Wylie |
།།། གབ་པ་གསང་བའི་རྒྱུད་ཅེས་ཀྱང་བྱ།། ཀླག་རྒྱུད་ཆུང་ངུ་ཞེས་ཀྱང་བྱ་བ་རྫོགས་སོ།།།། རྒྱ་གར་སྐད་དུ། ཀི་ལ་ཡ་ཀ་ལ་བིག་ཏྲེ་ཏྲིའི་ཏནྟྲ། བོད་སྐད་དུ། ཕུར་པ་ནག་པོ་མདུང་རྩེ་གསུམ་པའི་རྒྱུད། དཔལ་འཇིགས་བྱེད་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ།། འོག་མིན་ཆེན་པོའི་གནས་དག་ན།། འཇིགས་བྱེད་ཆེན་པོའི་སྐུ་བཞུགས་པ།། བསྟན་པ་འཇིག་བྱེད་དུས་དག་ཏུ།། དྲག་པོས་བསྒྲལ་བ་བསྟན་པའི་ཕྱིར། ། ལས་ངན་སེམས་ཅན་ཚར་གཅོད་ཕྱིར།། འཇིགས་བྱེད་བཛྲ་ཧེ་རུ་དང།། ཁྲག་འཐུང་བསྟན་པ་སྲུང་བྱེད་པ།། བསྟན་པ་འཇིག་བྱེད་བསྒྲལ་བ་དང།། ནག་པོ་ཆེན་པོས་གཞིག་པ་དང།། བསྟན་པ་གཉན་པོ་བསྲུང་བའི་ཕྱིར། ། ཁྲག་འཐུང་ཆེན་པོའི་བརྒྱུད་འདི་བསྒྲགས།། གླེང་གཞིའི་ལེའུ་སྟེ་དང་པོའོ།།།། སྟོན་པ་བཛྲ་ཧེ་རུ་ཀས།། བསྡུས་པ་ཁྲག་འཐུང་ཧེ་རུ་ལ།། སངས་རྒྱས་བསྟན་པ་བསྲུང་བའི་ཕྱིར།། མདུན་བསུ་གུས་པས་གླེང་སློང་བ། ། ཁྲོ་བོ་ཆེན་པོ་མདུན་བསུ་བ།། ཁྲག་འཐུང་ཧེ་རུ་འདིར་དོང་ལ།། མ་ནོར་བསྟན་པར་འདི་ལ་ཉོན།། སྤྱི་ཡི་བདུད་དང་བྱེ་བྲག་བདུད།། ཁྱད་པར་བདུད་བྱེད་སྣ་ཚོགས་ལ།། གསང་བ་དམ་པ་མ་ནོར་འདི། ། གསང་བ་དམ་པ་འདིར་བསྟན་པས།། མ་ནོར་ས་ཡང་བསྲུང་བ་དང།། དད་དང་བརྩོན་འགྲུས་ཆེ་བ་དང།། ཡིད་ཆེས་གུས་བར་བྱེད་པ་དང།། གཡོ་སྒྱུ་ཚུལ་འཆོས་མེད་པ་དང།། ཁུངས་འབྱིན་ཆེ་ངག་མེད་པ་དང། ། ངས་བསྟན་ཁྲག་འཐུང་ཆེན་པོས་སྟོན།། ཡང་དག་མ་ནོར་དམ་པའོ།། དམ་མེད་དད་མེད་བརྩོན་འགྲུས་ཆུང།། ཡིད་མི་ཆེས་ཤིང་གུས་མི་བྱེད།། གཡོ་སྒྱུ་ཚུལ་འཆོས་ཁུངས་འབྱིན་པ།། གསང་བའི་མ་ནོར་སྣོད་མིན་པས། ། དམ་པ་གསང་བ་བྷ་ག་ཡིས།། གསང་བ་དམ་པ་བསྟན་མི་བྱ།། སྣོད་མེད་དག་ཐམས་ཅད་ལ།། གསང་བ་མ་ནོར་བསྟན་གྱུར་ན།། འདི་དང་མ་འོངས་གཉིས་ཀ་རུ།། མགོ་འགས་སྙིང་ཡང་འཚིག་པར་གྱུར། ། རུལ་མྱགས་ཚིག་ནས་དམྱལ་བར་འགྲོ། དེ་ཕྱིར་གདམས་ངག་སྣ་ཚོགས་གསུངས།། གུས་པས་དྲིས་ཏེ་གླེང་གསུངས་པ།། གསང་བདག་བཛྲ་ཧེ་རུ་ཀ། ཧ་ཧ་བཛྲ་ཧེ་རུ་ཀ། ཁྲག་འཐུང་བདུད་པས་མ་གོས་པས། ། ཡང་དག་སང་བ་བསྟན་དུ་གསོལ།། ནག་པོ་དག་པོ་མ་འཚལ་ན།། མདུང་རྩེ་ཞེས་ནི་གང་ལ་བགྱི།། གསུམ་ཞེས་བྱ་བ་གང་དང་གང།། སྟོན་པ་ཧེ་རུས་མ་ནོར་གསུངས།། ཡང་དག་བརྡ་དང་བཅས་པ་ལ། ། ཀ་ལ་ནག་པོ་གཅིག་ནན་དྲག། མདུང་རྩེ་གཅིག་ཏྲེ་གསུམ་ནི་ཏྲི།། བསད་དང་དབབ་དང་སྦས་དང་གསུམ།། མདུང་རྩེ་ཞེས་ནི་བྱ་བ་ཡིན།། འཇིགས་བྱེད་དཔའ་བོས་བསྟན་དུ་གསོལ།། གསད་པ་གང་དང་གང་གིས་གསད། ། དབབ་པ་གང་དང་གང་གིས་དབབ།། སྦས་པའི་ལས་ནི་གང་གིས་བྱ།། དཔའ་བོ་ཆེན་པོ་མ་ནོར་གསུངས།། ཁྲག་འཐུང་ཁྱོད་ལ་བསྟན་བྱ་བ།། གསད་ཐབས་རྣམ་པ་གསུམ་ཡོད་དེ། ། གསལ་གདབ་དགོངས་པས་གསད་པ་དང།། ཐུན་ཟོར་ལམ་གྱིས་གསད་པ་དང།། མནན་གཏད་རྫས་ཀྱིས་བསད་པའོ།། དབབ་པ་རྣམ་པ་གསུམ་ཡོད་དོ།། སྔགས་ཀྱི་དབབ་དང་རྟ་མ་དབབ། ། བཙན་ཐབས་དབབ་པ་གསུམ་ཡོད་དེ།། རྫས་ཀྱིས་སྦམ་དང་གཏད་པས་སྦམ།། འཁོར་ལོས་སྦམ་དང་གསུམ་ཡོད་དོ།། ཐབས་ནི་དེ་ལྟར་བྱ་བ་ཡིན།། ཁྲག་འཐུང་ཁྱོད་ལ་ང་ཡིས་ནི།། མདོ་ཙམ་གླེང་བསླང་དོན་དུ་བསྟན། ། བརྣག་པའི་འབའ་ཞིག་བྱ་བ་ལ།། འདི་ལས་གསང་བའི་ངེས་དོན་ནི།། དཔལ་ཆེན་ཁྲག་འཐུང་ཐམས་ཅད་དང།། འཇིགས་བྱེད་རྒྱལ་པོ་ཆེན་པོ་ཡིས།། དགོངས་པ་ས་བཀྲོལ་ཀྱང་ལྷག་དོན་མེད། ། གླེང་བསླང་བའི་ལེའུ་སྟེ་གཉིས་པའོ།།།། དེ་ནས་ཡང་དག་བཤད་པ་ཡང།། རྒྱུད་དོན་མ་ནོར་བཤད་བྱ་བ།། ཕུན་སུམ་ཚོགས་པ་ལྔར་ལྡན་དང།། བསྙེན་བསྒྲུབ་བཞི་ཡི་ཏན་ཏྲ་ཡི།། ཁོག་དོན་ཁོག་གོས་དབུབ་པར་བྱ། ། གཞུག་སྡུད་ལས་ཀྱི་བྱ་ཐབས་ཀྱིས།། དྲག་ལས་རྫོགས་པར་ཤེས་པར་བྱ།། བསྙེན་བསྒྲུབ་གཞུང་དུ་བསྲང་བ་ལ།། ཕུན་སུམ་ཚོགས་པ་ལྔར་ལྡན་དགོས།། སྟོན་པ་གནས་དང་དུས་དང་འཁོར།། ཡོ་བྱད་ཕུན་སུམ་ལྔར་ལྡན་པའོ། ། བསྟན་པ་སྤྱི་རུ་ཤེས་པར་བྱ།། ཕུན་སུམ་ཚོགས་པ་ལྔར་ལྡན་ན།། བར་ཆོད་མེད་དེ་ལས་རབ་བོ།། སྟོན་པ་ཕུན་སུམ་ཚོགས་པ་ནི།། ཁོལ་དལ་མན་ངག་ལྡན་པ་དང།། གཙང་སྨེ་ཆུང་ཞིང་གཡོ་སྒྱུ་ཆུང། ། དམ་ལ་གནས་ཤིང་ཐུགས་བརྩེར་ལྡན།། རྒྱུད་ལུང་མན་ངག་ཀུན་ལ་མཁས།། གཅིག་པུ་རང་གནས་འཇིགས་བག་མེད།། གདེང་དང་ལྡན་པའི་བླ་མ་དགོས།། གནས་ཁང་ཕུན་སུམ་ཚོགས་པ་ནི། ། དུར་ཁྲོད་ནག་པོར་ད་རོད་ཅན།། མཁར་ཕུང་ཤུལ་ལམ་དུག་ཤིང་རྐང་གཅིག་རྩ།། གཙུག་ལག་འདྲེ་ཅན་བྲག་ཆུ་འཐབ། རི་གསུམ་རྩེའམ་དགུ་འདུས་རྩེ།། བླ་མ་དགོངས་དང་ལྡན་པས་བྱ།། དགོངས་པ་མེད་ན་བཀྲ་ཤིས་གདམས། ། ལྔ་པར་བྱིན་དང་ལྡན་པའི་གནས།། བཀྲ་ཤིས་ཉམས་དགའ་གནས་སུ་བྱ།། དེ་ལྟར་བྱས་ན་ཕུང་འཚང་ཆུང།། དེ་ལྟ་བུ་ཡི་གནས་དག་ཏུ།། ཡུན་རིངས་མཚམས་དང་ལྡན་པར་བྱ།། དུས་ནི་ཞག་དང་ཟླ་བ་དང། ། ལོ་ཡི་དུས་དང་གསུམ་དུས།། ནམ་ཟླའི་དུས་ནི་དགུན་ཟླ་ར།། དཔྱིད་ཟླ་འབྲིང་དང་དབྱར་ཟླ་འབྲིང།། སྟོན་ཟླ་ར་བའི་དུས་སུ་བྱ།། མཚན་མ་རྟགས་དང་དུས་དང་གྲངས།། བསྙེན་བསྒྲུབ་དུས་སུ་ཤེས་པར་བྱ། ། དུས་ཚོད་མ་ནོར་དོན་གྲུབ་ན།། ཐེ་ཚོམ་མེད་དེ་གདོན་མི་ཟ།། འཁོར་ནི་གཙང་སྨེ་ཆུང་བ་དང།། བག་ཚ་མེད་དེ་བརྟུལ་ཞུགས་ཆེ།། ཁུ་ལྡོག་མེད་ཅིང་དམ་ལ་གནས།། གཡོ་སྒྱུ་ཆུང་དང་རུ་ལ་འདུད། ། རྟག་ཏུ་དད་བརྩོན་ལེ་མོ་མེད།། གསང་ཐུབ་དཔོན་མཆེད་བརྩེ་གདུང་ཆེ།། དེ་ལྟ་བུ་ཡི་འཁོར་ལ་གདམས།། ཡོ་བྱད་ཕུན་སུམ་ཚོགས་པ་ནི།། ཡོ་བྱད་འཚོགས་ན་དོན་རྣམས་འགྲུབ།། ཡོ་བྱད་གསུམ་དུ་ཤེས་པར་བྱ། ། འཚོ་བ་ཟས་དང་རྐྱེན་བཟློག་སྨན།། བསྒྲུབ་པ་རྫས་ཀྱི་ཡོ་བྱད་གསུམ།། སྒྲུབ་པའི་ཆ་རྐྱེན་ཡིན་པར་གསུངས།། ཡོད་བྱད་ནུས་མཐུ་ཆེར་ལྡན་པས།། དེ་ལ་ཤིན་ཏུ་ནན་ཏན་བྱ།། བསྟན་པ་ཕུན་སུམ་ཚོགས་པ་ནི། ། དོན་གྱིས་བསྟན་དང་ཚོགས་ཀྱིས་བསྟན།། ཕུར་ནི་ཆོས་ཉིད་བདེ་བའི་ཀློང།། པ་ནི་རག་མ་ལུས་པའི་ངང།། ཕུར་ནི་སྐྱེ་བ་མེད་པའི་དབྱིངས།། པ་ནི་དགག་པ་མེད་པའི་དོན།། ཕུར་ནི་ཆོས་ཀྱི་དབྱིངས་ཉིད་དེ། ། པ་ནི་རིག་པའི་ཡེ་ཤེས་ཡིན།། ཕུར་ནི་སེམས་ཉིད་དག་པའི་ཀློང།། པ་ནི་གསལ་བའི་རིག་པའོ།། ཕུར་ནི་མཉམ་པ་ཉིད་ཀྱི་དབྱིངས།། པ་ནི་ཡེ་ཤེས་བདེ་བ་གསལ།། དེ་ལྟར་དོན་རྟགས་གཉིས་མེད་དོན། ། འཁོར་རྣམས་ཀུན་གྱིས་དེ་ལྟར་བྱོར།། རྡོ་རྗེ་ཕུར་པ་མདུང་རྩེ་ནག་པོ་གསུམ་པའི་རྒྱུད་ལས། རྒྱུད་ཀྱི་དོན་དང་ཕུན་སུམ་ཚོགས་པའི་ལེའུ་སྟེ་གསུམ་པའོ།།།། དེ་ནས་ལས་རབ་གང་བྱེད་ཀྱང།། ཕྱི་ནང་བར་དང་གསང་མཚམས་དང། ། གྲལ་ལྟག་བཤགས་བྱིན་གཞུང་ལྡན་བྱ།། དེ་ནས་ལས་རིམས་དགོངས་ལ་འཇུག། དང་པོ་ཏིང་འཛིན་རིམ་པར་བསྒོམ།། རང་བཞིན་རྣལ་འབྱོར་བདེ་གཤེགས་གསུམ།། ཏིང་འཛིན་རེ་ལ་ཤེས་པར་བྱ། ། རང་བཞིན་མཉམ་བཞག་རྣལ་འབྱོར་ཉམས།། བདེ་གཤེགས་འབྲས་བུ་རྫོགས་པའོ།། དབང་ཆེན་རིམ་པས་དགོངས་པས་སྐྱེད།། ཕྱི་ནང་གསང་བ་གསུམ་དུ་ཤེས།། གཞལ་ཡས་གདན་དང་བཅས་པ་ཡང། ། ཚུལ་ནི་དེ་ལྟར་ཤེས་པར་བྱ།། དགོངས་པ་ཅིག་ཆར་རིམ་གྱིས་པས།། གཙོ་བོ་སྐུ་ནི་བསྐྱེད་པར་བྱ།། མཁའ་གསང་བྱིན་བརློབ་རིམ་པ་གསུམ།། འཕྲིན་ལས་རྣམ་བཞི་གཙོ་བོ་དྲག། མ་ནོར་ཚུལ་དུ་བསྒོམ་པར་བྱ། ། དེ་ནས་འཁོར་གྱི་སྐུ་བསྐྱེད་པའོ།། ཕྱི་ཡི་མཐའ་རུ་གཅིག་བསྐྱེད་དེ།། ནང་གསང་མཁའ་ནས་རིམ་པ་བསྐྱེད།། ལྷག་པ་ཏིང་འཛིན་བདག་གི་སྲས།། ལྷག་པའི་གཟུགས་བརྙན་གཞན་སྲས་དགོད། ། སྲས་མཆོག་རྡོ་རྗེ་ཕུར་པ་འདི།། ཙིཏྟ་གསང་བའི་དཀྱིལ་ནས་གདོན།། སྲས་མཆོག་ཐུགས་ལས་བསྐྱེད་པའོ།། དམ་ཚིག་དཀྱིལ་འཁོར་བསྐྱེད་པ་དང།། གཙོ་བོ་འཁོར་དང་རྫས་སྲས་གསུམ།། དཀྱིལ་འཁོར་གསུམ་དུ་ཤེས་པར་བྱ། ། རྩ་བ་བསྐྱེད་དང་ལས་ཀྱི་སྔགས།། གཙོ་འཁོར་ཀུན་ལ་ཤེས་པར་བྱ།། རྩ་བ་རྒྱུད་དང་བསྐྱེད་པ་རྐྱེན།། ལས་སྔགས་བསྙེན་བསྒྲུབ་དུས་སུ་ཡིན།། མ་ནོར་དོན་ལ་འཇུག་པ་དང།། བར་དུ་གཅོད་པ་ཚར་ཡང་གཅད། ། གཞུང་བཞིན་བསྒྲུབ་པས་དོན་རྣམས་རྫོགས།། རྡོ་རྗེ་ཕུར་པ་ནག་པོ་མདུང་རྩེ་གསུམ་པའི་རྒྱུད་ལས། ཏིང་ངེ་འཛིན་གྱི་རིམ་པ་བསྒོམ་པ་དང་དམ་ཚིག་གི་དཀྱིལ་འཁོར་བསྐྱེད་པའི་ལེའུ་སྟེ་བཞི་པའོ། །།། དེ་ནས་རང་བཞིན་སྤྱན་སྔར་མཆོད།། གཉིས་སུ་མེད་པར་བསྟིམ་པར་བྱ།། སྤྱན་དྲངས་མཆོད་བསྟོད་གཞུང་བཞིན་བྱ།། བསྙེན་བསྒྲུབ་བཞི་རུ་ཤེས་པར་བྱ།། བསྙེན་པའི་དུས་སུ་རང་སྔགས་ལ། ། ས་མ་ཛ་ཡི་ཤམ་བུ་གདགས།། ཉེ་བསྙེན་དུས་སུ་ལས་སྔགས་ལ།། དམོད་སྔགས་དག་གི་ཤམ་བུ་གདགས།། སྒྲུབ་པའི་དུས་སུ་རྦད་སྔགས་ལ།། མན་ངག་སྔགས་ཀྱི་ཤམ་བུ་གདགས།། སྒྲུབ་ཆེན་དུས་སུ་བསད་སྔགས་ལ། ། ཐུན་སྔགས་དག་གི་ཤམ་བུ་གདགས།། ཐ་མ་ལས་ཀྱི་སྦྱོར་ཀ་ལས།། སྒྲོལ་བསད་གདབ་པའི་ལས་རྣམས་དང།། ཐུན་ཟོར་གཏད་མནན་ལས་རྣམས་དང།། སྦྱིན་སྲེག་ལས་རྣམས་སྦགས་པར་བྱ། ། བསྙེན་བསྒྲུབ་གཞུང་བཞིན་རྫོགས་པ་དང།། ལན་གསུམ་ལན་བདུན་བཅུ་གཅིག་གམ།། ཡང་ན་བཅོ་ལྔའམ་ཉི་ཤུ་གཅིག། ཡང་ནས་ཡང་དུ་བསྒྲུབ་པར་བྱ།། རབ་ཀྱི་ས་གསུམ་འབྲིང་གི་བདུན།། ཐ་མས་ལན་ནི་བཅུ་གཅིག་བསྒྲུབ། ། ཐ་མའི་ཐ་མས་བཅོ་ལྔའམ།། ཡང་ན་ཉི་ཤུ་རྩ་གཅིག་བསྐུར།། དེ་ཀྱང་ལས་རྣམས་མ་གྲིབ་ན།། སྤོགས་པའི་ཆོ་ག་གཞུང་བཞིན་བྱ།། ལན་གསུམ་བྱས་ནས་གདོན་མི་ཟ།། ལན་བདུན་བཅུ་གཅིག་བྱས་གྱུར་ན། ། འཐེབ་བཤོམ་མེད་དེ་ཕུང་པར་འགྱུར།། དེས་ཀྱང་གྲུབ་པར་མ་གྱུར་ན།། དམ་ཚིག་ཉམས་སམ་དཔོན་མཆེད་ལ།། དམ་ཉམས་བཤགས་ཤིང་བསྐང་གསོ་བྱ།། དེ་ནས་བསྙེན་བགྲུབ་གཞུང་བཙུགས་ལ། ། སྒྲུབ་དང་སྒྲུབ་ཆེན་ནུབ་བདུན་བཏུད།། སྤོགས་པའི་ཆོ་ག་ནུབ་བདུན་ལྔ་བཏུད།། དེ་ལྟར་གཞུང་བཞིན་བསྒྲུབས་གྱུར་ན།། གདོན་མི་ཟ་སྟེ་ཐེ་ཙོམ་མེད།། དེས་ཀྱང་འགྲུབ་པར་མ་གྱུར་ན།། དམ་ཚིག་གཏད་མེད་ཞིག་མེད་པས། ། ནུབ་མཐུ་ལས་འཕྲོ་མེད་འགྱུར་བས།། གཏན་ནས་ཕྲོ་བཅད་དགེ་བ་ལ།། བརྩོན་འགྲུས་བསྐྱེད་ལ་འབད་རྩོལ་བྱ།། སྒོམ་བསྒྲུབ་ཡང་དག་དོན་ལ་འབད།། དེ་ལྟར་འབད་པ་བྱས་གྱུར་ན། ། ཐུན་མོང་མཆོག་གི་དངོས་གྲུབ་ཐོབ།། རྡོ་རྗེ་ཕུར་པ་ནག་པོ་མདུང་རྩེ་གསུམ་པའི་རྒྱུད་ལས། སྤྱན་དྲང་བ་དང། མཆོད་པ་དང། བསྙེན་བསྒྲུབ་ཀྱི་དོན་གྱི་ལེའུ་སྟེ་ལྔ་པའོ།།།། དེ་ནས་གཞུང་གི་དོན་བསྟན་པ། ། ནག་པོ་མདུང་རྩེ་གསུམ་ཞེས་པ།། གསད་དང་དབབ་དང་སྦམ་དང་གསུམ།། མདུང་རྩེ་གསུམ་ཞེས་དེ་ལ་བྱ།། དང་ལ་གསད་པའི་མདུང་རྩེ་གསུམ་བསྟན།། བསད་ཐབས་རྣམ་པ་གསུམ་ཡོད་དེ།། གསུམ་པོ་ཡ་ཡང་དགུ་ཡོད་དོ། ། གདབ་གསལ་དགོངས་པ་གསད་པ་དང།། ཐུན་ཟོར་ལས་ཀྱིས་བསད་པ་དང།། མནན་གཏད་རྫས་ཀྱིས་བསད་པ་དང།། རབ་ལ་མདོ་ཙམ་སྨོས་པས་ཆོག། འབྲིང་ལ་ཐ་མའི་དོན་དུ་བཤད། ། གདབ་པ་བསད་པ་ཇི་ལྟར་བསད།། གསལ་བས་བསད་པ་མ་འཚལ་ན།། དགོངས་པས་བསད་པ་མ་འཚལ་ན།། དཔལ་ལྡན་རྡོ་རྗེས་བསྟན་དུ་གསོལ།། ཐུན་དང་ཟོར་དང་ལུས་དང་གསུམ།། དཔལ་ཆེན་དཔའ་བོས་བཤད་དུ་གསོལ། ། མནན་པ་གཏད་པ་རྫས་ཀྱིས་བསད།། གང་ལྟར་མནན་པ་ཇི་ལྟར་གཏད།། རྫས་ཀྱིས་བསད་པ་བཤད་དུ་གསོལ། ཁྲག་འཐུང་ཆེན་པོ་འདི་ལྟར་མཛོད།། གདབ་པའི་གནས་ནི་གཅིག་དངགསུམ། ། ལྔ་དང་བརྒྱད་དང་བཅུ་གཅིག་དང།། བཅོ་ལྔ་ཉི་ཤུ་གཅིག་ཏུ་གདབ།། གཅིག་ཏུ་གསང་བ་ཙིཏྟ་ལ།། གསུམ་ན་ལུས་ངག་ཡིད་གསུམ་ལ།། ལྔ་ནས་ཡན་ལག་རྣམ་ལྔ་ལ།། ཡང་ན་དབང་པོ་ལྔ་ལའོ། ། བརྒྱད་པ་གདབ་ན་དཀར་ནག་མཚམས།། སྐྲ་མཚམས་དོན་གསང་རྟགས་གསང་གསུམ།། དཔུང་མགོ་གཉིས་དང་དཔྱི་མགོ་གཉིས།། བརྒྱད་དུ་གདབ་པར་ཤེས་པར་བྱ།། བཅུ་གཅིག་གདབ་པ་མིག་གཉིས་དང། ། གསེར་སྒོ་གཉིས་དང་ན་ངས་གཉིས།། ཁམ་ཏའི་ཁྱིལ་དང་ཙིཏྟའི་གཡས།། གཡས་དང་གཡོན་དང་དཀྱིལ་དང་གསུམ།། བཅུ་དྲུག་མདོ་རུ་གདབ་པར་བྱ།། བཅོ་ལྔ་གདབ་བ་བདུད་ཁུང་དང།། ལག་མཐིལ་རྐང་མཐིལ་གཡས་གཡོན་བཞི། ། བརླ་དཀྱིལ་བྱིན་དཀྱིལ་གཡས་གཡོན་བཞི།། གྲུ་མོ་གཉིས་དང་མཆན་ཁུང་གཉིས།། བདུན་རྒྱབ་དག་ཏུ་གདབ་པར་བྱ།། ཉི་ཤུ་རྩ་གཅིག་དབང་སྒོ་བདུན།། ཙིཏྟའི་སྟེང་འོག་དཀྱིལ་དང་གསུམ། ། ཡན་ལག་ལྔ་དང་ལུས་ངག་ཡིད།། སྐུ་ལྟེབས་གཡས་གཡོན་ལྷེ་ནར་གདབ།། ཡང་ན་དགེ་སྡིག་ཆ་མཉམ་ཕྱིར།། སྤྱི་བོ་རྐང་མཐིལ་གཉིས་སུ་གདབ།། མན་ངག་དེ་ལྟར་མ་ཤེས་ན།། བཏབ་ཀྱང་ང་ལ་དོན་མེད་ཡིན། ། གདབ་བའི་དུས་སུ་བླ་མ་ཡིན།། ཆ་གོས་ནག་པོ་ལྔ་གོན་ལ།། རྡོ་རྗེ་གཞོན་ནུའི་དགོངས་པར་འཇུག། གསལ་བ་རྣམ་གསུམ་དྲན་བྱས་ལ།། དཔའ་བོ་རྩ་བའི་དཀྱིལ་འཁོར་གསལ།། སྲས་མཆོག་ཁྲོ་བཅུས་བྱིན་བརློབ་གསལ། ། གཟས་པ་བྱད་བཞིན་ངོ་མདོག་གསལ།། དེ་ལྟར་གསལ་བྱས་དགོངས་པས་བརྡེག། གསལ་བས་བསད་པ་ཤེས་བྱའོ།། གདོངས་པས་བསད་པའི་ཇི་ལྟར་གསལ།། དཔལ་ཆེན་དཔའ་བོས་བཤད་དུ་གསོལ། ། དགོངས་པས་བསད་པའི་དོན་བསྟན་པས།། བདག་ཉིད་རྡོ་རྗེ་གཞོན་ནུར་བསྒོམ།། སྲས་མཚོག་བཛྲ་ཀཱི་ལ་ཡི།། སྐུ་གསུང་ཐུགས་སུ་བྱིན་གྱིས་བརློབ།། སྤྱི་བོར་ཨོཾ་ལ་མགུལ་དུ་ཨཾ། ། ཐུགས་ཀར་ཧཱུཾ་ནི་བསྒོམ་པར་བྱ།། རྒྱ་མདུད་གོང་འོག་ཡབ་ཡུམ་བཅུ།། ཟུར་གསུམ་ཕཊ་གསུམ་རྩེ་མོ་ཕཊ།། སྒོ་བ་བཞི་རུ་ཤེས་པར་བྱ།། ཐེལ་གསུམ་ཧཱུཾ་གསུམ་སྲུངས་མ་གསུམ།། དེ་ལྟར་བྱིན་རླབས་གུ་གུལ་སྦྱར། ། ཉུངས་ཀར་རྒྱལ་པོས་གཟི་བྱིན་ཏེ།། བདག་ཉིད་སོར་མོའི་བྲེ་ག་ལ།། ཟླ་དལ་ལྔ་ལ་འབྲུ་ལྔ་དགོད།། གཡས་གཡོན་ཐབས་དང་ཤེས་རབ་བསྒོམ།། བར་དུཕུར་པ་བཅུ་གནས་དྲིལ།། གསང་སྔགས་དམ་པ་འདི་བཟླས་སོ། ། ཨོཾ་ལཾ་ཧཱུཾ་ལཾ་སྟཾ་པ་ནཾ། བྷ་ག་བན། ཤྲི་ཀྲི་བི་ཀྲི། བཛྲ་ཀཱི་ལི་ཀཱི་ལ་ཡ། སརྦ་བིག་ནན་བཾ་ཧཱུཾ་ཕཊ། བཛྲ་ཧཱུཾ་ཀ་ར་ཧཱུཾ་ཨ། དེ་སྐད་ལན་སྟོང་བཟླས་བྱས་པས།། ཕུར་པ་སྔགས་ལ་འོད་བྱུང་བས།། འཇིག་རྟེན་ཁམས་ནི་ཐམས་ཅད་ཁྱབ། ། བདེ་གཤེགས་ཐུགས་དམ་རྒྱུད་བསྐུལ་ནས།། རྣལ་འབྱོར་དམ་ཚིག་ཆག་ཉམས་བསྐངས།། སེམས་ཅན་དོན་བྱས་ཉོན་མོངས་སྦྱངས།། འོད་ཕུང་སླར་འདུས་ཕུར་ལ་ཐིམ། ། ཕུར་པ་བཀྲག་དང་གཟི་མདངས་བསྐྱེད།། སྐུ་སྟོད་ཁྲོ་བོ་ཆེན་པོ་ལ།། སྐུ་སྨད་ཟུར་གསུམ་དཔལ་དང་ཆས།། ཡེ་ཤེས་སྤྲུལ་པའི་ཕུར་པ་སྟེ།། ཀླད་ལ་བསྐོར་དལ་དྲིལ་བ་ཡིས།། རི་རབ་གླིང་བཞི་གཟའ་སྐར་རྒྱན། ། གྱུར་ན་གཟས་པའི་དཀར་ན་མཚམས།། བཏབ་པས་གྲོག་ཚང་བཤིག་པ་བཞིན།། གུལ་གུལ་ཤིག་ཤིག་གྱུར་པ་ཡིས།། གཟས་པ་པོ་ཡང་གུལ་གུལ་ཤིག། གྱུར་པས་དགོངས་པ་དཀར་ནག་དཀྱིལ། ། རྒྱབ་པས་གཟས་པའི་ལུས་པོ་སྟེ།། ཙ་སྒོ་འདྲ་བར་ཕུག་བསྲེགས་ནས།། ཙིཏྟ་རིན་ཆེན་གུར་ཕུག་འདྲ།། གུར་རྡིབས་བཞིན་དུ་འུབས་ཀྱིས་འདུས།། ཀུན་གཞི་དར་དཀར་འདྲ་བ་དེ།། གཏར་ཚན་སྦུར་བཞིན་བཏུལ་གྱིས་བསྲེགས། ། ནརི་ཚེ་བ་རྒྱ་ཕཊ་དྲལ་ནས།། ཁྲག་ཙལ་པ་སྲན་མ་ཙམ།། གཏར་ཚན་ཆུ་བཞིན་ཏོག་གིས་བླངས།། ནརི་ཚེ་ལྗང་ཁུ་ལ་བརྒྱབ་པས།། ལྗོན་ཤིང་རྩད་ནས་བཅད་པ་བཞིན།། གཟས་པ་སྔོ་འདྲད་སོང་བར་བསམ། ། ཕུར་པ་བཏོན་པས་ཞོ་འབྲུ་ནས།། གཟར་བ་བཏོན་བཞིན་སྔར་ཙམ་གྱིས།། བཏོན་ནས་བདག་ལ་བསྟིམ་པ་ཡིས།། གཟབ་པའི་ཚེ་ཕྲོགས་བདག་ལ་བསྟིམ།། ཡེ་ཤེས་འབྲུ་གསུམ་གྱུར་ནས་ནི། ། ལུས་ངག་ཡིད་གསུམ་གཟི་མདངས་བསྐྱེད།། བདག་དང་གཟས་པ་གཉིས་ཀ་ཡི།། ཚེ་ལུང་ཁྲུས་ལུང་དོན་གྱིས་སྦྱར།། དེ་ནས་གདབ་པའི་འཕྲིན་ལས་བྱའོ།། དབང་བསྐུར་བྱིན་བརླབས་གཟི་བྱིན་སྐྱེད།། གོང་ལྟར་ཚེ་ཁྲུས་བཞིན་དུ་སྦྱར། ། རྡོ་རྗེ་གཞོན་ནུ་སྐུ་གསལ་བཏབ།། མན་ངག་འདི་བརྗོད་ཕུར་བསྐོར་བྱ།། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ། ཆེ་གེ་མོ་ཨ་པ་ར་ཙི་ཏ། ཨ་ན་ཙི་ཏི། ཛ་ཡ་ཐི་ཡེ།། ཀ་ཏང་ཀ་ཏེ། ཧཱུཾ་པ་རི་བད་ཏན། ཙྪིནྡྷ་ཙྩིནྡྷ། ཆེ་གེ་མོ་མཱ་ར་ཡ། མ་ར་ས་ན་པྲ་མརྟ་ན་ཡེ་ཧཱུཾ་ཕཊ། ནརི་ནརི། དེ་ལ་སོགས་པའི་མན་ངག་ཀུན།། རྩ་བ་རུ་ནི་ཤེས་པར་བྱ།། སྔགས་དྲུག་དག་ཀྱང་གཞུག་ལ་གདགས།། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ། ཆེ་གེ་མོ་ཧ་ས་ཡ། ར་ཡ་ནི་ཧད་ན་ཧཱུཾ་ཕཊ། ཨ་བེ་ཤ་ཡ་ཨ་བེ་ཤ་ཡ་ཧཱུཾ་ཕཊ། ཤི་ཀྲིན་ཨ་ན་ཡ་ཧཱུཾ་ཕཊ། ཛ་ལ་པ་ཡ་ཛ་ལ་ཡ་ཧཱུཾ་ཕཊ། ཏ་ཐ་ཡ་ཏ་ཐ་ཡ་ཧཱུཾ་ཕཊ། བི་ཏ་ཡ་བི་ཏ་ཡ་ཧཱུཾ་ཕཊ། སྔགས་དྲུག་མན་ངག་དམ་པ་ནི།། སྐང་ཐོན་ཁོང་སྐས་བཟླས་པ་དང། ། མན་ངག་ནུ་ལུགས་བཟླས་པའོ།། གཞུག་ལ་ཟང་ཐལ་བཟླས་པའོ།། ལས་ཀྱི་སྦྱོར་བ་ནུབ་ཐ་ཡ་ལ།། འདེབས་པའི་དུས་སུ་ལུགས་འདིས་གདབ།། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ། ཆེ་གེ་མོ་ཙིཏྟ་ཙིཏྟ་བཛྲ་ཧཱུཾ་ཧཱུཾ་ཕཊ། མ་ར་ཡ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ། ཆེ་གེ་མོ་མ་ར་ཡ་ཕཊ། ཀཱི་ལ་ཡ་ཡིས་མགོ་མནན་པ།། ཐམས་ཅད་ཀུན་ལ་ཤེས་པར་བྱ།། ཧ་ན་ཧ་ན་ཧཱུཾ་ཕཊ། བིན་དྷ་བིན་དྷ་ཁ་ཏ་ཁ་ཏ་ཧཱུཾ་ཕཊ། གྷུ་ཡ་ད་ཧ་ཧཱུཾ་ཕཊ། གྷུ་ཡ་ད་ཧ་ཧཱུཾ་ཕཊ། ཧ་ན་ཧ་ན་ཧཱུཾ་ཕཊ། གྲི་ཧྣ་གྲི་ཧྣ་ཧཱུཾ་ཕཊ། མ་ཐ་མ་ཐ་ཧཱུཾ་ཕཊ། ད་ཧ་ད་ཧ་ཧཱུཾ་ཕཊ། འབུར་སྟ་འབུར་སྟ་ཧཱུཾ་ཕཊ། ཙི་ཏ་ཧ་ན་ཧཱུཾ་ཕཊ། ཧཱུར་བུ་ཧཱུར་བུ་ཧཱུཾ་ཕཊ། ཀ་ཏ་ཀ་ཏ་ཧཱུཾ་ཕཊ། ད་ཧ་ད་ཧ་ཧཱུཾ་ཕཊ། ཧ་ར་ཏ་ཧ་ར་ཏ་ཧཱུཾ་ཕཊ། ཙི་ཏ་བར་ཏ་ཧཱུཾ་ཕཊ། ད་ཧ་ད་ཧ་ཧཱུཾ་ཕཊ། ནརྀ་ཏྲི་ནརྀ་ཏྲི་ཧཱུཾ་ཕཊ། པ་ཙ་པ་ཙ་ཧཱུཾ་ཕཊ། ཏད་ཡ་ཐ་ཏད་ཡ་ཐ་ཧཱུཾ་ཕཊ། སརྦ་ཨ་ན་ཡ་ཧཱུཾ་ཕཊ། ལས་ཀྱི་གཞུག་ལ་གདགས་པའོ།། རྡོ་རྗེ་ཕུར་པ་ནག་པོ་མདུང་རྩེ་གསུམ་པའི་རྒྱུད་ལས། གསལ་དགོངས་པས་བསད་པའི་ལེའུ་སྟེ་དྲུག་པའོ།།།། དེ་ནས་ཐུན་ཟོར་ལས་ཀྱི་བསད་དེ། དང་ལ་ཐུན་གྱིས་གསད་པ་ནི།། བརྣག་པ་ཐུན་ནག་གི་ལེའུ་འདིས། ཐུན་གྱི་མན་ངག་རྫོགས་པར་བྱ།། བླ་མས་ནག་པོའི་རྒྱན་ཆས་ལྔ་གོན་ལ།། དཀྱིལ་འཁོར་ཁྲུ་གང་ཚད་དུ་བྱ།། གྲུ་གསུམ་སུམ་བརྩེགས་ཁ་ཁྱེར་ལ།། ཟ་བྱེད་ཞལ་དང་མདའ་གཞུར་བཅས།། མཚོན་ཆ་ལྔ་དང་རྩང་གིས་བསྐོར། ། དཀྱིལ་འཁོར་ཆེན་པོ་ལྷོ་ནུབ་བཅའ།། དེ་དབུས་མོན་པའི་ཐོད་ནང་དུ།། ཁྲག་ཆེན་ལ་སོགས་ཁྲག་སྣ་ཚོགས།། བྷན་དྷའི་ནང་དུ་བླུགས་ལ་བཞག། རབས་ཆད་མཛེ་པོའི་ཐོད་ནང་དུ།། དུག་ཆེན་ལ་སོགས་དུག་སྣ་ཚོགས། ། བླུགས་ལ་གྲུ་གསུམ་ནུབ་ཏུ་བཞག། སྣོལ་དྲི་མོ་ཡི་ཐོད་པ་རུ།། ཉུངས་ཀར་རྒྱལ་པོ་བདུན་ལ་སོགས།། ཉུངས་ཀར་སྣ་ཚོགས་བླུགས་ལ་བཞག། བྱང་ཤར་དག་ཏུ་བཞག་པར་བྱ།། ས་བདག་རྒྱལ་པོའི་ཐོད་པ་རུ། ། ཕུར་པ་ཁབ་ཙམ་བདུན་བླུགས་ལ།། གྲུ་གསུམ་ཤར་ལྷོའི་རྩེ་ལ་བཞག། དེ་ནས་ཐུན་སྔགས་དམ་པ་བཟླས།། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ། ཆེ་གེ་མོ་སུ་ཀྲི་བ་ཡ་བ་ར་ཙ་ཀ། ཡོ་གི་ཤྭ་ར་ས་མ་ཡ་ཙིཏྟ་ཧཱུཾ་ཕཊ། མེ་རི་ཀུན་ད་ལི། ཐབས་ཐུབ་རྦད་ཁྲག་སྟི་རྨ་ར་རྦད། མ་ར་ཡ་ནརི་ཙིཏྟ་རྦད་ཐུམས། དང་ལ་གྲངས་མེད་རྟགས་དང་མཚན་མ་གྲུབ་ནས་གྲངས་ཀྱིས་གྲུབ།། རྡོ་རྗེ་ཕུར་པ་ནག་པོ་མདུང་རྩེ་གསུམ་པའི་རྒྱུད་ལས། བརྣག་པ་ཐུན་ནག་གི་ལེའུ་སྟེ་བདུན་པའོ།།།། དེ་ནས་དམོད་པ་ཐུན་ནག་དང། མན་ངག་ཐུན་ནི་བརྡེག་པར་བྱ།། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ། ཆེ་གེ་མོ་མ་ར་ཡ། དུ་རུ་ཀན། ཕི་ར་ཤ་ཧོ། མ་ར་ཡ་དུ་རུ། སྨ་ཤ་ནི་མ་ར་ཡ། མ་ཁ་ནི་མ་ཆུ་མ། ཧབ་མ་ཧུབ་མ། མཱ་ར་ཡ་ཐུཾ་ཐུཾ་ནརྀ་ནརྀ་བྷྱོ་བྷྱོ། ཨོཾ་བཛྲ་ཀཱི་ལི་ཀཱི་ལི་ཡ། ཆེ་གེ་མོ་ཧ་ས་ཡ་ར་ན་ཧ་ད་ན། དཻ་བ་པྲ་བེ་ཤ་ཡ་ཧཱུཾ་ཕཊ། ཨ་བེ་ཤ་ཡ། ཨ་བེ་ཤ་ཡ་ཧཱུཾ་ཕཊ། ཤི་ཀྲིན་ཨ་ན་ཡ་ཧཱུཾ་ཕཊ། ཛ་ལ་པ་ཡ་ཛ་ལ་པ་ཡ་ཧཱུཾ་ཕཊ། ཏད་ཐ་ཡ་ཏད་ཐ་ཡ་ཧཱུཾ་ཕཊ། བིད་ཏ་ཡ་བིད་ཏ་ཡ་ཧཱུཾ་ཕཊ། ཆེ་གེ་མོ་མཱ་ར་ཡ་ནརྀ་ནརྀ་ཛྙཱ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ། ཆེ་གེ་མོ་མར་ཡ་ཧཱུཾ་མ་མ་པ་ཤི་ཀུ་རུ་མ་ཏཾ་ཉ་ཀ་ར། ཨིན་ནན་དྷི་ཏིཀི། མ་ཀརྨ་ཤི་ཀྲང་ཀརྨ་ཉེ་ཡ་མཱ་ར་ཡ་ནརི་ཛཱ། རྡོ་རྗེ་ཕུར་པ་ནག་པོ་མདུང་རྩེ་གསུམ་པའི་རྒྱུད་ལས། དམོད་པ་ཐུན་ནག་དང་མན་ངག་གི་ཐུན་གྱི་ལེའུ་སྟེ་བརྒྱད་པའོ།།།། དེ་ནས་ཟོར་གྱིས་བསད་པ་ལ།། ཁྲག་ཟོར་ཉུངས་ཟོར་ཕུར་ཟོར་གསུམ། ། མདའ་ཟོར་ནང་དུ་བླུགས་ཏེ་འཕང།། ཐོད་ཟོར་ནང་དུ་བླུགས་ཏེ་འཕང།། རྭ་ཟོར་ནང་དུ་བླུགས་ཏེ་འཕང།། ལག་ཟོར་ནང་དུ་བླུགས་ཏེ་འཕང།། མདའ་མོ་སྨྱུག་མ་ཚིགས་བདུན་དང། ། ལྔ་པས་སྨྱུག་རྒོད་མདའ་སྨྱུག་བྱ།། ཕོ་རོག་སྐྱུང་ཁ་ཁ་དྲིན་བྱ།། སྨྱུག་ཚིགས་དགུ་པ་སྒྲོན་པར་བྱ།། འུག་པ་ཁ་སྒྲིན་པུ་ཤུད་ཀྱིས།། སྨྱུག་ཚིགས་བདུན་པ་སྒྲོན་པར་བྱ།། ཁུ་བྱུག་འུག་པ་ཕོ་རོག་ཁྲ། ལྔ་པ་དག་ལ་སྒྲོན་པར་བྱ།། དགུ་པར་ཁྲག་ཆེན་རྟ་ཁྲག་དང།། བ་ཁྲག་གཡག་ཁྲག་བཞི་བླུགས་སོ།། བདུན་པར་ཁྲག་ཆེན་རྟ་མགོ་རོག་ཁྱི་ཁྲག་སྤྲེ་ཁྲག་བཞི་བླུགས་སོ།། ལྔ་པར་ཁྲག་ཆེན་ཐུག་རི་ཁྲག། གཙོ་བོར་ར་ཐུག་ཁྲག་བླུགས་སོ། ། དགུ་བར་ཉུངས་ཀར་ཉེར་གཅིག་བླུགས།། བདུན་པར་སྐེ་ཚེ་ཉེར་གཅིག་བླུགས།། དགུ་པར་སྐྱེར་ཕུར་ཁབ་ཙམ་བདུན།། བདུན་པར་མཛོ་མོའི་ཕུར་པ་བདུན།། ལྔ་པར་གླང་ཕུར་བདུན་བླུགས་སོ། ། སྐྱེར་པ་མཛོ་མོ་གླང་མ་གསུམ།། མགོ་མཇུག་མ་ནོར་མདེའུ་བྱའོ།། དགུ་པ་སྔོ་ལ་བདུན་པ་དམར།། ལྔ་པ་སེར་པོ་སྒྲོ་རྩར་དབྱུག། གོང་གི་ཁྲག་ཉུངས་ཕུར་ལ་སོགས།། བླུག་ལ་སྔགས་ནི་བྲི་བར་བྱའོ། ། བདུན་པ་དགུ་པ་ལྔ་པ་ལ།། སྔགས་ནི་རིམ་པར་བྲི་བར་བྱའོ།། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ། ཆེ་གེ་མོ་ཙ་པ་ལ་ཨ་ཤུག་མེ། བཛྲ་ར་ཏི་ཕཊ། བཛྲ་གརྫ་ཏི་ཕཊ། ཨོཾ་ཀཱི་ལི་ཀཱི་ལ་ཡ། ཆེ་གེ་མོ་ཏྲག་རག་ཤ་མ་ནི་དུན་བྷྱོ། མ་མ་ཡག་ཤ་ཏིག་སྣ་ནག་དུག་བྷྱོ།། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ། ཆེ་གེ་མོ་སུ་ཏྲི་བཛྲ་ཙིཏྟ་ར་ཡ། ཡོ་གི་ཤྭ་ར་ཡ། ས་མ་ཡ་ཙིཏྟ་ཡ་བྷྱོ། ཐུན་ཟོར་བསྙེན་བསྒྲུབ་བཞི་ལ་ནི།། བཟླས་པའི་སྔགས་ནི་མདའ་ཡིས་བྱ།། བསྙེན་པ་གོང་གི་བྲི་སྔགས་སོ། ། ཉེ་བསྙེན་ཡ་ནི་བཟླས་པའི་གུས།། ཨོཾ་བཛྲ་ཀཱི་ལི་ཀཱི་ལ། ཀྲོ་དྷ་ཀྲོ་དྷ་ཧ་ཧེ་ཕཊ་བྷྱོ། ཆེ་གེ་མོ་ཙ་པ་ལ་ཨ་ཤུག་མེ། བཛྲ་ར་ཏི་ཕཊ། བཛྲ་གརྫ་ཏི་ཕཊ་བྷྱོ། ཨོཾ་སུ་ཀྲི་བ་ཡ། བཛྲ་ཙ་ཀ་ཡོ་ཤྭ་ར། ས་མ་ཡ་ཙིཏྟ་ཧཱུཾ་ཕཊ། མེ་རེ་ཀུན་ད་ལི། ཐབས་ཐུབས་རྦད། ཁྲག་ཏི་རྦ་ར་རྦད། རྦད་རྦད་བྷྱོ་མཱ་ར་ཡ་ཕཊ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ། ཀྲོདྷ་ཀྲོདྷ་ཧ་ཧེ་ཕཊ་བྷྱོ། ཆེ་གེ་མོ་ཏྲག་རག་ཤ་མའི་དུན་བྷྱོ། མཧཱ་ཡག་ཤ་ཏིག་རྣ་ན་མོའོ། ། ཨོཾ་སུ་ཀྲི་བ་ཀྲི་བ་ཡ་བ། རཱ་ཛ་ཀ་ཡོ་གི་ཤྭ་ར། ས་མ་ཡ་ཙ་ཧཱུཾ་ཕཊ། མེ་རེ་དུན་ད་ལི། ཐམས་ཐུམས་རྦད། ཁྲག་ཏི་རྨ་ར་རྦད། ཕཊ་རྦད། མཱ་ར་ཡ་བྷྱོ། སྒྲུབ་ཆེན་ལ་ནི་ངན་སྔགས་འདི།། ཨོཾ་བཛྲ་ཀཱི་ལི་ཀཱི་ལི་ཡ། ཀྲོ་དྷ་ཀྲོ་དྷི་ཧ་ཧེ་ཕཊ་བྷྱོ། ཆེ་གེ་མོ་སུ་ཏྲི་བཛྲ་ཡ། བཛྲ་ཙ་ཏ་ཡ། ཡོ་གི་ཤྭ་ར་ཡ། ཡ་མ་ཙིཏྟ། ཨོཾ་སུ་ཀྲི་མ་ཡ་བ། ར་ཤ་ཡོ་གི་ཤྭ་ར། ས་མ་ཡ་ཙིཏྟ་ཧཱུཾ་ཕཊ། མོ་རི་ཀུན་ད་ལི། ཐམས་ཐུམས། ཁྲག་ཏི་རྨད་རྦད། མ་ར་ཡ་བྷྱོ། བསྒྲུབ་ཆེན་ནུབ་ནི་ཐ་མ་ལ།། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ། ཀྲོདྷ་ཀྲོ་དྷེཧ་ཧེ་ཕཊ་བྷྱོ། ཆེ་གེ་མོ་ལ་བྷྱོ་བྷྱོ་བྷྱོ། དེ་ནས་ཐུན་ལྷག་ཁྲག་དང་ནི།། བདུད་རྩི་ཆང་ཕུད་ཐོད་ནང་ཁྱེར།། རི་རྩེ་དུར་ཁྲོད་མཆོད་ཁང་ངམ།། རི་བི་སྦྲུལ་དཀྱུས་ལུང་པ་ནག། རྐང་གཅིག་འཆད་ཁང་དམར་ནག། གསེར་སྐྱེམས་བཟང་ལ་ཟོར་འདི་འཕང།། དང་པོར་ཟོར་ལམ་བསམ་བྱ་བ།། མཐོ་མཐོ་ནི་ཞབས་སྡོགས་ཤིག། ལྷ་གཉན་ནི་ཞབས་སྡོགས་ཤིག། དམའ་དམའ་དབུ་ཆུམ་ཞིག། ཀླུ་གཉན་ནི་དབུ་ཆུམ་ཞིག། བར་བར་ནི་སྐུ་ཟུར་ཅིག། ཡུལ་ལྷ་དགྲ་ལྷ་སྐུ་ཟུར་ཅིག། ལྷ་སྲིན་སྡེ་བརྒྱད་སྐུ་ཟུར་ཅིག། ས་བདག་གཉན་རྣམས་སྐུ་ཟུར་ཅིག། གསེར་སྐྱེམས་གསོལ་ལོ། ། ཟོར་གྱི་ལམ་འདི་ཕྱེ། ཁྲག་ཕུར་ཟོར་འཕྲོས་པས།། སྐུ་ལ་ནི་ཕོག་ག་རེ།། མདའ་ཉུངས་ཀྱི་ཟོར་འཕྲོས་པས།། སྐུ་ལ་ནི་ཕོག་ག་རེ།། ཟོར་གྱི་ནི་ལམ་འདི་ཕྱེ།། སྣུམ་ཆེན་གྱི་དུད་པས་གཏང།། དུང་དངནི་རྔ་རོལ་བསྒྲགས། ། བྷྱོ་མ་ཡེལ་མ་ཡེལ་གལ་ག་ཅན།། ཐུན་ཟོར་བརྡེག་པའི་དུས་ལ་བབ། ཁྲག་ཟོར་འཕང་བའི་དུས་ལ་བབ།། དམར་ལམ་བསྟན་པའི་དུས་ལ་བབ། ཁྲག་ཉུངས་འཕང་བའི་དུས་ལ་བབ།། ར་ཕུར་འཕང་བའི་དུས་ལ་བབ། ། ལག་ཟོར་འཕང་བའི་དུས་ལ་བབ།། ཕུར་བུ་མདའ་འཕེན་ཤ་ར་ར།། ཉུངས་ཀར་སྦབ་རིལ་སིལ་ལི་ལི།། དམར་མོ་ཁྲག་མདའ་ཅི་ལི་ལི།། མ་མོ་ཟོར་འཕེན་སི་ལི་ལི།། དོ་ནུབ་ཟོར་གྱི་ལས་མཛད་མ། ། བཅོམ་ལྡན་དཔལ་ཆེན་ཡབ་ཡུམ་དང། ཁྲོ་བོ་ཕ་བཅུ་མ་བཅུ་དང།། ཟ་བྱེད་ཕ་བཅུ་མ་བཅུ་དང།། སྲས་མཆོག་ཉི་ཤུ་རྩ་གཅིག་དང།། སྲུངས་མ་རྣམ་གསུམ་སྒོ་བའི་ཚོགས།། ཟོར་གྱི་ལས་འདི་མྱུར་དུ་མཛོད། ། ཟོར་འཕངས་སླར་ལ་མ་ལྡོག་ཅིག། གཟས་པའི་སྙིང་ལ་ཟོར་འདི་རྒྱོབ།། ཡན་ལག་ལྔ་ལ་ཟོར་འདི་རྒྱོབ།། དམ་ཚིག་སྤྲུལ་པའི་དུས་ལ་བབ།། ཕྱག་བརྙན་སྒོ་སྲུངས་མ་ཡི་ཚོགས།། ཟོར་ལས་དམ་པ་མྱུར་དུ་མཛོད། ། རྡོ་རྗེ་ཕུར་པ་ནག་པོ་མདུང་རྩེ་གསུམ་པའི་རྒྱུད་ལས། ཕུར་ཟོར་གྱི་ལེའུ་སྟེ་དགུ་པའོ།།།། དེ་ནས་ལས་ཀྱིས་བསད་པ་བསྟན།། རྡོ་རྗེ་དཔའ་བོས་བསྟན་དུ་གསོལ།། ཁྲག་འཐུང་ཆེན་པོ་ང་ཡིས་ཞུས། ། ཁྲག་འཐུང་ཆེན་པོ་ལ་བཤད་ཀྱིས།། སྣོད་ངན་དམ་མེད་གར་དགའ་ལ།། བཤད་ན་རྡོ་རྗེ་དམྱལ་བར་སྐྱེ།། དེ་བས་དམ་ལ་མ་འདའ་ཞིག། དམ་གནས་དད་ཅན་ཚུན་གཤིས་དང།། གུས་ཤིས་གཡོ་སྒྱུ་མེད་པ་ལ། ། གཞུང་བཞིན་སྤྱོད་ལ་གཏད་པར་བྱའོ།། ནག་པོ་བསད་པའི་ཐུན་ལམ་གསུམ།། གནས་ལམ་བར་ལམ་བསད་ལམ་གསུམ།། ལམ་གསུམ་མ་ནོར་རབ་ཏུ་གཅེས།། དང་པོ་གནས་ལམ་བཤད་པ་ཡིས།། གྲོལ་ལམ་དབུས་སུ་ཐོད་པ་གཞུག། གཡས་སུ་ཕུར་པ་གཡོན་དུ་ཁྲག། བཅུག་ལ་ཐུན་ནི་རྟག་ཏུ་བརྡེག། གཙོ་འཁོར་སྲུངས་མ་སྒོ་བའི་ཚོགས།། བར་བར་བསྐུལ་ལ་དྲག་ཏུ་བྱའོ།། བར་ལམ་དམ་པ་བསྟན་པ་ལ།། རི་གསུམ་རྩེའམ་ལུང་གསུམ་མདོ། ། དུར་ཁྲོད་ཁང་ངམ་སེའུའི་མཚན།། རྐང་པ་གཅིག་པའམ་གོང་གསུམ་ལས།། གང་རུང་བར་ལམ་གཞུག་པར་བྱ།། གཡས་སུ་ཕུར་པ་གཡོན་དུ་ཁྲག། དབུས་སུ་ཐོད་པ་གཞུག་པར་བྱ། ། བར་ལམ་བསད་པའི་དམ་པ་འདི།། ལམ་འབྱེད་པ་ཡི་ལས་རབ་ཡིན།། གསུམ་པ་བསད་ལམ་བསྟན་པ་ནི།། གཟས་པའི་ཁང་པ་གནས་དང་རྟེན།། ཞིང་ཚིགས་ཡུལ་ཚིགས་གང་རུང་ལ།། གཡས་སུ་ཐོད་པ་གཡོན་དུ་ཁྲག། དབུས་སུ་ཐོད་པ་གཞུག་པར་བྱ།། བཅུག་ལ་གསད་པའི་ལམ་འདི་བརྩམ།། གསང་ལམ་གསུམ་པོ་མ་ཤེས་ན།། ལས་བུ་ལ་གཞན་དུ་འབོ་བར་འགྱུར།། དེ་བས་འདི་ལ་ནན་ཏན་བྱ།། ཐོད་པ་གསུམ་པོ་བསྟན་པ་ལ། ། ཐོད་ཆེན་སྲེ་མོ་བྱི་བ་གསུམ།། དང་པོ་ཐོད་ཆེན་བར་དུ་ཟི།། ཐ་མར་བྱི་བའི་ཐོད་པ་གཞུག། ཕུར་པ་གསུམ་པོ་བསྟན་པ་ལ།། མཆོག་ཕུར་སྐྱེར་ཕུར་ཤེར་ཤིང་ཕུར།། མ་རྙེད་ན་ཐ་མ་དུག་ཆུས་བསྐུ། ། ཁྲག་ཆེན་བ་དང་ཁྲག་ཆེན་དང།། རྟ་ཁྲག་ཁྱི་ཁྲག་གསུམ་གྱིས་བྱ།། ལམ་གསུམ་བསྟན་ན་དོན་གསུམ་འགྲུབ།། དང་པོ་ལྷ་རྟེན་བར་པས་འབྱེད།། ཐ་མས་གསད་པའི་དོན་འགྲུབ་བོ།། དང་པོ་རྦད་སྔགས་བར་དུ་དབྱེ། ། ཐ་མས་བསད་སྔགས་བསྟན་པའོ།། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ། ཀྲོདྷ་ཀྲོདྷ་ཧ་ཧེ་ཕཊ་བྷྱོ། ནརི་ཏྲྀ། རྦ་ན་ཡ་རྦ་ན་ཡ། ཙིཏྟ་ཆུམ། མཱར་ཡ་ཕཊ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ། ཀྲོ་དྷ་ཀྲོ་དྷི་ཧ་ཧེ་ཕཊ་བྷྱོ། ཧ་ས་ཡ་ར་ན་ཧ་ད་ན་དེ་བ་བྲ་བེ་ཤ་ཡ། ཏྲག་ཤག་མཱ་ར་ཡ་ཕཊ། ཨོཾ་བཛྲ་ཀཱི་ལི་ཀཱི་ལི་ཡ། ནརི་ཏྲི། ཀྲོ་དྷ་ཀྲོ་དྷི་ཧ་ཧེ་ཕཊ་བྷྱོ། ཙིཏྟ་རྦད་ཐུམས་མཱ་ར་ཡ། སུབས་ཙིཏྟ་རྦད། མྱོགས་ཐུམས་མཱ་ར་ཡ་ཕཊ། རྟག་ཏུ་ཐུན་བརྡེག་བར་བར་དུ། ། ཟོར་བརྡེག་ལམ་གསུམ་མ་ནོར་བར།། མཆོད་བསྟེན་བསྐུལ་ཞིང་ཐུན་ཟོར་བརྡེག། མ་ནོར་དོན་ལ་ཡིད་ཆེས་བྱའོ།། རྡོ་རྗེ་ཕུར་པ་ནག་པོ་མདུང་རྩེ་གསུམ་པའི་རྒྱུད་ལས། ཟོར་ལམ་བསྟན་པའི་ལེའུ་སྟེ་བཅུ་པའོ། །།། དེ་ནས་དཔལ་ཆེན་ཧེ་རུ་ཀས།། མནན་གཏད་རྫས་ཀྱིས་བསད་པ་ལ།། དང་ལ་མནན་པས་བསད་འདོད་ན།། གནས་དང་རྫས་དང་སྔགས་དང་གསུམ།། གནས་ནི་གང་དང་གང་དུ་མནན།། དལ་འོག་མལ་འོག་ཐེམ་འོག་གམ། ། རྒྱ་གྲམ་ལུང་གསུམ་ཆུ་གསུམ་མམ།། ཤིང་གཅིག་དུར་ཁྲོད་ལྷ་རྟེན་ནམ།། ལྷ་ཁང་མཆོད་རྟེན་གནས་ཁང་རྙིང།། གྲོག་པོ་ཕུ་རྡུག་ལུ་མའི་དཀྱིལ།། དེ་ལྟར་བཅུ་བཞི་དག་ཏུ་མནན།། འདམ་པར་དཀྱིལ་འཁོར་འོག་དང། ། ཐེམ་འོག་དག་ཏུ་མནན་པར་བྱ།། དེ་ལ་རྟག་ཏུ་དམོད་པ་དང།། བརྣག་པ་ཐུན་ནག་ངན་སྔགས་དང། ཐུན་ནི་རྒྱུན་དུ་བརྡེག་པར་བྱ།། མནན་པའི་རྫས་སུ་བསྟན་པ་ལ།། གངས་ཀྱི་དུམ་བུ་ཇུ་ཚེ་ཕུབ་མ་དང། ། སྲུབ་མའི་ལོ་མ་དུར་ཁྲོད་རི་ཕུང་ས།། འཁོར་བའི་སོ་ས་དུ་མཁར་ཆེན་ཕུང་བའི་ས།། གྲོག་མཁར་ས་དང་གྲ་ཞིང་མུ་མའི་ས།། བདུད་རྩི་ལྔ་དང་ཤ་ཁྲག་སྣ་ཚོགས་དང།། ཕོ་རོག་འུག་པར་ཤ་ཁྲག་སྣ་ཚོགས་དང། ། སྲིན་བྱ་སྦལ་པའི་ཤ་རུས་ཁྲག། དམིགས་པ་སྡིག་པའི་ཤ་རུས་ཁྲག། དགྲ་ཁྱིམ་དཀྱིལ་འཁོར་ས་དང་མཛེ་གནས་ས།། དེ་རྣམས་བསྲེས་ལ་ལིང་ཁ་བྱ་བ་ནི།། གཙང་པོ་ཕ་ཀ་ཚུ་ཀའི་འདག་པ་སྦྱིན་པོས་བྱུག། ཐལ་ཆེན་ཁྲག་ཆེན་དུག་ཆུས་ཐལ་ཀར་བྱ།། དཔྲལ་བར་མིང་ལ་སྙིང་ཁར་རུས།། འདོམས་སུ་མཱ་ར་ཡ་བྲིས།། ཀཱི་ལ་ཡ་ཡིས་གཡས་བསྐོར་བྱ།། སྔགས་དྲུག་གཡོན་བསྐོར་བྲི་བར་བྱ། ། དེ་ལྟར་བྱས་ལ་འབྲུབ་ཁུང་དུ།། རྐང་པ་བྱང་ཤར་མགོ་ལྷོ་ནུབ།། ཡུགས་ས་མོ་ཡི་མཁར་ནག་སྐུད།། སྐྱེ་ནས་བཏགས་ལ་ཕུར་ལ་གཏོད།། གན་རྐྱན་བཞག་ལ་གསལ་གསུམ་ལྡན།། བྱས་ལ་མནན་སྔགས་ཤོག་བུ་ལ། ། བྱིས་ལ་མདུན་དུ་གླན་ལ་བཞག། གཤེད་ཆེན་ལ་བརྒྱལ་འཕང་དུ་གཏད།། དཀར་ནག་མཚམས་སུ་སྐྱེར་ཕུར་ཅིག། བསྔགས་སྔགས་པ་ཅིག་རྒྱབ་ལ་བཞག། ཐལ་ཕྱུང་གཤེད་ཆེན་ལས་རྒྱལ་ལ།། སླེབ་མ་སློབ་ཙམ་གནན་ལ་བཞག། དུར་ཁྲོད་རས་མས་ཕུར་ནས་ནི།། ཡུགས་ས་མོ་ཡི་སྐྲ་བཤད་ཀྱིས།། ཕྱིན་ཀ་ལོག་གིས་བཀྱིགས་ལ་བཞག། དུར་ཁྲོདགཡམ་པ་སྔོན་པོ་ལ།། དབང་ཆེན་རྡོ་རྗེ་རྒྱ་གྲམ་བྲི།། སྟེང་ནས་བཀབ་ལ་མནན་ལ་བཞག། སྔགས་ཀྱིས་མནན་པ་འདི་ལྟར་བྱ།། དང་པོ་དཔལ་དང་མ་མོ་དང།། ཆོས་སྐྱོང་སྲུངས་མ་འཁོར་དང་བཅས།། ལྷ་མ་སྲིན་ནི་སྡེ་བརྒྱད་དང།། གནས་དེའི་བདག་པོ་འཁོར་དང་བཅས། ། དམ་བདར་དཔང་གཟུགས་ལེགས་པར་བྱ།། དེ་ནས་དཔའ་བོ་རྡོ་རྗེ་ཡིས།། རྡོ་རྗེ་རྒྱ་གྲམ་འགྲོས་ཀྱིས་ནི།། མནན་ཅིང་སྔགས་འདི་བཟླས་པར་བྱ།། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ། ཀྲོདྷ་ཀྲོ་དྷི་ཧ་ཧེ་ཕཊ་བྷྱོ། ནརི་ཏྲི། ཏ་ས་ཡ་ར་ན། དེ་བ་པྲ་བེ་ཤ་ཡ་ཕཊ། ནརི་ཏྲི། གམ་ཏྲི་ནན། དྲན་པ་མྱོགས་ཏྲི་ནན།། ཙག་ཏྲི་ནན། གསེར་ཏྲི་ནན། ནས་ཏྲི་ནན། ཁམ་ཏ་ནན། ཙིཏྟ་ནན། གུ་ཡ་གསང་ཏ་ནན། ནརྀ་ཏྲི་ཛ་ཛ། རྦད་ཐུམས་ས་མ་ཡ་སྟཱཾ། མ་ར་ཡ་ཕཊ། དེ་ནས་ལིང་ག་གསུམ་བྱས་ལ།། གཅིག་མནན་གཅིག་ནི་རྒྱ་མཚོར་སྒྱུར།། གཅིག་ནི་ཁྱི་ཡི་ཐོད་པར་གཞུག། དང་པོ་མནན་ལ་ཐུན་བརྟག་བརྡེག། གཉིས་པ་མཚོ་སྨན་ལ་གཏེར་གཏད།། གསུམ་པ་ཕ་མེད་དུར་དུ་གཞུག། དེ་ལྟར་བྱས་ལ་དུས་རྟག་ཏུ།། བརྣག་པ་ཐུན་བརྣག་ངན་སྔགས་ཀྱིས།། བརྗེད་པ་མེད་པར་རྟག་པ་རུ།། ཐུན་ནི་རྒྱུན་མི་བཅད་པར་བརྡེག། བར་པ་བསྐུལ་ལ་ཟོར་ཡང་འཕང།། རྡོ་རྗེ་ཕུར་པ་ནག་པོ་མདུང་རྩེ་གསུམ་པའི་རྒྱུད་ལས། ། གསང་བ་མན་ངག་གི་ལེའུ་ལ་མནན་པའི་ལེའུ་སྟེ་བཅུ་གཅིག་པའོ།།།། དེ་ནས་དཔའ་བོ་འཇིགས་བྱེད་ཀྱིས།། དཀོན་མཆོག་བསྟན་པ་བསྲུང་བ་དང།། སྐུ་དམ་དགྲ་དང་སྒོས་དགྲ་དང། ། ལོག་བྱེད་གནོད་པ་མཐའ་དག་ལ།། བརྙས་བྱེད་དགེ་ལ་བར་དུ་གཅོད།། དོན་དུ་གཏད་ཁྲམ་གསང་བ་འདི་བསྟན་པ་བྱ་ཡིས་དམ་པར་ཟུང།། གསང་བའི་ལྷག་དོན་འདི་ལས་མེད།། དམ་བཅའ་དོན་དུ་ཕྱིན་པ་དང། ། དད་ལྡན་བརྩོན་འགྲུས་ཆེ་བ་དང།། ལུང་དང་མན་ངག་ལྡན་པ་དང།། ཡང་དག་དོན་དང་ལྡན་པ་གཏད།། དེ་དང་མི་ལྡན་མི་ཕྱིན་ཅི་ལོག། དུས་སུ་མ་ཕྱིན་དམ་ཚིག་མེད།། གཡོ་སྒྱུ་ཆེ་ཞིང་དང་བརྩོན་མེད། ། གཞན་དུ་ཁུངས་འབྱིན་སེར་སྣ་ཆེ།། དེ་དང་ལྡན་པའི་གང་ཟག་ལ།། བསྟན་ན་རྡོ་རྗེ་དམྱལ་བར་སྐྱེ།། དེ་བས་འདི་ལ་ནན་ཏན་བྱ།། དེ་བས་ཡང་དག་དམ་པར་བྱ།། གཏད་ཁྲམ་དགུ་པ་གསང་བ་འདི། ། ཡང་དག་དོན་དང་ལྡན་པ་ལ།། བསྟན་པ་བསྲུང་བའི་དོན་དུ་གཏད།། ཆོས་སྐྱོང་སྲུངས་མ་བདུད་དང་རྒྱལ་པོ་དང།། བཙན་དང་དགྲ་བླ་ཀླུ་དངམཚོ་སྨན་དང།། ལྷ་སྲིན་སྡེ་བརྒྱད་ཡུལ་ལྷ་གཉན་ལ་གཏད། ། རྒྱས་པར་ཆོས་སྐྱོང་སྲུངས་ལ་གཏད།། རབས་ཆད་ནག་པོའི་ཐོད་པར་མ་མོའི་གཟུགས་བྱས་གཞུག། གཟས་པའི་མིང་བྲིས་ཤིང་ཤུན་དྲིལ།། ལ་ཆའི་ཨོག་ཕོར་བཅུག་ལ་མ་མོའི་གཡོན་དུ་བསྐུར།། གཟས་པའི་ཁྲམ་བྱང་བྲིས་ལ་གཡས་སུ་བསྐུར། ། མནན་པའི་གནས་ནི་འདབ་པར་བྱ།། མཆོད་རྟེན་ནག་པོའི་འོག་གམ་གཙུག་ལག་མགོན་ནག་འོག། གནས་ཁང་འདྲེ་ཅན་སྟོང་བར་གྲུ་གསུམ་སོལ་ཁུང་བྱུག། རྡོ་རྗེ་རྒྱ་གྲམ་ཁ་བཅད་ལས་རྒྱལ་འཕང་དུ་གཏད། ། ཆོས་སྐྱོང་སྲུངས་ལ་བདེན་བདར་དཔང་ཡང་གཟུགས།། གསང་སྔགས་པ་ཡིས་མནན་པར་བྱ།། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ། ནི་ཏྲི་གམ་ཏྲི་ནན། ནི་ཏྲི་ནན། དྲན་པ་མྱོགས་ཏྲི་ནན། ཙག་ཏྲི་ནན། གསེར་ཏྲི་ནན། ས་ན་ས་ཏྲི་ནན། ཁ་མ་ཏ་ནན། ཙིཏྟ་ནན། གུ་ཡ་གསང་ཏ་ནན། ནརྀ་ཏྲི་མཱ་ར་ཡ་ཕཊ་རྦད། ཐུམས་ནི་མཱ་ར་ཡ་ཛ་ཛ། ཏྲག་རག་ཤ་ལ་སྙིང་རྩ་ལ་ཡ། དུན་དུན་མ་ར་ཡ་ཕཊ། བདུད་ལ་གཏད་པ་མོན་ཐོད་དུ། བདུད་ལ་གཟུགས་བྱས་ལག་གཡོན་དུ། ལིང་ག་ཤིང་ཤུན་དྲིལ་ལ་བསྐུར།། གཡས་སུ་ཁྲམ་བྱང་མནན་ལ་ནི།། ནུབ་ཕྱོགས་བྲག་ནག་སྟེང་དཀར་པོ།། མོན་པ་ཁོརས་པ་འདྲ་བའི་རྩ་ར།། གྲུ་གསུམ་ལ་སོགས་གོང་མཐུན། ། བདུད་ལ་བདེན་པ་དར་དབང་ཡང་གཟུགས།། མགོ་མནོན་མནན་སྔགས་གོང་དང་མཐུན།། ཏྲི་ནི་བདུད་ལོང་དུང་དུང་སོད་མཱ་ར་ཡ།། དེ་ནས་རྒྱལ་པོ་ལ་གཏད་ན།། རྒྱལ་པོའམ་ཁྱི་དཀར་ཐོད་པ་རུ། ། རྒྱལ་གཟུགས་བྱས་ལ་ལག་གཡོན་བསྐུར། ཁྱི་དཀར་ལྤགས་པས་ལིང་ག་དྲིལ་ལ་བསྐུར།། གཡས་སུ་ཁྲམ་བསྐུར་མནན་པ་ནི།། ཤར་ཕྱོགས་རིན་ཆེན་ཁ་འམ་བྲག་དཀར་ཟང་ངེ་རྩེ།། སྤྲེའུ་ལྡེམ་བྱ་ཤར་ཟུར་ལ་མནན། ། གྲུ་གསུམ་ལ་སོགས་གོང་དང་མཐུན།། མགོ་མནོན་མནན་སྔགས་ཏིང་ལ་བཟླས་པ་ནི།། ཧཱུ~ཾ་ར་ཙ་ཀ་ཀརྨ་དུང་ངེ་སོ་ཙིཏྟ་ལ་ཡང་རྦད་ཐུམས་མཱ་ར་ཡ། དེ་ནས་བཙན་ལ་གཏད་པ་ནི།། བཙན་གཟུགས་ལ་བུད་མེད་ཡུག་སའི་ཐོད་པ་རུ། ། ར་དམར་ཐོད་པར་བཙན་གཟུགས་གཞུག། ལིང་གར་དམར་ལྤགས་པས་དྲིལ།། ལིང་ག་གཡོན་བསྐུར་ཁྲམ་བྱང་གཡས་སུ་བསྐུར།། མནན་ས་བྱང་ཤར་བྲག་དམར་འཆོ་ལ་ཟངས་འདྲ་བའམ། ། གྲོག་པོ་དམར་པོ་ངམས་ཅན་ཕུགས་རྡུག་མནན།། གྲུ་གསུམ་ལ་སོགས་དཀྱིལ་འཁོང་དང་མཐུན།། བཙན་ལ་བདེན་བདར་དབང་ཡང་གཟུགས།། མགོ་མནན་མནན་སྔགས་གཞུག་ལ་བཙན་སྔགས་གདགས། ། བཙན་འགོང་དམར་པོ་སྲོག་ལ་བྲེང་ཐུན་ཐུན་ཙིཏྟ་རྦད། དེ་ནས་དགྲ་ལ་ལ་གཏད་པ། དགྲ་ལྷའི་གཟུགས་བྱས་སྣེ་དྲི་མོའི་ཐོད་པར་གཞུག། རའམ་བུང་པའི་པགས་པས་དྲིལ།། ལག་པ་གཡོན་དུ་ལིང་ག་བསྐུར། ། གཡས་སུ་ཁྲམ་བྱང་གཏད་ལ་མནན་པ་ནི།། གཟས་པའི་ལྷ་འདྲེ་སྟེང་འོག་གམ་ར་ཐོའི་འོག་ཏུ་མནན།། ཧཱུཾ་ར་ཙ་སྭཏི་ཙིཏྟ་རྦད་ཐུམས་མ་ར་ཡ་ཕཊ།། དེ་ནས་ཀླུ་ལ་གཏད་པ་ནི།། སྦལ་གཟུགས་བྱས་ལ་མཛེ་བོའི་ཐོད་པར་གཞུག། ཉ་ལྕིབས་དྲིལ་ལ་ལག་པ་གཡོན་དུ་བསྐུར།། གཡས་སུ་ཁྲམ་བྱང་བསྐུར་ལ་མནན་པ་ནི།། ཆུ་མིག་ནག་པོའི་ས་བདག་གཉན་ཆེར་མནན།། གྲུ་གསུམ་ལ་སོགས་གོང་དང་མཐུན། ། ཀླུ་ལ་དམ་བདར་དཔང་ཡང་གཟུགས།། མགོ་གནོན་མནན་སྔགས་ཏིང་ལ་བཟླས་པ་ནི།། ནཱ་ག་རཱ་ཛ་ཛ་ལ། ཙི་ཙི་མུགས། མཱ་ར་ཡ་ཕཊ། དེ་ནས་མཚོ་སྨན་ལ་གཏད་པ།། མཚོ་སྨན་གཟུགས་བྱས་ཆུ་སྲིན་ཐོད་པའམ། ། མེ་རེག་དོ། ཧཱུཾ་ལ་གཏུམས་ལ་ལག་གཡོན་བསྐུར།། གཡས་སུ་ཁྲམ་བྱང་བསྐུར་ལ་མནན་པ་ནི།། གཏིང་རྡོ་དང་སྦྲགས་མཚོ་སྨན་ཡོད་པར་བསྒྱུར།། མཚོ་སྨན་དབང་གཟུགས་དམ་ཡང་བདར། ། མགོ་མནན་སྔགས་གཏིང་ལ་བཟླས་པ་ནི།། ཧཱུཾ་མུ་ལེ་མུགས་སུབས་ཏི་སྟ་མྱོགས་ལ་རྦད་ཏི་སྟ་མྱོགས་ལ་རྦད། དེ་ནས་ལྷ་སྲིན་སྡེ་བརྒྱད་ལ་གཏད་པ།། མོན་ཐོད་རྒྱལ་ཐོད་གང་རྙེད་དུ།། ལྷ་སྲིན་གཟུགས་བྱས་སྦྲུལ་གྱི་པགས་པས་གཏུམས་ལ་གཞུག། གཡོན་དུ་ལིང་ག་བསྐུར་ཞིང་གཡས་སུ་ཁྲམ་བྱང་བསྐུར་ལ་མནན།། ལུང་གསུམ་ཆུ་གསུམ་བྲག་དང་ཆུ་འཐབ་པར།། མཁར་ཕུག་དུར་ཁྲོད་རོ་ལངས་ལྷ་འདྲེ་འདུ་བའི་གནས། ། རྐང་གཅིག་རྩའམ་རྒྱ་གྲམ་ལྷ་ཁང་ངམ།། མཆོད་རྟེན་འོག་གམ་ཆུ་མིག་ལྐུགས་པར་མནན།། གྲུ་གསུམ་དཀྱིལ་འཁོར་གོང་དང་མཐུན།། བདེན་བདར་དཔང་གཟུགས་དང་མཐུན།། མགོ་མནོན་མནན་སྔགས་གཞུག་ལ་བཟླས། ། ཧཱུཾ་ར་ཙ་བྲེང་བྲེང་དུང་དུང་གཙོ་གཏོར་པ་མ་རྦད། དེ་ནས་ཡུལ་ལྷ་གཉན་པོ་ལ་གཏད།། ཡུལ་ལྷ་གཟུགས་བྱས་ཁྲག་གིས་བྱུགས།། མི་རྟ་ར་ཁྱི་ཁྲག་གིས་བྱུག། ཤིང་ཤུན་རོ་གོས་ལིང་ག་གཡོན་བསྐུར་ཁྲཾ་ཁ་གཡས། ། མནན་ས་ལྷ་འདྲེ་རྟེན་རྨང་དུ་མནན།། གྲུ་གསུམ་ལ་སོགས་གོང་དང་མཐུན།། དམ་བདར་དཔང་གཟུགས་མནན་སྔགས་བཟླས།། མགོ་གནན་མནན་སྔགས་གཞུག་ཏུ་བཟླས།། ཧཱུཾ་ཙི་ལོང་ཙི་ལོང་ཁྲམ་རྩེ་དམར་ཐུམ། ཙིཏྟ་ལ་ཡ་རྦད་མཱ་ར་ཡ་ཕཊ། གཏད་ཁྲམ་རྒྱུ་བ་མ་ནོར་བ་ཙིཏྟའི་ཡང་སྦ་བར་བྱའོ།། རྡོ་རྗེ་ཕུར་པ་ནག་པོ་མདུང་རྩེ་གསུམ་པའི་རྒྱུད་ལས། གཏད་ཁྲམ་བསད་པའི་ལེའུ་སྟེ་བཅུ་གཉིས་པའོ། །།། དེ་ནས་རྫས་ཀྱིས་བསད་པ་ནི།། གསང་སྔགས་དམ་པ་འདི་བཟླས་ན།། རྫས་ཀྱིས་བསད་པ་གདོན་མི་ཟའོ།། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ། ཀྲོདྷ་ཀྲོདྷ་ཙིཏྟ་རྦད། ཐུམས་མཱ་ར་ཡ། དེ་སྐད་བཟླས་ལ་རྫས་ཀྱིས་བསད། ། རྫས་ཀྱིས་བསད་པ་གང་དང་གང།། སྙིང་ཆེན་ཤ་ཆེན་ཁྲག་ཆེན་དང།། ཚིལ་ཆེན་ཞུན་ཆེན་ཀླད་ཆེན་དང།། དྲི་ཆེན་དུག་ཆེན་ཆང་གིས་བསྲིང།། ཐོད་ཆེན་ནང་དུ་བླུག་ས་ལ། ། ཕག་པའི་ཚུལ་བུས་ཐོད་ཆེན་བྱུག། དུག་ཆུས་བསྐུས་ལ་གཟས་པ་ཡི། ཁྱི་ལ་བྱིན་ལ་འདྲད་དུ་གཞུག། དེ་ལྟར་བྱས་ན་གཟས་པ་འཆི།། དེས་ཀྱང་ཚུགས་པར་མ་གྱུར་ན།། གཟས་པའི་ཁྱི་མགོ་དེ་བཅད་ལ། ཁམ་ཚུལ་ཁྲག་ཆེན་དུག་གིས་བྱུག་ཁ་རུ་གཟས་པའི་ལིང་ག་གཞུག། གཟས་པའི་མུ་མའི་དཀྱིལ་དུ་སྦ།། དེ་ལྟ་བྱས་ན་ཐེ་ཚོམ་མེད།། རྡོ་རྗེ་ཕུར་པ་ནག་པོ་མདུང་རྩེ་གསུམ་པའི་རྒྱུད་ལས། རྫས་ཀྱིས་བསད་པའི་ལེའུ་སྟེ་བཅུ་གསུམ་པའོ། །།། དེ་ནས་གསང་སྔགས་བྱ་བ།། བསྙེན་པ་དང་ནི་ཉེ་བསྙེན་དང།། བསྒྲུབ་པ་དང་ནི་བསྒྲུབ་ཆེན་པོ།། དུས་སུ་སྔགས་ནི་བཟླས་བྱ་བ།། བསྙེན་པ་ལ་ནི་བཟླ་བའི་སྔགས།། ཨོཾ་བཛྲ་ཀཱི་ལི་ཀཱི་ལི་ཡ། ཏིབ་ཏ་ཙཀྲ། ཀྲོ་དྷ་ཀྲོ་དྷེ་ཧ་ཧི་ཕཊ་བྷྱོ། ས་མ་ཡ་ཛ། ཉེ་བསྙེན་དུས་སུ་བཟླས་པའི་སྔགས།། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ། སརྦ་བིག་ནན་བཾ་ཧཱུཾ་ཕཊ། ཏིབ་ཏ་ཙཀྲ། ཧ་ན་ཧ་ན། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ། ཀྲོ་དྷ་ཀྲོ་དྷ་ཧ་ཧི་ཕཊ་བྷྱོ། ། ཆེ་གེ་མོ་ག་ཛ་ཧཱུ་ལུ། ཧ་ན་ཏིཥྟ། ད་ཧ་ཙྪིནྡྷ། པ་ཙ་བིན་དྷ། ཕོཊ་ཧཱུཾ་ཕཊ། ཆེ་གེ་མོ་མཱ་ར་ཡ། དུར་རུ་ཀན། ཕྱི་ར་ཤ་ཡ་ཧོ། མ་ར་ཡ་དུ་ཧུ། སྨ་ཤ་ནི་མ་ར་ཡ། མ་ཁ་ནི་མ་ཆུ་མ། ཧབ་མ་ཧུབ་མ། མ་ར་ཡ་ནི་ཐུཾ་ཐུཾ་ནརི་ནརི་བྷྱོ། སྒྲུབ་པའི་དུས་སུ་རྦད་སྔགས་བཟླས།། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ། ཨོཾ་ཀཱི་ལི་ཀཱི་ལ་ཡ། ཀྲོ་དྷ་ཀྲོ་དྷི་ཧ་ཧེ་ཕཊ་བྷྱོ། ནརི་ཏྲི་རྦ་ན་ཡ་རྦ་ན་ཡ། ཙིཏྟ་ཆུཾ་མཱར་ཡ་ཕཊ། ནརི་ཏྲི་ཧ་ས་ཡ་ར་ན་ཡ། ཧད་ན་དེ་བ། པྲ་བེ་ཤ་ཡ་ཧཱུཾ་ཕཊ། ཨ་བེ་ཤ་ཡ་ཧཱུཾ་ཕཊ། ཨ་བེ་ཤ་ཡ་ཧཱུཾ་ཕཊ། ཤི་ཀྲིན་ཨ་ན་ཡ་ཧཱུཾ་ཕཊ། ཛ་ལ་པ་ཡ་ཛ་ལ་པ་ཡ་ཧཱུཾ་ཕཊ། ཏ་ཐ་ཡ་ཏ་ཐ་ཡ་ཧཱུཾ་ཕཊ། བིད་དྷ་ཡ་བིད་དྷ་ཡ་ཧཱུཾ་ཕཊ། མཱ་ར་ཡ་ཕཊ། སྒྲུབ་ཆེན་དུས་སུ་གསང་སྔགས་བཟླས། ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ། ནརི་ཏྲི་ཀྲོ་དྷ་ཀྲོ་དྷི། ཙིཏྟ་རྦད་ཐུམས་མཱ་ར་ལ། སུབས་ཙིཏྟ་རྦད། མྱོགས་ཐུམས་མཱ་ར་ཡ་ཕཊ། ནརི་ཏྲི་ཨོཾ་སུ་ཏྲི་བ་ཡ་བཱ་བཱ། རཱ་ཛ་ཀ་ཡོ་གི་ཤྭ་རི། ས་མ་མ་ཙིཏྟ་ཧཱུཾ་ཕཊ། མེ་རེ་ཀུན་ད་ལི། ཐུམས་ཐུམས་རྦད། ཁྲག་ཏི་དམར་རྦད། ཕཊ་རྦད། མ་ར་ཡ་ཕཊ་བྷྱོ། རྡོ་རྗེ་ཕུར་པ་གདབ་པའི་སྔགས།། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ། ཏིབ་ཏ་ཙག་ཙིཀྲ་ཀྲ་རྦ་ན་བིག་ཏྲི་མཱ་ར་ཡ་ཕཊ། ཉུངས་ཀར་རྒྱལ་པོའི་ཐུན་བརྡེག་ན། ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ། ནརི་ཏྲི། བཛྲ་བེ་ཏ་ལ། ཙིཏྟ་ལ་རྦད་ན་ཏྲག་མཱ་ར་ཡ་ཕཊ། གུ་གུལ་སྦྱར་བའི་ཐུན་བརྡེག་ན།། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ། ནརི་ཏྲི། བཛྲ་མ་གུ་ཏ་ལ། པྲ་ཏ་ལ་ཙིཏྟ་ཙ་ན་སུབས་ཙིཏྟ་མཱ་ར་ཡ་ཕཊ། དུག་ཐུན་སྣ་ཚོགས་བརྡེག་འགྱུར་ན།། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ། ནརི་ཏྲི་བཛྲ་མུགས་ཙིཏྟ་ཙན། མཱ་ར་ཡ་ཕཊ། ཁྲག་ཆེན་ལ་སོགས་ཐུན་བརྡེག་ན།། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ། ནརི་ཏྲི། བཛྲ་མཱ་ཧཱ་རག་ཏ། རག་མོ་སྙིང་ཟ་པ་ལ་ཙིཏྟ་ལ་རྦད་ན་མཱ་ར་ཡ་ཕཊ། རྡོ་ཐུན་ཟངས་ཕྱེ་མ་ཡི་ཐུན།། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ། ནརྀ་ཏྲི། འུར་བ་འུར་ཙིཏྟ་རྦ་ན་མ་ར་ཡ་ཕཊ། རྡོ་རྗེ་ཕུར་པ་ནག་པོ་མདུང་རྩེ་གསུམ་པའི་རྒྱུད་ལས། མན་ངག་སྔགས་ཀྱི་ལེའུ་སྟེ་བཅུ་བཞི་པའོ། །།། རྟོགས་པ་འཇིགས་བྱེད་ཆེན་པོ་ཡིས།། དབབ་པའི་ལས་ནི་བསྟན་དུ་གསོལ། ཁྲག་འཐུང་བཛྲ་ཧེ་རུ་ཀས།། དབབ་པའི་ལས་ནི་གསུམ་ཡོད་དེ།། སྔགས་དང་རྟ་མ་བཙན་ཐབས་གསུམ། ། དབབ་པའི་ཐབས་ནི་གསུམ་ཡིན་ནོ།། ངང་ལ་སྔགས་ཀྱི་དབབ་པ་བསྟན།། བསྙེན་པའི་དུས་སུ་བོད་བསྙེན་བཟླས།། སྔགས། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ། ཀྲོ་དྷ་ཀྲོ་དྷ་ཧ་ཧེ་ཕཊ་བྷྱོ། ཛྙཱ་བཛྲ་ཀཱི་ལི་ཀྲོདྷ་ཐིབས་སུ་རུ་ས་མ་ཡ་ཛ། བསྒྲུབ་བའི་དུས་སུ་རྦད་སྔགས་བཟླས།། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ། ས་མ་ཡ་ཏྲག་ཆུམ་ཆུམ་ཧྲིལ་ཏ་ཀ་ཡ་ས་མ་ཡ་བྷྱོ། ཐ་མ་ལས་ཀྱི་སྦྱོར་ཀ་ལ།། ཐུན་བརྡེག་དབབ་པའི་ལས་ཀྱིས་བྱ།། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ། ཐུན་ཐུན་ས་མ་ཡ་ཏྲག་རག་ཤར་ཤར། ཏྲག་ཐུམས་རྩེ་ཤར། ཐུམས་རྩེ་ཁྲད་མ་མ་ལོ་སེར་ཤར་ཤར། པ་མ་མ་ཡ་བྷྱོ་ཕོབ་ཕོབ་ཡ། དེ་ལྟར་ཐུན་ནི་དབབ་སྔགས་ཀྱིས།། རྒྱབ་ལ་སེར་བ་དབབ་པར་བྱའོ།། རྡོ་རྗེ་ཕུར་པ་ནག་པོ་མདུང་རྩེ་གསུམ་པའི་རྒྱུད་ལས། མན་ངག་སྔགས་ཀྱིས་དབབ་པའི་ལེའུ་སྟེ་བཅོ་ལྔ་པའོ།།།། དེ་ནས་ཕེབས་པར་མ་གྱུར་ན།། གཟེར་གསུམ་བཏབ་ལ་རྟ་མས་དབབ།། གནམ་གཟེར་ས་གཟེར་བར་གཟེར་གསུམ། ། དག་ལ་གནན་གཟེར་སྟེན། ཁྱབ་འཇུག་རྒྱུ་བ་གནམ་གཟེར་ཡིན།། རྟ་མ་འཛུད་པ་ས་གཟེར་ཡིན།། ཐུན་ཟོར་བརྡེག་པ་བར་གཟེར་ཡིན།། གཟེར་གསུམ་ཆུད་ན་གདོན་མི་ཟ།། འཐེབ་ཤོལ་མེད་པར་ཐེབ་པར་འགྱུར། ། གནམ་གཟེར་ཐེབས་བཟློག་བཟའ་རྩིས་ཤེས།། བར་གཟེར་རྒྱུ་བའི་ཕྱི་ནས་བརྡེག། གདོང་ཚུགས་རྒྱོབ་ན་ཕུང་བར་འགྱུར།། ས་གཟེར་རྟ་མ་འཛུད་པ་ནི།། མུ་མའི་དཀྱིལ་དང་ལྷ་ཐོའི་འོག། གཉན་ས་གང་ཆེར་གཞུག་པར་བྱ།། དམ་བདར་དཔང་གཟུགས་དབང་སྔགས་བཟླས།། བསྟན་པ་གཉིས་པོ་བསྲུང་པའི་ཕྱིར།། རྟ་ཐོག་གསེར་བ་སྒོང་ལྟར་ཕོབ།། ས་མ་ཡ་ཞེས་ངུ་ཞིང་འབོད།། ཐོད་པ་ནག་པོ་མཚན་ངན་དུ། ། ཉུངས་ཀར་ཐལ་ཆེན་དུག་དང་བསྲེས།། ཐེབས་པའི་དུས་སུ་ཐུན་ཟོར་བརྡེག། སྔགས་ནི་གོང་གི་དབབ་སྔགས་བཟླས།། གཞུང་བཞིན་བསྒྲུབ་པ་བྱས་ནས་ནི།། རྟགས་བསྣམས་སངས་རྒྱས་བསྟན་པ་འདི་ཡིས་བསྲུང། ། ཟོར་ལམ་དབྱེ་ལས་གཞུང་བཞིན་བྱ།། བྱས་ནས་ཟོར་ནི་རྟ་ཕོག་འཕང།། རྡོ་རྗེ་ཕུར་པ་ནག་པོ་མདུང་རྩེ་གསུམ་པའི་རྒྱུད་ལས། མན་ངག་རྟ་ཟོར་རྦུད་དེ་དབབ་པའི་ལེའུ་སྟེ་བཅུ་དྲུག་པའོ། །།། དེ་ནས་བཙན་ཐབས་དབབ་པ་ནི།། རི་གསུམ་རྩེ་འམ་གཉན་སའི་རྨིགས།། ལུང་སྟོང་བྲག་ཕུག་འདྲེ་ཅན་ནམ།། མཆོད་ཁང་ལྷ་རྟེན་ཡོད་པའི་སར།། ཕྱི་ནལ་ཞིང་ལྤགས་ཕྱིང་དཀར་གོན།། གདོང་བ་ཁྲག་ཆེན་དག་གིས་བྱུག། ཐལ་ཆེན་གཡང་བྱུག་པོལ་ཁུ་གཡོན།། སྤྱི་བླུགས་ཞྭ་གོན་གཅེར་བུ་རུ།། ཐུད་ཆེན་ཕུག་པ་རྐང་ཆེན་སྒེད།། བྱས་ལ་སྔོ་སྐམ་དུག་ཤིང་གིས།། མེ་གཏང་དཀར་ཐབ་དམར་ཐབ་སྦྱར། ། ར་ཁྱི་རྟ་ཡི་འོ་མ་ཡིས།། དཀར་ཐབ་གཡས་སུ་སྦྱར་བར་བྱ། ཁྲག་ཆེན་ར་ཁྱི་རྟ་ཡི་ཁྲག། ཡུགས་སའི་མངལ་ཁྲག་གཡོན་ཐབ་སྦྱར།། མོན་པའི་ལག་པ་གཡས་པ་དང། སྣེལ་དྲི་མོ་ཡི་ལག་གཡོན་གྱིས། ། དཀར་དམར་ཐོར་ཞིང་དགྲ་ཕྱོགས་རྒྱུག། འོ་འདོད་འབོད་ཅིང་ཆོ་ངེས་འདེབས།། རྐང་གི་གླིང་བུ་བུད་པར་བྱོད་ཆེན་རྔ་ཡང་བརྡུང་བར་བྱ།། མེ་རེག་མ་ཡི་ཞབས་མས་བརྡག། དབབ་སྔགས་བཟླས་ཤིང་ཉུངས་ཀར་གཏོར། ཁྲག་ཆེན་ཐལ་ཐལ་ལ་གཏོར།། དེ་ནས་ཟོར་ཐུན་ལས་ཀྱང་བྱ།། མ་དུད་རྨེ་དུད་འབོད་དུད་དང།། ཚིལ་ཆེན་གུ་གུལ་ནག་པོ་ཡི།། དུད་པ་གཏང་ལ་ཡུལ་ལྷ་བསྐྲོག། མ་དག་མ་ཕྱོགས་བཞིར་གཏོར་བར་བྱ། ། གཉན་ས་ལྷ་རྟེན་ཡོད་སར་གཏོར།། དབབ་སྔགས་འདི་ཡང་བཟླས་པར་བྱ།། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ། ཐུན་ཐུན་ས་མ་ཡ། ཏྲག་རག་ཤ་ཤར་ཏྲག་ཞུམ་རྩེ་ཤར། ཐུམ་ཙེ་ཁྲད་མ་ལོ་སྲེད་ཤར་ཤར་བྷྱོ་བྷྱོ། ཕོབ་ཕོབ། བཙན་ཐབས་དབབ་པའི་མན་ངག་གོ། མན་ངང་ཡིན་ཏེ་ཐེ་ཚོམ་མེད།། སྨྱོན་པའི་བརྟུལ་ཞུགས་བྱས་ཏེ་བསྒྲུབ།། རྡོ་རྗེ་ཕུར་པ་ནག་པོ་མདུང་རྩེ་གསུམ་པའི་རྒྱུད་ལས། བཙན་ཐབས་ཀྱིས་དབབ་པའི་ལེའུ་སྟེ་བཅུ་བདུན་པའོ། །།། དེ་ནས་དཔའ་བོ་འཇིགས་བྱེད་ཀྱིས།། དཀོན་མཆོག་བསྟན་པ་བསྲུང་བ་དང།། སྐུ་དགྲ་དམ་དགྲ་སྒོས་དགྲ་དང།། ལོག་ལྟའི་གནོད་པ་མཐའ་དག་ལ།། བརྙས་བྱེད་དགེ་ལ་བར་དུ་གཅོད། ། དོན་དུ་སྦམས་པ་གསང་བ་ཡིས།། བསྟན་པར་བྱ་ཡིས་དམ་པར་ཟུང།། གསང་བའི་ལྷག་དོན་འདི་ལས་མེད།། དམ་བཅས་དུས་སུ་ཕྱིན་པ་དང།། དད་ལྡན་བརྩོན་འགྲུས་ཆེ་བ་དང།། ལུང་དང་མན་ངག་ལྡན་པ་དང། ། ཡང་དག་དོན་དང་ལྡན་ལ་གནོད།། དེ་དང་མི་ལྡན་ཕྱིན་ཅི་ལོག། དུས་གསུམ་མ་ཕྱིན་ཕྱིན་ཅི་ལོག། གཡོ་སྒྱུ་ཆེ་ཞིང་དད་བརྩོན་མེད།། གཞན་དུ་ཁུངས་འབྱིན་སེར་སྣ་ཚེ།། དེ་དང་ལྡན་པའི་གང་ཟག་ལ། ། གཏད་ན་རྡོ་རྗེ་དམྱལ་བར་སྐྱེ།། དེ་བས་འདི་ལ་ནན་ཏན་བྱ།། དེ་བས་ཡང་དག་ལྡན་པས་གཏད།། སྦམས་པའི་མན་ངག་དམ་པ་ནི།། ཡང་དག་དོན་དངལྡན་ལ་གཏད།། བསྟན་པ་བསྲུང་བའི་དོན་དུ་གཏོད། ། དེ་བས་སྦམས་པ་བཤད་བྱ་བ།། རྫས་ཀྱིས་སྦམས་དང་གཏད་པས་སྦམས།། འཁོར་ལོས་སྦམས་པ་གསུམ་བསྟན་པའོ།། དང་པོ་རྫས་ཀྱིས་སྦམས་པ་ནི།། མཛེ་པོ་རབས་ཆད་ནག་པོའི་ཐོད།། ནང་དུ་རྫས་རྣམས་འཚོགས་པར་གསལ། ། མཛེ་པོའི་ཁྲག་དང་གཟས་པའི་ཁྲག། མཛེ་པོའི་ལུད་སྣབས་གཟས་པའི་སྣབས།། མཛེ་པོའི་མགོ་སྙིང་གཟས་པའི་མགོ་སྙིང།། མཛེ་པོའི་ཤང་གཅིག་ཟས་པའི་བཤང།། མཛེ་པོའི་དུད་པ་གཟས་པའི་དུད། ། དེ་རྣམས་ཉ་ཅིབས་དྲིལ་ནས་ནི།། ལ་ཆའི་ཨོག་ཕོར་གཞུག་པར་བྱ།། ཕག་པའི་སྙིང་དང་རྟོལ་པོའི་སྙིང།། སྲེ་མའི་སྙིང་དང་སྦལ་པའི་སྙིང།། སྡིག་པའི་སྙིང་དང་རྨིགས་པའི་སྙིང། ། ཉ་ཡི་སྙིང་དང་སྦྲུལ་གྱི་སྙིང།། བྱི་བའི་སྙིང་དང་དོན་གྱི་སྙིང།། གཟས་པའི་ཕ་མེས་ཐོད་ནང་དུ།། བཅུག་ལ་ཐལ་ནུའི་དུག་ཆུས་བསྐུ།། བོང་བུའི་སྙིང་ལྤགས་ཀྱིས་དྲིལ་ལ།། དེ་རྣམས་ཐོད་པ་རངས་པ་ནི། ། རོངས་པས་སྦལ་པ་སྦྲུལ་དང་སྡིག། དེ་གསུམ་ཁྲག་གིས་བྱུགས་ལ་ནི།། ན་རའི་ལག་པས་བགྱིགས་ལ་བཞག། གོང་མའི་དེ་ཚོ་རངས་པ་ལ། ཁྲག་ཆེན་ཐལ་ཆེན་སོལ་ཆེན་གྱིས།། བྱུགས་ལ་སྔོ་ཀྱི་བ་མོ་ཁར། ། བྱས་ལ་གཟས་པའི་ལྷ་རྟེན་གྱི།། འོག་ཏུ་བཅུག་ན་ཐེ་ཚོམ་མེད།། ནད་ངན་ལོ་དུས་འོང་བར་ངེས།། ངན་སྔགས་འདི་ནི་རྒྱུན་བཟླས་ལ།། གཟས་པའི་ལྷ་རྟེན་ཁང་པ་ལ།། རྟག་ཏུ་བརྒྱབ་ན་ཕུང་བར་འགྱུར། ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ། ཆེ་གེ་མོ་ཟི་ཙི་ཟི་ཙི། ཙི་ཙི་ཁྲད།། ཙི་རི་ནག། ནཱ་ག་ཟ་ཙ། ཙ་བྷྲུཾ་ཚུ། བྲི་ཏ་བྲི་ཏ། འབྲུལ་ཏ་ཙིར། ཙིར་ས་ཏ། ཞེས་པས་གཟས་པ་ཕུང་བར་འགྱུར།། རྡོ་རྗེ་ཕུར་པ་ནག་པོ་མདུང་རྩེ་གསུམ་པའི་རྒྱུད་ལས། རྫས་ཀྱིས་སྦམས་པའི་མན་ངག་གི་ལེའུ་སྟེ་བཅོ་བརྒྱད་པའོ།།།། དེ་ནས་གཏད་པའི་སྦམ་བསྟན་པ།། མཛེ་ཕོ་རབས་ཆད་ནག་པོའི་ཐོད་ནང་དུ།། གཟས་པའི་མིང་ཡང་ཡུགས་ས་མོ། ། མངལ་ཁྲག་གིས་བྲིས་ཐོད་པར་གཞུག། གཡས་སུ་རྩ་སྔགས་མངལ་ཁྲག་བྲི།། གཡོན་དུ་ལས་སྔགས་བྲི་བར་བྱ།། དཔྲལ་བར་སྦལ་གཟུགས་ལས་སྔགས་བསྐོར།། ལྟེ་བར་སྡིག་གཟུགས་ལས་སྔགས་བསྐོར། ། རྒྱབ་ཏུ་སྡོམ་གཟུགས་ལས་སྔགས་བསྐོར།། གཡས་སུ་རྩ་སྔགས་གཡོན་དུ་ལས་སྔགས་སོ།། དཔྲལ་བར་མིང་ལ་སྙིང་ཁར་རུས།། འདོམས་སུ་མ་ར་ཡ་བྲི།། རྩ་སྔགས་ལས་སྔགས་སྦམས་པ་འདི།། མ་ནོར་བཟླས་ན་གཏད་ཀྲམ་བྱ། ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ། ཀྲོ་དྷ་ཀྲོ་དྷི་ཧ་ཧེ་ཕཊ་བྷྱོ། མཱ་ར་ཡ་ཕཊ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ། ཆེ་གེ་མོ་ཟིང་ཙི་ཟིང་ཙི། ཙི་ཙི་ཁྲད། ཙི་ཙི་ནག། ནཱ་ག་ཟ་ཚ། ཙི་སྲུཾ། ཆུམ་ཆུམ། བྲཾ་ཏ་བྲཾ་ཏ། འབུར་ཏ་ཙིར་ཙིར། གསང་སྔགས་བཟླས་ནས་གཏད་པའི་གནས།། ཆུ་མིག་ནག་པོ་ནུབ་ཏུ་བལྟ།། ཀླུ་ནག་ཡོད་པར་རྟག་པར་བྱ།། ས་བདག་གཉན་ནི་གར་ཆེ་སར།། སྦྲུལ་ལྤགས་མིང་བྱང་དྲིལ་ལ་གཞུག། དཔྲལ་བ་སྙིང་ཁ་སྐོག་མ་རུ། ། སྦྲུལ་གཟུགས་རེ་ཡང་བྲིས་ལ་གཞུག། གོང་ལ་སྦལ་པའི་པགས་པས་དྲིལ།། དཔྲལ་བ་ལྐོག་མ་སྙིང་ཁ་རུ།། སྦལ་གཟུགས་རེ་ཡང་བྲིས་ལ་བཞག། སྦལ་པ་དཀར་ནག་གཉིས་བར།། མིང་བྱང་བཅུག་ལ་ཁྲོ་བོས་མནན། ། སྟེང་ནས་ཁྲོ་བོ་འོག་ཏུ་སེར།། དམར་པོས་བཀང་ནས་ཐེན་དུ་གཞུག། སྦྲུལ་ཀྱང་དེ་ལྟར་ཤེས་པར་བྱ།། དབང་གཟུགས་དམ་བདར་བྱས་ལ་གཏད།། ལས་སྔགས་གོང་མ་བརྒྱ་རྩ་བརྒྱད། ། རྟགས་བྱུང་གྲུབ་པའི་རྟིང་ལ་བཟླས།། ལས་སྔགས་བཟླས་སྔགས་གདོན་མི་ཟ།། སྦམ་པའི་ལས་ལ་འཐེབ་ཤོམ་མེད།། རྡོ་རྗེ་ཕུར་པ་ནག་པོ་མདུང་རྩེ་གསུམ་པའི་རྒྱུད་ལས། གཏད་པའི་སྦམ་པའི་ལེའུ་སྟེ་བཅུ་དགུ་པའོ། །།། དེ་ནས་འཁོར་ལོས་སྦམ་པ་སྟོན།། ལས་ཀྱི་འཁོར་ལོ་བཅའ་བ་དང།། གནན་པའི་འཁོར་ལོ་བཅའ་བ་དང།། གཏད་པའི་འཁོར་ལོ་བཅའ་བ་དང།། གཟིར་བའི་འཁོར་ལོ་བཅའ་བ་དང། ། སྦམ་པའི་འཁོར་ལོ་བཅའ་བ་དང།། གནན་པའི་འཁོར་ལོ་བཅའ་ཐབས་བསྟན།། ཕྱི་མའི་འཁོར་ལོ་རྩིབས་བརྒྱད་པའི།། ནང་དུ་སྦམས་པའི་གཟུགས་བྲིས་ལ།། ལག་པ་གཡས་སུ་སྦྲུལ་ནག་ཞགས་པ་བསྐུར། ། གཡོན་དུ་གཟས་པའི་ལིང་ག་བསྐུར།། སྙིང་ཁར་གྲུ་གསུམ་བྲི་བར་བྱ།། གྲུ་གསུམ་ཁྲག་ཆེན་བྱུག་ལ་བཞག། སྐེ་ཡང་སྦྲུལ་གྱིས་དཀྲིས་ལ་བཞག། གཟས་པི་ཁ་བྲུམ་གནན་ལ་བཞག། སྔགས་ནི་གོང་གི་ལས་སྔགས་ཀྱིས། ། མགོ་མནོན་གནན་པའི་ལས་ཀྱིས་བྱ།། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ། ཆེ་གེ་མོ་ག་ཏྲི་ནན། ནི་ཏྲི་ནན། དྲན་པ་མྱོགས་ཏྲི་ནན། ཙག་ཏྲི་ནན། གསེར་ཏྲི་ནན་ནས་པ་ཏི་ནན། ཁཾ་ཏ་ནན། ཙིཏྟ་ནན། གུ་ཡ་གསང་ཏ་ནན། ཆེ་གེ་མོ་ཟིང་རྩི་ཟིང་རྩི། ཙི་ཙི་ཁྲིད། ཙི་ཙི་ནག། ན་ག་ཟ་ཙ། ཙི་འབྲུཾ་ཆུཾ་ཆུཾ། བྲཾ་ཏ་བྲཾ་ཏ། འབུར་ཏ་ཙིར་ཙིར་སྭཱཧཱ། དེ་སྐད་མང་དུ་བཟླས་ནས་ནི།། ལས་མང་གྲུབ་པའི་བར་དུ་ནི།། མ་ཏང་ཞེས་པར་ལས་གཉེར་གཏད། ། གཏད་པའི་འཁོར་ལོ་བཅའ་བ་ནི།། འཁོར་ལོ་པདྨ་འདབ་བརྒྱད་བྲི།། དབུས་སུ་སྦལ་པ་དམར་པོ་བྲི།། ལག་གཡོན་ལིང་ག་གཡས་སུ་ནི།། སྦྲུལ་ནི་དམར་ཁྲའི་ཞགས་པ་བསྐུར།། སྙིང་ཁར་གྲུ་གསུམ་དམར་ནག་བྱུག། རྐེད་དང་ཡན་ལག་ནག་བི་དམར།། དཀྲིས་ལ་དམར་ནག་ཆུ་མིག་ནན།། སྔགས་ནི་གོང་དང་མཐུན་པར་བྱ།། ལས་གཉེར་ཚུལ་བཞིན་གཏད་ལ་བཞག། གཟེར་བའི་འཁོར་ལོ་བཅའ་བ་ནི། ། འཁོར་ལོ་བཅས་ལ་རིན་ཆེན་ཟུར་བརྒྱད་བྲི།། དབུས་སུ་སྦལ་པ་སེར་པོ་བྲི།། སྙིང་ཁར་གྲུ་གསུམ་སེར་ནག་བྲི།། གཡོན་དུ་ལིང་ཁ་གཡས་སུ་སྦྲུལ།། གསེར་ཁྲའི་ཞགས་པས་རྐང་ལག་བསྐོར།། བཀྲི་ལ་ལྷོ་ཕྱོགས་ས་སེར་གྱི། ། ཆུ་མིག་གནན་ལ་གོང་སྔགས་བཟླས།། ལས་གཉེར་དཔང་གཟུགས་ཚུལ་བཞིན་བྱ།། སྦམ་པའི་འཁོར་ལོ་བཅའ་བ་ནི།། གྲུ་གསུམ་བཅུ་གཅིག་འཁོར་ལོ་ཡི།། དབུས་སུ་སྦལ་ནག་བྲི་བར་བྱ། ། སྙིང་ཁར་གྲུ་གསུམ་ལྗང་ནག་བྲི་བར་བྱ།། གཡོན་དུ་ལིང་ག་གཡས་སུ་སྦྲུལ།། ན་བཀྲའི་ཞགས་པས་རྐང་གཉིས་བཅིང།། ནུབ་ཕྱོགས་རི་ནག་ཆུ་མིག་གམ།། ཤར་ནས་ནུབ་ལྟར་ཆུ་མིག་ཏུ།། ལྐུག་པ་ནག་པོ་ཡོད་པའི་སར། ། གནན་ལ་གོང་མའི་སྔགས་བཟླས་ལ།། ལས་གཉེར་དཔང་གཟུགས་གོང་དང་མཐུན།། གཞུག་ལ་སྦམ་སྔགས་དམ་པ་འདི།། བཟླས་པ་ལ་སྦམ་པའི་ལས་བྱའོ།། ཙི་ཙི་ཙིར་ཙིར་ཡ་ཁྲད། བྲུ་ཁྲད་ཡ་ལོ་ཙི། ཙིར་ཡ་བྲཾ། ཙིར་ཐུག་ཐུག། ཙ་ལ་ཡ་ཡ། རྩ་སྔགས་གཡས་ལ་ལས་སྔགས་གཡོན།། མགོ་གནོན་གནན་སྔགས་བྲིས་ལ་བཞག། བསྐང་ནས་སྦམ་སྔགས་བྲི་བར་བྱ།། དེ་ལྟར་འཁོར་ལོ་རིམ་བཅས་ནས། ། སྦམ་པའི་ལས་ལ་གདོན་མི་ཟ།། རྡོ་རྗེ་ཕུར་པ་ནག་པོ་མདུང་རྩེ་གསུམ་པའི་རྒྱུད་ལས། འཁོར་ལོ་སྦམ་པའི་ལེའུ་སྟེ་ཉི་ཤུ་པའོ།།།། དེ་ནས་སྦྱིན་སྲེག་གཏད་པ་བཤད།། དཀྱིལ་འཁོར་ཆེན་པོའི་ཤར་ལྷོ་རུ། ། དལ་ནི་གྲུ་གསུམ་ཁྲུ་ཁང་ཚད་དུ་བྱ།། གྲུ་གསུམ་སུམ་བརྩེགས་ཁ་ཁྱེར་ལ།། ཟ་བྱེད་ཞལ་དང་མདའ་གཞུར་བཅས།། མཚོན་ཆ་ལྔ་ཡིས་ཁྲོས་མས་བསྐོར།། ཐབ་ཁུང་དཀྱིལ་འཁོར་བཅའ་བའོ།། དུག་ཤིང་ཚེར་ཅན་སྲེགས་ཤིང་ལ། ། མི་ཚིལ་དུག་ཆུས་བྱུགས་ལ་བརྩིག། ཡཾ་ཤིང་ནག་པོ་མེ་འབར་ལ།། བསྲེག་རྫས་ནག་པོ་འཚོགས་ཚད་ཀྱིས།། མཆོད་པ་དབུལ་ཞིང་མ་ར་ཡས།། སྣ་དྲངས་སྔགས་ཀྱིས་དབུལ་བར་བྱའོ། ། མེ་རེག་ཁྱིམ་ནས་མེ་བླངས་ལ།། བསྲེག་རྫས་ནག་པོ་སྣ་ཚོགས་དབུལ།། རབས་ཆད་ནག་པོའི་ལག་པ་གཡས་གཡོན་གྱིས།། དགང་གཟར་བྱས་ལ་དབུལ།། བསྟབ་གཟིར་ལིང་ཁ་ལ་སོགས་པའི།། ཐུན་ལྷག་གཏོར་ལྷག་བསྲེག་པར་བྱ། ། ཚེ་དང་ལྷག་མ་བསྟན་མ་ཡང།། གཞུང་བཞིན་བྱས་ན་ནུས་མཐུ་ཆེ།། དེ་ནས་གནན་དུར་གཏད་པ་ནི།། སྡུད་པ་པོ་ལ་གཏད་པ་དང།། བུད་མེད་སྣ་ཚོགས་ལ་གཏད་པའོ།། སྡུད་པ་ཁྲག་འཐུང་ཧེ་རུ་ལ། ། རྟོག་པ་སྤང་པོ་རྡོ་རྗེ་ཡིས།། གདམ་ནས་ཟུང་ལ་སྤྱོས་ཞིག་པར། གཏད་ནས་ཕྱི་རབས་རྣལ་འབྱོར་པའི།། བསྟན་པ་སྲུང་བར་གཏད་པའོ།། དེ་ནི་སྡུད་པ་པོ་ལ་གཏད་པའོ།། བུད་མེད་ཚོགས་ལ་གཏད་པ་ནི། ། སྲུང་མའི་ཚོགས་ལ་གཏད་པའོ།། རྒྱུད་འདི་བར་ཆོད་བྱེད་པ་དང།། ཐོ་ཆོ་རས་ཆོད་བྱེད་པ་དང།། གཡོ་རྒྱུ་གཟོ་ལུང་བྱེད་པ་དང།། བཀའ་རྐུ་བསླུད་མ་བྱེད་པ་དང།། ཙིཏྟ་ཁོས་ལ་སྲོག་རྩ་ཆོད། ། གཟུངས་ལ་སྲུངས་ཤིག་གཏད་པའོ།། རྡོ་རྗེ་ཕུར་པ་ནག་པོ་མདུང་རྩེ་གསུམ་པའི་རྒྱུད་ལས། སྦྱིན་སྲེག་དང་གཏད་པའི་ལེའུ་སྟེ་ཉི་ཤུ་རྩ་གཅིག་པའོ།།།། རྡོ་རྗེ་ཕུར་པ་ནག་པོ་མདུང་རྩེ་གསུམ་པའི་རྒྱུད་བསྟན་པ་བསྲུང་བའི་ལས་བསྟན་པ་རྫོགས་སོ། །།། རྒྱ་གར་སྐད་དུ། བཛྲ་ཀཱི་ལི་ཀཱི་ལ་ཡ། པ་ཏི་ཏ་མ་ཧཱ་རཱ་ཛ་པྲ་ཧ་ཏནྟྲ། བོད་སྐད་དུ། རྡོ་རྗེ་ཕུར་པ་ཤན་པ་སྤུ་གྲིའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ།
CLOSE WINDOW