CLOSE WINDOW

Gpb047.006: བྱང་ཆུབ་སེམས་ཀྱི་ཕུར་པ་རྫོགས་པ་ཆེན་པོ་ཐེག་པའི་ཡང་ཞུན་རྒྱུད་ཀྱི་རྒྱལ་པོ་ཆེན་པོ
Wylie

། གསང་ངོ།།།། རྒྱ་གར་སྐད་དུ། བོདྷི་ཙིཏྟ་ཀཱི་ལ་ཡ་ཨཱ་ཏི་ཡོ་ག་བི་ཏོ་ཏ་མ་ལ་མ་ཧཱ་རཱ་ཛ་ཏན་ཏྲ། བོད་སྐད་དུ། བྱང་ཆུབ་སེམས་ཀྱི་ཕུར་པ་རྫོགས་པ་ཆེན་པོ་ཐེག་པའི་ཡང་ཞུན་རྒྱུད་ཀྱི་རྒྱལ་པོ་ཆེན་པོ། བཅོམ་ལྡན་འདས་བྱང་ཆུབ་སེམས་ཀྱི་ཕུར་པ་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གི་ཐོས་པའི་དུས་གཅིག་ན། ཆོས་ཉིད་སྤྲོས་པ་མེད་པ་དང་ཀུན་འབྱུང་ཡེ་ཤེས་ཆེན་པོ་སྟེ། གཉིས་མེད་གསང་བའི་འོག་མིན་གནས་མཆོག་དམ་པ་ན། བཅོམ་ལྡན་འདས་ཚིག་དང། དོན་དང། ལས་དང། འབྲས་བུ་ཡང་དག་པར་སྟོན་པའི་མཆོག། བརྗོད་མེད་མི་གནས་སྐུ་མི་མངའ།། སྒྲ་ལས་འདས་པ་དོན་གྱི་གསུང། ། བསམ་བྲལ་ཡེ་ཤེས་ཐུགས་ཀྱི་ངང།། ཐུགས་རྗེ་ཡོན་ཏན་རྒྱ་མཚོ་ཀུན་ལ་ཁྱབ།། མ་འདྲེས་ཡོངས་རྫོགས་འཕྲིན་ལས་མཆོག། ཕྱོགས་རིས་དབྱིབས་གནས་ཞིང་ཁམས་ཏེ།། བཞུགས་པ་མེད་པའི་ཚུལ་གྱིས་བཞུགས་པའོ། ། བཏགས་པའི་མིང་དང་ཡེ་ཤེས་རོལ་པ་དང།། བྱིན་བརླབས་སྤྲུལ་པའི་འཁོར་དང་ལྡན།། བསྐོར་བ་མེད་པའི་ཚུལ་གྱིས་བསྐོར།། ཚིག་དོན་བརྗོད་རྟོགས་པ་སྐད་ཅིག་མ་ལས་དངོས་པོར་འབྱུང་བར་བཏུབ་བམ་ཞེ་ན། བཀའ་སྩལ་པ། སེམས་ལས་འདོད་ཆགས་ཞེ་སྡང་དང།། ང་རྒྱལ་ཕྲག་དོག་སྡུག་བསྔལ་འབྱུང།། གཏི་མུག་དག་ཀྱང་དེ་བཞིན་ཏེ།། འདི་ལས་ཁམས་གསུམ་ཐམས་ཅད་དང།། སྐྱེས་པ་བུད་མེད་མ་ནིང་འབྱུང། ། འདི་ལས་འདོད་དང་གཟིར་བ་འབྱུང།། ཉོན་མོངས་གདུང་འདོད་ཆགས་པ་འབྱུང།། རི་དང་སྐྱེ་བོ་དེ་བཞིན་དུ།། ནམ་མཁའ་དང་ནི་རླུང་དང་དང།། སྲེག་པ་མེ་ནི་རབ་ཏུ་འབྱུང།། འདི་ལས་ས་དང་ཆུ་དག་ནི། ། རྡོ་དང་ས་བོན་མྱུ་གུ་འབྱུང།། དེ་བཞིན་གློག་དང་སྐར་མ་དང།། ཉི་མ་ཟླ་བ་སྤྲིན་རྣམས་འབྱུང།། དེ་བཞིན་སྤྱོད་དང་མི་སྤྱོད་ཀུན།། ཐམས་ཅད་ཐམས་ཅད་འབྱུང་བར་འགྱུར།། ཞེས་པ་དང། གསོལ་པ། བྱང་ཆུབ་སེམས་ཀྱི་ཕུར་པ་ལས་འབྱུང་བའི་ཆོས་འདི་དག་ཐམས་ཅད་ཅི་ཞིག་ལགས་ཞེ་ན། བཀའ་སྩལ་པ། ཆོས་རྣམས་ཐམས་ཅད་སེམས་ལས་འབྱུང།། སེམས་ཀྱིས་བསྟན་པའི་ལུས་ལ་ཉོན།། ཕྱོགས་བཅུའི་སངས་རྒྱས་ང་ཡི་སེམས། ། ཕྱི་ནང་སྣོད་བཅུད་ང་ཡི་སེམས།། ཕྱོགས་སུ་སྣང་བ་ང་ཡི་སེམས།། མཐོ་རིས་ངན་སོང་ང་ཡི་སེམས།། སེམས་ཀྱི་སངས་རྒྱས་ཕུར་པ་ལ།། སྤྲུལ་པ་ཕྱོགས་བཅུ་སངས་རྒྱས་ཉན། ། ཞེས་པའོ།། གསོལ་བ། བྱང་ཆུབ་སེམས་ཀྱི་ཕུར་པ་དེ་འཁྲུལ་པའི་དངོས་པོ་སྣ་ཚོགས་པ་འདི་གང་སྤྱོད་ཡུལ་ལགས་ཤེ་ན། བཀའ་སྩལ་པ། འབྱུང་བ་ལྔ་དང་ཡུམ་ལྔ་དབང་པོར་བཅས།། སྐྱེ་རྒས་ན་འཆི་ལ་སོགས་སྡུག་བསྔལ་ཚོགས། ། དབྱིབས་དང་ཁ་དོག་མཚན་མ་ཇི་སྙེད་པ།། འདི་དག་འཁྲུལ་བའི་སེམས་ཅན་ཡུལ་ཡིན་ཏེ།། བདེན་པ་མཐོང་བའི་ངོ་ལ་འདི་མི་སྣང།། སྣང་བ་འདི་ཀུན་གྱིས་ནི་ཚད་མ་མཐོང་བ་མ་ཡིན་ཏེ། ། སྣང་བ་མེད་བཞིན་ཐོག་མ་མེད་པའི་དུས་ནས་རྟོགས་པས་བརྟགས་པ་ཡི།། གཟུང་འཛིན་བག་ཆགས་རྟས་པའི་དབང་ཡིན་ཏེ། འཁྲུལ་ཏེ་འདི་ལ་གདགས་སུ་ཟད་ཀྱི་ཡང།། སེམས་ཉིད་མ་འཁྲུལ་བར་ཡང་བདེན་པའི་ཕྱིར། ། སྐད་ཅིག་གཅིག་ལ་སྣང་མྱོང་ངོ།། གསོལ་པ། བྱང་ཆུབ་སེམས་ཀྱི་ཕུར་པ་དེ་འཁྲུལ་བའི་ཡུལ་དུ་སྣང་བའི་དངོས་པོ་འདི་དག་ཅི་ལ་གནས་པ་ལགས་ཤེ་ན། བཀའ་སྩལ་པ། བདག་དང་བདག་གཞན་རྣམས་དང་ནི། ། ལོག་པར་རྟོགས་པ་ཙམ་ཉིད་ལས།། ཕྲ་ཞིང་ཟག་པ་ཡོད་མ་ཡིན།། ལོག་རྟོག་ཉིད་ལ་ཉིད་སྤྱོད་དེ།། གཞན་དུ་གསོལ་བ་ཅི་ཡང་མེད།། ཅེས་པའོ།། གསོལ་བ། བྱང་ཆུབ་སེམས་ཀྱི་ཕུར་པ་དེ་ཚུལ་ཇི་ལྟར་གནས་ཤེ་ན། བཀའ་སྩལ་པ། དེ་ཕྱིར་སེམས་ཀྱི་སྐད་ཅིག་དང་པོ་དེ་ལ་ལུས་དང་ཆོས་ཀུན་གནས།། དེ་བས་ཞེན་ཕྱིར་ཕྱི་མ་ཡང་དེས་དེ་ལ་སྣང།། རང་སེམས་རྒྱུན་ལས་འཕགས་པ་སྐྱེ་བའི་ཆོས་ནི་གཞན་ན་ཡོད་མ་ཡིན། ། རྒྱུ་དྲུག་རིགས་ལས་དེ་ལ་སྣ་ཚོགས་དེ་དག་རང་གི་ཏིང་ངེ་འཛིན་ཏེ།། གསོལ་པ། བྱང་ཆུབ་སེམས་ཀྱི་ཕུར་པ་དེ་དངོས་པོ་སྣ་ཚོགས་པར་སྣང་བ་འདི་དག་ཚད་མ་ལགས་སམ་མ་ལགས་ཤེ་ན། བཀའ་སྩལ་པ། སྐྱེ་བོ་ཀུན་གྱི་སེམས་དང་དངོས་སྣང་ཕྱི་ནང་གྲགས་པའི་ཆོས་འདི་ནི།། འཛིན་པ་དྲུག་གིས་ཇི་ལྟར་མཐོང་ཞིང་བརྟགས་པས་དེ་ལྟ་མ་ཡིན་འཁྲུལ།། རང་གི་རྟོགས་པས་མྱོས་པ་དེ་ཉིད་གཟུང་བ་བདེན་གྱུར་ན། ། དེ་དག་དངོས་པོ་མེད་རྟོགས་དགྲ་བཅོམ་འདྲ་བར་གྲོལ་བར་འགྱུར་བར་རིགས། གཞན་དུ་སྐྱེ་མཆེད་བསྒོམས་ནས་རིག་པ་དེ་དག་ཚད་མར་འགྱུར་ན་ནི། དེ་ཉིད་ཚད་མར་གྱུར་པས་འཕགས་པའི་ལམ་དེ་སུ་ལ་རྒས་མི་འགྱུར། ། ལམ་དེ་རྣམ་གྲོལ་ལམ་དེ་བསྟན་ཅིང་དབང་པོའི་ཤེས་པས་མི་ཐར་ཏེ།། སྡུག་བསྔལ་འགའ་ཡང་མི་འཇིལ་རྣམ་རིག་ཅེས་ཏེ་ཉོན་མོངས་འབྱུང་བའི་གནས།། དེ་ཕྱིར་སྐྱེ་བས་མཐོང་བ་དེ་དག་འཁྲུལ་པ་ཡིན་པར་མངོན་ཞིང་རྒྱལ་བས་གསུངས་པའོ། ། གསོལ་བ། བྱང་ཆུབ་སེམས་ཀྱི་ཕུར་པ་དེས་འཁོར་བའི་སྡུག་བསྔལ་བཟློག་པར་འདོད་པའི་ཕྱིར་རྣལ་འབྱོར་ལས་གང་ལ་བརྟེན་པར་བྱ་ཞེ་ན། བཀའ་སྩལ་པ། འཁོར་བའི་སྡུག་བསྔལ་སེལ་འདོད་ན།། མན་ངག་ལྡན་པའི་སློབ་དཔོན་ཚོལ།། དེ་ནས་འཁོར་བ་རྩད་ནས་འདོན།། དེ་ལྟར་རྟག་ཏུ་གུས་པར་གྱིས།། ཞེས་གསུངས་སོ།། གསོལ་པ། བྱང་ཆུབ་སེམས་ཀྱི་ཕུར་པའི་དོན་བསྟན་པའི་སློབ་དཔོན་ཇི་ལྟ་བུ་བརྟེན་པར་བགྱི་ཞེ་ན། བཀའ་སྩལ་པ། སློབ་དཔོན་ཚད་མར་མི་ལྡན་སྤྲེའུ་འདྲ་བའི་ལུས།། བསྟེན་ཀྱང་ལམ་ནོར་རྟོག་པས་ཟིན་ཏ་རེ།། དེ་བས་གསེར་ལ་ནག་ཚུལ་གཏོང་བའི་སློབ་དཔོ་རིན་ཆེན་ཏེ། ། རིན་ཐང་དཔག་ཏུ་མེད་པའི་རིན་གྱིས་བསླུ་བར་བྱའོ།། གསོལ་བ། བྱང་ཆུབ་སེམས་ཀྱི་ཕུར་པའི་དོན་སྟོན་པའི་སློབ་དཔོན་བརྟེན་པའི་ཡོན་ཏན་ཅི་ཞེ་ན། བཀའ་སྩལ་པ། བླ་མེད་བྱང་སེམས་ཕུར་པ་སྟོན་པའོ།། ཡོན་ཏན་མི་ཟད་སྦྱིན་པ་ཡིན།། བྱང་ཆུབ་ལམ་ཆེན་འདྲེན་མཛད་པ།། འཁོར་བའི་ལམ་རྣམས་སྟོངས་པར་བྱེད།། མ་རིག་མུན་སེལ་སྒྲོན་མ་ཡིན། ལོང་པ་རྣམས་ཀྱི་དམིགས་བུ་མཁན། ། དེ་ལ་རྟག་ཏུ་མཆོད་བྱས་ན།། སངས་རྒྱས་བྱང་ཆུབ་ཐག་མི་རིང།། ཞེས་གསུངས་སོ།། གསོལ་བ། བྱང་ཆུབ་སེམས་ཀྱི་ཕུར་པ་དེའི་དོན་སྟོན་པའི་སློབ་དཔོན་དེ་ལ་ཐབས་ཇི་ལྟ་བུས་མཉེས་པར་བགྱི་ཞེ་ན། བཀའ་སྩལ་པ། སློབ་དཔོན་ལ་སྨོད་པ་ནི། དཔེར་ན་མུན་ཁུང་སྒྲོན་བསད་ན།། མཐོང་བའི་དོན་མི་རྙེད་པ་བཞིན།། སྡུག་བསྔལ་ནམ་ཉག་ཡུན་རིངས་སུ།། བསྐལ་པ་མང་པོར་མྱོང་བར་འགྱུར།། དེ་བས་རྟག་ཏུ་གུས་པར་བགྱི། ། ཡུལ་ལ་དབང་པའི་རྒྱལ་པོ་བས།། ཤིན་ཏུ་གཙོ་བོར་བླང་བར་བྱ།། དྲིན་ཆགས་བསྐྱེད་པའི་ཕ་མ་བས།། ཤིན་ཏུ་གདུང་ཞིང་བརྩེ་བར་བྱ།། བརྣག་པའི་ནོར་ལ་འཕངས་མེད་ཅིང།། གུས་དང་བཅས་པའི་བརྩེ་གདུང་གིས། ། མན་ངག་ཐོབ་ཕྱིར་དབུལ་བར་བྱ།། གསོལ་བ། བྱང་ཆུབ་སེམས་ཀྱི་ཕུར་པ་དེའི་གོ་བའི་ཕྱིར་མང་དུ་ཐོས་པའི་ཤེས་རབ་གཅེས་སམ་མི་གཅེས་ཞེ་ན། བཀའ་སྩལ་པ། ཇི་ལྟར་ཅང་ཤེས་ཀྱི་ལིང་དག། སྡོམ་བྱེད་སྒྲོག་གིས་བཅིངས་འགྱུར་བ།། བཀྲོལ་ནས་བདེ་རླག་བཏང་གྱུར་ན།། ཅི་ཡང་ཐོགས་མེད་འགྲོ་བ་ལྟར།། སེམས་ཀྱི་དབང་པོ་ཅང་ཤེས་འདི།། མི་ཤེས་བཅིངས་པས་བཅིངས་འགྱུར་ན། ། རྣམ་གྲོལ་ཐོས་པའི་སྒོ་མོ་ཡིས།། ཤེས་རྒྱུད་ཀུན་འགྲོལ་ཐོགས་མེད་འགྲོ།། འདི་ནི་མི་ཤེས་རྒྱུད་འགྲོལ་བའི།། བཅིངས་པར་འགྱུར་བ་དགྲོལ་བ་སྟེ།། རྒྱུད་རྣམས་དགྲོལ་བའི་བརླབ་པ་རུ།། གོམས་པར་བྱེད་པ་རབ་ཏུ་གཅེས། ། ཞེས་གསུངས་སོ།། གསོལ་པ། བྱང་ཆུབ་སེམས་ཀྱི་ཕུར་པའི་མན་ངག་ཡིད་ཀྱང་མང་དུ་ཐོས་པ་གཅེས་ལགས་སམ་ཞེ་ན། བཀའ་སྩལ་པ། རང་གི་སེམས་ཀྱི་རྩ་བ་མ་ཆོད་ན།། ཇི་ལྟ་སྨྲས་ཀྱང་དོན་མེད་གཡེང་བའི་རྒྱུ། ། ཉན་པ་མང་པོ་འདུ་འཛི་བསྐྱེད་པ་ཡིན།། དགེ་བའི་ཆོས་སྤྱོད་རྣམ་གྲོལ་ཐོབ་པར་དཀའ།། དེ་བས་དོན་འདི་ཡོངས་སུ་གོམས་པར་གྱིས།། སྡེ་སྣོད་རྣམ་གྲངས་ཆོས་ལ་བློ་འབྱོངས་ཀྱང།། ངེས་པའི་གཏན་ཚིགས་གཅིག་ཏུ་མ་ཤེས་ན། ། དོན་མེད་སྤུངས་པའི་ཚིག་དེས་སུས་ཀྱང་གོ་མི་འགྱུར།། གདེང་ལྡན་བློ་ལ་མན་ངག་མ་བཞག་ན།། མུ་མེད་སླབ་ཅོལ་དོན་མེད་སྨྲ་བ་བོན་པོ་བཞིན།། ཇི་ལྟར་བརྗོད་ཀྱང་དོན་མེད་གཡེང་བའི་རྒྱུ། ། ཞེས་གསུངས་སོ།། གསོལ་བ། དེ་ལྟ་བུའི་བྱང་ཆུབ་སེམས་ཀྱི་ཕུར་པའི་མན་ངག་སྟོན་པ་ལ།། དཔེ་འམ་ཚད་མ་ཞིག་འཚལ་ལམ་མི་འཚལ་ཞེ་ན། བཀའ་སྩལ་པ། གསང་སྔགས་རྒྱ་མཚོ་ཆེན་པོ་འདི། ། དཔེ་དང་ཚད་མའི་གཏན་ཚིག་དང།། རྗེས་སུ་དཔག་པའི་ཤེས་རབ་ཀྱིས།། རྟོགས་པར་གྱུར་པ་མ་ཡིན་ནོ།། མངོན་སུམ་ལ་སོགས་རྒྱུའི་དངོས་པོ་འཇིག་ཅིང་གྲུབ་པའི་མཐའ་སྤྱོད་པའི། ། དེ་ཉིད་རྟོགས་པའི་རྒྱུ་འབྲས་སྤྱོད་ཡུལ་ཚད་མར་བཞག་ནས་བློ་ཡིསའཇིག་བྱེད་དེ།། རྟོག་མཐའ་མེད་ཕྱིར་སྤྱོད་མཐའ་མེད།། དེ་ཡི་སྙིང་པོ་མེད་ན་ཚད་མ་གང།། དེ་ཕྱིར་འཇིག་རྟེན་བརྟགས་པའི་ཐ་སྙད་རྟོགས་པ་རྣལ་འབྱོར་ལམ་འདིར་མི་དགོངས་སོ། ཞེས་གསུངས་སོ།། གསོལ་བ། བྱང་ཆུབ་སེམས་ཀྱི་ཕུར་པའི་ཚད་མ་གང་ལགས།། བཀའ་སྩལ་པ། དེ་བས་གསང་སྔགས་བདག་ཉིད་ཆེ།། དངོས་གྲུབ་རླབས་ཆེན་འབར་བ་ཅན། ། བསམ་ཡས་གཏིང་ནི་དཔག་དཀའ་འོ།། ལུང་དང་མན་ངག་ཐོབ་པར་འགྱུར།། སྟོན་པས་ངེས་པའི་ལུང་དང་ནི།། བླ་མ་རྣམས་ཀྱི་མན་ངག་དེ་ནི་དོན་འདིར་བལྟ།། ཚད་མ་གསུམ་དང་ལྡན་བློས་རྣམ་པར་རྟོགས་པ་རྗེས་བཅད་པ། ལུང་དང་མན་ངང་གི་ཚིག་ཙམ་ལ་རྟེན་པ་ཡང་མ་ཡིན། རང་གི་བློ་ཡིས་མངོན་སུམ་དུ་ཡིད་ཆེས་པའོ།། ཞེས་གསུངས་སོ།། གསོལ་བ།། དེ་ལྟར་ཚད་མ་གསུམ་པོ་དེས་བྱང་ཆུབ་སེམས་ཀྱི་ཕུར་པ་དོན་ཇི་ལྟར་རྟོགས་པར་བགྱི་ཞེ་ན། བཀའ་སྩལ་པ། ངེས་དང་ཉམས་ལྡན་གཉིས་རྟེན་ལ།། རང་གི་ངོ་བོ་ཤེས་པར་བྱ།། གདུལ་བྱ་ཇི་སྙེད་པའི་དོན་དུ་ཡང།། བཀའ་རབ་འབྱམས་ཀྱི་བསྟན་པ་བསམ་གྱིས་མི་ཁྱབ་པ་གཅིག་གསུངས་ཀྱང། དོན་བྱང་ཆུབ་སེམས་ཀྱི་ཕུར་པར་ལྷུན་གྱིས་གྲུབ་པའོ། ཁམས་གསུམ་གནས་པའི་སེམས་ཅན་ལ།། བྱང་ཆུབ་སེམས་ནི་མ་ཡིན་པའི།། ཕན་པའི་སྨན་ནི་གཞན་མེད་དེ།། བྱང་ཆུབ་སེམས་ཀྱི་ཕུར་པའི་དོན་རྟོགས་ནི། ། འཁོར་བའི་ཆོས་ནི་རྒྱུན་མེད་དེ།། མྱུར་དུ་བྱང་ཆུབ་ཀུན་གྱིས་ཐོབ།། མི་སྐྱེ་མི་འགག་བདེ་ལ་གནས།། ཞེས་གསུངས་སོ།། གསོལ་བ། འཁོར་བའི་ཆོས་ཐམས་ཅད་བྱང་ཆུབ་སེམས་ཀྱི་ཕུར་བུར་དག་གོ་མཉམ་མོ་ཞེས་བགྱི་བའི་དོན་ཇི་ལྟ་བུ་ལགས་ཞེ་ན། བཀའ་སྩལ་པ། སྣོད་བཅུད་རྒྱུ་རྣམས་དག་རྟོགས་ཤིང།། མཉམ་ཉིད་ལྷག་པའི་མཉམ་ཉིད་ཀྱིས།། དཀྱིལ་འཁོར་བྱང་སེམས་ཕུར་པའི་ཞིང་དུ་དག། མཉམ་པ་ལ་ཡང་རྣམ་བཞི་སྟེ།། དོན་དམ་པར་སྐྱེ་བ་མེད་པར་མཉམ་པ་དང། ཀུན་རྫོབ་སྒྱུ་མའི་མཚན་ཉིད་དུ་མཉམ་པ་དང། ཕྱིའི་ཡུལ་དེ་བཞིན་གཤེགས་པ་ལྔར་མཉམ་པ་དང། ནང་གི་སེམས་ཡེ་ཤེས་ལྔར་མཉམ་པའོ། ། འབྱུང་བ་ཆེན་པོ་སོ་སོར་མ་བྱས་མ་བཅོས་པ་ལས་སྒྲ་སྐད་སྣ་ཚོགས་པར་ཐ་དད་པར་འབྱུང་བ་ནི། བྱང་ཆུབ་སེམས་ཀྱི་ཕུར་པ་ཉིད་དོ།། འདི་དག་ནི་བདག་ཉིད་ལས་བྱུང་བས་གང་གི་ངོ་བོར་ཡང་མ་གྱུར་ཆོས་ཀྱི་སྐུ་སྟེ། བྱང་ཆུབ་སེམས་ཀྱི་ཕུར་པ་ང་ཉིད་དོ།། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་དག་ནི་ངའི་སྐུའོ།། ངའི་གསུང་ངོ།། ངའི་ཐུགས་སོ།། ངའི་ཡོན་ཏན་ནོ། ། ངའི་འཕྲིན་ལས་སོ།། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ནི། སངས་རྒྱས་ཀྱི་ས་མཐར་ཕྱིན་པ་རྫོགས་པ་ཆེན་པོ་ཉིད་དོ།། ཐམས་ཅད་སྐུ་གསུང་ཐུགས་ལས་མ་གཏོགས་པ་འཁོར་བ་དང་ཉོན་མོངས་པའི་མིང་ཡང་མེད་དོ། ། སངས་རྒྱས་འབྱུང་བ་ལས་མ་གཏོགས་པ་སེམས་ཅན་དུ་སྐྱེ་བའི་རྒྱུ་ཅི་ཡང་མེད་དོ།། སྐུ་སྣང་བ་ལས་མ་གཏོགས་པ་སེམས་ཅན་དང་ཆེན་པོ་ལྔ་ཡེ་ནས་མེད་དོ།། སངས་རྒྱས་ཀྱི་བདེ་བ་ཆེན་པོ་ལས་མ་གཏོགས་པ་སེམས་ཅན་དང་སྡུག་བསྔལ་གྱི་ཆོས་ཡེ་ནས་མེད་དོ། ། ཞེས་གསུངས་སོ།། གསོལ་བ། བྱང་ཆུབ་སེམས་ཀྱི་ཕུར་པ་དེ་ཡང་དག་པར་ཡབ་དང། ཡུམ་དང། སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་སུ་ཡོད་པ་ལགས་སམ་ཞེ་ན། བཀའ་སྩལ་པ། ཐམས་ཅད་མ་སྐྱེས་ཟག་པ་མེད།། ཁམས་ཀྱང་མེད་ཅིང་འབྱུང་བ་མེད།། བྱང་ཆུབ་མེད་ཅིང་མངོན་རྟོགས་མེད།། མཚན་མེད་མི་འགྱུར་ནམ་མཁའ་བཞིན། ། གཉིས་མེད་གཉིས་སུ་མེད་མིན་ཞི།། བྱང་ཆུབ་སེམས་འདི་རྒྱས་པའི་ཕྱིར། ཐུགས་ཉིད་སྐུ་ཡི་དཀྱིལ་འཁོར་ལ།། དབྱིངས་ཉིད་སྐུ་ཡི་དཀྱིལ་འཁོར་ཏེ།། ཡོན་ཏན་འཕྲིན་ལས་དབྱེར་མེད་དེ་བཞིན་ལྷུན་གྱིས་གྲུབ། ། ཅེས་གསུངས་སོ།། གསོལ་པ། དངོས་པོ་ཐམས་ཅད་ཀྱི་མཐའ་བྱང་ཆུབ་སེམས་ཀྱི་ཕུར་པ་སྐྱེས་པ་དེ། ཚུལ་ཇི་ལྟར་འཚལ་བར་བགྱི་ཞེ་ན། བཀའ་སྩལ་པ། དཔེར་ན་རྡོ་རྗེའི་རང་བཞིན་དག། སྲ་ཞིང་མཁྲེགས་པའི་དངོས་པོ་ཡང། ། བརྟགས་ཏེ་དུ་མར་བྱས་ནས་ནི།། རླུང་གི་མཐུ་ཡིས་གཏོར་བྱས་ན།། དེ་ལ་དངོས་པོ་ག་ལ་ཡོད།། དཔེར་ན་མེ་ཡི་རང་བཞིན་དག། ཚ་ཞིང་དངོས་པོ་ཀུན་བསྲེགས་ཤིང།། འབར་འཕྲོ་སྣང་གསལ་མཆེད་བྱེད་པ། ། ཆུ་ཡི་མཐུ་ཡིས་རླག་བྱས་ན།། དེ་ལ་རང་བཞིན་ག་ལ་ཡོད།། དཔེར་ན་རྫས་ཀྱི་དངོས་པོ་ཡང།། མེ་ཡི་མཐུ་ཡིས་བསྲེགས་གྱུར་ན།། དེ་ལ་རང་བཞིན་ག་ལ་ཡོད།། ཤེས་པས་ཟིན་པའི་ཤེས་པ་རྣམས། ། གཟུགས་དང་འདྲ་བ་སྣ་ཚོགས་ཀྱང།། དབང་པོ་ལ་སོགས་མཛེས་གྱུར་ཀྱང།། ཕུང་པོ་མི་རྟག་ཤི་འཔོས་ནས།། དངོས་པོ་ཐམས་ཅད་ཞིག་འགྱུར་ཏེ།། ཞིག་དང་རྡུལ་ལ་སོགས་པ་དང།། རུས་པ་དག་ཀྱང་རླག་འགྱུར་ཏེ། ། ཐ་མ་ཅིར་ཡང་སྣང་མི་འགྱུར།། རི་བོ་ཆེན་པོ་ལ་སོགས་པ།། དངོས་པོ་བརྟན་གཡོ་འཇིག་རྟེན་རྣམས།། བསྐལ་པ་གསུམ་གྱིས་རླག་བྱས་ན།། དེ་ལ་རང་བཞིན་ག་ལ་ཡོད།། དེས་ན་དངོས་པོའི་ཆོས་རྣམས་ཀུན། ། དངོས་པོ་རྟག་པ་མ་ཡིན་པས།། ཆོས་རྣམས་རང་བཞིན་མེད་པར་ཤེས།། དབང་པོ་བརྟན་གཡོ་སྣང་བ་ཀུན།། ཡུལ་རྣམས་ཡོད་པ་མ་ཡིན་ཏེ།། ཀུན་གཞི་རྣམ་པར་ཤེས་པ་ཉིད། ། དངོས་པོ་སྣ་ཚོགས་པར་སྣང་སྟེ།། སྣང་བའི་དངོས་པོ་རྣམས་བཤིག་ན།། གཞིགས་ན་ནམ་མཁའི་ངང་དུ་ཞི།། ནམ་མཁའ་དེ་ཉིད་ལྔས་གཞིག་ན།། མཚན་མ་མེད་པའི་དབྱིངས་སུ་ཐིམ།། འཇིག་རྟེན་བརྟན་གཡོ་ལ་སོགས་པ། ། སྣང་བ་ཉིད་ན་ངོ་བོ་མེད།། དེ་ཉིད་བྱང་སེམས་ཕུར་པ་ཆོས་སྐུ་ཆེན་པོ་ཡིན།། ཞེས་གསུངས་སོ།། གསོལ་བ། བྱང་ཆུབ་སེམས་ཀྱི་ཕུར་པ་དེ་ཡང་དག་པར་སྒྱུ་མ་ཙམ་དུ་ཡང་མ་མཆིས་སམ་ཞེ་ན། བཀའ་སྩལ་པ། དེ་ལྟ་དངོས་པོའི་མཚན་མ་ཀུན་བརྟགས་ན།། རང་བཞིན་སྒྱུ་མ་མེད་འགྱུར་ཕྱིར།། ཡོད་ལས་ལྟོས་པ་མེད་དེ་མེད་པའི་མེད་པ་མེད།། མཐའ་རྣམས་མེད་ཕྱིར་དབུས་མེད་དབུས་ལའང་གནས་པར་མི་བྱེད་དོ། ། མ་སྤངས་མ་བསྒྲུབས་ནམ་མཁའི་ངང་དུ་གནས།། ཁམས་གསུམ་བརྟགས་ན་འཁོར་བ་མྱ་ངན་མེད།། ཕྱོགས་ཆར་དབྱེ་ན་བདེ་གཤེགས་སྙིང་པོ་ཡིན།། ཞེས་གསུངས་སོ།། གསོལ་པ། བྱང་ཆུབ་སེམས་ཀྱི་ཕུར་པ་དེ་སྒྱུ་མ་ཙམ་དུ་ཡོད་པ་དེ་ཞིན་གཤེགས་པ་ཡིན་བགྱི་བ་དེ་ཇི་ལྟ་བུ་ལགས་ཤེ་ན། བཀའ་སྩལ་པ། ཡང་དག་ཉིད་ན་གནས་བཅས་ན།། ཕྱི་ནང་སྣོད་བཅུད་རྣམས་པར་དག། རགས་པར་སྣང་བ་དེ་བཞིན་གཤེགས། ། སྒྱུ་མར་འཛིན་པ་ཡུམ་གྱི་དབྱིངས།། གཟུགས་ཀྱི་མཚན་ཉིད་དངོས་པོ་མེད།། གཅིག་ལའང་ལྔར་གཞིག་པ་དང།། ཐམས་ཅད་ནམ་མཁའི་ངང་དུ་གནས།། ནམ་མཁའ་དེ་ནི་ཆོས་ཀྱི་དབྱིངས།། ཞེས་གསུངས་སོ། ། གསོལ་བ། བྱང་ཆུབ་སེམས་ཀྱི་ཕུར་པ་དེ་ཐམས་ཅད་སྟོང་པ་ཁོ་ནར་ཤེས་ནས་ཡང་དག་པའི་དོན་ལགས་སམ་ཞེ་ན། བཀའ་སྩལ་པ། མདོ་སྡེ་དང་བསྟན་བཅོས་བཀྲི་དྲང་གི་དོན་གྱིས་ནི་ཐམས་ཅད་སྟོང་བར་བཤད། དེ་བས་མེད་པར་བཤད།། དེ་བས་ཀྱང་སྟོང་པ་བདག་མེད་པར་བཤད་དེ། སྟོང་པ་ཉིད་ལ་བལྟ་ཉེས་ན།། ཤེས་རབ་ཆུང་ལྡན་ཕུང་པར་འགྱུར།། ཇི་ལྟར་སྦྲུལ་ལ་བཟུང་ཉེས་དང།། རིག་སྔགས་ལོག་པར་བསྒྲུབས་པ་བཞིན། ། རྒྱལ་བ་རྣམས་ཀྱི་སྟོང་ཉིད་ནི།། ལྟ་ཀུན་ངེས་པར་འབྱིན་པ་སྟེ།། གང་ཟག་སྟོང་པ་ཉིད་ལྟ་བ།། དེ་ནི་སོར་མི་རུང་ཞེས་གསུངས།། སྣ་ཚོགས་སྣང་ཞིང་མེད་པར་གང་སྨྲ་བ།། མེད་པར་མཐོང་བས་མུ་སྟེགས་འཆལ་བའི་ལམ། ། ཞེས་བྱའོ།། གསོལ་བ། བྱང་ཆུབ་སེམས་ཀྱི་ཕུར་པ་ཆོས་རྣམས་ཐམས་ཅད་སྟོང་པ་ཉིད་དུ་བསྟན་པ་ཅི་འཚལ་ཞེ་ན། བཀའ་སྩལ་པ། སྐྱེ་བ་མེད་ཅེས་བསྟན་པ་ཡང།། དངོས་པོ་འཛིན་པ་བཟློག་ཕྱིར་ཏེ། ། སྒྱུ་མ་ཡེ་ནས་སྐྱེ་མེད་ལ།། སྐྱེ་མེད་ཉིད་ཀྱིས་སྒྲོ་མི་གདགས།། ནམ་མཁའ་འདི་ནི་མེད་དོ་ཞེས།། བླུན་པོ་གང་ཞིག་རྟོག་པར་བྱེད།། མཁས་པས་སྔོན་ནས་ཡོང་མི་འཛིན།། ཞེས་གསུངས་སོ། ། གསོལ་བ། བྱང་ཆུབ་སེམས་ཀྱི་ཕུར་པ་སྟོང་པ་ཉིད་ཅེས་བྱ་བ་འདི་ཇི་ལྟ་བུ་འཚལ་བར་བགྱི་ཞེ་ན། བཀའ་སྩལ་པ། ང་མེད་ཕྱོགས་དང་བྲལ་བར་ཡོངས་ལ་བསྟན་དུ་མེད།། མེད་པའི་ས་མཚམས་བཅད་པར་ཡོང་མི་བསྟན། ། མེད་པར་བསྟན་པ་ཡོད་པའི་ངོ་བོ་ཡིན།། ཡོད་མེད་གཉིས་སུ་བསྟན་པ་ཤིན་ཏུ་དཀའ།། གཟུགས་རྣམས་སྣ་ཚོགས་མཚན་མ་ཅིར་སྣང་བ།། དོན་དམ་ཉིད་དུ་ཡོད་པ་མ་ཡིན་པས།། གང་ལ་འདི་འདྲ་ཞེས་ནི་བརྟག་པ་མེད། ། ཅེས་གསུངས་སོ།། གསོལ་བ། བྱང་ཆུབ་སེམས་ཀྱི་ཕུར་པ་དེ་ཅི་ཞིག་གིས་མེད་པར་འགྱུར་བ་ལགས་ཞེ་ན།། བཀའ་སྩལ་པ། ཆོས་ཀྱི་དབྱིངས་ཉིད་ཆོས་ཀྱི་སྐུ།། མི་རྟོག་ཡེ་ཤེས་ཡིན་ཞེས་བཤད། ། རང་བྱུང་ཡེ་ཤེས་རང་བཞིན་སྣང།། གང་ཞིག་སྟོང་བའི་ངང་ཡོད་ཅེས།། མེད་པའི་རང་བཞིན་རྟོག་པ་སྟེ།། རི་བོང་རྭ་དང་མོ་ཤམ་བུ།། ཚིག་ཙམ་གདགས་སུ་རུང་མོད་ཀྱིས།། ཐམས་ཅད་མིང་ཙམ་སྟོང་ཉིད་མེད། ། ཐམས་ཅད་སྟོང་པ་ཞེས་པ་སྟེ།། ས་རྡོ་དྲན་མེད་མ་ཡིན་པས།། རྟོག་མེད་རང་བཞིན་འདི་གསལ་བ།། ཇི་ལྟར་སྣང་བ་ཐམས་ཅད་ཀུན།། གདོས་པ་ཅན་གྱི་ཆོས་མེད་དེ།། ཤེས་པ་འབའ་ཞིག་ཁོ་ནའོ། ། རང་བཞིན་ཆ་ཕྲ་གང་འཛིན་པ།། འཛིན་པ་དེ་ལ་ཆོས་མེད་དོ།། ཆོས་མེད་འབྲས་བུ་དེ་ལ་མེད།། ཆོས་ཀྱི་འབྲས་བུ་གང་ཡིན་པ།། རིག་པའི་དོན་ནི་འདི་རྣམས་སོ།། སྔོན་དང་ཕྱི་མར་མ་གྱུར་ཅིང། ཕྱོགས་དང་རིས་སུ་མ་ཕྱེ་བར། ། འཛིན་ཆགས་འཛིན་པའི་རྟོགས་སྤངས་ན།། དེ་ནི་ཆོས་ཉིད་ཅེས་བྱའོ།། ཞེས་གསུངས་སོ།། གསོལ་པ། བྱང་ཆུབ་སེམས་ཀྱི་ཕུར་པ་དེ་ཀུན་རྫོབ་ཏུ་ཐམས་ཅད་སྒྱུ་མ་ལྟ་བུའོ་ཞེས་བགྱི་བའི་ཚུལ་ཇི་ལྟར་འཚལ་བར་བགྱི་ཞེ་ན། བཀའ་སྩལ་པ། ཀུན་རྫོབ་སྒྱུ་མར་མཉམ་པ་ནི།། འདུས་བྱས་དངོས་པོ་སྣ་ཚོགས་ཀུན།། སྒྱུ་མའི་ཚུལ་དུ་ཐམས་ཅད་སྣང།། འཕྲལ་སྣང་བྱ་བ་ཀུན་ཀྱང་བྱེད།། རྟག་པ་ཀུན་གྱི་ཚད་མར་སྣང། ། འདི་དག་ཐམས་ཅད་གཟུགས་བརྙན་དེ།། བྱ་བྱེད་སྣང་ཞིང་དངོས་པོ་མེད།། ཆུ་ཟླའི་ཚུལ་དུ་ཐམས་ཅད་གནས།། ཐམས་ཅད་སྣང་ལ་རང་བཞིན་མེད།། ཐམས་ཅད་མ་ལུས་ཆོས་སོ་ཅོག། སྙིང་པོ་ཡོད་པ་མ་ཡིན་ཏེ། ། སྒྱུ་མ་མིག་ཡོར་སྤྲུལ་པ་དང།། སྨིག་རྒྱུ་འཇའ་ཚོན་ཆུ་ཟླའི་ཚུལ།། དེ་ལྟར་གང་གིས་རྟོགས་པ་སྟེ།། དེ་ཉིད་སངས་རྒྱས་ཡིན་པར་བཤད།། ཅེས་གསུངས་སོ།། གསོལ་པ། བྱང་ཆུབ་སེམས་ཀྱི་ཕུར་པ་དེ་བདེན་པ་གཉིས་དབྱེར་མེད་དོ་ཞེས་བགྱི་བ་དེ་ལྟ་བུ་ལགས་ཞེ་ན། བཀའ་སྩལ་པ། དོན་དམ་པོ་དང་ཀུན་རྫོབ་བྱེར་མེད་པར་མཉམ་པ་ནི། ཆོས་རྣམས་མ་ལུས་ཐམས་ཅད་ཀུན།། གཞི་རྩ་མེད་ལས་ཐམས་ཅད་འབྱུང། ། ཡོད་དང་མེད་པ་གཉིས་ཀ་མེད།། དོན་དམ་ཀུན་རྫོབ་དབྱེར་མེད་དེ།། འདུས་མ་བྱས་ཉིད་འདུས་བྱས་སྣང།། སྣང་བ་ཉིད་ན་དངོས་མེད་དེ།། དངོས་མེད་དེ་ཉིད་སྣ་ཚོགས་སྣང།། དེ་ཉིད་སྒྱུ་མ་མིག་ཡོར་ཚུལ། ། བདེན་པ་གཉིས་མེད་སེམས་པར་ཟད།། ཅེས་གསུངས་སོ།། གསོལ་པ། བྱང་ཆུབ་སེམས་ཀྱི་ཕུར་པ་དེ་བདེན་པ་གཉིས་སུ་བརྟགས་པ་ཅི་འཚལ་ཞེ་ན། བཀའ་སྩལ་པ། གང་ཟག་སྒྱུ་མ་བཀྲི་དོན་བདེན་གཉིས་མེད། ། བག་ཆགས་སྟོང་སེམས་དེ་དག་གཡེང་བ་ཆེ།། རང་བཞིན་དུས་གཅིག་སྟོང་ལས་ན།། སེམས་དང་བག་ཆགས་གཅིག་པར་གསུངས།། ཤེས་ཙམ་ཡིན་པ་བདག་ཉིད་ལས། ཐིག་ལེའི་ཆེན་པོར་རྒྱལ་བས་བཤད། ། ཅེས་གསུངས་སོ།། གསོལ་པ། བྱང་ཆུབ་སེམས་ཀྱི་ཕུར་པ་དེ་བདེན་པ་གཉིས་དབྱེར་མེད་པའི་བྱང་ཆུབ་སེམས་ཀྱི་ཕུར་པ་དེ་ཉིད་ཇི་ལྟ་བུ་ལགས་ཞེ་ན། བཀའ་སྩལ་པ། ཡོད་དེ་དངོས་པོ་མ་ཡིན་ཏེ། ། ཆུ་ཟླ་བཞིན་དུ་རང་བཞིན་མེད།། མེད་དེ་ཆད་པ་ཡོད་མ་ཡིན།། ནམ་མཁའི་དབྱིངས་ལྟར་ཅིང་ཡང་སྣང།། གཅིག་སྟེ་རྣམ་པ་མ་ཡིན་ཏེ།། དོན་དམ་གཅིག་ཏུ་ཐམས་ཅད་འདུས།། གཉིས་མེད་ཕྱལ་བ་མ་ཡིན་ཏེ། ། ཡོངས་ལ་ཁྱབ་པས་བརྡལ་བའི་སྐུ།། གང་ལྟར་བསྟན་ཀྱང་གང་ཡང་མེད།། མེད་པ་མ་ཡིན་དྲན་བཞིན་ཚོལ།། ཆད་པར་མ་སོང་རིག་ཅིང་རྟོགས།། རྟག་པར་མ་སོང་རིག་ཅིང་རྟོགས།། རྟག་པར་མ་སོང་དངོས་པོ་མེད། ། གཉིས་སུ་མ་སོང་རྟོག་པ་མེད།། གཅིག་ཏུ་མ་སོང་ཀུན་ལ་ཁྱབ།། དང་པོ་སྐྱེ་བའི་རྒྱུ་མེད་ལ།། ཐ་མ་འཆི་ཞིང་འཕོ་བ་མེད།། ད་ལྟར་དངོས་པོའི་རྫས་མེད་པས།། རྟག་པར་ཆགས་ཞིང་གཟུང་དུ་མེད། ། གཞི་རྩ་མེད་པའི་སེམས་ཉིད་ནི།། ཕོ་མོ་མ་ཡིན་མ་ནིང་མེད།། མཚན་མེད་མ་ཡིན་རིགས་རྒྱུ་མིན།། དེ་བཞིན་ཉིད་དབྱིངས་ཡེ་ཤེས་ཏེ།། ཐབས་ཀྱི་ཕྱག་རྒྱ་ཀུན་གྱི་རྒྱུ།། ཞེས་གསུངས་སོ།། གསོལ་པ། དངོས་པོ་དབྱིབས་དང་ཁ་དོག་གོས་བརྙས་པ་འདི་ཀུན་བྱང་ཆུབ་སེམས་ཀྱི་ཕུར་པ་མ་ཡིན་ནམ་ཞེ་ན། བཀའ་སྩལ་བ། ཐ་སྙད་ཐམས་ཅད་བྱང་ཆུབ་མཆོག་གི་ལམ།། གཟའ་དགྲོལ་བ་ཡི་ཡུལ་ནི་གང་ལ་ཡོད།། ཐམས་ཅད་མ་ལུས་ཆོས་སོ་ཅོག། སེམས་ཉིད་ལས་ནི་གུད་ན་མེད།། སེམས་དང་ཆོས་སུ་དབྱེར་མེད་པས།། བྱང་ཆུབ་ལམ་དེ་རིང་བ་མེད།། སེམས་དང་ཆོས་ནི་ཡེ་ནས་གཉིས་སུ་མེད།། ཅིར་སྣང་ཇི་སྲིད་སེམས་ཀྱི་རང་བཞིན་སྣང་ཞིང་སྲིད། ། སེམས་ཉིད་བྱང་ཆུབ་སེམས་ལམ་མ་རྟོགས་པ།། དུས་གསུམ་རྒྱལ་བས་གསུངས་ཤིང།། མཉམ་ཉིད་ངོ་ལ་མོས་སྣང་ངོ། ཞེས་གསུངས་སོ།། གསོལ་བ། བྱང་ཆུབ་སེམས་ཀྱི་ཕུར་པའི་དོན་སྟོན་པའི་འབྲས་བུའི་ཐེག་པ་འདི་ལ་རྡོ་རྗེ་ཐེག་པ་ཞེས་བགྱི་བ་ཅིའི་ཕྱིར་ལགས་ཤེས་པ་དང། བཀའ་སྩལ་པ། དེ་བཞིན་གཤེགས་པ་རྣམས་དང། སྣོད་བཅུད་ནམ་མཁས་བསྡུས་པའི་ཆོས་མ་ལུས་ལུས་པ་མེད་པ་ཐམས་ཅད་དོན་གཅིག་སྟེ། ། སྐུ་གསུང་ཐུགས་སུ་འདུས་སོ།། སྐུ་གསུང་ཐུགས་ཀྱི་དོན་དབྱེར་མེད་དོ།། གང་གིས་ཀྱང་མི་ཤིགས། གང་གིས་ཀྱང་མི་ཆོད། གང་གིས་ཀྱང་མི་ཕྱེད་པས་རྡོ་རྗེའོ།། སྐུ་གསུང་ཐུགས་སུ་མ་གྱུར་པའི་དངོས་པོའམ། མ་ལུས་བའི་ཆོས་གཅིག་ཀྱང་མེད་དེ། སྐུ་གསུང་ཐུགས་སུ་ལྷུན་གྱིས་གྲུབ་པར་ཕབ་པས་ཐེག་པ། དེའི་རྡོ་རྗེའི་ཐེག་པའི་ཆོས་ཞེས་བྱའོ།། གསོལ་བ། བྱང་ཆུབ་སེམས་ཀྱི་ཕུར་པ་དེ་ཆོས་ཉིད་ཚིག་ལས་འདས་པ་གསུངས་པ་ཅིའི་ཕྱིར་ལགས་ཞེ་ན། བཀའ་སྩལ་པ། སེམས་ཀྱི་རང་བཞིན་བཙལ་བས་མི་རྙེད་ན།། གཞན་ལ་འདི་འདྲ་ཞེས་ནི་བསྟན་དུ་མེད།། མཆོག་ཏུ་གསང་བའི་ཆོས་ཉིད་ནི།། རྣ་དབང་གཞན་ལས་ཐོས་མི་འགྱུར། ། དེ་བཞིན་ལྕེ་ཡི་དབང་པོས་ཀྱང།། དེ་ཁ་བརྗོད་དུ་རྡུལ་ཙམ་མེད།། སྐྱེ་བ་མེད་པའི་ཆོས་རྣམས་ནི།། མ་སྐྱེས་པས་ནི་སྙིང་པོར་བཞེད།། སྙིང་པོའི་དོན་དུ་གང་འགྱུར་བ།། ཚིག་ཏུ་སྨྲ་བ་ལེགས་མ་ཡིན། ། སྤྲོས་པ་ཉིད་ན་གོལ་བ་ཞེས།། རྒྱལ་བ་རྣམས་ཀྱིས་ཡང་དག་བཤད།། དེ་བས་རྡོ་རྗེ་རྒྱལ་པོ་ཉིད།། བཀའ་མི་གསོལ་བར་དགོངས་པའོ།། ཕྲ་ཞིང་ཤེས་དཀའ་དྲང་སྲོང་ཆེན་པོའི་ལམ་ནི་མི་རྟོག་རྟོགས་ལས་འདས། ། མི་གནས་དམིགས་པའི་ཡུལ་མེད་བསམ་པ་ཀུན་དང་བྲལ།། ཚིག་གིས་མ་ཕེབས་དབྱིབས་དང་ཁ་དོག་དབང་པོའི་སྤྱོད་ཡུལ་མིན།། བསྟན་ཅིང་བརྟག་པར་དཀའ་ལ་བརྗོད་དུ་རྡུལ་ཙམ་མེད། ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱིས།། འགྲོ་བ་མི་ཤེས་དྲང་དོན་དུ།། ཆོས་ཀྱི་འཁོར་ལོ་ཡོངས་བསྐོར་ཏེ།། ཐེག་པའི་བྱེ་བྲག་བསམ་ཡས་པ།། འགྲོ་བའི་དོན་ལ་ཅི་གསུངས་ཀྱང།། སེམས་ཀྱི་རང་བཞིན་ཡོངས་མ་གསུངས། ། རང་བཞིན་ཚིག་དང་ཡི་གེ་འདས།། ཞེས་གསུངས་སོ།། གསོལ་བ། ཆོས་ཉིད་བྱང་ཆུབ་སེམས་ཀྱི་ཕུར་པ་དེའི་དོན་ཡེ་མི་རྟོགས་ལགས་སམ་ཞེ་ན། བཀའ་སྩལ་པ། ཡི་གེ་ཀུན་ལ་མི་སྣང་ཡང། ། སེམས་ལ་གསལ་བར་མངོན་པར་སྣང།། སྐལ་ལྡན་རྣམས་ལ་རང་རིག་པ།། དོན་ཆེན་ཡི་གེ་དམ་པ་ཡིན།། ཚིག་ཚིག་བདེན་བདེ་འང་བདེ་ཉམས་ཉམས་བརྣག་པའི་འབྲས་བུ་དེ། ཡི་གེ་ལས་འདས་ཚིག་ཏུ་མ་བྲིས་སོ། ། ཞེས་གསུངས་སོ།། གསོལ་བ། བྱང་ཆུབ་སེམས་ཀྱི་ཕུར་པ་དེའི་དོན་མི་རྟོགས་པ་ལགས་ན། ཚིག་དང་ཡི་གེས་ཅི་བགྱི་ཞེས་པ་དང། བཀའ་སྩལ་པ། དངོས་པོ་མེད་ཕྱིར་དངོས་པོ་སྟོང་པ་མེད།། ཆོས་ཅན་མི་དམིགས་ཆོས་ཉིད་ཡོད་མ་ཡིན། ། ཞེན་པ་བཟློག་ཕྱིར་རྐྱེན་བཤད་མ་རྟོགས་པ།། ཆོས་ཀྱི་ངང་ལ་ཚིག་མེད་བརྗོད་དུ་མེད།། སྐྱེ་བ་མེད་ཅེས་བསྟན་པ་ཡང།། དངོས་པོར་འཛིན་པ་བཟློག་ཕྱིར་ཏེ།། ཇི་བཞིན་པ་ཡི་ཆོས་བཙན་པར། ། ཆོས་ལ་ཆོས་ནི་མི་འཇུག་སྟེ།། ཇི་ཙམ་ཟབ་པའི་ཚིག་བརྗོད་ཀྱང།། དོན་དང་མཐུན་པར་མི་འགྱུར་རོ།། ཞེས་གསུངས་སོ།། གསོལ་པ། བྱང་ཆུབ་སེམས་ཀྱི་ཕུར་པ་དེ་ཚིག་ལས་ཀྱང་འདས་པ་སྟེ། རྟོགས་པའི་རྟགས་ཅིས་མངོན་པ་ལགས་ཞེ་ན། བཀའ་སྩལ་པ། སྣང་ལ་རང་བཞིན་མེད་པ་དེ།། ཆུ་ལ་ཆུ་ཟླ་སྨིག་རྒྱུ་བཞིན།། མེད་པ་ཡང་ནི་མ་ཡིན་ལ།། ཡོད་པར་ཡངནི་མ་ཡིན་ནོ།། ཡོད་མེད་གཉིས་ལས་འདས་པ་ཡི། ། རང་བཞིན་མེད་ལས་ཡོད་པ་དྲན།། ཤེས་རབ་ཆེན་པོས་རྟོགས་པའི་རྟགས།། མཁའ་ལྟར་མཉམ་པ་ཉིད་ལ་གནས།། ཤེས་རབ་ཆེན་པོས་ཁྱབ་པའི་རྟགས།། མི་གཡོ་མཉམ་བཞག་འདུས་མ་བྱས། ། ཤེས་རབ་ཆེན་པོས་གྲུབ་པའི་རྟགས།། མ་ཆགས་ཐབས་ཀྱིས་ཀུན་ལ་སྤྱོད།། རྟོགས་པ་ཆེན་པོའི་ཆེན་པོ་ལ།། མ་རྟོགས་སྦྱོར་བའི་ལས་བྱེད་ན།། ཆེ་བའི་ཡོན་ཏན་ཡོད་མ་ཡིན།། ཞེས་གསུངས་སོ། ། གསོལ་པ། བྱང་ཆུབ་སེམས་ཀྱི་ཕུར་པའི་དོན་རྟོགས་པ་དེའི་སྐབས་གང་དུ་དགོས་པ་ལགས་ཞེ་ན། བཀའ་སྩལ་པ། མཁས་པ་མི་གཙོ་རྟོགས་པ་གཙོ།། མཁས་པ་མི་ཚིག་ཐན་པ་ཡིན།། རྟོགས་ལ་ཆོས་ཉིད་རླུང་ལ་འབྱོ། ། བསྒྲུབ་པ་བས་ཀྱང་རྟོགས་པར་རིགས།། རྟོགས་པ་དེ་རུ་མ་གྱུར་ན།། བསྒྲུབ་པ་རྟོག་པའི་རྒྱུན་ལ་བསྒྲུབ།། སྒོམ་པ་མཚན་མའི་ངངལ་སྒོམ།། རྩོལ་བ་ཉོན་མོངས་ཞེན་པས་རྩོལ།། ཞེས་གསུངས་སོ། ། གསོལ་བ། བྱང་ཆུབ་སེམས་ཀྱི་ཕུར་པའི་རྟོགས་པ་དེའི་སྤྱོད་ཡུལ་དང་ཡོན་ཏན་ཇི་ལྟ་བུ་ལགས། བཀའ་སྩལ་པ། དག་པས་བརྟགས་ན་ཀུན་ཀྱང་ལགས།། རྟོགས་པས་བསམ་ན་གང་ཡང་འགྲུབ།། ཐམས་ཅད་དག་ཅོས་བྱ་བ་ཡང། ། དངོས་པོ་གསལ་དག་མ་ཡིན་ཏེ།། སྣང་སྤྱོད་ཉིད་ན་རྣམ་པར་དག། ཅེས་གསུང་སོ།། གསོལ་པ། བྱང་ཆུབ་སེམས་ཀྱི་ཕུར་པ་དེའི་ངང་དུ་ཐམས་ཅད་དག་པའི་ཚུལ་ཇི་ལྟར་ལགས་ཞེ་ན། བཀའ་སྩལ་པ། འདི་ལྟར་སྣང་བ་ཐམས་ཅད་ལ།། མངོན་སུམ་ཚད་མས་རྟགས་མཐོང་ཡང།། སྣང་བ་ཉིད་ན་དངོས་པོ་མེད།། དེ་བཞིན་ཉིད་དུ་ཡང་དག་རྟོགས།། མཐོང་ན་མཐོང་དུ་ཟད་དེ་རྣམ་དག་དབྱིངས་སུ་མཐོང། ། ཐོས་ནས་ཐོས་སུ་ཟད་དེ་མན་ངང་ངེས་པ་ཐོས།། ཚོར་ན་ཚོར་དུ་ཟད་དེ་རྩ་བ་མེད་པར་ཚོར།། མྱོང་ན་མྱོང་དུ་ཟད་དེ་བཅོས་པ་མེད་པར་མྱོང།། རེག་ན་རེག་ཏུ་ཟད་དེ་འགྱུར་བ་མེད་པར་རེག། ཆོས་ན་ཆོས་སུ་ཟད་དེ་རྣམ་དག་དབྱིངས་སུ་ཆོས། ། སྔགས་ཀྱི་ཡོངས་སུ་ཟིན་པའི་ནད།། ཀུན་ལ་གནོད་པར་བྱེད་མི་ནུས།། ཐབས་དང་ཤེས་རབ་རྟོགས་པ་ཡིས།། དུག་གསུམ་སྡུག་བསྔལ་གནོད་མི་འགྱུར།། ཐབས་ལ་མཁས་པས་མ་ཟིན་ན། ། ལམ་གྱི་དགེ་སྤྱད་སྟེགས་བཅས་ཀྱང།། མཐོ་རིས་དང་ནི་མི་རུ་སྐྱེ།། སྐྱེ་ཤི་མེད་དཔའི་ས་མི་ཐོབ།། ཐབས་མཁས་སྙིང་རྗེས་ཟིན་པས་ནི།། མཚམས་མེད་སེམས་ཅན་མ་ལུས་ཀུན།། བྱང་ཆུབ་སྙིང་རྗེས་བསད་ན་ཡང། ། བསོད་ནམས་དཔག་ཏུ་མེད་པ་ཐོབ།། ཡེ་ཤེས་རྟོགས་པའི་ཁྱད་པར་ལས།། སྤྱོད་ལམ་རྣམ་བཞི་ཅི་སྤྱད་ཀྱང།། འཆི་བར་མི་འགྱུར་རྣམ་གྲོལ་རྫོགས།། ལྟ་བས་མཐོང་ལ་རྟོགས་པ་མེད།། ཡེ་ནས་ལྷུན་གྲུབ་ཉམ་མི་ང། ། དེ་ལ་གོལ་ས་ག་ལ་ཡོད།། ཅེས་གསུངས་སོ།། གསོལ་པ། བྱང་ཆུབ་སེམས་ཀྱི་ཕུར་པ་དེ་རྟོགས་པས་སྒྲིབ་པ་ཇི་ལྟར་དག་པ་ལགས་ཞེ་ན། བཀའ་སྩལ་པ། དེ་ལྟར་ཤེས་པའི་མཐུ་ཡིས་ནི། ། བག་ཆགས་མུན་པ་ཀུན་གསལ་ཏེ།། ཇི་ལྟར་རླུང་གིས་རྡུལ་ཆགས་ལྟར།། སྐད་ཅིག་ཙམ་གྱིས་ཏིང་འཛིན་གྱིས།། སྒྲིབ་པའི་ཕུང་པོ་ཕྱགས་པར་འགྱུར།། ཇི་ལྟར་མར་མེས་མུན་བསལ་ན།། མུན་ཉིད་སྣང་བར་འགྱུར་བ་བཞིན། ། སྐད་ཅིག་མ་ཡི་དོན་རིག་པར།། སྔོན་ནས་བསགས་པའི་མུན་པ་སེལ།། རྨད་བྱུང་བྱང་ཆུབ་སེམས་བསྒོམས་པས།། འགྲོ་བ་མྱུར་དུ་བྱང་ཆུབ་སྟེ།། མ་སྐྱེས་བྱང་ཆུབ་རྨད་བྱུང་བ། ། ཉོན་མོངས་ལས་ཀྱིས་གོས་མི་འགྱུར།། བྱང་ཆུབ་སེམས་ནི་སྤུ་གྲིའི་སོ།། ཏིལ་མར་ངར་བཏབ་རལ་གྲི་བཞིན།། བྱང་ཆུབ་སེམས་ནི་ཡོངས་ཀྱི་ལམ།། སྐྱོན་གྱིས་མ་གོས་པདྨ་བཞིན།། ཅི་བྱས་ཉེས་པའི་སྐྱོན་མ་གོས། ། བསྐལ་བ་འབར་བའི་མེ་བཞིན་དུ།། སྡུག་བསྔལ་སྡིག་པ་ཅི་སྤྱད་ཀྱང།། རྣམ་གྲོལ་བླ་མེད་སངས་རྒྱས་འགྲུབ།། ཅེས་གསུངས་སོ།། གསོལ་པ། བྱང་ཆུབ་སེམས་ཀྱི་ཕུར་པའི་དོན།། ཐུགས་སུ་ཆུད་པའི་རྣལ་འབྱོར་པས། ། སྤྱོད་པ་ཇི་ལྟར་བསླབ་པར་བགྱི།། ཞེ་ན། བཀའ་སྩལ་པ། སྣང་སྲིད་མཚན་མའི་རྫས་རྣམས་ཀུན།། མ་རིག་རྨོངས་པའི་བློ་རྣམས་ཀྱིས།། སྤྱོད་པ་ཉིད་དུ་སྣང་བ་དེ།། ཐབས་ལ་མཁས་པའི་རྣལ་འབྱོར་པས། ། རང་བཞིན་མེད་པར་འདྲིས་པར་སྤྱོད།། སེམས་ཉིད་ཅིར་ཡང་མི་སྣང་ཕྱིར།། སྤྱོད་པ་ཅིར་ཡང་མི་སྤྱད་དེ།། གཙང་སྨེ་ཕྱོགས་རིས་སྤྱོད་པ་དང།། ཆེ་ཆུང་ཆགས་སྡང་བླང་དོར་སོགས།། ཅི་ལའང་བྱེ་བྲག་མི་བྱ་སྟེ། ། བདག་སྨོད་གཞན་རྐྱེན་ལ་སོགས་པ།། ཐེག་ཆེན་རྣལ་འབྱོར་ག་ལ་ཡིན།། སེམས་ཅན་དམྱལ་བའི་ཆོས་ཀྱང་མི་འགལ་ཏེ།། ཉན་ཐོས་ལ་སོགས་ཅིས་ཅི་དགོས།། ཐམས་ཅད་མཉམ་ཉིད་ངང་དུ་སྤྱད།། བདག་ཉིད་མི་རྟོགས་ཉམས་རྙེད་ཀྱང། ། འགྲོ་དོན་དགེ་ཆོས་རྫོགས་བྱེད་པ།། ཡོན་ཏན་མ་ལུས་སྦེད་ཤེས་ཏེ།། མདོར་ན་སྤྲུལ་སྐུའི་སངས་རྒྱས་བཞིན།། ཆོས་རྣམས་སྟོང་པ་ཉིད་དུ་རབ་རྟོགས་ཀྱང།། ལས་ཀྱི་རྣམ་སྨིན་ཡོད་ཅེས་བྱས། ། བསམ་དུ་མེད་པའི་ཆོས་ཉིད་ལ་ལོངས་སྤྱོད།། འདུས་བྱས་དག་པ་རྒྱུན་མི་འཆད།། ཅེས་གསུངས་སོ།། གསོལ་པ། བྱང་ཆུབ་སེམས་ཀྱི་ཕུར་བའི་དོན་སྤྱོད་པ་དེ་ལྟར་སྤྱད་ན། དངོས་པོའི་ཆོས་ལ་ཞེན་པར་མི་འགྱུར་རམ་ཞེ་ན། བཀའ་སྩལ་པ། རྣལ་འབྱོར་ཆེན་པོའི་སྤྱོད་པ་ནི།། ཐམས་ཅད་ཀུན་ལ་དབྱེར་མེད་སྤྱོད།། བདེ་བའི་རོ་མཆོག་མྱོང་འགྱུར་ཏེ།། དེ་ལ་སུ་ཞིག་ཆགས་པར་བྱེད།། སྤྱོད་བཞིན་མ་ཆགས་ཡེ་ཤེས་ཡིན། ། བདེ་བའི་མཆོག་ཉིད་བསོད་ནམས་ཚོགས།། དེ་ལྟ་བུ་ཡི་ངང་དུ་སྤྱོད།། ཅེས་གསུངས་སོ།། གསོལ་པ། བྱང་ཆུབ་སེམས་ཀྱི་ཕུར་པའི་དོན་སྤྱོད་པའི་འཁྲུལ་པ་ཇི་ལྟ་བུ་ལགས་ཞེ་ན། བཀའ་སྩལ་པ། རྡོ་རྗེ་ཐེག་མཆོག་ཁས་འཆེས་ལ། ། མཉམ་པའི་དོན་ཉིད་མི་ཤེས་པར།། གསང་སྔགས་དམ་ཚིག་མཉམ་ཟེར་ཞིང།། ཐུགས་ཐུབ་དག་ཏུ་སྤྱད་བྱས་པས།། དམྱལ་ཁམས་དག་ཏུ་བརྒྱུད་པར་འགྱུར།། བདེ་དང་སྡུག་བསྔལ་རྫོགས་པས་ན། ། བདག་རྒྱལ་གཞན་འཕམ་ཅི་ཡི་ཕྱིར།། བཟང་དང་ངན་པ་འཁྲུལ་བ་ན།། འདོད་པས་མཆོག་གང་གིས་བསྟན།། མཉམ་ཉིད་ཆེ་ཆུང་མེད་པ་ལ།། བདག་བསྟོད་གཞན་སྨོད་སུ་ཞིག་སྨྲ། ། ཆོས་ཉིད་སྤོང་ལེན་མེད་པ་ལ།། བླང་དང་དོར་བ་གང་གིས་བརྗོད།། བྱང་སེམས་ཕུར་པའི་ཁས་འཆེས་ནས།། མ་རུངས་ལོག་པར་སྤྱོད་བྱེད་ཅིང།། རང་ཤེས་རས་ཆོད་བྱེད་པ་ནི།། མུ་སྟེགས་ལྟ་ངན་ཆད་པ་ཡིན། ། ཅི་ཡི་ཕྱིར་ན་འབྲས་བུ་མེད།། ལྟ་བུ་ཆེ་བར་ཁས་བླངས་ནས།། བདག་ཉིད་ཆེ་ལ་གཞན་ལ་ཆུང།། རང་ལ་མི་བཟོད་གཞན་ལ་ཕོད།། མུ་སྟེགས་རྟག་པར་བལྟ་བ་ཡིན།། ང་ནི་སངས་རྒྱས་ཡིན་པས་ན། ། གཞན་ནི་ང་ཡི་གོང་ན་མེད།། དེ་ཕྱིར་བལྟ་བ་གཏིང་ཐུག་པའི།། རྒྱལ་བའི་སྲས་འབྲས་རྣལ་འབྱོར་པས།། ལམ་བསྟན་སྐྱོན་སེལ་མཁས་པ་ལ། ཁ་ཅིག་དྲེགས་པའི་ཕྲག་དོག་གིས། ཁྲོ་སྟོན་ཐབས་ཀྱིས་སྨོད་པར་བྱེད། ། དེ་ནི་འཁོར་བའི་གཏིང་རྡོ་སྟེ།། ནམ་ཡང་ཐར་པའི་ཁར་མི་འབྱུང།། དགེ་བའི་ཕྱོགས་དང་སྡིག་ལ་སོགས།། ཐ་སྙད་ཙམ་ཡང་ཡོད་མ་ཡིན།། རྣལ་གྲོལ་རྣམ་པར་བཅིངས་པ་ཡི།། གཉིས་པོ་དེ་ཡོད་གདོད་ནས་མེད། ། གང་གིས་དེ་ལྟར་མ་རིག་པ།། དོན་མེད་སྒྲ་ཕྱིར་དེ་འབྲེངས་ནས།། དགེ་བའི་ཆོས་ནི་རྣམ་སྤངས་ནས།། དེ་ནི་འཐོམས་ནས་དམྱལ་བར་འགྲོ། གསང་སྔགས་དབང་ཕྱུག་གོ་འཕང་ཆེན་པོ་འདིར།། ཕྱི་ནང་གསང་བའི་དོན་དང་མི་ལྡན་པར། ། ལ་ལ་མཁས་འདོད་དྲེགས་པའི་ང་རྒྱལ་ཅན།། རང་གི་ལྟ་བ་ཡང་རབ་ཐོབ་འདོད་དེ།། གཏི་མུག་དབང་གིས་བག་ཟོན་མ་ཆགས་པར།། དྲན་འདོད་ཡས་བཞག་བཙན་ཐབས་དྲེགས་པ་ཡིས། ། བདག་ལས་གཞན་མེད་དཔེ་ཟླས་འཕགས་འདོད་པ།། གཞན་ལ་བརྙས་འདོད་བདག་ཉིད་ལྷར་བསྒོམས་ཀྱང།། མཉམ་པའི་རྒྱལ་པོ་ཆེ་ལས་འགལ་བའི་ཕྱིར།། ལྟ་སྤྱོད་ཡ་ཆབ་བདུད་ཀྱི་ལས་སུ་འགྱུར། ། མཐོ་དམན་རློམ་སེམས་དབང་སྒྱུར་མཉམ་པའི་ཐུགས།། ཞེས་གསུངས་སོ།། གསོལ་བ། བྱང་ཆུབ་སེམས་ཀྱི་ཕུར་པའི་དོན་དང་ལྡན་པའི་རྣལ་འབྱོར་པས་ལས་ཀྱི་མཐའ་གང་ལགས་ཞེ་ན། བཀའ་སྩལ་པ། དཔེར་ན་ཞིང་པས་ལོར་བཏབ་པའི།། ཐ་མ་སྔ་རྩ་མ་བྱས་ན།། འབྲས་བུ་ཐ་ཡ་ཁྱེར་བ་བཞིན།། རྣལ་འབྱོར་ལྟ་སྤྱོད་དམ་ཚིག་དབང།། ཉན་བསམ་ལས་ཀྱི་མཐའ་མ་རུ།། མི་སྒོམ་པ་ཡང་དེ་བཞིན་ནོ།། ཞེས་གསུངས་སོ། ། གསོལ་བ། བྱང་ཆུབ་སེམས་ཀྱི་ཕུར་པ་དེ་ཤེས་རབ་རྣམ་པ་གསུམ་གལ་ཆེ་བ་ཅིའི་ཕྱིར་ལགས་ཞེ་ན། བཀའ་སྩལ་པ། རང་གསང་ཐབས་ཀྱི་འབྲས་བུ་ནི།། མ་བསྟན་པ་རུ་ཤེས་མི་སྲིད།། ཡང་དག་དོན་གྱི་ངོ་བོ་ནི། ། མ་བསམ་བར་དུ་རྟོགས་མི་སྲིད།། ཡང་དག་ངེས་པའི་འབྲས་བུ་འདི།། མ་བསྒོམས་བར་དུ་འགྲུབ་མི་སྲིད།། བསྒོམས་ན་འབྲས་བུ་ཐག་མི་རིང།། དགོས་པ་དམ་པ་ཀུན་འདུས་ལ།། འཇུག་པའི་གཙོར་ནི་བསམ་གཏན་ཏེ། ། འཁོར་ལོ་དབང་བསྐུར་ཇི་བཞིན་དུ།། ཆོས་ཀུན་དབང་བསྐུར་བསམ་གཏན་ཡིན།། གལ་ཏེ་བསམ་གཏན་འདི་མེད་ན།། རྒྱ་མཚོ་འཇིངས་ཀྱི་ཕ་བོང་ལྟར།། དཔག་ཏུ་མེད་པའི་སྒོ་སྤྱོད་ཀྱང། ། དོན་མེད་སྙིང་པོ་སྐམས་པ་ཡིན།། བསྒྲུབ་པའི་གཙོར་ནི་ཏིང་འཛིན་པས།། ཏིང་འཛིན་འདི་ཡིས་བྱེད་པར་འགྱུར།། མུན་ལས་སྣང་བྱུང་དེ་བཞིན་དུ།། འགྱུར་བ་གསེར་འགྱུར་སྨནགྱི་ཚུལ།། རྫོགས་པའི་དབང་སྒྱུར་ཏིང་འཛིན་ཡིན། ། ཞེས་གསུངས་སོ།། གསོལ་བ། བྱང་ཆུབ་སེམས་ཀྱི་ཕུར་པའི་དོན་བསྒོམས་པའི་རྣལ་འབྱོར་བའི་གནས་ཇི་ལྟ་བར་ལགས་ཞེ་ན། བཀའ་སྩལ་པ། རྣམ་པར་མི་རྟོགས་དོན་ཚོལ་ན། ། གཅིག་པུ་དབེན་པའི་ས་བཟུང་སྟེ།། བར་ཆད་རྣམ་གསུམ་མེད་པའི་གནས།། རྙེད་ནས་གཅིག་པུར་གནས་བར་བྱའོ།། དེ་ཉིད་ཉམས་སུ་ལེན་འདོད་པས།། གཅིག་པུ་སེང་གེ་བཞིན་དུ་གནས།། གཡེང་བའི་ཡུལ་རྣམས་ཐག་བཅད་དེ། ། འབྲེལ་ཡུལ་དཔག་ཚད་དུ་མས་བཤུགས།། དེ་ནས་སེམས་ཀྱི་མེ་ལོང་བལྟའོ།། ཞེས་གསུངས་སོ།། གསོལ་བ། བྱང་ཆུབ་སེམས་ཀྱི་ཕུར་པ་བསྒོམ་འདོད་པའི་རྣལ་འབྱོར་པས་སྔོན་དུ་འགྲོ་བའི་ལས་ནི་ཇི་ལྟར་བྱས་ལ་འཇུག་ཅེ་ན། བཀའ་སྩལ་པ། ཟབ་དོན་འཇུག་པའི་སྔོན་ལོགས་སུ།། ཐེ་ཚོམ་གཡེངས་མ་ཐག་བཅད་དེ།། སྡིག་བཤགས་བྱང་ཆུབ་སེམས་བསྐྱེད་ནས།། རྣལ་འབྱོར་ཚོགས་ཀྱི་བསོད་ནམས་དཔུང། ། ཕྱིས་ནས་འགྱོད་པ་མེད་པར་བྱ།། རྣམ་པར་མི་རྟོག་སྒོམ་འདོད་ན།། ངེས་དང་ཉམས་ལྡན་གནས་བསྟེན་པ།། རང་གི་ངོ་བོ་ཤེས་པར་བྱ།། ཞེས་གསུངས་སོ།། གསོལ་པ། བྱང་ཆུབ་སེམས་ཀྱི་ཕུར་པ་དེ་དོན་དམ་པར་བསྒོམ་དུ་མེད་ཅེས་བྱ་བའི་དོན་དེ་ཇི་ལྟར་ལགས་ཞེ་ན། བཀའ་སྩལ་པ། འཁོར་བ་རྣམས་ནི་ཀུན་ཏུ་བཟང་པོའི་སྐུ་སྟེ་མཚན་མེད་ནམ་མཁའི་ཀློང།། གང་ཡང་བསྒོམ་པར་བྱ་བ་རྫོགས་པ་ཆེན་པོའི་འདི་ལ་ཅི་ཡང་མེད། ། མི་བསྒོམ་བསྒོམ་དུ་རྡུལ་ཡང་མེད་དེ་ཅི་ཞིག་བསྒོམ།། བསྒོམ་པར་འདོད་པ་རྣམས་ཀྱིས་འདི་ཡི་དོན་མི་རྟོགས་ཏེ་ཀློང་ལས་ཉམས།། དྲང་སྲོང་སྒོམ་འདོད་པས་ནི་ཡུལ་ལ་དཔྱད་མི་བྱ།། སྒོམ་མེད་ཡུལ་ལམ་དམིགས་པར་བྱེད་པ་ནི། ། དེ་ནི་སྨིག་རྒྱུ་ཆུ་རྙེག་འདྲ།། སེམས་དཔའ་ཆེན་པོ་ཐམས་ཅད་བསྒོམ་པའི་མཆོག། ངོ་བོ་ཉིད་དུ་དམིགས་སུ་མེད།། ང་ཡི་ལུགས་སུ་སྦྱོར་བ་ལས།། བྱང་ཆུབ་མེད་ཅིང་བསྒོམ་པ་མེད། ། ཅེས་གསུངས་སོ།། གསོལ་པ། བྱང་ཆུབ་སེམས་ཀྱི་ཕུར་པ་དེ་ལམ་བསྒོམས་ནས་རྡོ་རྗེ་ལྟ་བུར་མི་འགྱུར་རམ་ཞེ་ན། བཀའ་སྩལ་པ། བསམ་གྱིས་མི་ཁྱབ་མི་ཤེས་པར།། བསམ་མེད་ངང་དུ་གང་འཇོག་པ། ། བུས་པ་དེ་ནི་བླུན་པ་སྟེ།། མུན་པའི་སྐྱེ་མཆེད་ཉིད་དུ་འགྱུར།། བསམ་གྱིས་མི་ཁྱབ་དོན་ཤེས་ན།། བསམ་མེད་ངང་དུ་གང་འཇོག་པ།། དེ་ནི་ཐམས་ཅད་མཁྱེན་པ་ཉིད།། ཡོན་ཏན་དཔག་ཏུ་མེད་པ་འབྱུང། ། ཞེས་གསུངས་སོ།། གསོལ་བ། བྱང་ཆུབ་སེམས་ཀྱི་ཕུར་པ་ཆོས་ཉིད་ལ་བསྒོམ་དུ་ཡོད་པ་ལ། རྣལ་འབྱོར་པས་མི་སྒོམ་པ་ཅི་ཞིག་ལགས་ཞེ་ན།། བཀའ་སྩལ་པ། ཆོས་ཉིད་བསམ་དུ་མེད་པ་ནམ་མཁའ་ཆེ། ། ནམ་མཁའི་བསམ་པ་དེ་དག་ཀུན་དང་བྲལ།། ནམ་མཁའི་དམིགས་པར་ཡང་ནི་དམིགས་སུ་མེད།། སེམས་དང་ཆོས་ནི་ཅི་ཡང་མ་ཡིན་པས།། བསྒོམ་པའི་ཚེ་ན་ཅི་ཡང་མི་བསྒོམ་མོ།། ཞེས་གསུངས་སོ། ། གསོལ་པ། བྱང་ཆུབ་སེམས་ཀྱི་ཕུར་པ་དེ་བསྒོམས་ན་སྐྱོན་ཅི་མཆིས་ཞེ་ན། བཀའ་སྩལ་པ། མ་བཅོས་བྱང་ཆུབ་དེ་བཞིན་ཉིད།། བསྒོམ་དུ་མེད་པའི་ཆོས་ཉིད་ལ།། བསྒོམ་པ་དམིགས་སུ་མེད་པ་སྟེ།། ཏིང་འཛིན་ཞེས་ནི་གདགས་སུ་མེད། ། བསྒོམས་ཀྱང་རྙེད་པ་མ་ཡིན་ལ།། དེ་བཞིན་མ་བཅོས་སྟོར་བ་མེད།། བསྒོམ་ཆོས་སྣ་ཚོགས་ཅིར་སྣང་བ།། བསྒོམས་ན་དེ་ཡི་ངང་མི་གནས།། དེ་བས་བྱིས་པའི་སྤྱོད་ཡུལ་ཡིན། ། བརྟགས་ན་མེད་ལ་བཞག་ན་ལེགས་པ་འབྱུང།། བསྒོམས་ན་མཚན་དང་དཔེ་བཞིན་དེ་ལ་རྟོག་པ་སྐྱེ།། དམིགས་པའི་ཡུལ་མེད་གནས་པར་བརྟག་པར་དཀའ།། ཞེས་གསུངས་སོ།། གསོལ་པ།། བྱང་ཆུབ་སེམས་ཀྱི་ཕུར་པ་དེ་ནི་མི་བསྒོམ་པར་བཞག་པ་ལགས་སམ་ཞེ་ན། བཀའ་སྩལ་པ། བསྒོམ་པའི་ཡུལ་མེད་དེ་ལ་བསྒོམ་པའི་གནས།། བསྒོམ་ཆགས་བདེ་བ་བདག་འཛིན་སྡུག་བསྔལ་ཡིན།། བསྒོམ་པའི་གནས་མེད་དག་ཏུ་རབ་རྟོགས་ན། ། བསྒོམས་ཀྱང་སྐྱོན་མེད་ཆོས་དབྱིངས་ནམ་མཁའ་འདྲ།། ཞེས་གསུངས་སོ།། གསོལ་བ། བྱང་ཆུབ་སེམས་ཀྱི་ཕུར་པ་དེ་བསྒོམས་ཀྱང་སྐྱོན་མེད་པ་ལགས་ན་བསྒོམ་པ་ཉིད་ནི་ཚུལ་ཇི་ལྟར་བསྒོམ་ཞེ་ན། བཀའ་སྩལ་པ། མ་སྐྱེས་པ་ཡི་ཆོས་རྣམས་ལ།། ངོ་བོ་མེད་དེ་བསྒོམ་པ་མེད།། ནམ་མཁའི་ཚུལ་དུ་རབ་འབྱོར་བས།། དངོས་གྲུབ་ཀུན་ཏུ་རབ་ཏུ་གྲགས།། ཞེས་གསུངས་སོ།། གསོལ་བ། བྱང་ཆུབ་སེམས་ཀྱི་ཕུར་པ་དེ་ལས་དང་པོའི་རྣ་འབྱོར་པས་བློས་ཇི་ལྟར་བཞགཅེ་ན། བཀའ་སྩལ་པ་སེམས་ཀྱི་སྐད་ཅིག་དྲན་པ་ལ།། ཡིད་ཀྱི་དམིགས་པ་རྒྱུན་ཆད་ནས།། བྱུང་ཚོར་ཆད་པའི་མཐའ་སྤངས་ཏེ།། ཆོས་རྣམས་ནམ་མཁའ་ལྟ་བུ་ནི། ། བརྗོད་མེད་རྒྱུན་གྱི་ཆད་པར་དམིགས།། དོན་ནི་ཕྱིན་ཅི་མ་ལོར་པར།། བརྗོད་མེད་ཏིང་འཛིན་བསྒོམ་པའི་མཆོག། ཡང་དག་དོན་གྱི་རང་བཞིན་འདི།། ཅི་ཡང་མི་ལེན་མི་གནས་ཤིང།། ཅི་ཡང་མི་ཐོས་ཐོས་པ་མེད། ། ཅི་ཡང་མི་བྱེད་བྱེད་དང་བྲལ།། ཅི་ཡང་སྣང་བ་མེད་པ་སྟེ།། དེ་ནི་སྣང་བའི་དམ་པ་ཡིན།། བསམ་དུ་མེད་པའི་ཆོས་ཉིད་འདི།། བསམ་དུ་མེད་པར་དེ་བཞིན་བཞག། རང་བཞིན་མེད་པའི་ཆོས་ཉིད་ལ། ། སེམས་ཀྱི་གྱིན་ད་སྐད་ཅིག་མ།། མི་གཡོ་རྒྱུན་དུ་དྲན་པར་བྱ།། ཞེས་གསུངས་སོ།། གསོལ་བ།། བྱང་ཆུབ་སེམས་ཀྱི་ཕུར་པ་དེ་ཐམས་ཅད་དུ་དམིགས་ཤིང་དྲན་པར་བྱ་བ་ལེགས་སམ་ཞེ་ན། བཀའ་སྩལ་པ། བསྒོམ་པར་བྱ་བ་བསྒོམ་པ་མིན།། གསལ་བྱ་དམིགས་སུ་མེད་པ་སྟེ།། དེ་ལྟར་སེམས་ཀྱིས་གང་བསྒོམས་པ།། དོན་ལ་སེམས་བསྒོམ་ཏིང་འཛིན་མཆོག། ཅེས་གསུངས་སོ།། གསོལ་བ། བྱང་ཆུབ་སེམས་ཀྱི་ཕུར་པ་དེ་ཅིའི་ཕྱིར་མི་བསམ་པར་གནས་པར་བགྱི་ཞེ་ན། བཀའ་སྩལ་པ། སྣང་བ་མེད་པའི་རང་བཞིན་ལ།། ཤེས་བློ་ཡོད་པའི་སེམས་མི་འགྱུར།། མཉམ་ཉིད་སྟོན་པའི་དོན་འདི་ལ།། དོན་ལྡན་སྟོང་པའི་སྒྲོ་མི་འདོགས། ། མ་བཅོས་རང་བཞིན་ཞི་བ་ཡི།། མཚན་མའི་རྟོག་བྲལ་ཤེས་ལྡན་པས།། མེད་དོ་ཙམ་དུའང་མི་དམིགས་ན།། བྱུང་ཚོར་འཛིན་པར་ག་ལ་འགྱུར།། ཐམས་ཅད་མི་གནས་བྱང་ཆུབ་སེམས། ། བཙལ་ནས་གྲུབ་པ་མ་ཡིན་ཡང།། སྒྱུ་མ་སངས་ནས་འཁྲུལ་བ་བཞིན།། སྤྲོས་བྲལ་ཡེ་ཤེས་སྙིང་པོ་གནས།། བསྒོམ་དང་བསྒོམ་པར་བྱ་བ་གཉིས་མེད་ན།། དོན་དམ་ངང་ལ་བདེ་བར་གནས་པ་ནི།། བྱང་ཆུབ་སེམས་བསྒོམ་ཞེས་ཀྱང་དེ་ལ་བྱ། ། ཞེས་གསུངས་སོ།། གསོལ་བ། བྱང་ཆུབ་སེམས་ཀྱི་ཕུར་པ་དེ་བློའི་ཡུལ་མེད་པར་བློ་ལ་གནས་པ་དེ་ཅིའི་ཕྱིར་ལགས་ཞེ་ན། བཀའ་སྩལ་པ། རྡོ་རྗེ་འདུས་པ་ཆེན་པོ། བྱང་ཆུབ་སྙིང་པོར་བཞུགས་པའི་ཚེ། སྟོང་པའི་ཆོས་ལ་སྟོང་པའི་ཡུལ་མེད་དེ་ནི་མི་གནས་སོ།། བྱང་ཆུབ་སེམས་བྱང་ཆུབ་བསྒྲུབ་པའི་རྒྱུ་མེད་དེ་ནི་མི་གནས་སོ།། འགྲོ་ལ་སེམས་རྒྱུད་གཉིས་མི་འཆང།། ཞེས་པ་ནི་དེ་ལ་མ་སྐྱེས་མིང་མི་དམིགས། ། དེ་ལས་གཞན་པའི་སེམས་མེད་ཕྱིར།། བཅོས་ཤིང་གནས་པ་གང་ཞིག་ཡོད།། ཇི་ལྟར་ནམ་མཁའ་མཁན་མ་ཡི།། དེ་ཕྱིར་ནམ་མཁའ་དེ་ཉིད་བསྒོམ་པར་མི་འགྱུར་ཞིང།། ངོ་བོ་ཉིད་ཀྱིས་མ་སྐྱེས་སེམས་ཀྱི་ནི། ། མ་སྐྱེས་དེ་ཉིད་བསྒོམ་པར་ག་ལ་འགྱུར།། མི་མཐུན་པ་དང་མཉམ་པོ་དབྱེར་མེད་དོན།། གང་གིས་ཤེས་ནས་རྩོལ་བ་ཀུན་སྤངས་ཏེ།། བཏང་སྙོམས་ཆེན་པོར་མ་བཅོས་ངང་བཞག་ན།། ཐ་སྙད་ཙམ་དུ་སྒོམ་ཞེས་དེ་ལ་བརྗོད། ། ཅེས་གསུངས་སོ།། གསོལ་པ། བྱང་ཆུབ་སེམས་ཀྱི་ཕུར་པ་དེ་བསྒོམ་པའི་དུས་ན་ཏིང་ངེ་འཛིན་གྱི་སྐྱོན་དག་ཇི་ལྟར་འཚལ་བར་བགྱི་ཞེ་ན། བཀའ་སྩལ་པ། དྲན་འབྱུང་རྗེས་སུ་འབྲངས་ནས་ནི། ། འཁོར་བའི་གནས་སུ་འཁོར་བར་འགྱུར།། དྲན་འབྱུང་གཡོ་བ་ཅི་བཀག་པ།། དེ་ནི་འགོག་པ་ཉིད་དུ་འགྱུར།། དྲན་འབྱུང་མེད་པར་བླུན་པར་ན།། མུ་སྟེགས་ཅན་ནམ་མུན་པར་འགྱུར།། འདི་ཞེས་སེམས་སུ་གཅིག་བཟུང་ན། ། མཚན་མ་རྟོག་པའི་རི་བོ་ཡིན།། སྔ་ཕྱི་མེད་པས་ཕྱ་ཆད་ན།། མེད་དེ་ཆད་པའི་མུན་ཅན་ཡིན།། གཞི་ཡི་དོན་ལས་ཡུད་ཙམ་ཞིག། ཅི་གཡོ་སྐྱེ་འགག་འབྱུང་བ་དེ།། དེ་ལས་དྲན་པ་མང་འཕེལ་ཞིང། ། ལམ་འཚལ་བ་ཡི་གྲངས་བྱུང་ན།། ལམ་གྱི་རྣམ་གྲངས་འཕེལ་འགྱུར་གྱི།། ཆོས་ཉིད་ལམ་དུ་ག་ལ་འགྱུར།། ལྷུང་བར་གྱུར་པའི་སྐྱོན་ཆེན་ནི།། མཚན་མའི་གཡེང་བ་རྣམ་དྲུག་ཡིན།། རང་བཞིན་ཡུལ་ལ་གཡེང་བ་དང། ། ནད་དང་མཚན་མའི་གཡེང་བ་དང།། ཡིད་ལ་བྱེད་དང་གནས་ངན་ལེན།། འདི་དག་རབ་ཏུ་གསལ་བྱས་ན།། དོན་ལ་མཉམ་པར་བཞག་པའི་ཚེ།། མཉམ་པའི་དོན་ལ་སྒྲིབ་པའི་སྐྱོན། ། རྣམ་པ་ལྔ་འབྱུང་འདི་ལྟ་སྟེ།། བྱུང་ཚོར་དབང་གིས་གཡེང་བ་དང།། བྱིང་རྨུགས་དབང་གིས་ཐིབས་པ་དང།། འཛིན་ཆགས་དབང་གིས་འགོག་པ་དང།། ཐེར་ཟུག་དབང་གིས་དྲུག་པ་དང།། ཕྱལ་བའི་དབང་གིས་མེད་པ་དང། ། འདི་ནི་མཉམ་ཉིད་སྐྱོན་ཡིན་ནོ།། ཏིང་འཛིན་བདེ་བའི་རོལ་ཆགས་གནས་པ།། ཡོད་མེད་རྒྱུ་དང་ལམ་ལྟ་ཆོས་ཉིད་ཡིན།། དེ་བས་ཆགས་པའི་གནས་ལ་ཏིང་འཛིན་ན།། ཞི་བས་ས་སྟེངས་མྱ་ངན་དེ་མི་འདའ། ། སེམས་ནི་ཅི་ལའང་མི་གནས་དང།། ཅི་ལའང་མི་དམིགས་ཤེས་བྱ་བ།། སེམས་ལ་གནས་དམིགས་སྐྱོན་སེལ་བ།། སེམས་འཛིན་ཕྲ་མོ་དེ་ལ་ཡོད།། སྨིག་སྒྱུ་བཞིན་དུ་སེམས་མེད་ན།། མི་གནས་མི་དམིགས་བྱེད་པ་གང། ། ནམ་མཁའི་རང་བཞིན་མ་ཤེས་ན།། བསྒོམ་པ་དོན་དང་ལྡན་མི་ཡིན།། ཇི་ཙམ་རྟོག་མེད་ཟབ་མོ་ཞིག། བློ་ཡི་ཡུལ་དུ་སྣང་ཞེ་ན།། མི་རྟོག་ཟབ་མོའི་ཉམས་མྱོང་བ། མྱོང་བ་ཡིན་ཕྱིར་དེ་ཉིད་མིན། ། ཞེས་གསུངས་སོ།། གསོལ་པ། བྱང་ཆུབ་སེམས་ཀྱི་ཕུར་པ་དེ་ལྟར་ཤེས་ནས་བསྒོམ་པ་ལ། ཐེག་པ་འོག་མའི་རྩལ་སྒྲུབ་སྤྱོད་མི་དགོས་པ་ཇི་ལྟར་འཚལ་བ་ལགས་ཞེ་ན། དཀའ་སྩལ་པ། སངས་རྒྱས་ཀུན་གྱི་བྱང་ཆུབ་སེམས། ། བླ་ན་མེད་པ་འབྱུང་འགྱུར་བ།། རྒྱལ་བས་གསུངས་པའི་ཡེ་ཤེས་གང།། དེ་ནི་དཀྱིལ་འཁོར་སྙིང་པོར་གསུངས།། དེར་གཞོལ་དེ་ནི་མཆོད་པའི་སྤྲིན།། གློང་དུ་གནས་པ་སྒྲུབ་ཐབས་སོ།། ངང་གིས་མི་ལྡོག་དངོས་གྲུབ་པས། ། དོན་དུ་ཀུན་གྲུབ་ཕྱག་རྒྱར་རྫོགས།། ཅི་ལ་མ་ཆགས་སྦྱིན་པ་སྟེ།། ངེས་པས་མི་གཏིང་དད་པའོ།། ཆོས་ཉིད་ལས་མ་འདས་པས་དམ་ཚིག་གོ། མན་ངག་དང་འབྲེལ་བས་གཟུངས་སོ།། དེ་བཞིན་ཉིད་ལས་མི་གཡོ་བས་ཏིང་ངེ་འཛིན། གཉིས་སུ་མེད་པས་ལྟ་བ། ཡིན་པའི་དོན་མ་སྤྲོས་པས་འཕྲིན་ལས། བདེན་པ་མཉེས་པས་སྔགས་དང་ཕྱག་རྒྱ། སྣང་སྲིད་ཡེ་འབྱམ་དབང་གི་མཆོག། འགྱུར་མེད་རྟོག་པ་བྱིན་རླབས་ཏེ། ། ཆོས་ཉིད་གསལ་བ་མཆོད་པ་དང།། རྟོགས་པས་སྒྲོལ་བའི་འཕྲིན་ལས་ཡིན།། གོམས་པས་སྦྱོར་བའི་འཕྲིན་ལས་ཡིན།། གསལ་བའི་ཏིང་འཛིན་འཕྲིན་ལས་ཡིན།། ཕེབས་པས་མཆོད་པའི་འཕྲིན་ལས་ཡིན། ། གསང་ཐུབ་བཀའ་ཡི་འཕྲིན་ལས་ཡིན། འཕྲིན་ལས་རྫོགས་ཤེས་དེ་ལ་བྱ།། ཀུན་གཞི་བཟང་པོའི་རིག་པ་ལ།། རྒྱུད་ལྟར་དགྲོལ་ཞིང་ལུང་ལྟར་བསྐྱེད།། དོན་དམ་མན་ངག་གཞུང་ལྟར་བསྒོམ། ། སྒྲུབ་ཐབས་ཚང་ཞེས་དེ་ལ་དེ་སྐད་བྱ།། ཞེས་གསུངས་སོ།། གསོལ་པ། བྱང་ཆུབ་སེམས་ཀྱི་ཕུར་པ་གོང་མ་ལྟར་བསྒོམས་པའི་དུས་སུ་མཚན་མ་ཕྲ་མོ་ལྡན་པ་ཀུན་སྐྱོན་ལགས་སམ་ཞེ་ན། བཀའ་སྩལ་པ། འདུ་བྱེད་མེད་པ་མཁའ་འདྲ་བས།། འདུ་བྱེད་ལས་བྱུང་བསམ་གཏན་སྐྱོན།། བརྟག་ཏུ་མེད་པའི་ཆོས་ཉིད་ནི།། རྟོག་པ་ཅན་གྱིས་མི་རྟོགས་ཏེ།། གང་ཞིག་དེ་དོན་མི་རྟོགས་པར།། གཡེང་བར་ལྟུང་བ་ཅི་ཆ་ཡོད། ། ཆོས་ཉིད་ཙམ་དུ་མི་སྐྱོན་ན།། སྒྱུ་མ་ཕྲ་རགས་སྨོས་ཅི་དགོས།། བསམ་དང་བྲལ་བ་ཡེ་ཤེས་པས།། མཐའ་ཀུན་ཡིད་ལ་མི་བྱའོ།། ཞེས་གསུངས་སོ།། གསོལ་བ། བྱང་ཆུབ་སེམས་ཀྱི་ཕུར་པ་བསྒོམ་པ་ལ་དེ་ལྟར་སྐྱོན་ལགས་ན། ལྡང་བ་རྣམས་དགག་ལགས་སམ་ཞེ་ན། བཀའ་སྩལ་པ། ལྡང་མི་ལྡང་ཆེད་དུ་མི་སྤོང་སེམས་རྟེན་ཅི་འཆང་མངོན་དུ་མིན།། འཇམ་པ་མ་ཡིན་རྡུལ་ཙམ་གཡོ་བ་དེ་ཉིད་ཡིན་ཏེ་དེར་མི་གནས། ། བསྒོམ་པའི་ས་མི་རྙེད་ཅིང་བསྒོམས་པས་རྙེད་མ་འགྱུར་བ་སྟེ།། སེམས་ཀྱི་སྤྱོད་ཡུལ་ཤེས་པ་དེ་ལ་དེ་དག་ཆོས་རྣམས་ཀྱི་མཚན་ཉིད་ཡིན།། རྣམ་འབྲས་གང་ལའང་མཆོག་དང་ཐ་མ་མེད་པར་ལམ་མཆོག་འདི་བསྒོམ་མོ། ། འདུ་བྱེད་མ་སྐྱེས་ཆོས་ཀུན་འབྱུང་མེད་ཤིན་ཏུ་ཆོས་རྣམས་མྱ་ངན་འདས།། དངོས་མེད་དེ་ཚེ་ཀུན་ཀྱང་ཆོས་ཀྱི་དབྱིངས་ཤེས་དགྲ་བཅོམ་རབ་འབྱོར་ཡིན།། རྣམ་པར་རྟོག་པའི་མཚན་མ་ཅི་བྱུང་ཡང། ། རྟོག་པ་དེ་ཉིད་ཆོས་ཉིད་ཡིན་ཤེས་ན། ཆོས་ཀྱི་དབྱིངས་ཉིད་གཞན་དུ་བསྒོམ་མི་དགོས།། དེ་ལ་གཉེན་པོས་བཅོས་ཤིང་དཔག་ཏུ་མེད།། ཐེ་ཚོམ་ལྡང་ངོ་ཅོག་ནི་ཆོས་ཀྱི་དབྱིངས་ཡིན་པས།། ལྷག་པར་ཐེ་ཚོམ་བསལ་བའི་རྒྱུ་མེད་དོ། ། དེ་ལྟར་ཤེས་ན་བྱུང་ཡང་སྐྱོན་མེད་དོ།། བྱུང་ཆོས་གཡོ་འགོག་ཐམས་ཅད་ཀྱང།། རང་བཞིན་གྱིས་འབྱུང་ངང་གིས་ཞི།། མདོར་ན་ཅིར་བརྟགས་བསམ་པ་བཞིན།། འབྱུང་བས་ཐམས་ཅད་ངོ་བོར་སྣང། ། མ་བཅོས་གཡོ་བ་མེད་ཉིད་ལ།། སྣ་ཚོགས་འབྱུང་རྒྱུ་མི་སྐྱོན་ཞིང།། ཆོ་འཕྲུལ་མི་འགག་ཉམ་ང་མེད།། སྐྱོན་མེད་གཉིས་པོས་མ་སྐྱེས་ཕྱིར།། རྣམ་རྟོག་མཚན་མ་ཅི་བྱུང་ཡང།། མ་བཀག་རང་བྱུང་རང་ཞི་སྟེ། ། མ་བཅོས་མ་བྱས་རང་གི་ངང་གིས་གསལ།། ནམ་མཁའ་ཡངས་པའི་དཀྱིལ་ཡངས་སུ།། དངོས་པོ་མཚན་མ་ཀུན་ཞི་ལྟར།། རྟོགས་པས་ཡངས་པའི་ལྟ་བ་ལ།། འཛིན་རྟོག་མཚན་མ་ཀུན་ཀྱང་ཤོང།། ཤོང་བ་བས་ཀྱང་ཡངས་ཀྱང་ཡངས། ། ཞེས་གསུངས་སོ།། གསོལ་བ། བྱང་ཆུབ་སེམས་ཀྱི་ཕུར་པོ་བསྒོམ་པའི་དུས་ན་གོལ་སར་ཅིས་མ་ལྟུང་བ་ལགས་ཞེ་ན། བཀའ་སྩལ་པ། སེམས་ཉིད་དངོས་པོ་ཡོད་ཅེའམ།། མེད་ཅེས་བྱ་བར་མི་ལྟ་བས། ། མུ་སྟེགས་ཅན་དུ་ལྟུང་མི་འགྱུར།། བྱིང་རྨུགས་ཅན་དུ་མ་གྱུར་པས།། འདུ་ཤེས་མེད་པར་དེ་མི་ལྟུང།། འདུ་ཤེས་རྗེས་སུ་མ་འབྲེངས་པས།། སེམས་ཅན་ཁམས་སུ་དེ་མི་འཁོར།། ཀུན་གཞིའི་དོན་ལ་གོམས་པས་ན། ། ཉན་ཐོས་ཐེག་པར་དེ་མི་ལྟུང།། སྟོང་ཞིང་ཞི་བར་མི་བྱེད་པས།། རང་རྒྱལ་ལྟ་བར་དེ་མི་འགྱུར།། རྣམ་དག་སྟོང་པར་མི་བྱེད་པས།། བྱང་ཆུབ་སྤྱོད་པར་ཡོང་མི་ལྟུང།། མཉམ་ཉིད་སྟོང་པའི་དོན་དག་ལ། ། སོ་སོར་ཐ་དད་མི་བྱེད་པས།། ས་ཡི་རིམ་པར་མི་ལྟུང་ཞིང།། རིམ་གྱིས་སྦྱང་ཞིང་འཕར་བ་མེད།། གང་ཞིག་གསལ་ཞིང་དམིགས་ཡོད་ན།། དེ་ཉིད་ངེས་པར་གཡེང་བ་ཡིན།། ཅི་ཡང་ཡིད་ལ་མི་བྱེད་པས། ། གསིལ་བར་ལྷུང་བ་ཅི་ཞིག་ལྟུང།། བསམ་མེད་བསྒོམ་པ་མ་ནོར་ན།། ཆོས་སྐུ་བྱང་ཆུབ་ཐེ་ཚོམ་མེད།། ཅེས་གསུངས་སོ།། གསོལ་པ།། བྱང་ཆུབ་སེམས་ཀྱི་ཕུར་པ་བསྒོམ་པའི་ཚེ་དམིགས་པ་བཅུག་ཀྱང་ཆོས་ཉིད་གསལ་ན་སྐྱོན་ཅི་མཆིས་ཞེ་ན། བཀའ་སྩལ་པ། གཞན་མ་དམན་པའི་སྒོ་ནས་ནི།། དམིགས་པ་འཛིན་པ་མེད་པའི་ཆོས་ཉིད་ལ།། དམིགས་པའི་རྟོག་པ་ཡོད་པས་ནོར།། ཐེར་ཚེར་དམིགས་ཀྱི་ནམ་མཁའ་ལ། ། ཕྲ་རབ་ཐེན་ཐག་འཛུད་པ་ལྟར།། བྱིས་པ་ལས་གང་བྱེད་པ་སྟེ།། ཤེས་ཅམ་དག་གིས་བྱ་མ་རུང།། བྱང་ཆུབ་དེ་ཡང་མི་དམིགས་ཏེ།། མི་གནས་ཤེས་ནི་གང་བརྗོད་ཅིང།། གནས་དང་དམིགས་པའི་གནས་འཛིན་པ། ། གཟུང་འཛིན་ཞེ་ནི་དེ་ལ་བྱ།། དམིགས་པའི་ཡིད་ལ་ཅི་གསལ་བ།། ཤེས་པའི་ཡུལ་དུ་འཇུག་འགྱུར་བས།། དེ་དག་མ་རབས་ཏིང་ངེ་འཛིན།། དེས་ན་དམིགས་མེད་རྒྱལ་བས་གསུངས།། ཞེས་བྱའོ། ། གསོལ་བ། བྱང་ཆུབ་སེམས་ཀྱི་ཕུར་པ་བསྒོམ་པས་གྲུབ་པའི་རྟགས་ཇི་ལྟ་བུ་འབྱུང་བ་ལགས་ཞེ་ན། བཀའ་སྩལ་པ། དེ་ལྟར་དོན་ལ་མཉམ་བཞག་ན།། རྟགས་ཀྱི་ཚོར་བ་འདི་ལྟར་འབྱུང།། དྲོད་དང་རྟགས་དང་ཆོ་འཕྲུལ་དང། ། རྣམ་ཤེས་དང་ནི་ཡེ་ཤེས་དང།། དྲོད་ནི་གཡོ་དང་ཐོབ་པ་དང།། རྟགས་ནི་མྱོང་དང་བརྟན་པ་དང།། ཆོ་འཕྲུལ་འབྱུང་དང་རྫོགས་པ་དང།། རིག་པ་ཕྲ་མོ་ཡན་ཆད་གསལ།། དེ་ནི་དོན་རྣམས་རྫོགས་པ་ཡིན། ། དྲོད་གསུམ་ཉམས་སུ་ལོན་པ་དང།། རྣམ་གཉིས་རྟགས་ཀྱང་འབྱུང་བར་འགྱུར།། ཆེད་དུ་རྩོལ་བ་མི་བྱེད་ཀྱི།། མི་འཁྲུགས་མཉམ་པ་ཉིད་ཤེས་དང།། གང་ལ་ཆགས་དང་ཡུལ་གྱིས་མྱོས།། སྐྲག་མེད་དེ་ནི་མི་འབྲལ་མི་གནས་ཤིང། ། མི་འཕྲོག་མཉམ་ཤེས་བཞི་པོ་ཕྱོགས་དང་ཕ་རོལ་ཕྱིན་རྣམས་དེར་ཤེས།། ཞེས་གསུངས་སོ།། གསོལ་བ། བྱང་ཆུབ་སེམས་ཀྱི་ཕུར་པ་བསྒོམ་པ་དེ་ཀློང་དུ་ཚུལ་ཇི་ལྟར་འགྱུར་ཞེ་ན། བཀའ་སྩལ་པ། དེ་ལྟར་ཡུན་རིངས་འདུག་གནས་དང།། སེམས་ནི་མི་འགྱུར་རྡོ་རྗེ་དང།། བཟོད་ཅིག་སྡུག་བསྔལ་བྱང་ཆུབ་སེམས།། བྱང་ཆུབ་མཆོག་གི་སྙིང་པོ་ནི།། མཚན་མས་བཙལ་བ་མ་ཡིན་ཏེ།། དག་པ་རྣམ་གསུམ་མ་ནོར་ཅིང། ། རང་གི་རྒྱལ་པོ་གོམས་པ་ཡིས།། བྱང་ཆུབ་མཆོག་འདི་རྙེད་པར་འགྱུར།། བསྒྲུབ་པར་བྱ་བ་གང་ཡིན་དེ་ལ་ནི།། བཙལ་བ་ཡང་ནས་ཡང་དུ་མཉམ་བཞག་སྟེ།། གོམས་པ་ཀློང་དུ་གྱུར་ཅིང་ཁད་ཀྱིས་ནི། ། རྩོལ་བ་མེད་པར་ལྷུན་གྱིས་གྲུབ་བར་འགྱུར།། ཞེས་གསུངས་སོ།། གསོལ་བ། བྱང་ཆུབ་སེམས་ཀྱི་ཕུར་པ་དེ་སྙིང་རྗེ་ཆེན་པོ་ཞེས་བགྱི་བར་ཇི་ལྟར་འབྱུང་ཞེ་ན། བཀའ་སྩལ་པ། ཐབས་ཀྱི་རྩ་བར་སྙིང་རྗེ་མ་ཤར་ན། ། འཕྲལ་དུ་ཕྱོགས་ཆས་ཡོངས་ལ་ཁྱབ་མི་འགྱུར།། བདལ་བ་ཆེན་པོའི་བློ་ཡིས་སྤྱིར་ཁྱབ་ན།། ཀུན་ཏུ་སྣང་གི་ཏིང་འཛིན་མ་བསྒོམས་གསལ།། ཐུགས་རྗེ་འབྱུང་བའི་གནས་ནི་ཉོན་མོངས་ལྔ། ། ཉོན་མོངས་དེ་ཉིད་ཡང་དག་ཡིན་རྟོགས་ན།། དོན་དམ་རྒྱུ་ལ་འབྲས་བུ་ཡིན་རྟོགས་ན།། སངས་རྒྱས་སེམས་ཅན་འབྲས་བུ་ཡིན་རྟོགས་མཉམ།། ཐུགས་རྗེ་ཆེན་པོ་སྐྱེ་ཞེས་དེ་ལ་བྱ།། ཆོས་དབྱིངས་མཐའ་དབུས་མེད་པ་ལ། ། སྐྱེ་འགག་མེད་པའི་བློ་བདལ་བས།། སྤྲོས་པ་མེད་པར་རྟོགས་པ་ཡི།། ཁྱབ་པ་སྤྱི་ཡི་ཐུགས་རྗེ་ཆེ།། ཐུགས་རྗེ་ཆེན་པོ་ཅིར་མི་མཛད།། ཅེས་གསུངས་སོ།། གསོལ་བ། བྱང་ཆུབ་སེམས་ཀྱི་ཕུར་པ་བསྒོམ་པའི་དུས་ན། ཐུགས་རྗེ་ཆེན་པོ་ཐབས་ཀྱི་སྤྱོད་པའི་འགྲོ་དོན་བྱའོ་ཞེས་གསུངས་པ་དེ་དོན་ཇི་ལྟར་ལགས་ཞེ་ན། བཀའ་སྩལ་པ། དེ་ལྟར་དེ་བཞིན་ཆོས་ཀྱི་དབྱིངས་རིག་ནས།། མ་རིག་རྣམས་ལ་སྙིང་རྗེ་ཆེན་པོ་བསྐྱེད། ། སྙིང་རྗེ་སྐྱེས་ནས་སྒྱུ་མའི་ཏིང་འཛིན་གྱིས།། འགྲོ་དོན་ཐབས་ཀྱི་སྤྱོད་པ་སྣ་ཚོགས་སྟོན།། རྩ་བ་བྱང་ཆུབ་སེམས་ཉིད་རྟོགས།། ཐབས་ཀྱི་ཕ་རོལ་ཕྱིན་པ་སྤྱོད།། སྙིང་རྗེས་ཆུད་མ་ཟོས་བར་ཟུང།། ཞེས་གསུངས་སོ། ། གསོལ་པ། བྱང་ཆུབ་སེམས་ཀྱི་ཕུར་པ་དེ་མཚན་མའི་གཟུང་འཛིན་དུ་མི་འགྱུར་ལགས་སམ་ཞེ་ན། བཀའ་སྩལ་པ། ཐབས་ཀྱི་སྤྱོད་པས་གདུལ་བྱ་ཀུན་གདུལ་ཀྱང།། སྒྱུ་མའི་བློ་ལྡན་རློམ་སེམས་རྡུལ་ཙམ་མེད། ། མ་སྐྱེས་སེམས་ལ་སེམས་ཅན་མེད་པའི་ཕྱིར།། ངོ་བོ་ཉིད་ཀྱི་ཆོས་ཀུན་ང་རྒྱལ་འཆང།། ཆོས་ཀུན་སྒྱུ་མར་མངོན་སུམ་སྣང་བའི་ཕྱིར།། ཏིང་འཛིན་སྒྱུ་མས་ཏིང་འཛིན་དེ་ལྟར་སྟོན།། ཞེས་གསུངས་སོ། ། གསོལ་པ། བྱང་ཆུབ་སེམས་ཀྱི་ཕུར་པ་དེ་ཐབས་དང་ཤེས་རབ་འབྲེལ་བས་བདེན་པ་མཐོང་ཞེས་བགྱི་བ་ཇི་ལྟར་ལགས་ཞེ་ན། བཀའ་སྩལ་པ། དེ་ལྟར་སེམས་ཀྱི་སེམས་མཐོང།། ཡེ་ཤེས་ཀྱིས་ཆོས་ཉིད་མཐོང། ། དུས་ཀུན་ཏུ་ནི་སྐྱེ་འགག་མེད།། སྔོན་ནས་མཐོང་བའི་དོན་མཐོང་འགྱུར།། དེ་ཡང་དངོས་པོ་མི་མཐོང་བའི།། ཐམས་ཅད་རང་བཞིན་མེད་པ་ཅིག། བློ་ལ་འདས་པ་ཁོ་ནར་ཟད།། དེ་ལྟ་བུ་ཡི་དོན་མཐོང་ན། ། མཚན་མར་མཐོང་བ་ཅི་ཡང་མེད།། སྒྱུ་མ་ཙམ་དུ་ཚུལ་ཤེས་ན།། ནམ་མཁའ་མཉམ་པའི་དོན་སྣང་འགྱུར།། ཁ་ཅིག་དང་ནི་དེ་དོན་ལ།། སྣང་བ་ཞེས་ནི་ཅི་ཕྱིར་གདགས།། མེད་པའི་དོན་དང་འགལ་ལོ་ཞེས། ། ཐེ་ཚོམ་ཟ་འགྱུར་དེ་དག་ལ།། མཐོང་བ་མེད་པའི་དོན་དེ་ཉིད།། ཡིད་ཀྱི་ངོ་ལ་སྣང་འགྱུར་ན།། སྣང་ཞེས་དེ་ཕྱིར་བརྗོད་པར་བྱ།། དེ་བས་འཁྲུལ་བ་མ་ཟད་པར།། ནམ་མཁའ་མཐོང་བ་མེད་པ་དེ།། དེ་ཉིད་ཡིད་ལ་སྣང་འགྱུར་ཡང། ། གཟུགས་ལ་སྣང་བར་གྱུར་མ་ཡིན།། སེམས་ཉིད་བདེན་པས་མ་མཐོང་ན།། ཡིད་ལ་མཚན་ཉིད་དོན་གསལ་ཡང།། མཚན་མ་འཁྲུལ་པ་རྒྱུ་བ་གཉིས།། འདྲེན་མར་རྒྱུ་བ་འབྲས་བུ་མེད། ། དེ་ཉིད་བདེན་པར་མཐོང་འགྱུར་ན།། དེ་ནས་དེ་མ་ཐག་ཏུ་ཡང།། ཡིད་ཀྱིས་རྒྱུ་བ་རྒྱུན་བཅད་ནས།། སྔར་འཁྲུལ་མཚན་མའི་ཆོས་བྲལ་ཏེ། དེས་ནི་བདེན་པ་མཐོང་བ་ཡིན།། ཞེས་གསུངས་སོ། ། གསོལ་བ། བྱང་ཆུབ་སེམས་ཀྱི་ཕུར་པ་དེའི་བདེན་པ་མཐོང་བའི་དྲོད་ཚད་ཅི་གཟུང་བ་ལགས་ཞེ་ན། བཀའ་སྩལ་པ། ངེས་དོན་མཐོང་བའི་ཉམས་དྲོད་ནི།། མན་ངག་ལུང་གི་བརྒྱན་ཆ་སྟེ།། ངེས་པར་དྲོད་གསུམ་མྱོང་བར་འགྱུར། ། དེ་དག་ཐོག་ཏུ་ཕེབས་པའི་དྲོད།། དྲོད་ཆེན་རྟག་ཏུ་བསྟན་པ་ཡིན།། དེ་ཡིས་ཞར་ལ་འབྱུང་བའི་ཕྱིར།། འཁོར་བའི་ཁམས་སུ་སྙིང་རྗེ་ཡི།། བྱང་ཆུབ་སེམས་ཀྱང་སྐྱེ་བར་འགྱུར།། མཚན་མ་རྟོགས་པའི་ཆོས་རྣམས་ལ། ། ཡིད་མ་ཆེས་པའི་འདུ་ཤེས་སྐྱེས།། ཆོས་རྣམས་འདི་ལྟར་ཡིན་པ་ལ།། ལོག་པར་འཁྲུལ་པ་ངོ་མཚར་ཞེས།། ཡ་ཆར་སྤྱོད་པའི་འདུ་ཤེས་འབྱུང།། འདི་དོན་མ་ཤེས་འགྲོ་བ་རྣམས།། རྩོལ་སྒྲུབ་དཀའ་བའི་ཐབས་ཆེན་གྱིས། ། ཡང་དག་དོན་འཚོལ་ལམ་དེ་རིང།། བསགས་པའི་འབྲས་བུ་ཡོད་གྱུར་ཀྱང།། གཟུགས་ལ་སྣང་བར་དོན་དེ་མཐོང་བར་ཡོངས་མ་ནུས།། དེ་ལྟར་ཤེས་པའི་ཉམས་དྲོད་ནི།། སྐལ་དང་ལྡན་པའི་སྐྱེས་བུ་གང། ། རྒྱུད་འགྲོས་ཚིག་གིས་མ་བཀྲོལ་བར།། སེམས་ལས་ཆོས་འབྱུང་འབུམ་ཕྲག་ཡས།། སྨྲ་བའི་སྒོ་མོ་ཐམས་ཅད་གསལ།། དོན་ལ་ངེས་པའི་གཏན་ཚིག་དག། ཚིག་ཏུ་མཚོན་ཏེ་འབྱིན་པར་ནུས། ། དེ་ནི་ཆོས་སྐུ་མཉམ་ཉིད་དང།། དབྱེར་མེད་གཉིས་སུ་མེད་པ་ཡིན།། བསྟན་པའི་གཟུགས་སུ་གཟུགས་བརྙན་དང།། དེ་ནི་མཚུངས་པ་མ་ཡིན་ནོ།། ཞི་ལུས་མཐར་འགོག་རྐྱེན་གཉིས་དང།། དེ་ནི་མཚུངས་པ་མ་ཡིན་ནོ། ། ས་ལ་སློབ་པའི་སེམས་དཔའ་དང།། དེ་ཡང་མི་མཚུངས་རྒྱལ་བས་གསུངས།། རིགས་འཛིན་དྲང་སྲོང་དོན་སྤྱོད་དང།། ལུས་འདྲ་སེམས་ནི་ཡོང་མི་མཚུངས།། ཞེས་གསུངས་སོ།། གསོལ་པ། བྱང་ཆུབ་སེམས་ཀྱི་ཕུར་བའི་དོན་སྤྱོད་པའི་རྣལ་འབྱོར་པ་དེ་ལ་བར་ཆད་ཀྱི་བདུད་ཀྱི་སྤྱོད་ཡུལ་རྣམས་འབྱུང་བ་ཇི་ལྟ་བུ་ལགས་ཞེ་ན། བཀའ་སྩལ་པ། རྣལ་འབྱོར་བདུད་ཀྱི་སྤྱོད་ཡུལ་ནི།། དམ་པར་མདུན་མཐོང་དམ་པར་སྨྲ། ། སྤྲུལ་པ་གྲངས་མེད་འགྱེད་མཐོང་དང།། དམ་པས་གསུང་ཀུན་གསལ་མཐོང་དང།། དུས་ཀུན་ཤེས་གསལ་མཐོང་བ་དང།། རྒྱུད་དྲུག་ལམ་གནས་ཀུན་སྣང་དང།། དེ་ལ་གདུང་བའི་ཤུགས་ཕྱུང་དང།། ཀུན་གང་གསལ་བར་མཐོང་བ་དང། ། ཅི་ལ་ཐོགས་མེད་འགྲོ་བ་དང།། མཁའ་ལ་བྱ་བཞིན་འགྲོ་འདུག་དང།། སངས་རྒྱས་ཕྱག་རྒྱ་ལུང་སྟོན་དང།། ཀུན་གྱི་སྐད་དུ་ཆོས་སྟོན་དང།། དངོས་པོ་བརྟན་གཡོ་བསྟི་གནས་མཐོང། ། ཐམས་ཅད་མཉམ་པར་བཀོད་པ་དང།། དེ་ཉིད་རང་བཞིན་གསལ་སྣང་དང།། ལས་སུ་རུང་བ་ཐོགས་མེད་དང།། དམ་པས་དོན་ལ་བསྔོས་པ་དང།། ཏིང་འཛིན་གཙོ་བོས་མཆོད་པ་དང།། རང་བཞིན་ཤེས་ན་དམ་པའིཐབས། ། གང་གིས་མི་ཤེས་ལོག་པའི་བདུད་ཅེས་བྱ།། ཆགས་སྡང་དྲག་པོའི་ཡུལ་དང་ནི།། མི་མ་ཡིན་པའི་གཟུགས་སུ་སྣང་བ་དང།། མཁའ་ལ་སྣ་ཚོགས་གཟུགས་སུ་མཐོང་བ་དང། ། དེ་དག་བདུད་ཀྱི་སྤྱོད་ཡུལ་ལོ།། ཞེས་གསུངས་སོ།། གསོལ་པ། བྱང་ཆུབ་སེམས་ཀྱི་ཕུར་པར་སྤྱོད་པའི་ཚེ། གོང་གི་སྤྱོད་ཡུལ་དེ་དག་ཇི་ལྟར་ཤེས་པར་བགྱི་བ་ལགས་ཞེ་ན། བཀའ་སྩལ་པ། སེམས་དང་སྣང་བའི་མཚན་མ་དང། ། ང་བདག་གཉིས་པའི་མཐའ་མེད་པས།། སྣང་བ་ཐམས་ཅད་ཡོན་ཏན་མིན།། དེ་བས་དགའ་བྲོད་འདུ་ཤེས་མེད།། ཡོན་ཏན་སྙེམས་པའི་ང་རྒྱལ་གྱིས།། དྲེགས་ཁེངས་མཐོ་དམན་སེམས་བསྐྱེད་ན། ། ངེས་པར་བདེན་པ་མ་མཐོང་བ།། དེ་བས་བདུད་ཀྱི་སྤྱོད་ཡུལ་གསུངས།། དེ་བས་སྒྱུ་མ་རབ་ཤེས་ནས།། རློམ་སེམས་བྲལ་བས་སངས་རྒྱས་ཡིན།། དེ་བཞིན་གཤེགས་པའི་སྤྱོད་ཡུལ་མཐོང་ཡང་མ་ཆགས་པ་དང། སྲིད་པ་གསུམ་ས་ལེ་མཐོང་ཡང་རིག་པའི་གནས་སུ་མི་འཇིགས་པ་དང། དུས་གསུམ་གྱི་ཚེ་གསུམ་དྲན་ཡང་ཆོས་ཉིད་ལས་མ་གཡོས་པའོ།། ཞེས་སོ།། གསོལ་པ། བྱང་ཆུབ་སེམས་ཀྱི་ཕུར་པ་གོངམ་ལྟར་བསྒོམས་པས་འབྲས་བུ་ཇི་ལྟར་ཐོབ་པ་ལགས་ཞེ་ན། བཀའ་སྩལ་པ། དམིགས་མེད་ཏིང་འཛིན་རྟོགས་གྱུར་ན།། ཆོས་སྐུ་རྟོགས་ཞེས་དེ་ལ་བྱ།། མི་ཟད་རྒྱན་གྱི་འཁོར་ལོ་ཡང།། སྒྱུ་མའི་སྤྱོད་ཡུལ་དཔག་ཏུ་མེད། ། ཅེས་གསུངས་སོ།། གསོལ་བ། བྱང་ཆུབ་སེམས་ཀྱི་ཕུར་པ་དེའི་འབྲས་བུ་ཐོབ་པ་ཞིག་ལགས་སམ་ཞེ་ན། བཀའ་སྩལ་པ། ནམ་མཁའ་བཞིན་ཏེ་མཐའ་མཉམ་ཞིང།། གཞན་ལ་ལྟོས་འགྱུར་ཆོས་མ་ཡིན། ། མཚུངས་པ་མེད་པའི་ཡེ་ཤེས་ཀྱིས།། རངགི་མཐུ་ཡིས་རིག་པ་ལས།། ཆོས་ནི་གཞན་ནས་འབྱུང་མི་འགྱུར།། རང་རིག་སྐྱེས་བུ་དམ་པ་ལ།། བླ་མའི་སངས་རྒྱས་དེ་ལ་གནས།། དོན་དམ་བཅོས་ལྡན་བཞག་པ་ལ། ། ཡོན་ཏན་འབྲས་བུ་རང་བཞིན་ཚང།། བཀའ་གསང་ཐབས་ཀྱི་འབྲས་བུ་ནི།། རེ་མེད་དོན་དམ་ང་ལ་ཡོད།། ཀྱེ། རྣལ་འབྱོར་གང་དུ་དོན་གཅིག་ཉན།། མ་ཡེངས་དོན་ལ་བློ་འཇོག་དང།། སྣང་མེད་འབྲས་བུ་ལག་ཆང་མ། ། མི་འབྱུང་མི་འཇུག་བདག་མེད་སྙིང་རྗེའི་དེ་ཡིས་ནི།། གཞན་གྱི་ནོར་མེད་མ་འོངས་ཡེ་ནས་གནས་པ་ཡིན།། བྱང་ཆུབ་སྙིང་པོར་དག་འཇུག་པས།། ཐོབ་པ་མེད་པས་སྤངས་པ་མེད།། སངས་རྒྱས་རྣམས་ཀྱི་བྱང་ཆུབ་ནི། ། ཐ་སྙད་ཡིན་ཏེ་དོན་དམ་མིན།། ཞེས་གསུངས་སོ།། གསོལ་བ། བྱང་ཆུབ་སེམས་ཀྱི་ཕུར་པའི་འབྲས་བུ་ཐོབ་པ་བགྱི་བ་ཉིད་ཇི་ལྟ་བུ་ལགས་ཞེ་ན། བཀའ་སྩལ་པ། བདག་ཉིད་ཆོས་སྐུ་སྙིང་པོ་བྱང་ཆུབ་པས། ། གཞན་ནས་བཙལ་ཞིང་ཐོབ་པ་མ་ཡིན་ཡང། རྨི་ལམ་སད་ནས་གཟུགས་དང་བྲལ་བ་བཞིན།། སྒྲིབ་སྤངས་བྱང་ཆུབ་ཐོབ་ཅེས་རྒྱལ་བས་གསུངས།། རྟོགས་པའི་འདུ་ཤེས་ཟད་གྱུར་ན།། ལྷུན་གྲུབ་ཡེ་གསལ་རང་ལས་འཆར། ། དེ་ལ་རྒྱུ་དང་འབྲས་བུ་མེད།། དེ་ཕྱིར་ཡེ་ཤེས་སྤྲོས་བྲལ་ཡིན།། ཞེས་གསུངས་སོ།། གསོལ་བ། བྱང་ཆུབ་སེམས་ཀྱི་ཕུར་པའི་དེ་ལ་རྒྱུ་འབྲས་དབྱེར་མེད་པ་ཞེས་བགྱི་བ་ཇི་ལྟ་བུ་ལགས་ཞེ་ན། བཀའ་སྩལ་པ། རྒྱུ་འབྲས་ཡེ་ནས་དབྱེར་མེད་སྔ་ཕྱི་མ་ཡིན།། འབྲས་བུ་ལམ་དུ་གྱུར་ན་དུས་གཅིག་མཉམ་པར་སྦྱོར།། བྱང་ཆུབ་སེམས་ཀྱི་ཕུར་པའི་དོན་གོང་མ་དེ་ཇི་ལྟར་དབྱེར་མེད་ཅེ་ན། བཀའ་སྩལ་པ། འབྲས་བུ་རྣམ་པར་དག་པ་ནི།། འཇིག་རྟེན་བརྟན་གཡོ་ལ་སོགས་པ།། སྣང་བ་ཉིད་ན་ངོ་བོ་ཉིད་མེད།། ཆོས་ཉིད་ཆོས་སྐུ་ཆེན་པོ་ཡིན།། སྐུ་དང་རྒྱན་དང་འཁོར་ལོ་ནི།། ལུང་ཆེན་བཟང་མོའི་ནང་ན་གསལ། ། དངོས་གྲུབ་མཆོག་གི་སྙིང་པོ་དང།། དང་པོའི་དོན་རྟོགས་མཐར་མི་གཏོང།། ཆུ་སྲིན་ཕྱག་རྒྱ་ཇི་བཞིན་ནོ།། སྤྱོད་ཡུལ་ཀུན་ཏུ་ཚད་དཔག་མེད།། ཅེས་གསུངས་སོ།། གསོལ་བ། བཅུ་བཞི་པ་ཡི་གསང་སྔགས་དོན། ། བྱང་ཆུབ་སེམས་ཀྱི་ཕུར་པ་ཡི།། ངེས་པར་བཟླས་པའི་ཉམས་བླངས་པ།། ལྔ་གསུམ་དང་པོའི་ཡི་གེ་ཡི།། ཤེས་རབ་ཐབས་ཀྱི་ཕུར་པ་གང།། གཉིས་མེད་ཐེག་ཆེན་ཕུར་བུ་གཅིག། ཐམས་ཅད་བགེགས་ཀྱི་དོན་ཅི་ལགས། ། དེ་དག་བསྡུས་པ་གང་དུ་བསྒྲལ།། བཀའ་སྩལ་པ། དང་པོ་དགོན་པར་གནས་པའི་ཕྱིར།། ལྔ་དྲུག་སེམས་ཅན་རང་བྱུང་བ།། གཅིག་མང་ལྔ་བཤད་གང་ཡིན་དང།། རྡོ་རྗེ་སྐུ་མཆོག་ལྷུན་རྫོགས་ཉིད། ། དུས་གསུམ་རྒྱལ་བའི་ཡབ་ཆེན་པོ།། སངས་རྒྱས་ཐམས་ཅད་འདུས་པའི་སྲས།། རང་ལས་གཞན་ན་ཡོད་མིན་པ།། མཐའ་བྲལ་བ་ཡང་ཡོད་མ་ཡིན།། འདི་ལྟར་ཡིན་ཞེས་ང་མི་སྨྲ།། ལི་སྒྲས་ཤེས་རབ་མཆོག་གི་དབྱིངས། ། ཆོས་ཅན་མཚན་མ་ཀུན་ལ་ཐེབས།། དེ་དག་སྤྲོས་དང་བྲལ་མ་བྲལ།། ཕྱོགས་བཅུ་ཐུག་པ་ག་ལ་ཡོད།། བསམ་པའི་དབྱིངས་ལས་ཡུལ་མེད་པར།། རིག་པ་རང་ཤར་ཐབས་ཀྱི་མཆོག། སྤྱོད་ཡུལ་དག་པས་བཟང་པོ་ནི། ། ལ་སྒྲས་མཚོན་པའི་ཐེག་ཆེན་པོ།། ཡ་སྒྲས་མཚོན་པས་དབྱིངས་ལ་ཐེབས།། གཉིས་མེད་ཕུར་བུ་མཐར་ཕྱིན་ནོ།། ཡེ་ཤེས་སྤྲོས་བྲལ་ཕུར་བའི་མཆོག། འཐོབ་དབང་ཀུན་གྱི་མཆོག་ཡིན་ཏེ། ། གཟའ་གཏད་མེད་པར་ཐག་ཆོད་ན།། རེ་བཞིན་དོགས་པ་ག་ལ་ཡོད།། དེ་རྗེས་མངོན་དུ་གང་བྱེད་པ།། དགོན་པ་གཉིས་པོ་རྣམ་བྲལ་བའི།། དགོན་པ་མཆོག་ལ་གནས་པ་སྟེ།། རེ་དོགས་མེད་པར་རང་བཞིན་འདུག། དབྱིངས་ཉིད་རང་སྣང་རྒྱ་ཆེ་ལ།། འདུག་ན་མཚོན་དང་རླབས་ཚུལ་ལས།། དང་པོ་སྔགས་སུ་དོན་ཉིད་སྣང།། ཕྱོགས་ནས་ལྡང་པ་ག་ལ་ཡོད།། དེ་ཚེ་དྲུག་གིས་མཚོན་བསྒྲིབས་པ།། རྩ་བ་རང་བཞིན་རྐྱེན་བླང་སྟེ། ། ཉམས་མྱོང་ཆེད་བྱེད་ཤུགས་སྣང་བགེགས།། ཐམས་ཅད་གསུམ་ལ་ཇི་ལྟར་བསྒྲིབ།། ཟིན་ནས་ཉམ་ང་དང་པོ་ལ།། འབྱུང་ཚེ་བཅོམ་པའི་ཡི་གེ་གཅིག། དབང་སྟེ་རྟོགས་པས་དབང་གྱུར་ན།། བྱིང་རྨུགས་ལྷག་མཐོང་རྒོད་ཞི་ནས། ། ཐ་དད་ཟུང་འབྲེལ་རང་བཞིན་ལས།། སྒྲིབ་རྩལ་རྩོལ་བ་ག་ལ་ཡོད།། ཐུགས་ཀྱི་ཡི་གེ་རང་གནས་ན།། ཉམས་ལྔའི་དྲོད་རྟགས་རང་བྱུང་བས།། འཁོར་བའི་རྒྱ་མཚོ་ལས་སྒྲོལ་བ། ། ཡི་གེ་འབྲུ་དགུ་དྲང་བའི་དོན་ཡིན་ཏེ།། མིང་ཙམ་གཞན་ལ་རྟེན་འདྲ་ཡང།། མངོན་སུམ་སྨིན་པ་རང་ཉིད་ཡིན།། གསོལ་བ། བྱང་ཆུབ་སེམས་ཀྱི་ཕུར་པ་དེ།། གདབ་པའི་གནས་ནི་གང་ལྟར་ལགས། ། བཀའ་སྩལ་པ། བྱང་ཆུབ་སེམས་ཀྱི་ཕུར་པ་དེ།། གཞན་དུ་འདེབས་པའི་གནས་མེད་དེ།། དངོས་པོ་ཕྱིན་ཅི་ལོག་ལ་གདབ།། གཟུང་འཛིན་འཁྲུལ་པའི་ཆོས་ལ་གདབ།། ཐབས་ཀྱི་ཕུར་བུ་ཤེས་རབ་ངང་དུ་གདབ། ། ཡེ་ཤེས་ཕུར་པ་དབྱིངས་ལ་གདབ།། དངོས་པོ་ཀུན་བྲལ་ཕུར་བུ་ཡིས།། རང་རིག་བྱང་ཆུབ་སེམས་ལ་གདབ།། དེ་ལྟར་རྟོགས་ན་ཐེབས་པ་ཡིན།། གསོལ་བ། བྱང་ཆུབ་སེམས་ཀྱི་ཕུར་པ་དེ།། དེ་ལྟར་ཐེབས་པའི་འབྲས་བུ་གང། ། བཀའ་སྩལ་པ། དངོས་པོ་ཆོས་ཉིད་ཆེན་པོར་སྣང་བར་འགྱུར།། གཟུང་འཛིན་འཁྲུལ་སྣང་རང་བཞིན་དག། ཐབས་དང་ཤེས་རབ་གཉིས་སུ་མེད།། དབྱིངས་ལ་བཏབ་པས་དོན་རྣམས་རྟོགས། ། སེམས་ལ་གདབ་པས་རིག་པ་ཤར།། མྱ་ངན་འདས་པའི་དབྱིངས་སུ་གདབ།། དེ་ཡི་དོན་གྱིས་ཐེབས་གྱུར་ན།། འཁོར་བ་ཉིད་ན་མྱ་ངན་འདས།། དམྱལ་བའི་གནས་ཉིད་བླ་མེད་གནས།། སྡུག་བསྔལ་ཉིད་ན་བྱང་ཆུབ་ལམ། ། རྣམ་རྟོག་ཉིད་ན་ཡེ་ཤེས་སྐྱེས།། མ་ལུས་ཕུར་པས་ཐེབས་ཤེས་བྱའོ།། གསོལ་བ། བྱང་ཆུབ་སེམས་ཀྱི་ཕུར་པ་དེ་ངོ་བོ་ཇི་ལྟ་བུ་ལགས། བཀའ་སྩལ་པ། ཕུར་པ་བླ་མ་ཆེན་པོ་ཡིན། ། ཕུར་པ་རྒྱུད་ཀྱི་རྒྱལ་པོ་ཡིན།། ཕུར་པ་ལུང་གི་བླ་མ་ཡིན།། ཕུར་པ་མན་ངག་ངེས་པ་ཡིན།། ལྷངས་ཀྱི་རྟོགས་ན་ལྟ་བའི་ཕུར་པ་ཡིན།། མངོན་དུ་གྱུར་པ་དཀྱིལ་འཁོར་ཕུར་པ་ཡིན།། ཉམས་སུ་ལོན་པས་ཏིང་འཛིན་ཕུར་པ་ཡིན། ། གནས་སུ་སོན་པས་མཆོད་པའི་ཕུར་པ་ཡིན།། གདེང་དུ་གྱུར་བས་དབང་མཆོག་ཕུར་པ་ཡིན།། ཐུགས་རྗེས་ཟིན་པས་དམ་ཚིག་ཕུར་པ་ཡིན།། ལྷུན་གྱིས་གྲུབ་པས་འཕྲིན་ལས་ཕུར་པ་ཡིན། ། བྱ་བྲལ་རྫོགས་པས་སྤྱོད་པའི་ཕུར་པ་ཡིན།། ལྷངས་ཀྱིས་རྟོགས་པས་སྒྲོལ་བའི་ཕུར་པ་ཡིན།། ཐམས་ཅད་བྱང་ཆུབ་སེམས་ཀྱི་ཕུར་པར་ལྷུན་གྱིས་གྲུབ་པར་གྱུར་ཏོ།། གསོལ་བ། དེ་ལྟར་བྱང་ཆུབ་སེམས་ཀྱི་ཕུར་པ་ལས་སུ་རུང་བའི་དུས་ན་ནི་འཁོར་བའི་ཆོས་འདི་དག་མཐའ་གང་དུ་བཅིང་ཞེ་ན། ། བཀའ་སྩལ་པ།། འཇིག་རྟེན་འདི་ན་བརྟན་གཡོ་ཅི་ཡོད་པ།། མིང་དང་ཐ་དད་འཛིན་པ་དག། སོ་སོའི་མཚན་ཉིད་གཞིག་བྱས་ན། ། རང་བཞིན་མེད་དེ་ཡང་དག་སེམས་ཀྱི་ཕུར་པ་ཉིད།། ཡེ་ཤེས་སྤྲོས་བྲལ་ཆེན་པོ་སྟེ།། ཐམས་ཅད་སངས་རྒྱས་ཞིང་དུ་སྦྱོར།། མ་བཅོས་མ་བྱས་ངང་གིས་སེམས་ཉིད་ཕུར་པར་གསལ།། འཁོར་བ་མྱང་འདས་གཉིས་མེད་དེ། ། གུད་ན་ཡོད་པ་མ་ཡིན་ཏེ།། འཁོར་བ་ཡོངས་སུ་ཤེས་པ་ཉིད།། དེ་ཉིད་མྱ་ངན་འདས་པའི་མཐའ།། ཞེས་གསུངས་སོ།། གསོལ་བ། བྱང་ཆུབ་སེམས་ཀྱི་ཕུར་པ་འབྲས་བུ་ལྷུན་གྱིས་གྲུབ་པའོ། ། ཞེས་བྱ་བ་ཇི་ལྟར་འགྲུབ་པར་འགྱུར་བ་ལགས་ཞེ་ན། བཀའ་སྩལ་པ། སྟོང་དང་མི་སྟོང་བྱང་སེམས་ཕུར་པ་ལ།། འབྲས་བུ་དཔག་མེད་ཡེ་གནས་པ།། སུས་ཀྱང་མ་བྱས་བྱས་པ་མེད།། དེ་བས་གསང་མཆོག་ལུས་སྤྱོད་པའི། ། བསོད་ནམས་མཆོག་ལྡན་གཟུགས་ཀྱི་སྐུ།། རྣམ་སྨིན་ཚུལ་གྱིས་གྲུབ་པའི་ལྷ།། བཙལ་ནས་ཐོབ་པར་མི་བྱེད་དེ།། རྒྱུའི་དུས་ན་བྱང་སེམས་ཕུར་པ་འབྲས་བུའི་མཆོག། གཞན་ནས་བཙལ་ནས་རྙེད་པར་མི་འགྱུར་ཏེ། ། བྱང་ཆུབ་ཕུར་པ་ཀུན་ལ་ཁྱབ་གནས་པ།། བྱང་སེམས་ཕུར་པ་སྤྲོས་བྲལ་བཅོམ་ལྡན་འདས།། རྩོལ་བས་བཙལ་དུ་མེད་དེ་སྙིང་པོའི་དོན།། ཇི་བཞིན་པ་ཞེས་མི་རྟོག་ན།། གཟུགས་སྐུ་ཕུར་པས་རྩོལ་བའི་ནད་སྤངས་ཏེ། ། ལྷུན་གྱིས་གནས་པས་བྱང་སེམས་ཕུར་པའི་མཆོག། ཅེས་གསུངས་སོ།། གསོལ་བ། བྱང་ཆུབ་སེམས་ཀྱི་ཕུར་བུ་ཐམས་ཅད་མྱ་ངན་ལས་འདས་ཞེས་བྱ་བ་ཇི་ལྟར་གསལ་ཞེ་ན། བཀའ་སྩལ་པ། མྱ་ངན་འདས་པའི་བྱང་སེམས་ཕུར་པའི་མཆོག་ནི། ཆོས་ཉིད་ཕྱོགས་བཅུར་བརྡལ་བ་དང།། རིག་པ་མཐའ་དབུས་མེད་པ་དང། ཀུན་གཞི་བཟང་ངན་མེད་པ་དང། ཤེས་པ་ཕྱོགས་རིས་མེད་པ་དང། ། མྱ་ངན་འདས་པའི་དགོངས་པ་ཀུན།། མི་གཡོ་སེམས་ལ་རིག་པའི་ཕུར་པ་ཤར།། སངས་རྒྱས་སེམས་ནི་མྱ་ངན་འདས།། ཡུལ་ནི་ཆོས་སུ་མྱ་ངན་འདས།། རྟག་པ་ཡེ་ཤེས་མྱ་ངན་འདས།། སྣོད་བཅུད་ཆོས་སྐུར་མྱ་ངན་འདས། ། སེམས་ཅན་སངས་རྒྱས་མྱ་ངན་འདས།། ཀུན་རྫོབ་དོན་དམ་མྱ་ངན་འདས།། མྱ་ངན་འདས་པའི་དོན་རྟོགས་ན།། འཁོར་བ་ངན་སོང་མིང་ཡང་མེད།། ཅེས་གསུངས་སོ།། གསོལ་པ། ཐམས་ཅད་བྱང་ཆུབ་སེམས་ཀྱི་ཕུར་པར་མྱ་ངན་འདས་ཏེ་གཟུགས་ཀྱི་སྐུ་རུ་བྱུང་ནས་འགྲོ་བའི་དོན་མཛད་པ་ཚད་མ་ལགས་སམ་མ་ལགས་ཞེ་ན། བཀའ་སྩལ་པ། སངས་རྒྱས་པས་ཀྱང་སངས་རྒྱས་མིང་ཡང་མེད།། སངས་རྒྱས་སྟོན་པས་མིང་དུ་བཏགས་པས་ནོར། ། སེམས་ཉིད་ཆོས་པས་སེམས་ཉིད་སྐུ་མི་མངའ།། སྒྲ་ལས་འདས་པས་སྒྲ་ཉིད་ཡེ་ཤེས་ཏེ།། ཞི་བ་འདི་གང་ལ་གདོད་ནས་ལྷུན་གྱིས་གྲུབ།། མཚན་མ་འཇིལ་བའི་སྐུ་མེད་རགས་པས་ན། ། བྱང་ཆུབ་སེམས་ཀྱི་ཕུར་པ་ལ།། བཟའ་བའི་ཡུལ་མེད་བཙལ་བའི་དངོས་པོ་སྟོང།། ཞེས་གསུངས་སོ།། གསོལ་པ། བྱང་ཆུབ་སེམས་ཀྱི་ཕུར་པ་ལ།། སྐུ་ཞེས་གང་ལ་གདགས་ཞེ་ན། བཀའ་སྩལ་པ། སྐུ་ཡི་དཀྱིལ་འཁོར་ཡང་དག་པ། ། ཆོས་ཉིད་བྱང་ཆུབ་སེམས་ལ་ཡོད།། གསུང་གི་དཀྱིལ་འཁོར་ཡང་དག་པ།། ཆོས་ཉིད་བྱང་ཆུབ་སེམས་ལ་ཡོད།། ཐུགས་ཀྱི་དཀྱིལ་འཁོར་ཡང་དག་ང།། ཆོས་ཉིད་བྱང་ཆུབ་སེམས་ལ་ཡོད། ། བྱང་ཆུབ་སེམས་ཀྱི་ཕུར་པ་ལ།། ཡོན་ཏན་འཕྲིན་ལས་དེ་བཞིན་པས།། ཞིང་ཁམས་དག་ཏུ་སྐུ་རུ་སྣང།། ཞེས་གསུངས་སོ།། གསོལ་བ། བྱང་ཆུབ་སེསམ་ཀྱི་ཕུར་པ་གཟུགས་ཀྱི་སྐུར་བསྟན་ནས་ཞིང་ཁམས་འདུལ་བ་ཇི་ལྟ་བུ་ལགས་ཞེ་ན། བཀའ་སྩལ་པ། བདེ་གཤེགས་བྱང་ཆུབ་མེད་ཕྱིར་དེ།། རྫུ་འཕྲུལ་སྒྲ་འདྲ་འཁྲུལ་ལ་སྣང།། ཇི་སྲིད་མཚན་མ་ཡོད་ཀྱི་བར།། དེ་བཞིན་སངས་རྒྱས་སྐུ་ཡང་ཡོད།། ཇི་སྲིད་མཚན་མ་མེད་ན་ནི། ། དེ་བཞིན་སངས་རྒྱས་སྐུ་ཡང་མེད།། ཇི་སྲིད་རྣམ་གྲངས་ཡོད་ཀྱི་བར།། དེ་བཞིན་ལྷ་ཡི་གྲངས་ཀྱང་ཡོད།། ཇི་སྲིད་རྣམ་གྲངས་མེད་ན་ནི།། དེ་བཞིན་ལྷ་ཡི་གྲངས་ཀྱང་མེད།། མ་རིག་འཁྲུལ་བའི་སྒོ་ཙམ་དུ། ། གྲངས་ལ་རྟགས་ཀྱི་མཚན་པ་ཟད།། དོན་དམ་བཅོས་པ་མེད་པ་ལ།། བྱང་སེམས་ཕུར་པའི་སྐུ་གཅིག་བསྡུས་པ་ལ།། རིས་དང་རྟགས་སུ་ག་ལ་བསྟན།། ཞེས་གསུངས་སོ།། གསོལ་པ། བྱང་ཆུབ་སེམས་ཀྱི་མཐར་ཕྱིན་པའི་དུས་ན་ཇི་ལྟ་ཕུར་པ་བུ་ཞིག་གནས་པ་ལགས་ཞེ་ན། བཀའ་སྩལ་པ། འདི་ལྟར་དུས་གསུམ་རྣམ་པ་ཐམས་ཅད་དུ་བྱང་ཆུབ་སེམས་ཀྱི་ཕུར་པ་ཉིད་ལས་མ་ཡེངས་པ་ནི་ཆོས་ཀྱི་སྐུའོ། ། སྟོབས་སུ་གྱུར་ནས་འཇིག་རྟེན་རང་བཞིན་མེད།། ཅེས་གསུངས་སོ།། གསོལ་པ། བྱང་ཆུབ་སེམས་ཀྱི་ཕུར་པ་དེ་སྟོང་ཞིང་ཕྱལ་ཆད་པ་གཅིག་ལགས་སམ་ཞེ་ན། བཀའ་སྩལ་པ། གཟུང་འཛིན་བྲལ་བའི་ཡེ་ཤེས་ནི། ། དེ་བཞིན་གཤེགས་པ་ཀུན་གྱི་གནས།། མཐར་ཕྱིན་སྣང་བ་མེད་པའི་ཀློང།། མུ་མཐའ་མེད་པའི་ཆོས་དབྱིངས་ལ།། སྒྲིབ་སྤངས་ཡེ་ཤེས་ཀློང་བརྡལ་བས།། ཡོན་ཏན་དཔག་མེད་ལྷུན་གྱིས་གྲུབ།། དུས་གསུམ་འགྱུར་མེད་སྣང་བའོ། ། ཞེས་གསུངས་སོ།། གསོལ་བ། བྱང་ཆུབ་སེམས་ཀྱི་ཕུར་པར་ཐམས་ཅད་སངས་རྒྱས་ན་སེམས་ཅན་ཡེ་མི་གཟིགས་ལགས་སམ་ཞེ་ན། བཀའ་སྩལ་པ། བསྐལ་པ་སྔོན་གྱི་སྨོན་ལམ་དང། ། ཀུན་མཁྱེན་ཡེ་ཤེས་ཆེ་བས་ནི།། འགྲོ་དྲུག་དུས་གནས་སྡུག་བསྔལ་ཡང།། རྨི་ལམ་ཚུལ་དུ་མེད་པར་སྣང།། ཡིན་བཞིན་ནོར་ལྟར་རྟོག་མེད་པས།། སྣ་གསུམ་འཕྲིན་ལས་ལྷུན་གྱིས་གྲུབ།། ལོག་པར་རྟོགས་བརྟགས་རྣམ་དག་ཅིང། ། ཡེ་ཤེས་དབྱིངས་ལས་མི་གཞན་ཕྱིར།། ཐུགས་རྗེ་ཆེན་པོས་འབྲེལ་བར་ནི།། འགྲོ་དྲུག་དུས་གནས་མ་ལུས་སྣང།། ཞེས་གསུངས་སོ།། བྱང་ཆུབ་སེམས་ཀྱི་ཕུང་པ་རྫོགས་པ་ཆེན་པོའི་ཐེག་པའི་ཡང་ཞུན་རྒྱུན་ཀྱི་རྒྱལ་པོ་ལས། ། བྱང་ཆུབ་སེམས་ཀྱི་ཕུར་པའི་དོན་སྟོན་པ་དང་སྡུད་པ་པོའི་ཞུས་ལན་བསྟན་པ་སྟེ་གསུམ་པའོ།།།། དེ་ལྟར་བྱང་ཆུབ་སེམས་ཀྱི་ཕུར་པའི་དོན་སྟོན་པ་དང། སྡུད་པ་པོས་ཞུས་ལན་དུ་བསྟན་ན། བྱང་ཆུབ་སེམས་ཀྱི་རྡོ་རྗེའི་ཕྱག་མངོན་པར་མཛད་དེ། སེམས་ཉིད་མ་ཆགས་པའི་མཆོད་པས་མཆོད་དེ་འདི་སྐད་བསྟོད་དོ།། བྱང་སེམས་ཕུར་པའི་མཛད་ནི་མིག་གི་སྒྲོན་མར་སྣང།། བཀའ་ལུང་བདུད་རྩི་ཡང་དག་སྟོན་བྱེད་པ། ། སྤྱི་དང་རང་གི་མཚན་ཉིད་ཆོས་རྣམས་གནས་པ་སྟེ།། སེམས་ལས་བྱུང་བའི་ཆོས་རྣམས་རྒྱུ་འབྲས་ཆོས་རྣམས་འཁོར།། སེམས་ཉིད་ཆོས་དབྱིངས་ཐམས་ཅད་འདུས་པར་སྡུད་པས་ཨེ་མའོ་ངོ་མཚར་ཆེའོ། ། ཞེས་བསྟོད་པ་མེད་པའི་ཚུལ་གྱིས་བསྟོད་དོ།། བཅོམ་ལྡན་འདས་བྱང་ཆུབ་སེམས་ཀྱི་ཕུར་པས་བཀའ་སྩལ་པ། བྱང་སེམས་ཕུར་པའི་ཡིད་བཞིན་རིན་པོ་ཆེ།། ཐེག་པའི་ནང་ན་ཡང་ཞུན་བླ་ན་མེད། ། ཚིགས་ཆུང་བགྲོད་སླ་རྫོགས་པ་ཆེ།། ཚིག་དོན་ལམ་རྒྱུད་ངེས་པའི་དོན།། ཁྱོད་ལ་གཏད་ཀྱི་མི་ནུབ་གྱུར་ཏ་རེ།། ཞེས་གདམས་སོ།། བཅོམ་ལྡན་འདས་སྡུད་པ་པོ་རྡོ་རྗེ་འདུས་པ་འདི་སྐད་ཅེས་ཁས་བླངས་སོ། ། དོན་དམ་བྱང་ཆུབ་སེམས་ཀྱི་ཕུར་པ་གཏེར་ཆེན་འདི།། བདག་ལ་སོགས་པའི་འཁོར་རྣམས་ཀྱིས།། ཕྱི་རབས་རྣལ་འབྱོར་དོན་འདོད་ཅིང།། མི་ནུབ་སེམས་ཀྱི་ཕུར་པ་གདབ་པར་བྱ།། བྱང་ཆུབ་སེམས་ཀྱི་ཕུར་པའི་ཆོས་ཀྱི་སྲོག་ཤིང་མངོན་པར་གཟུགས། ། བྱང་ཆུབ་སེམས་ཀྱི་ཕུར་པའི་ཆོས་ཀྱི་འཁོར་ལོ་རྒྱུན་དུ་བསྐོར།། བྱང་ཆུབ་སེམས་ཀྱི་ཕུར་པའི་ཆོས་ཀྱི་དུང་ཡོངས་སུ་འབུད།། བྱང་ཆུབ་སེམས་ཀྱི་ཕུར་པའི་ཆར་རྒྱུན་དུ་དབབ། ། ཅེས་ཁས་བླངས་ཤིང་དམ་བཅས་སོ།། འཇིག་རྟེན་ཆོས་ཀྱིས་འབྲེལ་བའི་གཏམ་ཉན་པའི་འཁོར་རྣམས་ཀྱིས་དེ་ལྟ་བུའི་ངེས་པའི་དོན་ཚིག་ཏུ་གསུངས་པས། ཆོས་ཉིད་ལ་ཡེ་ཤེས་ཀྱི་རྩལ་མངའ་སྟེ། གཉིས་སུ་མེད་པའི་བྱང་ཆུབ་སེམས་ཀྱི་ཕུར་པའི་དོན་ཐུགས་སུ་ཆུད་པར་གྱུར་ཏོ། ། བྱང་ཆུབ་སེམས་ཀྱི་ཕུར་པ་རྫོགས་པ་ཆེན་པོའི་ཐེག་པའི་ཡང་ཞུན་རྒྱུད་ཀྱི་རྒྱལ་པོ་ལས། བྱང་ཆུབ་སེམས་ཀྱི་ཕུར་པ་ཡོངས་སུ་གཏད་པའི་ལེའུ་སྟེ་བཞི་པའོ། །།། དེ་ལྟར་བདེ་གཤེགས་བཀའ་ཡི་རྒྱུད་པ་དེ།། ལྷ་གནས་གསུམ་དུ་རིགས་འཛིན་རིགས་པས་བརྒྱུད།། ལྷ་སྲས་ཁྲི་སྲོང་དོན་གྱི་ཕྱིར།། སློབ་དཔོན་པདྨས་བསྣམས་ནས་གཤེགས།། གང་ཟག་སྙན་ཁུངས་རིམ་པས་བརྒྱུད། ། སློབ་དཔོན་ཛྙ་ནས་སྣུམས་ཆུང་ཡང་དབང་གཏོར་ལ་བཤད།། བྱང་ཆུབ་སེམས་ཀྱི་ཕུར་པ་དོན་རྟོགས་ནས།། ཚོམ་བུའི་གཟུགས་ལ་མ་ཆགས་པར།། བྱང་ཆུབ་ལམ་ལ་སྨིན་པར་འགྱུར།། རྫོགས་སོ།།།། རྒྱ་གར་སྐད་དུ། བཛྲ་ཀཱི་ལ་ཡ་ཁཾ་ཤུད་དི་ཕྲོཾ་མ་ཧཱ་ཏན་ཏྲ། བོད་སྐད་དུ། རྡོ་རྗེ་ཕུར་པ་ཆུ་འཁྱགས་དབབ་པའི་རྒྱུད་ཆེན་པོ། བཅོམ་ལྡན་འདས་འཇིགས་བྱེད་ཆེན་པོ་རྡོ་རྗེ་གར་གྱི་དབང་ཕྱུག་ལ་ཕྱག་འཚལ་ལོ།

CLOSE WINDOW