རིགས་དབྱེ་བ་ཞིབ་མི་འགྱུར།། དེ་བཞིན་རིགས་གསུམ་མ་མོ་ཤེས་ཙམ་གྱིས།། མ་མོའི་བྱེ་བྲག་མི་ཤེས་སོ།། མ་མོ་ལས་ཐམས་ཅད་པའི་ལས་རྒྱུད་ལུང་ལས།། ལས་ཀྱི་མ་མོ་དབྱེ་བ་བསྟན་པའི་ལེའུ་སྟེ་བཅུ་གསུམ་པའོ། ། དེ་ནས་ལས་ཀྱི་མ་མོ་ཡི།། གནས་ཀྱི་དབྱེ་བ་འདི་ལྟ་སྟེ།། རེ་ཞིག་གནས་ནི་རྣམ་པ་གསུམ།། རང་བཞིན་ལས་ལས་གྲུབ་པའི་གནས།། དེ་ནི་རི་རབ་གླིང་ཡིན་ཏེ།། བཏུལ་ནས་དམ་ཚིག་དཔོག་པའི་གནས་དུར་ཁྲོད་རོ་དང་ནག་པོ་གནས། ། སྐར་མ་འོད་ཀྱི་བུ་མོ་དང།། ཀུན་ཏུ་བཟང་མོའི་མཁའ་དབྱིངས་དང།། དབང་ཕྱུག་ཆེན་པོའི་གདན་སྟེངས་དང།། སྲིན་མོ་རྒྱ་ཡི་གྲལ་ས་དང།། མ་རུ་རྩེ་ཡི་སྒོ་འགྲམ་ཡིན། ། ལས་བྱེད་ཟས་བྱེད་ཚོལ་བ་རྣམས།། དུར་ཁྲོད་ལ་སོགས་གནས་རྣམས་ཡིན།། དེ་དག་རིམ་པ་རྒྱས་པར་དབྱེ།། དཔག་བསམ་ཤིང་གི་བུམ་པ་ཡིན།། དབུས་སུ་ཀུན་ཏུ་བཟང་མོ་ཡི། ། རྒྱལ་མོ་བཞི་ཡི་གནས་ཡིན་ཏེ།། དེ་ཡི་ཕྱི་རོལ་བུམ་པ་ལ།། ཕྱོགས་བཞིར་ནམ་མཁའི་བློན་མོ་བཞི།། མཚམས་སུ་གྲུབ་བློན་བཞི་ཡི་གནས།། དེ་ཡི་ཕྱི་རོལ་ཆ་ལ་ནི།། ཕྱོགས་མཚམས་བཅུ་གཉིས་ཆ་ལ་ནི། ། མཚམས་ཀྱི་བློན་མོ་བཅུ་གཉིས་གནས།། དེ་ཡི་ཕྱི་རོལ་བུམ་པ་ལ།། ཕྱོགས་མཚམས་བཅུ་གཉིས་ཆས་ལ་གནས།། སྨན་མོ་བཅུ་གཉིས་གནས་པའོ།། གོ་ལེ་མ་སྟེ་གཡོག་མོ་བཞི།། ཕྱིར་བྱུང་ནང་འཇུག་ཀུན་ལ་དབང། ། དེ་ཡི་ཕྱི་རོལ་བུམ་པ་ཡིན།། ཕྱོགས་མཚམས་བཅུ་གནིས་ཆ་ལ་ནི།། སྲིད་མོ་བཞི་དག་མ་བདུན་གནས།། དེ་ཡི་ཕྱི་རོལ་ཆ་དག་ལ།། ཕྱོགས་མཚམས་བཅུ་གནིས་ཆ་ལ་ནི།། སྲིད་བདུན་བཞོན་བུ་བཞི་ཡི་གནས། ། དེ་ཡི་ཕྱི་རོལ་བུམ་པའི་ཆུ།། ཕྱོགས་མཚམས་བཅུ་གཉིས་ཆ་ལ་ནི།། སྤུན་བཞི་མ་མོ་བརྒྱད་ཀྱི་གནས།། དེ་ནི་དཔག་བསམ་བུམ་པའི་ཆ།། ཕྱོགས་མཚམས་དག་ལ་ལྔ་ཡི་ཆ།། ཕྱོགས་མཚམས་ལྔ་ཡི་ཆ་ལ་ནི། ། གོ་ལེ་བཞི་དང་མ་གཅིག་གནས།། དེ་ལྟར་རིམ་པ་དགུ་པོ་ཡང།། དེ་ནི་དཔག་བསམ་བུམ་པ་སྟེ།། ནང་དུ་དར་གྱི་གུར་དཀར་དགུ།། གསང་བ་རིན་ཆེན་སྣ་ལྔ་ཡིན།། ཁང་པ་བརྩེག་མ་སྒོ་དགུ་ཅན།། ཀུན་ཏུ་བཟང་མོའི་གནས་རྣམས་སོ། ། རི་རབ་ཁ་ཁྱེར་ཤར་ཕྱོགས་སུ།། དབུས་སུ་ཤར་གྱི་མ་མོ་ཡི།། རྒྱལ་མོ་བཞི་ཡི་གནས་ཡིན་ནོ།། ཤར་ཕྱོགས་དེ་ཡི་རིམ་པ་བརྒྱད།། ཆུ་ལ་དབང་པའི་རྒྱལ་མོ་ཡི།། ཁ་བློན་བཞི་སོགས་བརྒྱད་ཀྱི་གནས། ། ཕྱི་ནས་རི་རབ་ཁ་ཁྱེར་ཏེ།། ནང་དུ་དར་གྱི་གུར་དགུ་སྟེ།། གསང་བ་རིན་ཆེན་ཁང་པ་དགུ།། ཤར་གྱི་མ་མོའི་གནས་ཡིན་ནོ།། རི་རབ་ཁ་ཁྱེར་དང་པོ་ཡི།། ལྷོ་ཡི་དབུས་སུ་ལྷོ་ཕྱོགས་སུ།། རྒྱལ་མོ་བཞི་ཡི་གནས་ཡིན་ཏེ། ། འདི་དག་རང་བཞིན་གནས་ཀྱི་ལས།། གྲུབ་ཅིང་ལས་རྣམས་བྱེད་པའི་གནས།། གླིང་དང་དུར་ཁྲོད་ལ་སོགས་པའི།། བཏུལ་ཞིང་དམ་ཚིག་ཕོག་པའིགནས།། མ་རུ་རྩ་ཡི་སྒོ་འགྲམ་ཡིན།། དེ་ལྟར་མཁས་པས་ཤེས་པར་བྱ། ། ལྷོ་ཕྱོགས་དེ་ཡི་ཕྱི་རོལ་ཏུ།། ཆུ་ཡི་རྒྱལ་མོ་ཁ་བློན་དང།། གྲུབ་བློན་བཞི་ཡི་གནས་ཡིན་ནོ།། དེ་བཞིན་རིམ་པ་བདུན་གྱི་བར།། ལྷོ་ཕྱོགས་རྒྱལ་མོའི་གནས་ཡིན་ཏེ།། མདོར་ན་རིན་ཆེན་ཁང་བུ་དགུ། ། རིན་ཆེན་མཛེས་བའི་སྒོ་དགུས་སྤྲས།། རི་རབ་བང་རིམ་དང་པོའི་ནུབ།། དབུས་སུ་རྒྱལ་མོ་བཞི་ཡི་གནས།། ཁ་བློན་གྲུབ་བློན་བརྒྱད་ཀྱིས་གནས།། དེ་ཡི་ཕྱི་རོལ་མཚམས་བློན་གནས།། རི་རབ་ཁ་ཁྱེར་བྱང་ཕྱོགས་ཀྱི། ། རིམ་པ་དྲུག་ལ་དེ་བཞིན་གནས།། ཕྱི་ནས་རི་རབ་ནུབ་ཕྱོགས་ཏེ།། ནང་དུ་དར་གྱི་གུར་དགུ་ཡིན།། གསང་བ་རིན་ཆེན་ཁང་བུ་དགུ།། མེ་ལ་དབང་བའི་རྒྱལ་མོ་གནས།། རི་རབ་ཁ་ཁྱེར་བྱང་ཕྱོགས་ཀྱི། ། དབུས་ཀྱི་རླུང་ལ་དབང་བ་ཡི།། རྒྱལ་མོ་བཞི་ཡི་གནས་ཡིན་ཏེ།། དེ་ཡི་ཕྱི་རིམ་ལ་སོགས་བརྒྱད།། ཁ་བློན་ལ་སོགས་བརྒྱད་ཀྱི་གནས།། ཁང་བུ་དགུ་ལ་སྒོ་དགུ་ལྡན།། དཔག་བསམ་ཤིང་གི་བུམ་སྙིང་པོ། ། ནམ་མཁའ་རིགས་ཀྱི་རྒྱལ་མོ་ཡི།། རྒྱལ་མོ་བཞི་ཡི་གནས་ཡིན་ནོ།། དེ་ཡི་རིམ་པ་བརྒྱད་ལ་ནི།། ཁ་བློན་ལ་སོགས་སྡེ་བརྒྱད་གནས།། ནམ་མཁའ་སྟོང་ལ་དབང་སྒྱུར་བའི།། རྒྱལ་མོ་རྣམས་ཀྱི་གནས་ཡིན་ནོ། ། དེ་ལྟར་འགྱུར་བའི་གནས་རྣམས་ནི།། ཡང་གསང་མ་མོ་དྲུག་གི་གནས།། དེ་ནས་བློན་མོ་ཚོགས་ཀྱི་གནས།། མཁས་པས་འདི་ལྟར་ཤེས་པར་བྱ།། དཔག་བསམ་འཁོར་ལོ་འབར་བའི་དབུས།། ཡེ་ཤེས་མ་མོ་གཙོ་མོ་ཡི། ། རྒྱལ་མོ་བཞི་ཡི་གནས་ཡིན་ཏེ།། དེ་ཡི་རིམ་པ་བརྒྱད་ལ་བརྒྱད།། དེ་ཡི་གནས་སུ་མཁས་པས་བརྟག། འཁོར་ལོའི་ནུབ་དང་བྱང་དང་ཤར།། ལྷོར་ཡང་མ་མོ་དེ་བཞིན་གནས།། ཁ་ཁྱེར་ལ་ནི་སྡེ་བཞི་སྟེ། ། སྐྱེད་པ་དང་ནི་རྩ་བ་དང།། ཡེ་ཤེས་མ་མོ་སྡེ་ལྔ་གནས།། དེ་ལྟར་བང་རིམ་བར་པ་ནི།། བློན་མོ་རྣམས་ཀྱི་གནས་ཡིན་ནོ།། དཔག་བསམ་འཁོར་ལོ་ཐ་མ་ཡི།། དབུས་ལ་སོགས་པའི་རིམ་པ་དང།། རི་རབ་ཁ་ཁྱེར་ཐ་མ་ཡི། ། ཤར་ལ་སོགས་པའི་རིམ་པ་དང།། དཔག་བསམ་ཤིང་གི་རྩ་བ་དང།། རི་རབ་རྩ་བ་རྒྱ་མཚོའི་གཏིང།། རོལ་མཚོ་བྲག་དང་གླིང་རྣམས་དང།། ས་དང་ཆུ་དང་བྲག་དང་རི།། དུར་ཁྲོད་གྲོག་རལ་ཁང་རལ་སོགས། ། ལྕགས་རི་དང་ནི་གླིང་མཚམས་ཀུན།། སྨན་མོ་རྒྱལ་མོ་ཁ་བློན་དང།། གྲུབ་བློན་མཚམས་ཀྱི་བློན་མོ་སོགས།། དེ་དག་གནས་སུ་ཤེས་པར་བྱ།། རི་རབ་བང་རིམ་དང་པོ་ཡང།། རིན་ཆེན་བཞི་ལས་ཕྱོགས་བཞི་གྲུབ། ། དེ་ལ་རིན་ཆེན་མཛེས་པས་སྤྲས།། བང་རིམ་གཉིས་པ་དེ་ལས་ཟློག། བང་རིམ་གསུམ་པ་དེ་ལས་འགྱུར།། དེ་དག་གསུམ་ལས་ལྕོག་ལྔ་སྟེ།། གཙོ་མོ་རྣམས་ཀྱི་གནས་ཡིན་ནོ།། དཔག་བསམ་ཤིང་གི་རྩ་བ་ཡང། ། བཻ་ཌཱུརྻ་ཡི་རང་བཞིན་ཏེ།། པདྨ་ར་གས་མཛེས་པར་བརྒྱན།། དེ་ཡི་འཁོར་ལོ་གསེར་ཡིན་ཏེ།། དུང་དང་བཻ་ཌཱུརྻ་ཡིས་མཛེས།། དཔག་བསམ་ཤིང་གི་སྐེད་པ་ནི།། པདྨ་ར་གའི་རང་བཞིན་ཏེ། ། བཻ་ཌཱུརྻ་དང་གསེར་གྱིས་མཛེས།། དེ་ཡི་འཁོར་ལོ་དུང་ཡིན་ཏེ།། དུང་དང་ཨིཎྜ་ནི་ལས་མཛེས།། དཔག་བསམ་ཤིང་གི་རྩེ་མོ་ནི།། གསེར་དང་དམར་དང་དཀར་གྱིས་སྤྲས།། དེ་ཡི་འཁོར་ལོ་པདྨ་ར།། རིན་ཆེན་སྣ་ཚོགས་མཛེས་པས་སྤྲས། ། དེ་ལྟར་དཔག་བསམ་ཤིང་དེ་ཡང།། ལྷ་སྲིན་བསོད་ནམས་སྟོབས་ལས་བྱུང།། ཁ་ཅིག་བཟའ་དང་ལོངས་སྤྱོད་དེ།། ཁ་ཅིག་གི་ནི་གནས་དང་རྟེན།། དཔལ་གྱི་ཁང་པ་གཞལ་ཡས་ཁང། ། རང་བཞིན་གཞི་བཀྲ་མཛེས་པ་ཡོད།། དཔག་བསམ་ཤིང་གི་རྩེ་མོ་ཡི།། སྟོབས་ལས་རྩ་བའི་དཀྱིལ་འཁོར་ལ།། མྱུ་གུ་མཛེས་པ་སྣ་ཚོགས་བྱུང།། མ་མོ་སྨན་མོ་རོལ་མོ་ས།། དཔག་བསམ་ཤིང་གི་སྐེད་པ་དང། ། རྩ་བ་གཉིས་ཀྱི་སྟོབས་ལས་ནི།། སྐེད་པའི་འཁོར་ལོ་མེ་ཏོག་དག། དབྱིབས་དང་ཁ་དོག་སྣ་ཚོགས་བྱུང།། བློན་མོ་འཁོར་གྱི་རྒྱན་དང་མཛེས།། རྩ་བ་གྱེས་པ་རྩེ་མོའི་སྟོབས།། རྩེ་མོ་འཁོར་ལོ་འབྲས་བུ་དང། ། དགོས་འདོད་རྣམ་པ་སྣ་ཚོགས་དང།། ཁ་དོག་དབྱིབས་དང་རོ་དང་དྲི།། སྒྲ་དང་རེག་བྱ་ཁྱད་པར་ཅན།། དཔག་ཏུ་མེད་པ་འབྱུང་བ་དང།། དཔག་བསམ་ཤིང་ཞེས་བྱ་བར་གྲགས།། དེ་ལྟར་དཔག་བསམ་ཤིང་དེ་ཡང། ། མདོར་ན་རྒྱལ་མོ་རྣམས་ཀྱི་གནས།། ཁང་པ་རྣམས་ཀྱི་སྙིང་པོའི།། མ་མོ་ལས་རྒྱུད་ལུང་ལས།། ལས་ཀྱི་གནས་སོ་སོར་བསྟན་པའི་ལེའུ་སྟེ་བཅུ་བཞི་པའོ།། དེ་ནས་ལས་ཀྱི་མ་མོ་ཡི།། ནད་དང་དལ་གྱི་རྐྱལ་པ་ནི། ། མཁས་པས་འདི་ལྟར་ཤེས་པར་བྱ།། རྒྱལ་མོས་གླང་པོའི་རྐྱལ་པ་རུ།། ནད་ནི་སྣ་ཚོགས་བཀང་ནས་གཏོང།། གཙོ་མོས་སྟེང་གི་རྐྱལ་པ་རུ།། མཛེ་ནད་སྣ་ཚོགས་བཀང་ནས་གཏོང།། བློན་མོས་རྟ་ཡི་རྐྱལ་བ་རུ། ། འབྲུམ་བུད་འབྲུམ་བུ་གུ་ལེབ་དང།། ཤུ་བས་བཀང་ནས་ཕུང་བར་བྱེད།། ཁ་བློན་མོ་ཡིས་རྐྱལ་པ་རུ།། འབྲས་སྐུགས་ཕོལ་གྱི་ནད་ཀྱིས་བཀང།། གྲུབ་བློན་ཕར་བའི་རྐྱལ་པ་རུ།། རྣ་གཟེར་མགོ་སྐྲངས་གློ་ཟད་བྱེད། ། མཚམས་ཀྱི་བློན་པོ་སྨིག་པའི་རྐྱལ།། བལ་ནད་ལྷོག་པ་དཀར་ནག་བྱད།། བར་མཚམས་བློན་མོ་བྱ་ཡི་རྐྱལ།། གཤའ་ཡ་རྒྱ་ནད་རྒྱུ་གཟེར་རྨུ།། གོ་ལེས་སྟག་གི་རྐྱལ་པ་རུ།། སྐྲངས་འཐིབས་སྨྱོ་འབོག་ཆུ་སེར་ནད། ། མ་བདུན་རྔ་མོའི་རྐྱལ་པ་རུ།། ལྐུགས་རྐེགས་འདར་བུ་རྒྱུ་སྐམས་ལྐུགས།། སྲིང་བཞི་པགས་པའི་རྐྱལ་པ་རུ།། འཁྲུ་སྐྱུགས་ཀླད་གཟེར་སྙིང་གཟེར་ནད།། གཞོགས་ཕྱེད་བསྐམས་དང་ལུས་གདོང་གཡོན། ། ལས་བྱེད་ལྕགས་ཀྱི་རྐྱལ་པ་རུ།། ཕོ་མཚན་མོ་མཚན་སྐྲ་བས་བཀང།། སྨན་མོ་མི་ཡི་ཐོད་པ་ཐོགས།། ནད་ནི་སྣ་ཚོགས་ཐོད་པར་བླུག། རེ་མ་ཏི་སྟེ་བདུད་མོ་ནི།། རྐྱལ་པ་སྔོན་དམར་སྣ་ཚོགས་སུ། ། ནད་དང་རིམས་དང་དལ་གྱིས་བཀང།། སྟོང་ཁམས་སྔོན་དམར་འཇའ་ཡིས་བྲིས།། ནག་མོ་སྤུན་དགུའི་དབྱེ་བའོ།། མ་མོ་ལས་ཐམས་ཅད་པའི་རྒྱུད་ལུང་ལས།། ནད་བསྟན་པའི་ལེའུ་སྟེ་བཅོ་ལྔ་པའོ།།།། དེ་ནས་ལས་ཀྱི་མ་མོ་ཡི། ཁྲམ་ཤིང་རྡེ་ཤོད་བྱང་དམར་རྣམས།། འདི་ལྟར་མཁས་པས་ཤེས་པར་བྱ།། རྒྱལ་མོ་ཁྲམ་ཤིང་བྱང་དམར་ནི།། པུག་གི་ཤིང་ལས་བྱས་པ་ཡིན།། ཡེ་ཤེས་མ་མོ་རྩ་ཡི་ཤིང།། སྨན་མོ་ཚེར་མ་ཅན་གྱི་ཤིང། ། རྒྱལ་མོ་ཁྲམ་ནི་རྩེག་མ་སྟེ།། བློན་མོའི་ཁྲམ་ཤིང་སྤེལ་མར་བྱ།། སྨན་མོའི་ཁྲམ་ནི་ཟུར་གསུམ་མོ།། རྒྱལ་མོ་བྱང་བུ་དམར་སེར་ལ།། བློན་མོ་བྱང་བུ་དམར་ལྗང་ཡིན།། སྨན་མོ་བྱང་བུ་དམར་ནག་གོ། རྒྱལ་མོའི་ཤོད་རྡེ་དམུ་རྡེ་སྟེ།། བློན་མོའི་ཤོད་རྡེ་སྲིན་རྡེ་གནག། སྨན་མོའི་ཤོད་རྡེ་ཀླུ་རྡེ་ཡིན།། རྒྱལ་མོས་རྒྱལ་རིགས་རྒན་མོ་རྣམས།། ཁྲམ་ལ་འདེབས་དང་ཤོད་ལ་འདེབས།། དེ་བཞིན་བྱང་བུའི་དཀྱུས་སུ་འཛུད། ། བློན་མོ་བྲམ་ཟེ་རྗེ་རིགས་དང།། སྐེད་མགོ་ན་ཆུང་བར་མ་རྣམས། ཁྲམ་ལ་འདེབས་དང་ཤོད་ལ་འདེབས།། བྱང་བུ་ལ་འཛུད་ཤེས་པར་བྱ།། སྨན་མོ་དམངས་རིགས་བྱིས་པ་ཆུང། ཁྲམ་ལ་འདེབས་དང་ཤོད་ལ་འདེབས། ། བྱང་དམར་དཀྱུས་ལ་འཛུད་བར་ངེས།། དེ་ལྟའི་ཁྲམ་ལ་སོགས་པ་ཡང།། ཁྲམ་ཁ་མ་བརྩྀས་ཁྲམ་མི་ཐེབས།། དེ་ནས་ཁྲམ་པས་ཁྲམ་ཁ་བརྩིས།། ཤོད་ལ་མ་བཏབ་ཤོད་མི་ཐེབས། ། དེ་བས་མཁས་པས་ཤོད་ཁ་གདབ།། བྱང་བུ་མ་བྲིས་བྱང་མི་ཐེབས།། དེ་ནས་མཁས་པས་བྱང་བུ་བྲིས།། འདི་ཡང་ལས་ཀྱི་ཁ་ཚར་ཏེ།། ཁ་ཚར་གཞན་ནི་ཐུན་མོང་སྟེ།། བརྣག་ཐུན་ཁྲམ་ལ་སོགས་པ་འདི། ། མན་ངག་དམ་པ་འདི་ལ་ཡོད།། དེ་བས་གསད་པར་འདོད་པ་ཡིས།། མན་ངག་འདི་ལ་ནན་ཏན་བྱ།། དེ་ཡི་ནང་ནས་ཁྲམ་ཁ་གཙོ།། འདི་ནི་ནད་ཀྱི་ཁྲམ་ཁ་སྟེ།། འདི་མི་ཤེས་པའི་སྔགས་པ་དག། བྱང་གྲི་ཡུ་བ་བུད་པ་འདྲ། ། བསྒྲུབ་ཐབས་ལས་འདི་ཤེས་པར་བྱ།། དགྲ་གསད་བྱ་བ་བྱེད་མི་ནུས།། ད་ནས་མ་མོ་ཁྲམ་བརྩི་སོགས།། འདི་ལ་མཁས་པས་ནན་ཏན་བྱ།། རེ་མ་ཏི་ནི་འདོད་ཁམས་བདག། དེ་ཡི་ཕྱིར་ན་ཤིང་རིས་གསུམ། ། མ་མོ་ཁྲམ་ཤིང་བྱང་དམར་ཡིན།། སྣང་སྲིད་བདག་མོ་ཡིན་པའི་ཕྱིར།། རྡོ་བ་གསུམ་ཕྱར་ཤོད་རྡེ་ཡིན།། འདོད་ཁམས་གཙོ་མོ་ཡིན་པའི་ཕྱིར།། རྒྱལ་རིགས་ལ་སོགས་བཞི་རྣམས་དང།། གཙོ་མོ་ལ་སོགས་མི་ཚན་གསུམ། ། འདི་ཡིས་ཁྲམ་ལ་འདི་ཡིས་ཐམས་ཅད་འདེབས།། ཤོད་ལ་འདེབས་ཤིང་བྱང་བུར་འདྲི།། སྲོག་དབུགས་ཀུན་གྱི་བདག་པོའི་ཕྱིར།། དེ་ནས་མན་ངག་མ་བཙལ་ན།། ཁྲམ་ཁ་མ་ཤེས་རང་ལ་ཁྲམ། ། སྦྱོར་བ་ཉེས་བ་རང་ལ་ལྡོག། ཤོད་ཁམ་ཤེས་རང་ལ་ཤོད།། བྱང་བུ་མ་ཤེས་རང་ལ་རྒྱུད།། སྦྱོར་བ་མ་ཤེས་རང་ལ་ལྡོག། ཚིག་ཏུ་འདོན་པ་ཝ་སྤྲེ་འདྲ།། དོན་དང་སྦྱོར་བ་མཁས་བས་བཙལ།། སྦྱོར་བ་དག་དང་དོན་ཤེས་པའི། ། བླ་མ་དེ་ནི་རྡོ་རྗེ་འཛིན།། དེ་དང་རྟག་ཏུ་འབྲལ་མི་བྱ།། མ་མོ་ཐམས་ཅད་པའི་ལས་རྒྱུད་ལུང་ལས།། མ་མོ་ཁྲམ་ལ་སོགས་པ་བསྟན་པའི་ལེའུ་སྟེ་བཅུ་དྲུག་པའོ།།།། རྫོགས་སོ།།།།
CLOSE WINDOW