Wylie |
།།། རྒྱ་གར་སྐད་དུ། བཛྲ་ཀཱི་ལི་ཀཱི་ལ་ཡ། པ་ཏི་ཏ་མ་ཧཱ་རཱ་ཛ་པྲ་ཧ་ཏནྟྲ། བོད་སྐད་དུ། རྡོ་རྗེ་ཕུར་པ་ཤན་པ་སྤུ་གྲིའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ། བཅོམ་ལྡན་འདས་དཔལ་རྡོ་རྗེ་གཞོན་ནུ་མཁའ་འགྲོ་ཤན་པ་སྤུ་གྲིའི་རྒྱུད་སྟོན་པར་བྱེད་པ་ལ་ཕྱག་འཚལ་ལོ།། དཔལ་ཀུན་ཏུ་བཟང་པོས་དོན་གྱི་ཆོས་ཀྱི་སྐུ་ལས་ལོངས་སྤྱོད་རྫོགས་པའི་སྐུར་སྤྲུལ། ལོངས་སྤྱོད་རྫོགས་པའི་སྐུ་ལས་སྤྲུལ་པའི་སྐུར་སྤྲུལ།། སྤྲུལ་པའི་སྐུ་གྲངས་མེད་པར་བྱུང་ནས། འཇིག་རྟེན་ཁམས་གསུམ་མངའ་མཛད་རིམ་པར་བྱུང་ནས། བསྟན་པ་བསྲུང་བའི་བར་དུ་ཡང་དག་པའི་རྡོ་རྗེ་ལས་འདུལ་བའི་རྡོ་རྗེ་འབྱུང། ། མཚོན་པའི་རྡོ་རྗེ། རྟགས་ཀྱི་རྡོ་རྗེ། དོན་གྱི་རྡོ་རྗེ། གཞི་པའི་རྡོ་རྗེ་བཞིའོ།། གཞིའི་རྡོ་རྗེ་ནི། ཆོས་ཀྱི་སྐུའི་རྡོ་རྗེ། རྟགས་ཀྱི་རྡོ་རྗེ་ནི། ལོངས་སྤྱོད་རྫོགས་པའི་རྡོ་རྗེའོ།། མཚོན་པའི་རྡོ་རྗེ་ནི། སྤྲུལ་པའི་རྡོ་རྗེའོ།། མཚོན་པའི་རྡོ་རྗེ་ལ་ཡང་གཉིས་ཏེ། རྡོ་རྗེ་རྩེ་དགུ་པ་དང། རྩེ་ལྔ་པ་གཉིས་སོ།། དེ་ནི་མཚོན་པའི་རྡོ་རྗེའོ།། གཞིའི་རྡོ་རྗེ་ལ་ནི་བཞི་སྟེ། གཞིའི་གནས་པའི་རྡོ་རྗེ་དང། རིག་པའི་རྡོ་རྗེ་དང། རྟོགས་པའི་རྡོ་རྗེ་དང། རང་གྲོལ་དུ་མ་འགགས་པའི་རྡོ་རྗེ་དང་ངོ།། ད་ནི་རྡོ་རྗེ་ལས་ཡང་དག་པ་ཆོས་ཉིད་ཀྱི་རྡོ་རྗེ་ལས། ཅིས་ཀྱང་མི་ཤིགས་པ། གང་གིས་ཀྱང་མི་བསྐྱོད། གང་ལ་ཡང་རག་མ་ལུས། རྡོ་རྗེའི་མཚན་ཉིད་རང་དུ་ཡང་མ་གྲུབ། རྡོ་རྗེ་སྟོང་པར་ཡང་མ་གྲུབ། མི་སྟོང་པར་ཡང་མ་གྲུབ་སྟེ། རྟགས་ཀྱི་རྡོ་རྗེ་དེས་ཤུལ་མཚོན་ནས་དོན་གྱི་རྡོ་རྗེ་སྟོན་ཏེ། ཕྱིའི་རྟགས་དེ་མ་རྟོགས་པར། ནང་གི་རྟགས་དེ་འཆར་བ་དཀའ། ། ཕྱིའི་རྟགས་རྟོགས་པ་ནི། ཡུལ་སེམས་ལ་རིས་སུ་མི་འཛིན།། ང་བདག་གི་རིས་མེད། སེར་སྣའི་རྒྱུན་ཆོད། ལུས་སེམས་ལ་ཉམ་ང་མེད། འགྲོ་བ་རིགས་དྲུག་གི་རྗེས་སུ་མི་འབྲེང། འཁོར་བའི་རྒྱུ་མེད། སངས་རྒྱས་ལ་བསྒྲུབ་པ་མི་རེ། ཐོབ་བྱེད་གནས་མེད། ལམ་ལ་བགྲོད་དུ་མེད། བགྲོད་བྱ་རུ་གདགས་སུ་མེད། ས་ལམ་སྦྱང་དུ་མེད། སྦྱང་བའི་ངེས་ཚིག་མེད། དེ་ལྟ་བུའི་རྡོ་རྗེ་ལས་སྣང་སྟོང་གི་རིས་མེད་པས། ལྟ་བ་གཏིང་གསལ་ཆེན་པོ་ཡིན། ། ཉམས་མྱོང་གིས་གཞག་ས་མེད་པས། བསྒོམ་པའི་དོན་ཡིན། དུག་ལྔ་དུག་གསུམ་ལ་སྤྱད་དུ་མེད་པས་སྤྱོད་པ་ཆེན་པོ་ཡིན། དེ་ལྟ་བུའི་རྡོ་རྗེ་ལས་འབྲས་བུ་ཡང་དག་པ་ཉིད་དོ།། དེ་ལྟ་བུ་མ་རྟོགས་ཏེ་རྡོ་རྗེ་ལ་རིས་སུ་བཟུང། ལྷ་ལ་མིང་བཏགས་སོ་སོར་བཟུང།། ང་མེད་པ་ལ་ང་རུ་བཟུང། ཕྱོགས་མེད་པ་ལ་ཕྱོགས་སུ་བཟུང། རིས་མེད་པ་ལ་རིས་སུ་གཟུང།། རང་ལ་རང་གིས་མཚོན་འཛུགས་ཏེ་རང་གིས་མ་ཚོར་རོ། ། རང་གིས་སྲེག་སྟེ་མ་ཚོར་རོ།། རང་གིས་རང་ལ་རྨེ་བྱེད་དེ་རང་གིས་མ་ཚོར་རོ།། ཤིང་རྟའི་འཁོར་ལོ་དང་འདྲའོ།། ཡང་དག་པའི་རྡོ་རྗེ་ནི་ཟེར་ཙམ་ཅིག་ཀྱང་མ་བྱུང་སྟེ། མ་རིག་པའི་བདག་ནི་ཁྱབ་པར་བརྡལ། འཁོར་བའི་འདམ་རྫབ་ནས་ཐོན་མི་སྲིད་དོ།། མུན་པའི་གཡུང་དྲུང་ནས་འབྱུང་མི་སྲིད་དོ།། ང་རྒྱལ་གྱི་བྲག་འཇིག་མི་སྲིད་དོ།། ཞེས་གསུངས་སོ།། ཡང་དག་པའི་རྡོ་རྗེ་དེ་ལྟར་གནས་ཀྱང་ན་འགྲིབ་བ་མི་མངའ་བའོ། ། མུ་འཁོར་བའི་འདབ་རྫབ་ན་ཡོད་ཙམ་ན་ངན་པ་མེད་ལ། ཡང་དག་པའི་རྡོ་རྗེ་དེ་རྟོགས་ཙམ་ན་བཟང་མིན་ནོ།། མུན་པའི་གཡུང་དྲུང་ན་ཡོད་ཙམ་ན་ཚུབ་བ་མེད་ལ། རིག་པའི་ཡེ་ཤེས་ཤར་ཙམ་ན་གསལ་བ་མེད་དོ། ། ཞེས་གསུངས་སོ།། རྡོ་རྗེ་ཕུར་པ་ཤན་པ་སྤུ་གྲིའི་རྒྱུད་ལས། གླེང་གཞི་བསྟན་པའི་ལེའུ་སྟེ་དང་པོའོ།།།། དེ་ནས་ཀུན་ཏུ་བཟང་པོ་གདུག་པ་འདུལ་བའི་ཏིང་འཛིན་ལ་སྙོམས་པར་ཞུགས་སོ། ། མུ་སྟེགས་ཀྱི་ལྟ་བ་དར་བ་དང། གཤིན་རྗེ་ཁྲམ་ཐོགས་ཀྱི་ལྟ་བ་དར་བ་དང། བདུད་ཀྱི་ལྟ་བ་དར་བ་སྟེ། ང་རྒྱལ་གྱིས་དབང་བྱས་ཏེ། ཞེ་སྡང་མེ་ལྟར་འབར་བ་མ་ཐུལ་བ་ལ་ནི། གཤིན་རྗེ་མ་ཧཱ་དེ་བ་དེ་ང་རྒྱལ་དང་ཆས་ནས་འདུག། ཆེ་བའི་ང་རྒྱལ་དང་ཆས་ནས་འདུག་སྟེ། བདེ་བར་གཤེགས་པའི་ཐུགས་རྗེས་དགོངས་ནས། ཐུགས་རྡོ་རྗེ་རིགས་ཀྱི་སྤྲུལ་པ་དཔལ་རྡོ་རྗེ་གཞོན་ནུ་རུ་སྤྲུལ་ནས། གཤིན་རྗེའི་རྒྱལ་པོ་དེ་ཆམ་ལ་ཕབ་ནས། རྒྱལ་ཁམས་ཀྱི་གནོད་སྦྱིན་ཕོ་མོ་ཡང་བཏུལ་ལོ།། དེ་ཇི་ལྟར་བཏུལ་ན་ཁོལ་འཁོར་ཕྱོགས་སྐྱོང་བཅུ་བྱུང་བས་ཁྲོ་བོ་བཅུ་ཐུགས་ལས་བྱུང་ནས་བཏུལ། ཡུམ་རྣམས་བྱུང་བས་ཁྲོ་མོ་བཅུ་ཐུགས་ལས་ཕྱུང་ནས་བཏུལ། སྤྲུལ་པ་གྲངས་མེད་པ་བྱུང་བ་ཡང་སྤྲུལ་དང་སུམ་སྤྲུལ་དུ་བཅས་ནས་བཏུལ། འཁོར་འཇིག་རྟེན་དུ་དྲེགས་པ་ཅན་དྲུག་བྱུང་བས། ཡེ་ཤེས་ཀྱི་ལྷ་དྲུག་སྲས་སུ་བསྐྱེད་ནས་བཏུལ། ། དེ་ལྟར་གནོད་སྦྱིན་ཕོ་མོ་ཐབས་ཅད་བཏུལ་ཏེ། སེམས་ཅན་ཐམས་ཅད་བདེ་བ་ལ་བཀོད་དོ།། ཆོས་བྱར་ཡོད་པའི་སྐལ་བ་དང་ལྡན་ནོ།། རྣམ་པར་འཚེ་བ་བྱ་བ་མིང་ཡང་མེད་དོ།། གལ་ཏེ་རྣལ་འབྱོར་པ་ལ་རྣམ་པར་འཚེ་བའི་ལོག་པའི་སེམས་ཅན་བྱུང་ན། དྲག་པོའི་རྒྱུད་འདི་འབྱུང་བར་བསྟན།། གསོད་ཅིང་བཅད་ལ་ཐོགས་པ་མེད།། མཁའ་ལ་འཕྱོ་དང་ཆུ་ལ་འཛུལ།། གང་ལྟར་བསྒྲུབས་ཀྱང་ཐོགས་པ་མེད།། མ་རིག་ཉམས་པར་བྱེད་པ་ལ། ། དྲག་པོ་འགྲུབ་པའི་ལས་བྱས་པས།། སྤུ་གྲི་ཀླད་ལ་བསྐོར་བ་འདྲ།། གང་ལ་བརྒྱབ་པ་ཐོགས་པ་མེད།། བསྟན་པ་བསྲུང་ཕྱིར་རྒྱུད་འདི་གསུངས།། ཞེས་བྱའོ།། རྡོ་རྗེ་ཕུར་པ་ཆེན་པོ་ཤན་པ་སྤུ་གྲིའི་རྒྱུད་ལས། གཤིན་རྗེའི་འཁོར་ཚོགས་བཏུལ་བའི་ལེའུ་སྟེ་གཉིས་པའོ།།།། དེ་ནས་བཅོམ་ལྡན་འདས་དྲག་པོ་སྲོག་གི་སྙིང་པོ་བསྟན་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ།། དྲག་པོའི་ལྷ་ཐམས་ཅད་དང། མཁའ་འགྲོ་སྲུངས་མ་ཐམས་ཅད་དང། མ་མོ་མཁའ་འགྲོ་སྐྱེས་བུ་གིང་ལ་སོགས་པ་རྣམས། སྲོག་སྙིང་དྲག་སྔགས་བསྟན་དུ་གསོལ། ཞེས་གསུངས་སོ།། ད་ནི་སྔགས་ཀྱི་བསྒྱུར་ལུགས་བསྟན་ཏེ། སྔགས་ཀྱི་སྒྲས་བསྡེབས་པ་དང་གཅིག། སྔགས་ཀྱི་ཚིག་གིས་བསྡེབས་པ་དང་གཉིས། སྙིང་པོས་བསྡེབས་པ་དང་གསུམ་མོ།། དེ་ལ་སྔགས་ཀྱི་དྲག་སྔགས་ཀྱི་བསྡེབ་ལུགས་ནི། སྲོག་སྙིང་གིས་བསྡེབ་པ་ཡིན་ནོ།། དམ་ཅན་བཅུ་གཉིས་ལ་ཡང་སྲོག་བཞི་སྟེ། སྔགས་ཀྱི་མཚན་ཉིད་ཀྱིས་ཤེས་པར་བྱའོ།། དེ་ལ་སྤྱིར་སྔགས་ཀྱི་བསྡེབས་ལུགས་ནི། མགོ་ཅན་མགོ་བོ་གཅད་པ་དང། མགོ་མེད་མགོ་བོ་གདགས་པ་དང། འདུག་ས་གོང་འོག་བསྒྱུར་བ་དང། སྔགས་མཐའ་ཡིས་བསྒྱུར་བ་དང་བཞིའོ།། ད་ནི་མགོ་ཅན་མགོ་བོ་བཅད་པ་ནི། དྲག་སྔགས་སུ་ཟློས་པའི་དུས་ཡིན་ཏེ། ཀཱི་ལི་ཀི་ལི་ཡ་ལ། ཨོཾ་བཅད་ན་ཀི་ལ་ཡ་ངན་སྔགས་སུ་འགྲོ་བའི་ཕྱིར་རོ། ། གསོད་བྱེད་འབར་བའི་རྒྱུད་དུ་ཡང། སྔགས་མཐའ་དག་དྲག་སྔགས་སུ་གཏོང་བས་གདབ་ན་ངན་སྔགས་སུ་བྱེད་པ་ཡིན་ཏེ། ཨོཾ་ཞེས་བྱ་བའི་མིང་མི་གྲག་གོ། དེ་ནི་མགོ་ཅན་མགོ་བོ་གཅོད་པའོ། ། མགོ་མེད་མགོ་བོ་གདགས་པ་ནི།། རྒྱུད་བྱིན་པོ་རྣམས་སམ། དགོངས་འགྲེལ་ཀུན་ནམ། སྔགས་ཀྱི་འཕྲེང་བ་ཀུན་ལ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡས་མགོ་མནན་པས། མགོ་མེད་མགོ་བོ་གདགས་པའོ།། དབུ་ནོན་མཇུག་སྡུད་བྱ་བ་ནི། ། ཨོཾ་གྱིས་མགོ་མནན། བིག་གིས་མཇུག་སྡུད་པ་ནི། དབུ་ནོན་མཇུག་སྡུད་ཅེས་གསུངས་སོ།། ད་ནི་འདུག་ས་གོང་འོག་བསྒྱུར་བ་ནི། རྩ་བའི་སྔགས་ལ་ཚིག་སྡེ་ཚན་ལོངས་པར་ཡང་གོང་འོག་ནོར་ནས་འགྲོ། ནི་ཡས་ཀྱང་ནུར་ནས་འགྲོ། དྲག་སྔགས་བྱེད་དམ་བསྒྲུ་སྔགས་བྱེད།། དེ་ཡང་གོང་འོག་བསྒྱུར་ཞིང་བྱ།། མཁའ་འགྲོའི་སྔགས་དང་སྒྲོལ་བྱེད་གིང་གི་སྔགས།། དེ་ཡང་འདུག་ས་གོང་འོག་བསྒྱུར་གྱིན་བྱ། ། དེ་ལྟར་བློ་ལ་རིག་པར་གྱིས།། ཞེས་གསུངས་སོ།། སྔགས་ཀྱི་མཐའ་ཡིས་བསྒྱུར་བ་ནི།། མ་ཡིས་བསྒྱུར་མ་མོ་རུ་འགྱུར།། ཡ་ཡིས་བསྒྱུར་ན་ཕོ་རུ་འགྱུར།། ཕཊ་ཀྱིས་བསྒྱུར་ན་སྒྲོལ་བར་འགྱུར།། ནི་ཡིས་བསྒྱུར་ན་གསོད་པར་འགྱུར། ། ཧཱུཾ་གིས་བསྒྱུར་ན་སྡུད་པར་འགྱུར།། བྷྱོ་ཡིས་བསྒྱུར་ན་ཟོར་དུ་འགྱུར། དེ་ནི་སྔགས་ཀྱི་མཐའ་བསྒྱུར་ཡིན།། ཞེས་གསུངས་སོ།། ད་ནི་བསྲུངས་མ་བཅུ་གཉིས་ལ་སྲོག་བཞི་བཞི་ཡོད་དེ། ནག་པོ་བཞི་ལས་ཀྱང་དབང་དུ་བསྡུ་བའི་སྲོག་དང་གཅིག། དབང་བསྐུལ་བའི་སྲོག་དང་གཉིས།། བྲན་གྱིས་ཚུལ་དུ་ཁས་བླངས་པའི་སྲོག་དང་གསུམ། དམ་ཚིག་ལས་མི་འདའ་བའི་སྲོག་དང་བཞིའོ།། དེ་ལས་སྲུངས་མ་གཉིས་པོ་ཡང་དེས་འདྲེའོ། ། དེ་སྲོག་རང་ལས་ཀྱང་སྔ་སྐྱོར་གྱི་སྲོག་གཉིས། ཕྱི་སྐྱོར་གྱི་སྲོག་གཉིས་ཡོད་པའོ།། ཀ་དང་ཞེས་པས་བདག་ཉིད་ཆེན་མོ་རེ་མ་ཏི། རེ་མ་ཏྲེ། ཀ་ཏེ་ཞེས་པས། རེ་མ་ཛ། རེ་མ་ཛུ་གཉིས་ཀྱི་སྲོག་གོ་ཞེས་གསུངས་སོ། ། ཡང་ན་བསེ་མོ་མཆེད་བཞིའི་སྲོག་ནི་ཨ་ཙིད་ཏེ་ཞེས་པས། རྡོ་རྗེ་ཡ་བྱིན། རྡོ་རྗེ་དེ་བྱིན་གཉིས་ཀྱི་སྲོག་གོ། ཨ་པ་ར་ཙི་ཏེ་ཞེས་གསུངས་པས། རྡོ་རྗེ་བསེ་བྱིན། རྡོ་རྗེ་ཕག་བྱིན་གཉིས་ཀྱི་སྲོག་གོ། ཡང་ན་ཨ་ཨ་ར་ཙིད་ཏ་ན། བསེའི་སྐྱེས་བུ་བཞིའི་སྲོག་ཡིན་པར་ཡང་གསུངས་སོ།། ད་ནི་ཤྭ་ན་མ་མཆེད་བཞིའི་སྲོག་སྟོན་ཏེ། ཛ་ཡི་ཞེས་པས། ལྕགས་ཀྱི་སྤྱང་མོ་མགོ་དགུ་མ་དང། ལྕགས་ཀྱི་ཁྱི་མོ་རྐང་གསུམ་གྱི་སྲོག་གོ། བི་ཛ་ཡ་ཞེས་པས། ཟངས་ཀྱི་ཝ་མོ་རྐང་གསུམ་དང། གསེར་གྱི་ཕར་བ་ལྕེ་བརྒྱད་ཀྱི་སྲོག་གོ། ཞེས་གསུངས་སོ།། སྲོག་དྲུག་གི་མཁའ་འགྲོ་བཅུ་གཉིས་སྲོག་ཏུ་འདུས་པ་ཅི་སྟེ། དེ་ནི་འདི་ལྟ་སྟེ། ཀ་ཞེས་བྱ་བ་ན། རེ་མ་ཏིའི་སྲོག། ཀ་ཞེས་བྱ་བ་ན། རེ་མ་ཛའི་སྲོག། ཏེ་ཞེས་བྱ་བ་ན། རེ་མ་ཛུའི་སྲོག་གོ། ཨ་ཞེས་བྱ་བ་ན། རྡོ་རྗེ་ཡ་བྱིན་གྱི་སྲོག། ཙི་ཞེས་བྱ་བ་ན། རྡོ་རྗེ་དེ་བྱིན་གྱི་སྲོག། ཏེ་ཞེས་བྱ་བ་ན། བསེ་བྱིན་གྱི་སྲོག། ཨ་ཞེས་བྱ་བ་ན། རྡོ་རྗེ་ཕག་བྱིན་གྱི་སྲོག། དེ་ནི་བསེ་མོ་མཆེད་བཞིའི་སྲོག་ཏུ་གསུངས།། པ་ཞེས་བྱ་བ་ན། མོན་པ་ནག་པོའི་སྲོག། ར་ཞེས་བྱ་བ་ནི། འབྱུང་པོ་སེར་པོའི་སྲོག། ཅི་ཞེས་བྱ་བ་ན། སྐུ་མདོག་དམར་པོའི་སྲོག། ཏ་ཞེས་བྱ་བ་ན། བདུད་ཀྱི་རྒྱལ་པོའི་སྲོག། གྱད་ཆེན་པོ་བཞིའི་སྲོག་གོ་ཤྭ་ན་མའི་སྲོག་ནི། ཛ་ཞེས་བྱ་བ་ན། ལྕགས་ཀྱི་སྤྱང་མོ་མགོ་དགུའི་སྲོག། ཡེ་ཞེས་བྱ་བ་ན། ལྕགས་ཀྱི་ཁྱི་མོ་རྐང་གསུམ་གྱི་སྲོག། བི་ཞེས་བྱ་བ་ན། ཟངས་ཀྱི་ཝ་མོ་རྐང་གསུམ་སྲོག། ཛ་ཡེ་བྱ་བ་ན། གསེར་གྱི་ཕར་བ་ལྕེ་བརྒྱད་ཀྱི་སྲོག་གོ། དེ་ལྟར་སྲུངས་མ་བཅུ་དྲུག་གི་སྲོག་སྙིང་དུ་ཡང་འགྱུར་རོ།། སྲོག་དེ་རྣམས་སློབ་དཔོན་ལ་སྔ་སྐྱོར་དུ་ཕུལ་བའོ། ། སྲོག་དེ་རྣམས་དྲིལ་བས་སྲོག་གཞི་ལས་ཀྱང།། དབང་དུ་སྡུད་པའི་སྲོག་དང། དབང་བསྐུར་བའི་སྲོག་གཉིས་ཡིན་ནོ།། ཕྱི་སྐྱོར་དུ་ཕུལ་པའི་སྲོག་གཉིས་འདི་ལྟ་སྟེ། མ་ཏ་མ་ཉ་ཀ་ར་ཨིན་ན་མ་མ་པ་ཤི་ཀུ་རུ། ད་ཏི་མ་མ་ཀརྨ་ཞེས་ཕུལ་ལོ།། སྲོག་གཉིས་ལས་ཀྱང། བཀའ་ཉན་པའི་སྲོག་དང། དམ་ཚིག་བསྲུང་བའི་སྲོག་གཉིས་སོ།། བཀའ་ལས་མི་འདའ་བའི་སྲོག་ནི། ནག་མོའི་མ་ཏང་ཉ་ཞེས་གསུངས་སོ། ། དམ་ཚིག་བསྲུང་བའི་སྔགས་ནི། ཀ་ར་ཨི་ནན་ཅེས་གསུངས་སོ།། བསེ་མོའི་སྲོག་སྔགས་ནི། བཀའ་ཉན་པའི་སྲོག་ནི། མ་མ་ཞེས་གསུངས་སོ།། དམ་ཚིག་ལས་མི་འདའ་བའི་སྲོག་ནི། པ་ཤི་ཀུ་རུ་ཞེས་གསུངས་སོ། ། པ་ཤི་ཀུ་རུ་ནི་གྱད་ཆེན་པོ་བཞིའི་སྲོག་སྙིང་ཡང་ཡིན་པར་གསུངས་སོ།། ཤྭ་ན་མའི་སྲོག་ནི། ད་ཏི་མ་མ་བྲན་གྱི་ཚུལ་དུ་ཁས་བླངས་པའི་སྲོག་གོ། མ་མ་ཀརྨ་དམ་ཚིག་ལས་མི་འདའ་བའི་སྲོག་གོ། དེ་ནི་ཕྱིར་སྐྱོར་གྱི་སྲོག་དྲུག་གོ། སྲོག་རྐྱང་པ་ནི་འདི་ལྟ་སྟེ། མ་ཏམ་ན་ལྕགས་ཀྱི་སྤྱང་མོ་མགོ་དགུའི་སྲོག། ཉ་ན་ལྕགས་ཀྱི་ཁྱི་མོ་རྐང་གསུམ་གྱི་སྲོག། ཀར་ཞེས་པས་ཟངས་ཀྱི་ཝ་མོ་རྐང་གསུམ་གྱི་སྲོག། ཨི་ནན་ཞེས་པས་གསེར་གྱི་ཕར་བ་ལྕེ་བརྒྱད་ཀྱི་སྲོག། ཅེས་གསུངས་སོ།། མ་ཞེས་བྱ་བ་རྡོ་རྗེ་ཡ་བྱིན་གྱི་སྲོག་གོ། མ་ཞེས་བྱ་བ་རྡོ་རྗེ་དེ་བྱིན་གྱི་སྲོག་གོ། པ་ཞེས་བྱ་བ་རྡོ་རྗེ་བསེ་བྱིན་གྱི་སྲོག། ཤི་ཞེས་བྱ་བ་རྡོ་རྗེ་ཕག་བྱིན་གྱི་སྲོག་གོ། ཀུ་རུ་གྱད་ཆེན་པོ་བཞིའི་སྲོག་གོ། ཞེས་གསུངས་སོ།། སྒྲོལ་བྱེད་གིང་དང། བདུད་དང། བཙན། དགེ་བསྙེན། གཟའ་དང། ཐང་ལྷ། ཨཾ་བོ། ཡཾ་ཤུད། སྐྱེས་བུ་ཕོ་རིགས་རྣམས་ལ་ནི། སྲོག་གཉིས་གཉིས་ལས་མེད་དོ། ། དཀྱུས་སུ་ཤེས་པར་བྱ། དམ་ཅན་གསུམ་གྱི་སྐུ་གསུང་ཐུགས་ཀྱི་སྔགས་ནི། བཤད་པའི་རྒྱུད་ཀྱི་མཐུས་ཡིག་ནས་བསྟན་ནོ།། སྲོག་གི་སྙིང་པོ་འདི་རྣམས་ཡང།། དཔའ་བོ་ཁྱོད་ལ་དབུལ་བར་བྱ། ། དམ་པས་དགོངས་ལ་བཞེས་སུ་གསོལ།། འབངས་སུ་མཆི་འབངས་སུ་མཆི།། འབངས་ལ་ནན་ཏན་མ་ཆུང་ཞིག། སྙིང་རྣམས་བཏོན་ནས་དཔལ་ལ་ཕུལ།། ཕུལ་ཏེ་བྲན་གྱི་ཚུལ་དུ་ཁས་བླངས་སོ།། སྔ་སྐྱོར་ཕྱི་སྐྱོར་སྲོག་གི་སྙིང་པོ་མ་ལུས་ཀྱིས། ། དཔའ་བོ་ཉིད་ཀྱིས་བཞེས་སུ་གསོལ།། ཞེས་གསུངས་སོ།། ད་ནི་སྲོག་སྙིང་ནས་བོད་པ་དང། སྲོག་སྙིང་ནས་དབང་བསྐུར་བ་དང། སྲོག་སྙིང་གི་བྲན་གྱི་ཚུལ་དུ་ཁས་བླངས་པ་དང། སྲོག་སྙིང་གི་དམ་ཚིག་ལས་མི་འདའ་བར་བྱ་བ་དང་བཞིའོ།། བོད་ན་དབང་དུ་བསྡུ་བའི་སྲོག་སྙིང་ནས་བོད། ལས་ལ་འགྱེད་ན་བྲན་དུ་ཁས་བླངས་པའི་སྲོག་སྙིང་ནས་རྦད། བྲན་མོའི་ལས་ལ་དབང་བསྐུར་ན། དབང་བསྐུར་བའི་སྲོག་སྙིང་གིས་བྱ།། བྲན་མོ་ལས་མི་བྱེད་ན། དམ་ཚིག་གི་སྲོག་སྙིང་གིས་གནད་ལ་བོར་རོ།། ཞེས་གསུངས་སོ།། དེ་ལས་ཀྱང་མཁའ་འ་གྲོ་སྲོག་གི་འཁོར་ལོ་བསྐོར་ན། སྲོག་གི་འཁོར་ལོའི་བྱ་ཐབས་ནི། ། གཏོར་མའི་རྒྱུད་ནས་སྟོན། དབང་དུ་སྡུད་པའི་སྲོག་གི་འཁོར་ལོ་ནི། དབང་དུ་སྡུད་པའི་སྲོག་སྔགས་གཅིག་པུ་གཞུག། སྔགས་གཞན་མི་དགོས། ལས་ལ་མི་མགྲོན་བྲན་དུ་ཁས་བླངས་པའི་སྲོག་སྙིང་གཞུག། འཁུ་ལྡོག་བྱེད་ན། དབངབསྐུར་བའི་སྲོག་སྙིང་དང། དམ་ཚིག་གི་སྲོག་སྙིང་གཉིས་གཞུག་གོ། དེས་སྲོག་འཁོར་ལོ་ཀུན་འདྲེའོ།། ལྷ་འདྲེ་ཕོ་རིགས་མོ་རིགས་གང་གི་སྲོག་གི་འཁོར་ལོ་བསྐོར་ཀྱང་དེ་བཞིན་དུ་བྱའོ། ། ཞེས་གསུངས་སོ།། རྡོ་རྗེ་ཕུར་པ་ཆེན་པོ་ཤན་པ་སྤུ་གྲིའི་རྒྱུད་ལས། སྲོག་གི་གནས་ལུགས་བསྟན་པའི་ལེའུ་སྟེ་གསུམ་པའོ།།།། ད་ནི་མཁའ་འགྲོ་བསྒྲུབ་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། ། མཁའ་འགྲོ་བསྒྲུབ་པའི་གནས་བཙལ་བ་དང་རྫས་བསག་པའོ།། བདག་ཉིད་མའི་མཐུན་རྫས་ནི། བསེ་མོའི་མཐུན་རྫས་དང།། ཤྭན་མའི་མཐུན་རྫས་དང། ཕུར་པ་བཅུ་བདུན་དང། མངར་གསུམ་དང། དཀར་གསུམ་དང། མཚོ་ཆེན་པོ་བཞི་དང། ཁྲམ་བམ་དང། རྫས་ཚོགས་ཚད་དུ་བསག་གོ། རྫས་ཚོགས་པ་དང་ཕྱི་མཆོད་བྱ། འབུམ་ལྔ་འདོ་ན། གཟུངས་གྲ་བཞི་གདོན། ཕྱི་མཆོད་རྒྱས་པར་བྱའོ།། ཞེས་གསུངས་སོ། ། ད་ནི་མཎྜལ་བྱ་བར་བསྟན་ཏེ། མཎྜལ་མདའ་གང་གྲུ་བཞི་ལ་ཁྲག་སྣ་ཚོགས་ཀྱི་ཆག་ཆག་གདབ།། དུག་སྣ་ཚོགས་ཀྱི་ཆག་ཆག་དང། ཐལ་ཆེན་གྱི་ཆག་ཆག་གདབ་བོ།། དཀྱིལ་འཁོར་བྲི་སྟེ། དང་པོ་གྲུ་གསུམ་ལས་འཁོར་ལོ་རྩིབས་བཞི་བཅད། ། དེའི་ཕྱི་རིམ་དུ་འཁོར་ལོ་རྩིབས་བརྒྱད་བཅད།། སྒོ་དང་རྟ་བབས་བཅས་པ་བྲི། ཞེས་གསུངས་སོ།། དེ་ནས་མཚམས་བཅད་དེ།། དང་པོ་སྟོང་པ་ཉིད་དུ་བསམ།། དེ་ལས་ཧཱུ~ཾ་དུ་གྱུར། དེ་ལས་སྥར་ན་ཕཊ། སྤྲོས་པས་རྡོ་རྗེར་གྱུར།། ཡང་སྤྲོས་པས་འོད་དུ་ཞུ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ། སརྦ་བིགྷ་ནན་བཾ་ཧཱུ~ཾ་ཕཊ། རྡོ་རྗེ་གཞོན་ནུར་གྱུར། བདག་གི་ཐུགས་ཀ་ནས་ཉི་མའི་དཀྱིལ་འཁོར་རེ་སྐྱེད། ། ཧཱུ~ཾ་བཅུ་བསམ། ཨོཾ་བཛྲ་ཀྲོ་དྷ་ཧཱུ~ཾ་ཀ་ར་ཧཱུ~ཾ། ཁྲོ་བོ་བཅུ་བསྐྱེད་དེས་འདྲེས།། དངོས་གྲུབ་བར་ཆོད་བྱེད་པའི་བགེགས།། གདུག་ཅིང་སྡང་སེམས་ལྡན་པ་རྣམས།། རྡོ་རྗེ་གསང་བའི་བཀའ་ལས་ནི།། སྡིག་ཅན་གང་ཞིག་འབའ་བྱེད་པ། ། སྟོབས་ཆེན་ཁྲོ་བོ་ཆེན་པོ་ཡིས།། ཀླད་པ་ཚལ་པ་བརྒྱ་རུ་ཁོས།། ཉོན་ཅིག་བགེགས་དང་ལོག་འདྲེན་ཚོགས།། ང་ཡི་བཀའ་ལས་འདའ་མ་བྱེད། ཨོཾ་བཛྲ་ཀྲོ་དྷ་ཧཱུ~ཾ་ཀ་ར་ཧཱུ~ཾ་གརྫ་གརྫ་ཧཱུ~ཾ་ཕཊ། ཁྲོ་བོ་བཅུ་དེས་འདྲེའོ།། བགེགས་དང་ལོག་འདྲེན་ཐམས་ཅད་སོག་སྦུར་རླུང་གིས་དེད་པ་བཞིན་བསམ། དེས་ཀྱང་མི་འགྲོ་བ་ཅིག་ཡོད་ན།། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ།། ཨཾ་ཀུ་ཤ་ཛ་ཞེས་བརྗོད་ལ། ཧཱུ~ཾ་གདུག་ཅིང་སྡང་སེམས་ལྡན་པ་རྣམས། ། ལྷའམ་འོན་ཏེ་བདུད་ཀྱང་རུང།། ང་ལ་བར་ཆད་བྱེད་པ་རྣམས།། མཐུ་དང་རྫུ་འཕྲུལ་མེད་པར་གྱིས།། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ། ཏ་ཐ་ཡ་ཏ་ཐ་ཡ་ཧཱུཾ་ཕཊ། རྡོ་རྗེ་ཐོ་བས་རྫ་བྱེའུ་ཚོགས་བརྡུངས་ལེགས་པ་བཞིན་བསམ། བགེགས་བྱ་བ་མིང་མེད་དོ་ཞེས་གསུངས་སོ།། ད་ནི་ཕུར་པ་དགོད་པ་བསྟན་ཏེ། ཕུར་པའི་མཚན་ཉིད་ནི་ཟངས་སམ། ལྗོམ་དམར་རམ། དྲག་པོའི་ཤིང་ལ་བྱའོ།། དཔལ་གྱི་ཕུར་པ་ལ་བྱིན་བརླབས་དབང་བསྐུར་བ་ནི། དགོངས་འགྲེལ་དང་རྒྱུད་བྱིང་པོ་དང་མཐུན་ནོ།། ཕུར་པ་བཅུ་དྲུག་ལ་བྱིན་བརླབས་མི་དགོས་སོ།། དཔལ་གྱི་ཕུར་པ་དབུས་སུ་དགོད།། ཤྭ་ན་མ་མཆེད་བཞིའི་ཕུར་པ་འཁོར་ལོ་རྩིབས་བཞི་ལ་དགོད། འཁོར་ལོ་རྩིབས་བརྒྱད་ལ། མཚམས་བཞིའི་འཁོར་ལོ་ལ་བསེ་མོའི་ཕུར་པ་དགོད། ཕྱོགས་བཞིའི་འཁོར་ལོ་ལ་བདག་ཉིད་མའི་ཕུར་པ་དགོད། སྒོ་བཞི་ལ་བསེའི་སྐྱེས་བུ་བཞིའི་ཕུར་པ་དགོད། གྲཝ་བཞིར་བསེ་མདུང་བཞི་ཡང་གཟུགས། མཚོ་བཞི་ཡང་བཞག། ཁྲམ་བམ་ཡང་མཁར་ཐུན་ལ་བཞག། སྨན་དང། གཏོར་མ་དང། རག་ཏ་དང། ཐུན་རྫས་དང། རྫས་ཡོད་ཚད་དཀྱིལ་འཁོར་ལ་དགྲམ་མ་ཨོ། ། ཞེས་གསུངས་སོ།། དེ་ནི་གཙོ་བོ་བསྐྱེད་ཅིང་འཁོར་སྤྱན་དྲངས་པ་བསྟན་ཏེ། གཙོ་བའི་ཕུར་པ་ལ་གཙོ་བོར་བྱིན་གྱིས་བརླབས་པ་ཀུན་མཐུན་པར་བྱས་ལ། གཙོ་བོ་ཉིད་དབུས་སུ་བསྐྱེད་ལ་བཞག། དེ་ནས་མཁའ་འགྲོ་མ་སྤྱན་དྲངས་ཏེ། ། ཧཱུཾ། སྲིད་པའི་ཕུར་བུ་བསྒྲུབ་པ་དང།། དབང་དང་དངོས་གྲུབ་བླང་བྱའི་ཕྱིར།། ཡེ་ཤེས་ཁྲོ་བོ་གཤེགས་སུ་གསོལ།། ཨ་ཛི་ཏེ་ཨ་པ་རཱ་ཛི་ཏེ། ཛ་ཡེ་བི་ཛ་ཡེ། ཀ་ཏང་ཀ་ཏེ་ཡེ། ཞེས་སྤྱན་དྲང་ངོ། ། བཞུགས་སུ་གསོལ་བ་ནི།། ཧཱུཾ། སྲིད་པ་རྡོ་རྗེ་གྲུབ་མཛོད་ཅིག། སྲིད་པ་རྡོ་རྗེ་ཕུར་པའི་ལྷ།། ཡེ་ཤེས་ཁྲོ་བོ་གྲུབ་པར་མཛོད།། ཅེས་མི་རོ་རློན་པའི་སྟེང་དུ་བཞུགས་པར་བསམ་མོ།། དམ་ཚིག་བསྟན་པ་ནི། སྔོན་ཆད་ཇི་ལྟར་དམ་བཅས་པ།། མངོན་སྤྱོད་འཕྲིན་ལས་མྱུར་དུ་མཛོད།། ཅེས་དམ་བཅའ་བོ།། སྨན་མཆོད་བྱ་སྟེ། སྔགས་མཆོད་ཀྱང་གལ་མེད། སྨན་ཆེ་བར་བཏང་ཡང་གལ་མེད།། ཧོ། བཅོམ་ལྡན་དཔལ་ཆེན་རྡོ་རྗེ་གཞོན་ནུ་ལ། ། རྣམ་དག་བདུད་རྩིའི་དམ་རྫས་མཉེས་མཆོད་འབུལ།། ཐུགས་རྗེས་བརྩེར་དགོངས་དབང་དང་དངོས་གྲུབ་སྩོལ།། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ། མ་ཧཱ་པཉྩ་ཨ་མྲི་ཏ་ཁཱ་ཧི། འཇིག་རྟེན་ཁམས་རྣམས་བསྲུང་བར་ཞལ་འཆེས་པ། ། དམ་ཅན་ཤྭ་ན་མུ་ཁ་མཆེད་བཞི་ལ།། རྣམ་དག་བདུད་རྩིའི་དམ་རྫས་མཉེས་མཆོད་འབུལ།། ཛ་ཡེ་བི་ཛ་ཡེ་ཁ་རམ་ཁ་ཧི། དམ་ཅན་ཁས་བླངས་བདག་ཉིད་ཆེན་མོ་མཆེད་བཞི་ལ། ། རྣམ་དག་བདུད་རྩིའི་དམ་རྫས་མཉེས་མཆོད་འབུལ།། ཐུགས་རྗེའི་བརྩེར་དགོངས་དབང་དང་དངོས་གྲུབ་སྩོལ། ཀ་ཏང་ཀ་ཏེ་ཡེ་ཁ་རཾ་ཁ་ཧི། མཁའ་འགྲོ་འཇིག་རྟེན་དབང་སྡུད་བསེ་མོ་མཆེད་བཞི་ལ།། རྣམ་དག་བདུད་རྩིའི་དམ་རྫས་མཉེས་མཆོད་འབུལ། ། ཐུགས་རྗེ་བརྩེ་དགོངས་དབང་དང་དངོས་གྲུབ་རྩོལ།། ཨ་ཛི་ཏེ་ཨ་པ་ར་ཛི་སྟེ། མ་ཧ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁ་ཧི། དམ་ཅན་བསེ་ཡི་གྱད་ཆེན་རྣམ་བཞི་ལ།། རྣམ་དག་བདུད་རྩིའི་དམ་རྫས་མཉེས་མཆོད་འབུལ། ། ཐུགས་རྗེས་བརྩེ་དགོངས་དབང་དང་དངོས་གྲུབ་རྩོལ།། ཞེས་དེ་ནས་དམ་ཅན་རིགས་འཛིན་ཕོ་མོ་རྣམས་དང་དྲེགས་པ་ཅན་མཐའ་དག་ལ་མཆོད་དོ།། ཨོཾ་ཨཱཿཧཱུཾ་གསུམ་གྱིས་བདུད་རྩི་བྱིན་གྱིས་བརླབས་ལ། སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ།། ངང་ཉིད་རྡོ་རྗེ་ཆོས་དབྱིངས་ལས།། འབར་བའི་ཁྲོ་བོ་མི་བཟད་པ།། སྐུ་ཡི་དབྱིག་ཏུ་བདག་སྐྱེད་ཅིག། གསུང་གི་དབྱིག་ཏུ་བདག་སྐྱེད་ཅིག། ཐུགས་ཀྱི་དབྱིག་ཏུ་དག་སྐྱེད་ཅིག། ཀཱ་ཡ་སིདྡྷི་ཨོཾ། བཱཀ་སིདྡྷ་ཨཱ། ཙིཏྟ་སིདྡྷི་ཧཱུཾ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ། སརྦ་བིགྷཱ་ནན་བཾ་ཧཱུཾ་ཕཊ། སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐོབ་པར་བསམ་མོ།། ཧཱུཾ། ཐབས་ཀྱིས་སྤྱོད་པའི་འགྲོ་དོན་དུ། ། བྱམས་དང་སྙིང་རྗེས་གང་འདུལ་བ།། སངས་རྒྱས་འཕྲིན་ལས་རྫོགས་མཛད་ནས། དབང་དང་བྱིན་རླབས་བདག་ལ་སྩོལ།། མ་ཧཱ་བ་ལིང་ཏ་ལ་ཁ་ཧི། མ་ཧཱ་རག་ཏ་ལ་ཁ་ཧི། ཞེས་མཆོད་པ་དབུལ་ལོ། ། དེ་ནས་བྲན་མོ་ལས་ལ་དབང་བསྐུར་ཏེ། བདག་རྡོ་རྗེ་གཞོན་ནུར་གསལ་བར་བྱས་ལ། བྲན་མོ་རྣམས་དཀྱིལ་འཁོར་ལ་གནས་པ་རྣམས་ལ། ཉོན་ཅིག་པའི་ཏིང་ངེ་འཛིན་དང་ཆས་ལ། གོང་དུ་སྲོག་སྙིང་ཕྱེ་བའི་དུས་ཀྱི་དབང་བསྐུར་བའི་སྲོག་སྙིང་རྣམས་འདིར་བཟླས་ལ། བྲན་དང་ཕོ་ཉ་བཀའ་ཉན་ཚོགས།། སྔོན་ཆད་ཇི་ལྟར་དམ་བཅས་བཞིན།། མངོན་སྤྱོད་འཕྲིན་ལས་མྱུར་དུ་མཛོད།། ཅེས་བྲན་མོ་ལས་ལ་དབང་བསྐུར་ཏེ། བཀའ་ཉན་ཏེ་ལས་བྱེད་དོ།། ད་ནི་འཛབ་བྱ་སྟེ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ། ཨ་ཛི་ཏེ་ཨ་པ་རཱ་ཛི་ཏེ། མ་མ་པ་ཤི་ཀུ་རུ། ཀ་ཏང་ཀ་ཏེ་ཡ། མ་ཏམ་ཉ་ཀ་ར་ཨི་ནན། ཛ་ཡ་བི་ཛ་ཡེ། ད་ཏི་མ་མ་ཀརྨ། མ་ར་ས་ནི་སྤྲ་མ་རྟ་ནེ་ཡེ་ཧཱུཾ་ཕཊ། སརྦ་བིགྷཱ་ནན་བཾ་ཧཱུཾ་ཕཊ། ཅེས་སྔགས་བཟླས་པས། བདག་རྡོ་རྗེ་གཞོན་ནུའི་སྦུགས་ཁོང་དུ་བརྡུབས་པས། ཐུགས་ཀའི་རྟ་མགྲིན་དང་ཡེ་ཤེས་སེམས་དཔས་བཟླས། ཐུགས་ལ་ནས་འོད་ཟེར་འཕྲོས་པས། དཀྱིལ་འཁོར་གྱི་མཁའ་འགྲོ་རྣམས་ཀྱིས་བཟླས། དེ་ལས་འོད་འཕྲོས་པས། འཇིག་རྟེན་གྱི་ཁམས་འདི་དག་བུད་མེད་ནག་མོ་དང་དམར་མོས་ཁེངས་ནས། ཕྱག་ན་ཕུར་པ་འདྲིལ་ཞིང་གང་ན་གནས་ཀྱང་སྒྲོལ་བར་བྱེད་པ། གྲོག་ཚང་བཤིག་པའམ། བུད་ཚང་བཤིག་པ་བཞིན་དུ་ཕར་འགྲོ་ཚུར་འདུ་བ། མེར་མེར་པོ་ཤིག་ཤིག་པར་ཡོད་པར་བསམ། སྔགས་ནི་ཉིན་ཁྲི་མཚན་ཁྲི་གདོན་ནོ།། འཛབ་བསྐུལ་བ་ནི། བཤད་པའི་རྒྱུད་ནས་ཤན་པའི་བསྐུལ་སྟོན། དེའི་རྟིང་ལ་མཁའ་འགྲོའི་ཐུན་བྱའོ།། ཞེས་གསུངས་སོ།། ད་ནི་ཚོགས་བྱ་སྟེ། སྤྱི་དང་མཐུན་པར་བྱའོ།། གྲུབ་པའི་རྟགས་ནི་རབ་འབྲིང་ཐ་མ་གསུམ་སྟེ། རབ་ནི་མཁའ་འགྲོ་མས་ལུང་སྟོན་པ་དང། འབྲིང་ནི་རྨི་ལམ་དུ་འོང་བ་དང།། ཐ་མ་ནི་མེ་དང་འོད་འོང་བ་དང། དེ་ལྟར་བྱུང་ཙམ་ན། གདབ་པའི་ལས་བྱ་སྟེ། སྤྲོ་བ་དང། དགུག་པ་དང། བསྟིམ་པ་དང་བཞི་བྱས་ལ། ལིང་གལ་རྣམས་ཤེས་བསྟིམ་ལ། གཙོ་བོ་ཕུར་པ་ལ་བྱིན་བརླབས་དབང་བསྐུར་མཆོད་པ་ཚུལ་བཞིན་བྱས་ལ། ཕུར་པ་དྲིལ་ཞིང། ཛ། རྡོ་རྗེ་བསད་པའི་བཀའ་ལས་ནི།། སྡིག་ཅན་གང་ཞིག་འདའ་བྱེད་པ།། སྟོབས་ཆེན་ཁྲོ་བོ་ཆེན་པོ་ཡིས། ། ཀླད་པ་ཚལ་པ་བརྒྱ་རུ་ཁོས། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ། ཆེ་གེ་མོ་པ་ར་བིད་ཏ་ན་ཧཱུཾ་ཕཊ། ནན་ནི་ཛ། མ་ར་ས་ནི་པྲ་མརྟ་ནི་ཡེ་ཧཱུཾ་ཕཊ། ཨོཾ་ལཾ་དང་བདེན་པ་དང་ཐུན་གསུམ་འདྲེའོ།། ཤྭ་ན་མ་མཆེད་བཞིའི་ཕུར་པ་བླངས་ལ་དྲིལ་ཞིང། ཛ། བྲན་དང་ཕོ་ཉ་བཀའ་ཉན་ཚོགས།། སྔོན་ཆད་ཇི་ལྟར་དམ་བཅས་བཞིན།། མངོན་སྤྱོད་འཕྲིན་ལས་མྱུར་དུ་མཛོད།། གདུག་ཅིང་སྡང་སེམས་ལྡན་པ་ཡི།། ལྷའམ་འོན་ཏེ་བདུད་ཀྱང་རུང། ། ང་ལ་བར་ཆད་བྱེད་པ་རྣམས།། མཐུ་དང་རྫུ་འཕྲུལ་མེད་པ་བྱོས།། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ། ཆེ་གེ་མོ་ཀ་ཏང་ཀ་ཏེ་ཡེ། མ་ཏ་མ་ཉ་ཀ་ར་ཨིན་ན། མ་ར་ས་ནི་པྲ་མརྟ་ནི་ཡེ་ཧཱུཾ་ཕཊ། ནན་ནི་ཛ། སུ་རུ་སུ་རུས་ཐུན་བྲབ་བོ། ། ནག་མོ་གསུམ་ཡང་དེ་བཞིན་དུ་བྱས་ལ་གདབ་བོ།། བསེ་མོ་མཆེད་བཞིའི་ཕུར་པ་བླངས་ལ།། ཛ། བྲན་དང་ཕོ་ཉ་བཀའ་ཉན་ཚོགས།། སྔོན་ཆད་ཇི་ལྟར་དམ་བཅས་བཞིན།། མངོན་སྤྱོད་འཕྲིན་ལས་མྱུར་དུ་མཛོད། ། གདུག་ཅིང་སྡང་སེམས་ལྡན་པ་ཡི།། ལྷའམ་འོན་ཏེ་བདུད་ཀྱང་རུང།། ངལ་བར་ཆད་བྱེད་པ་རྣམས།། མཐུ་དང་རྫུ་འཕྲུལ་མེད་པར་བྱོས།། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཆེ་གེ་མོ་ཨ་ཛི་ཏེ། ཨ་པ་རཱ་ཛི་ཏེ། མ་མ་པ་ཤི་ཀུ་རུ་མར་ས་ནི་པྲ་མརྟ་ནི་ཡེ་ཧཱུཾ་ཕཊ། ནཎ་ནི་ཛ། སུ་རུ་སུ་རུས་ཐུན་བྲབ། བསེ་མོ་མཆེད་གསུམ་ཡང་དེས་གདབ་བོ།། མཁའ་འགྲོ་མའི་ཕྱག་ཆ་ཀུན་གྱིས་ཀྱང་གདབ་བོ།། མིང་བྱང་ལྷག་ལྷོག་རྣམས་བསྲེག་པ་དང་གཏོར་མར་གཏང་ངོ། ། མཁའ་འགྲོ་རྣམ་གསུམ་བསྒྲུབ་པ་ནི། གྲོང་ཡུལ་ཐག་ཉེ་བར་མི་བྱའོ།། ཞེས་གསུངས་སོ།། རྡོ་རྗེ་ཕུར་པ་ཆེན་པོ་ཤན་པ་སྤུ་གྲིའི་རྒྱུད་ལས། མཁའ་འགྲོ་བསྒྲུབ་པའི་ལེའུ་སྟེ་བཞི་པའོ། །།། ད་ནི་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོས་བསེ་མིང་སྲིང་བསྒྲུབ་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ།། དང་པོར་མཚམས་བཅད་ནས་བསྒྲུབ་པ་དང། རྒྱུན་དུ་བསྒྲུབ་པ་གཉིས་སོ། ། དེ་ལ་མཚམས་གཅོད་ན། མཎྜལ་གྱི་དཀྱིལ་དུ་དོང་གྲུ་གསུམ་དུ་བྲུས་ལ། དེའི་ནང་དུ་སྙིང་སྣ་ཚོགས་ལ་བྱས་པའི་གཏོར་མ་གཞག་གོ། གྲུ་བཞི་རུ་བསེ་མདུང་བཞི་གཟུགས་སོ།། མིང་བྱང་གཏོར་མའི་ཁ་ལ་བཞག་གོ། རྒྱུན་དུ་བྱེད་ན་སྔས་འོག་ཏུ་དོང་གྲུ་གསུམ་བྲུས་ལ། གཏོར་མ་དེ་རུ་བཅུག་ལ། མིང་བྱང་གཏོར་མའི་ཁ་ལ་གཞག་ལ་བསྒྲུབ་བོ།། ཚེ་དང། ཡུངས་ནག་དང། དུག་སྣ་ཚོགས་དང། ཟངས་ཕྱེ་དང། ལྕགས་ཕྱེ་དང། བསེ་མོའི་འཁར་བ་དང། བསེ་ཕོའི་རྡོ་ཐུན་རྣམས་བཤམ་མོ།། དོང་དེ་མིས་མི་མཐོང་བར་ཁ་བཅད། དེ་ནས་བདག་ཉིད་སྟོང་པ་ཉིད་དུ་བསམ། དེ་ལས་ཧཱུཾ་ཞེས་པས་ཧཱུཾ་མཐིང་ནག་གཅིག་ཏུ་བསམ། དེ་ལས་སྔགས་ཀྱིས་གཙོ་བོ་རུ་བསྐྱེད་དོ།། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ། སརྦ་བིགྷྣན་བཾཧཱུཾ་ཕཊ། ཅེས་བརྗོད་པས། རྡོ་རྗེ་གཞོན་ནུར་གསལ་བར་བསྒོམ་མོ།། སྔགས་དེས་གནས་ལྔར་བསྲུང་ངོ།། དེ་ནས་འཛབ་བྱ་སྟེ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣན་བཾ་ཧཱུཾ་ཕཊ། ཅེས་མི་མང་རིན་ཙམ་དུ་བཟླས་སོ།། དེ་ནས་སྔགས་ལ་འཇུག་པར་བྱ་སྟེ། མ་ར་ས་ན་པྲ་མརྟ་ནི་ཡེ་ཧཱུཾ་ཕཊ། ཤྲི་ཀྲང་ཀར་ཉེ་ཡེ་ཧཱུཾ་ཕཊ། ཅེས་མང་དུ་བཟླས་པས། མིང་སྲིང་རྣམས་རང་དབང་མེད་པར་འདུས་ནས་བཀའ་ཉན་ཅིང་གསུང་བསྒྲུབ་པར་བསམ་མོ།། དམ་ཉམས་པའི་དགྲ་བོ་ལ་བདུད་ཀྱི་སྨྱོ་འབོག་ལ་སོགས་བ་བཞི་ནི་འགུག་པའི་ལས་བྱེད། ལྕགས་ཀྱུ་དང་ཞགས་པ་ལྕགས་སྒྲོག་དྲིལ་བུ་བཞི་བསྣམས་པས། དེ་གང་ན་འདུག་ཀྱང་འགུགས་པར་བྱེད་པ། བསེ་ཡི་མིང་པོ་གདུག་པ་ཅན་བཞི་ཡིས་ཉམས་པ་སྒྲོལ་ཞིང་སྙིང་ཁྲག་ཁ་རུ་འཐུང་བར་བསམ་མོ།། དེ་ལྟར་བཟླས་པས་གཏོར་མ་མེ་རུ་འབར་བ་འབྱུང། ། ལིང་ག་འགུལ་བ་འབྱུང། གོང་གི་ཐུན་ཐམས་ཅད་བྲབ་བོ།། ཏིང་ངེ་འཛིན་གྱིས་ཀྱང་དགྲ་པོ་ལ་བརྒྱབ་པས། ནག་མྱོགས་མྱོགས་འདུག་པར་བསམ་མོ།། དེ་ནས་མིང་བྱང་བསྲེགས་ལ་གཏོར་མར་དབུལ། གཏོར་མ་ལ་གོང་གི་སྔགས་བཟླས་ལ་དགྲའི་ཕྱོགས་སུ་འཕང། མེ་རུ་འབར་རམ་མེར་ལམ་གྱིས་འབྱུང་ངོ།། དེ་ནི་རབ་ཡིན། མེ་སྟག་ཙམ་བྱུང་ཡང་དོན་གྲུབ་འོང་ངོ།། དེ་བཞིན་དུ་བྱས་ན་རྟགས་རྣམས་མྱུར་བར་འོང་ངོ། ། དེ་བཞིན་དུ་བྱས་ན་རྟགས་རྣམས་མྱུར་བ་འོང་སྟེ་ལས་བསྟུན་ལ་བྱའོ།། བསེ་མོའི་ངན་སྔགས་དྲག་པོ་འདི།། གསང་བའི་ལས་སུ་བྱས་པ་ཡིན།། མི་གསང་བསྒྲགས་ན་དམ་ཚིག་ཉམས། ། ལས་རྣམས་ཐམས་ཅད་མྱུར་བར་ནུས།། ཞེས་གསུངས་སོ།། རྡོ་རྗེ་ཕུར་པ་ཆེན་པོ་ཤན་པ་སྤུ་གྲིའི་རྒྱུད་ལས། བསེ་མོ་བསྒྲུབ་པའི་ལེའུ་སྟེ་ལྔ་པའོ།།།། དེ་ནས་བཅོམ་ལྡན་འདས་ཀྱིས་འཇིག་རྟེན་པ་དྲུག་ངན་སྔགས་སུ་བསྒྲུབ་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། ། ད་ནི་ངན་སྔགས་བསྒྲུབ་པ་ལ་ཡིད་དམ་གྱི་ལྷ་མི་དགོས། འཕྲིན་ལསད་ཀྱི་གཞུང་མི་དགོས། དེ་ལྟར་འདུག་ན་ངན་སྔགས་མིན།། ངན་སྔགས་འདི་ལྟ་སྟེ། ཤ་རྐྱང་གི་སྙིང་ལ་རྩེ་མོ་སུམ་ཤགས་སུ་བྱས་ཏེ། དེ་རུ་མིང་བྱང་བཅུག་ལ། ཚེ་ལག་ཏུ་ཐོགས་ལ། དབུ་ལ་མཐིང་བེར་གྱི་ལེ་བརྒན་བཅིངས་ལ། སྐུ་ལ་དར་དམར་པོའི་བེར་གསོལ་ལ། བདག་ཉིད་ཡམ་ཤུད་དམར་པོའི་ཆས་སུ་ཞུགས་ལ། ལག་པ་གཡོན་པ་རུ་སྙིང་ཐོགས་ལ། གཡས་སུ་མཚེ་ཐོགས་ལ། ངན་སྔགས་བཟླས་ཏེ། ཆེ་གེ་མོ་ཛྭ་ལ་པ་ཡ་ཛྭ་ལ་པ་ཡ་ཧཱུཾ་ཕཊ། ཅེས་སྙིང་གི་ལིང་ག་ལ་མཚེ་བརྒྱབ་ལ། ། མགོ་ནས་རྐང་པར་འདོན། རྐང་པ་ནས་མགོར་འདོན། དཔག་ཆེན་གྱི་མདའ་ལྟར་བསམ་ལ་ང་རོ་དང་བཅས་པར་བསྐྱེད། དེ་ལ་གུས་པར་བྱས་པ་ན། ལས་རྣམས་མི་འགྲུབ་མི་སྲིད་དོ།། ཞེས་གསུངས་སོ།། ད་ནི་རྒྱལ་པོ་སྲོག་བདག་གི་ངན་སྔགས་བསྟན་ཏེ། རྟ་ཐོད་དཀར་མོ་ལ་མཁར་བརྩིགས། གྲོ་ག་སེར་པོ་ལ་ལིང་ག་བྲིས། རྒྱལ་པོའི་སྐུ་རྟེན་དང་ཡུངས་ཀར་རྒྱལ་པོ་ཚགས་བྱས་ལ། བདག་ཉིད་དར་དཀར་པོའི་ཐོད་བ་ཅིང། བྱད་དཀར་པོར་བྱ། དར་གྱི་གོས་གྱོན་ལ་སྔགས་བཟླས་ཏེ། ཤི་ཀྲིན་ཨ་ན་ཡ་ཧཱུཾ་ཕཊ། ཡུངས་ཀར་གྱིས་རྟ་ཐོད་ལིང་ག་ལ་བརྡེག། རྟ་ཐོད་དེ་ལ་འོད་འབར་བ་དང་མེ་འབར་བ་བྱུང་ན། རྟ་ཐོད་དགྲའི་ཁང་པའི་འགྲམ་འོག་ཏུ་སྦའོ། ། སྲོག་བདག་རྒྱལ་པོའི་ངན་སྔགས་སོ།། ཞེས་གསུངས་སོ།། ད་ནི་བདུད་ཀྱི་ངན་སྔགས་ནི། མི་ནག་པོའི་སྙིང་ལ། སྙིང་ཤུན་ལ་མིང་བྱང་བྲིས་ལ། ཕྱི་རུ་བཟློག་ལ་ནང་དུ་བརྟག། ཐོད་པའི་ནང་དུ་སྙིང་གི་རྩེ་མོ་ཁ་ནང་དུ་བསྟན་ལ་བཞག་གོ། ཐལ་ཆེན་དང། ཐུན་ཡུངས་ཀར་དང། ཁྲག་དང་གསུམ་གྱིས་ཐུན་བྱ། བདག་ཉིད་བདུད་ནག་པོ་འཛུམ་མེད་ཀྱི་ཆས་སུ་ཞུགས་ལ། དར་ནག་པོའི་དབུ་ཐོད་བཅིངས་ལ། སྐུ་ལ་དར་ནག་གི་གོས་གྱོན་ལ། བྱད་ནག་པོར་བསྐུས་ལ། རྐང་པ་ལ་རེ་བའི་འབོབ་བུ་གྱོན་ལ། སྙིང་གི་ནང་ན་དགྲ་བོའི་སྲོག་དབུགས་ཡོད་པར་བསམས་ལ། མིག་འབྲུ་ཚུགས་སུ་བལྟས་ལ། ངན་སྔགས་བཟླས་ལ་ཐུན་བརྡེག་གོ། ཆེ་གེ་མོ་ཏ་ཐ་ཡ་ཏ་ཐ་ཡ་ཧཱུཾ་ཕཊ། ཅེས་ཐུན་མང་དུ་བྲབ་བོ།། བདུད་ཀྱི་རྟགས་རྣམས་འབྱུང་ངོ།། རྟགས་བྱུང་བ་དང་སྙིང་དང་མིང་བྱང་བཅས་པ་བདུད་ལ་སྦྱིན། མཆོད་པ་འབུལ་ལོ་ཞེས་གསུངས་སོ། ། ད་ནི་དགེ་བསྙེན་གྱི་ངན་སྔགས་བསྟན་ཏེ། མདའ་བྱ་རྒོད་མ་ལ་དར་སྣའི་བརྒྱན་བཏགས་ལ། མདའི་སྒྲོ་མཚམས་སུ་དགེ་བསྙེན་གྱི་སྔགས་རྣམས་བྲིས་ལ་བཞག། ར་ཁམ་པ་དགེ་སྣའི་ཐོད་པ་དང་སྙིང་ལ། ཐོད་པའི་ནང་དུ་སྙིང་གཞུག། སྙིང་ལ་ཐུན་རྫས་བྱ། ཁྲག་དང་དུག་དང། ཏིལ་གསུམ་གྱི་ཐུན་བྱ། ངན་སྔགས་བཟླས་པ་ནི། ཆེ་གེ་མོ་ཧ་ས་ར་ན་ཧ་ཏ་ན་ཧཱུཾ་ཕཊ། ར་ཐོད་དུ་ཐུན་བྱ། རྟགས་བྱུང་བ་དང་སྙིང་དགེ་བསྙེན་ལ་མཆོད། ར་ཐོད་མནན་པ་བྱའོ།། ཞེས་གསུངས་སོ།། ད་ནི་བཙན་གྱི་ངན་སྔགས་བསྒྲུབ་པ་ནི། སྙིང་སྣ་གསུམ་ལ་གཏོར་མ་བྱ།། རྟ་དམར་པོ། ལུག་སེ་པོ། བྱ་དམར་པོ་གསུམ་གྱི་སྙིང་སྣ་ལ་གཏོར་མ་བྱ། ཤིང་བྱང་ལ་མིང་བྱང་བྲི། བདག་ཉིད་བཙན་གྱི་ཆས་སུ་ཞུགས་ཏེ། དར་དམར་པོའི་ཐོད་བྱས་ལ། བེར་དམར་པོ་གྱོན་ལ། ངན་སྔགས་བཟླས་ཏེ། ཆེ་གེ་མོ་བི་ཏ་ཡ་བི་ཏ་ཡ་ཧཱུཾ་ཕཊ། ཅེས་མང་དུ་བཟླས། རྟགས་བྱུང་བ་དང་ཤིང་བྱང་མེ་ལ་བསྲེག། ཐལ་བ་བྲག་དམར་པོ་བཙན་གནས་སར་གནན་ནོ།། ཞེས་གསུངས་སོ།། ད་ནི་སྒྲོལ་བྱེད་གྱིང་གི་བསྒྲུབ་པ་བསྟན་ཏེ། གནས་ཁང་ཤིན་ཏུ་དབེན་པར་སྟེགས་བུ་མདའ་གང་བ་བརྩིགས་ཏེ། དེར་ཁྲག་གི་ཆག་ཆག་བཏབ་ལ། སྐྱེས་པ་གྲིར་ཤི་བའི་སྙིང་ནང་དུ་ལིང་ག་བཅུག་ལ། བདག་ཉིད་དཔལ་གྱི་ཆས་སུ་ཞུགས་ལ། ཡུངས་ཀར་དང་ཡུངས་ནག་ལ་ཐུན་བསྔགས་ལ་སྙིང་ལ་བྲབ་བོ།། སྔགས་བཟླས་བར་བྱ་སྟེ། ཆེ་གེ་མོ་ཨཱ་བེ་ཤ་ཡ་ཨཱ་བེ་ཤ་ཡ་ཧཱུཾ་ཕཊ། ཅེས་བཟླས་པས། སྙིང་འགུལ་བ་དང་འཕར་བ་འབྱུང་ངོ།། དེ་བྱུང་བ་དང་ལིང་ག་དམེ་ལ་བསྲེགས་ལ་ཐོད་ནང་དུ་བཅུག་ལ་ལྷ་ཁང་དུ་མནན་པ་བྱ། སྙིང་དེ་གཏོར་མར་འབུལ་ལོ། ། ཞེས་གསུངས་སོ།། རྡོ་རྗེ་ཕུར་པ་ཆེན་པོ་ཤན་པ་སྤུ་གྲིའི་རྒྱུད་ལས། འཇིག་རྟེན་པ་དྲུག་བསྒྲུབ་པའི་ལེའུ་སྟེ་དྲུག་པའོ།།།། དེ་ནས་བཅོམ་ལྡན་འདས་དྲག་པོ་འབར་བའི་རྒྱལ་པོ་ཆེན་པོ་དེ། དྲག་པོ་དུག་ཐུན་བསྒྲུབ་པའི་ཏིང་ངེ་འཛིན་ལ་ཞུགས་ནས་འདི་གསུངས་སོ།། དྲག་པོའི་དུག་ཏུ་བསྒྲུབ་པ་ནི། དུར་ཁྲོད་དམ་མི་ཕུང་བའི་རེ་ཤུལ་འདྲེ་ཡོད་པའི་གནས་སུ་བསྒྲུབ་པར་བྱའོ།། རབས་ཆད་ནག་པོའི་ཐོད་པར་བཙན་དུག་དང། ར་དུག་དང། བོང་དུག་ལ་སོགས་པ་དུག་སྣ་ཚོགས་བསགས་པ་དམེ་ཁྲག་གིས་སྦྲུས་ལ་ཐོད་པར་བླུག་སྟེ། སྟེགས་བུའི་ཁར་བཞག་ལ་དྲག་པོའི་བསྒྲུབ་པ་ལ་འཇུག་པ་བྱའོ།། ཡང་དགྲ་བོའི་ཟག་པའི་རྫས་ལ་ལིང་ག་བྱས་ལ་ཐོད་ནང་དུ་བཅུག་ལ་ཐུན་གྱིས་བྲབ་པར་བྱེད། ། བཛྲ་ཀཱི་ལི་ཀཱི་ལི་ཡ། ཆེ་གེ་མོ་ཧ་ས་ཡ་ར་ན་ཧ་ཏ་ན་ཧཱུཾ་ཕཊ། ཤི་ཀྲིན་ཨཱ་ན་ཡ་ཧཱུཾ་ཕཊ། ཛྭ་ལ་པ་ཡ་ཛྭ་ལ་པ་ཡ་ཧཱུཾ་ཕཊ། ཨཱ་བེ་ཤ་ཡ་ཨཱ་བེ་ཤ་ཡ་ཧཱུཾ་ཕཊ། བི་ཏ་ཡ་བི་ཏ་ཡ་ཧཱུཾ་ཕཊ། ཏ་ཐཱ་ཡ་ཏ་ཐཱ་ཡ་ཧཱུཾ་ཕཊ། མ་ར་ས་ནི་པྲ་མརྟ་ནི་ཡེ་ཧཱུཾ། ཆེ་གེ་མོ་མར་ཡ་རྦད་ཧཱུཾ་སརྦ་བིགྷྣ་ན་བཾ་ཧཱུཾ་ཕཊ། ཅེས་བཟླས་ནས་ཐོད་པའི་དུག་ཐུན་ལ་བསྔགས་པས། རྟགས་སུ་ཐུན་དེ་ཉིད་ཁོལ་བ་དང་མེ་འབར་བར་འགྱུར་ཏེ། དེ་ནས་ལིང་ག་ལ་བྲབ་པས། དགྲ་བོ་དེ་ཉིད་དུག་ཁྲག་གིས་མྱོས་ནས་བརྒྱལ་ཞིང་མྱུར་དུ་སྒྲོལ་བར་འགྱུར་རོ།། ཞེས་གསུངས་སོ།། དྲག་པོའི་ཁྲོ་བོས་དུག་གིས་ལྷ་རྣམས་འབྱེད། ། དུག་ཏུ་བསྒྲུབ་པས་ཤིན་ཏུ་ཟབ་པར་བསྟན།། རྫས་ཀྱི་འབྲེལ་བས་ནུས་མཐུ་ཡོད་པར་བྱེད།། ཐབས་ཀྱི་སྒོ་ནས་ཕ་རོལ་ཕྱིན་པར་བྱེད།། མང་པོ་ཚོགས་པའི་ནུས་མཐུས་ལས་རྣམས་འགྲུབ་པར་བྱེད།། ཅེས་གསུངས་སོ། ། རྡོ་རྗེ་ཕུར་པ་ཆེན་པོ་ཤན་པ་སྤུ་གྲིའི་རྒྱུད་ལས། ངན་སྔགས་ཀྱི་སྔགས་དྲུག་དང་དྲག་པོ་དུག་བསྒྲུབ་བསྟན་པའི་ལེའུ་སྟེ་བདུན་པའོ།།།། དེ་ནས་བཅོམ་ལྡན་འདས་རྒྱུན་གྱི་ཚོགས་ཀྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། ཚོགས་རྒྱས་འབྲིང་རྣམ་པ་གསུམ། ཚོགས་རྒྱས་པ་ནི། ཚོགས་རྒྱུད་ནས་བསྟན། འབྲིང་པོ་ནི་དགོངས་འབྲེལ་ནས་བསྟན། འདི་ཚོགས་ལས་ཐ་ཆུངས་སོ།། ཞེས་གསུངས་སོ། ། རྣལ་འབྱོར་པ་ཚོགས་ལམ་པ་རྣམས་ལ། ལྟ་བའི་སྒོ་ནས་ཚོགས་བསྟན་པ་དང། སྒོམ་པའི་སྒོ་ནས་ཚོགས་བསྟན་པ་དང། འཕྲིན་ལས་ཀྱི་སྒོ་ནས་ཚོགས་བསྟན་པ་དང་གསུམ་མོ།། འཕྲིན་ལས་ཀྱི་སྒོ་ནས་ཚོགས་བསྟན་པ་ནི་རྒྱུད་གཞན་ནས་བསྟན་ནོ། ། ལྟ་བའི་སྒོ་ནས་ཚོགས་བསྟན་པ་ནི་རྣལ་འབྱོར་བ་ལྟ་བ་དང་ལྡན་པ། བདག་ཉིད་རང་བཞིན་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་དུ་འདུག་པ། དཀྱིལ་འཁོར་ཉིད་ངོ་གྲོལ་བ། ལྷ་ཉིད་མ་འདྲེས་ལ་ཡོངས་སུ་རྫོགས་པར་འདུག་པ། དེ་ནི་རང་གི་ཀུན་གཞི་བྱང་ཆུབ་ཀྱི་སེམས་ལས་བྱུང་སྟེ། ཚོགས་ལ་དབུལ་བྱ་དབུལ་བྱེད་གཉིས་མེད་དེ། ཚོགས་ལ་བསགས་པའི་ཡུལ་མེད། དབུལ་བའི་གནས་མེད། ཚོགས་སོག་པ་ཡང་རང་གི་རིག་པ་བྱང་ཆུབ་ཀྱི་སེམས། དབུལ་བ་ཡང་རང་གི་རིག་པ་བྱང་ཆུབ་ཀྱི་སེམས། དབུལ་ས་ཡང་རང་གི་རིག་པ་བྱང་ཆུབ་ཀྱི་སེམས། དབུལ་བྱ་དབུལ་བྱེད་རྣམ་པ་གཉིས་མེད་པའི་ཕྱིར་རོ། ། དེའི་ཕྱིར། བདག་གིས་བདག་མཆོད་ཀུན་མཉེས་ཕྱིར།། ཞེས་བྱའོ།། དེ་ནི་ཁྱད་པར་གྱི་ཚོགས་ལམ་མོ།། རྣལ་འབྱོར་ལྟ་བ་རབ་ཀྱིས་རྟོགས།། ཞེས་གསུངས་སོ།། ཚོགས་ལམ་འབྲིང་པོ་ནི། རྣལ་འབྱོར་པ་འབྲིང་གི་ཆ་རྐྱེན་ཏེ། བཟའ་བ་དང་བཏུང་བའི་ཆ་རྐྱེན་མདུན་དུ་དྲངས་ལ། རྣལ་འབྱོར་པ་ཏིང་ངེ་འཛིན་ལ་ཞུགས་ལ། རྩ་དང་ཐིག་ལེ་ལས་ལྷ་ཚོགས་བསྐྱེད་ལ། སྔགས་ཀྱིས་གསལ་བཏབ་ལ། ལྷ་ཚོགས་ལུས་ལ་ཚང་བར་བྱ་སྟེ། སྔགས་ཀྱིས་ཚོགས་ཀྱི་ཉམས་པ་བསངས་ལ། ཚོགས་བྱིན་གྱིས་བརླབས་ལ། བྱིན་གྱིས་བརླབ་པ་ཀུན་དང་མཐུན། ཟད་པ་མེད་པའི་ཚོགས་སུ་གྱུར་ནས་ལྷའི་ཞལ་ཟས་སུ་འདུག་པ་ལ། བདག་ཉིད་ཀྱིས་ཚོགས་གསོལ་བས། ལྷ་ཐམས་ཅད་ཀྱིས་གསོལ་ཏེ། ལྷ་རྣམས་དགྱེས་ཤིང་ཚིམ་པར་བསམ། དེ་ལྟ་བུའི་ཚོགས་ལས་བྱས་པས། དམ་ཚིག་ཉམས་པ་ཡང་སྐོངས། དངོས་གྲུབ་ཀྱང་མྱུར། སྒྲིབ་པ་ཡང་བྱང། ཡང་དག་པའི་ས་ཡང་ཐོབ། རྒྱུ་རྐྱེན་དེ་ལ་བརྟེན་བསྒྲུབ། ཉམས་ཆགས་བསྐང་བ་བྱ་ཕྱིར་བསྒྲུབ།། ཅེས་གསུངས་སོ།། ཟས་ཟ་བའི་དུས་སུ་ཟས་བྱིན་གྱིས་བརླབ་ཅིང་དེ་ལྟར་བྱས་ན། ཉམས་ཆག་ཐམས་ཅད་སྐོངས། འཇིག་རྟེན་འདི་རུ་ཚེ་རིང་ལོངས་སྤྱོད་འཕེལ། ཚེ་ཕྱི་མ་ལ་ཡང་དག་པའི་ས་ནོན་ནོ།། ཞེས་གསུངས་སོ།། རྡོ་རྗེ་ཕུར་པ་ཆེན་པོ་ཤན་པ་སྤུ་གྲིའི་རྒྱུད་ལས། རྒྱུན་གྱི་ཚོགས་ལམ་པའི་ལེའུ་སྟེ་བརྒྱད་པའོ།།།། ད་ནི་རྒྱུད་འབྱུང་བ་བསྟན་ཏེ། ཡང་དག་པའི་ཆོས་ཉིད་ལས་རྒྱུད་འབྱུང། སྐྱེ་བ་མེད་པའི་རྒྱུད། ཡང་དག་པའི་ཆོས་ཉིད་ལས་རྒྱུད་འབྱུང། སྣང་སྟོང་དབྱེར་མེད་ཀྱི་རྒྱུད། ཡང་དག་པའི་ཆོས་ཉིད་ལས་རྒྱུད་འབྱུང། འགག་པ་མེད་པའི་རྒྱུད། འགག་པ་མེད་པ་ལས་རྒྱུད་འབྱུང། སྣང་བ་དང་སྟོང་པར་གྲོལ་བའི་རྒྱུད། སྣང་སྟོང་རང་གྲོལ་བ་ལས་རྒྱུད་འབྱུང། མཐའ་དང་དབུས་མེད་པའི་རྒྱུད། མཐའ་དང་དབུས་མེད་པ་ལས་རྒྱུད་འབྱུང། ཆད་པ་དང་ལྟུང་བ་མེད་བའི་རྒྱུད། ཆད་པ་དང་ལྟུང་བ་མེད་པ་ལས་རྒྱུད་འབྱུང། ཡི་གེ་དང་ཚིག་ལས་འདས་པའི་རྒྱུད། ཡི་གེ་དང་ཚིག་ལས་འདས་པ་ལས་རྒྱུད་འབྱུང། གང་ཡང་མེད་པའི་རྒྱུད། གང་ཡང་མེད་པ་ལས་རྒྱུད་འབྱུང། གཞི་དོན་གྱི་ཀུན་གཞིའི་རྒྱུད། གཞི་དོན་གྱི་ཀུན་གཞི་ལས་ཀྱང་རྒྱུད་འབྱུང། འགྲིབ་པ་མེད་པའི་རྒྱུད། འགྲིབ་པ་མེད་པ་ལས་ཀྱང་རྒྱུད་འབྱུང། གསལ་བ་མེད་པའི་རྒྱུད། གང་དུ་ཡང་སྨྲར་མི་བཏུབ་པའི་རྒྱུད། སྨྲ་བརྗོད་དང་བྲལ་བའི་རྒྱུད། ཐིག་ལེའི་རྒྱུད། འཕྲ་བའི་རྒྱུད། ཡངས་པའི་རྒྱུད། ངོ་བོ་ཅིར་ཡང་མ་གྲུབ་པའི་རྒྱུད། ནོར་བུ་རིན་པོ་ཆེའི་རྒྱུད། སྨན་གྱི་རྒྱལ་པོ་ག་བུར་གྱི་རྒྱུད། དུག་གི་རྒྱལ་པོ་བཙན་དུག་གི་རྒྱུད། རྨ་བྱ་མ་དོངས་ཀྱི་རྒྱུད། རྒྱ་མཚོ་ཆེན་པོའི་རྒྱུད། རིན་ཆེན་གསེར་གྱི་རྒྱུད། འབྱུང་བ་སའི་རྒྱུད། འབྱུང་བ་མེའི་རྒྱུད། འབྱུང་བ་ཆུའི་རྒྱུད། འབྱུང་བ་རླུང་གི་རྒྱུད། དུག་ལྔའི་རྒྱུད། འགྲོ་བ་རིགས་དྲུག་གི་རྒྱུད། ཁྲོ་བོའི་རྒྱུད་སངས་རྒྱས་ཀྱི་རྒྱུད། རྒྱུད་ཅེས་འབྱུང་སྟེ། དེ་ལྟར་འབྱུང་ཡང་ཀུན་གཞི་བྱང་ཆུབ་ཀྱི་སེམས་ལས་འབྱུང་སྟེ། འདུས་ཀྱང་དེར་འདུས། ཡང་དག་པའི་ཀུན་གཞི་ལ། ཀུན་གཞི་བྱ་བ་རང་དུ་ཡང་གདགས་སུ་མེད་དོ།། ཀུན་གཞི་དོན་དམ་པའི་མཚན་ཉིད་གང་ཡང་མེད་པ་ལ་གང་ཡང་ཡིན་པའོ།། དེ་ལྟ་བུ་ལས་ཐབས་ལམ་དུ་འཇུག་པའི་རྒྱུད་བྱ་བ་འབྱུང་ངོ།། རྡོ་རྗེ་ཕུར་པ་ཆེན་པོ་ཤན་པ་སྤུ་གྲིའི་རྒྱུད་ལས། རྒྱུད་འབྱུང་བའི་ལེའུ་སྟེ་དགུ་པའོ།།།། དེ་ནི་རྒྱུད་གཏད་པ་བསྟན་ཏེ། རྣལ་འབྱོར་ཚུལ་དང་ལྡན་པ་ལ།། བརྡ་ཡིས་བསྟན་པས་གོ་བ་དང། ཟུར་ཙམ་བསྟན་པས་རིག་པ་དང། ཡང་དག་པའི་འབྲས་བུ་རྟོགས་པ། དམ་པའི་ཆོས་བསྒྲུབ་པ་ལ་བརྩོན་པ་དང། རང་གི་རིག་པ་ལ་འགྲིབ་པ་མེད་པ། ཕ་རོལ་གྱི་ཕྲ་མའི་རྗེས་སུ་མི་འབྲང་བ། སློབ་དཔོན་ལ་བརྩེ་གདུང་ཆེ་བ། ཡུམ་གྱི་དབང་མོ་མ་ལྟར་འཁུར་བ། སྨྲས་པའི་ཚིག་ལ་ངག་མི་གཅོག་པ། ཚེ་རབས་སྔ་མ་རུ་སྦྱངས་པ། དམ་ཚིག་ཚུལ་བཞིན་དུ་བསྲུང་བ། གླིང་གཅིག་ཏུ་སྐྱེས་པ། གནས་གཅིག་ཏུ་དུས་མཚུངས་པ། ཡི་དམ་གྱི་ལྷ་དང་མི་འབྲལ་བ། མཁའ་འགྲོ་མ་སྐོང་བ་ལ་རིམ་པ། སྙིང་པོ་བཟླས་པ་ལ་སྐྱོངས་མེད་པ། རིགས་དང་མཐུན་པའི་རྣལ་འབྱོར་པ་རྗེའུ་རིགས་སུ་འདུག་པ་དེ་ལྟ་བུ་ལ་རྒྱུད་འདི་གཏད་པར་བྱ་སྟེ། རྡོ་རྗེ་ཕུར་པ་ཆེན་པོ་རང་བཞིན་གྱི་རྒྱུད་གཏད་པར་བྱའོ། ། རྡོ་རྗེ་ཕུར་པ་ཆེན་པོའི་རྒྱུད་གཏད་པར་བྱའོ།། རྡོ་རྗེ་ཕུར་པ་ཆེན་པོ་ཤན་པ་སྤུ་གྲིའི་རྒྱུད་ལས། རྒྱུད་གཏད་པའི་ལེའུ་སྟེ་བཅུ་པའོ།།།། ཤན་པ་སྤུ་གྲིའི་རྒྱུད་འདི་ནི། དགེ་བའི་བཤེས་གཉེན་གྱི་སྐུ་ལ་སྡོ་བ་དང། དཀོན་མཆོག་གཉན་པར་མི་བྱེད་པ་རྣམས་ལ་བྱའོ།། གཞན་དང་གཞན་གྱི་ཐུན་མོང་མ་ཡིན་ཏེ།། བསྟན་པ་བསྲུང་ཕྱིར་རྒྱུད་འདི་གསུངས།། ཐམས་ཅད་ཀུན་ལ་སྤེལ་ན་རྒྱལ་ཁམས་མེ་ཡིས་གཏང། ། དེ་ལྟར་གཏང་ན་སློབ་དཔོན་ཉིད་ཀྱང་འཚིག་བར་འགྱུར།། སྣོད་ལྡན་གཅིག་ལ་གཏད་པར་གསུངས།། རྡོ་རྗེ་ཕུར་པ་ཆེན་པོ་ཤན་པ་སྤུ་གྲིའི་རྒྱུད་དྲག་སྔགས་སྤུ་གྲི་དང་འདྲ་བ། བཟླས་པ་ཙམ་གྱིས་སྒྲོལ་བར་བྱེད་པ། རྒྱུད་ཕྱི་མའི་ཕྱི་མ་རྫོགས་སོ།།།། ཨོརྱན་གྱི་མཁན་པོ་ཆེན་པོ་པདྨ་འབྱུང་གནས་ཀྱིས་སྒྲ་རང་འགྱུར་དུ་བསྒྱུར་ཏེ། བསྟན་པའི་བཙས་སུ་བཞག་པའོ། ། གསང་ངོ།།།། རྒྱ་གར་སྐད་དུ། བོདྷི་ཙིཏྟ་ཀཱི་ལ་ཡ་ཨཱ་ཏི་ཡོ་ག་བི་ཏོ་ཏ་མ་ལ་མ་ཧཱ་རཱ་ཛ་ཏན་ཏྲ། བོད་སྐད་དུ། བྱང་ཆུབ་སེམས་ཀྱི་ཕུར་པ་རྫོགས་པ་ཆེན་པོ་ཐེག་པའི་ཡང་ཞུན་རྒྱུད་ཀྱི་རྒྱལ་པོ་ཆེན་པོ།
CLOSE WINDOW