CLOSE WINDOW

Gpb045.025: རྡོ་རྗེ་ཕུར་པ་བདུད་རྩི་ཐལ་སྦྱོར་གྱི་རྒྱུད་ཅེས་བྱ་བ
Wylie

གར་དགར་མི་སྤེལ་བར་སྣོད་ལྡནརེ་རེ་ནས་རེ་རེར་བརྒྱུད་པར་བྱའོ།།།། རྒྱ་གར་སྐད་དུ། བཛྲ་ཀཱི་ལ་ཡ་ཨ་མྲྀ་ཏ་གྷ་ན་ཏ་ནྟྲ་ནཱ་མཱ། བོད་སྐད་དུ། རྡོ་རྗེ་ཕུར་པ་བདུད་རྩི་ཐལ་སྦྱོར་གྱི་རྒྱུད་ཅེས་བྱ་བ། བཅོམ་ལྡན་འདས་དཔལ་རྡོ་རྗེ་གཞོན་ནུ་ལ་ཕྱག་འཚལ་ལོ།། ཐམས་ཅད་རྡོ་རྗེ་ཕུར་པ་བདུད་རྩི་འཁྱིལ་བ་ལྔའི་རང་བཞིན་ཏེ། དངོས་གྲུབ་ཆེན་པོ་རྡོ་རྗེ་སྙིང་པོའི་མཆོག། རྡོ་རྗེ་ཐེག་པ་ཆེན་པོའི་ལམ། རྡོ་རྗེ་གསང་བའི་ལམ། ཚུལ་ཟབ་མོ། རྡོ་རྗེ་ཐམས་ཅད་འབྱུང་བའི་ལམ། རྡོ་རྗེ་ཕུར་པ་གཉིས་མེད་བདུད་རྩིའི་ཡེ་ཤེས། གསལ་བའི་རང་བཞིན་གྱི་བདུད་རྩི། སྣང་བ་བཅུད་ཀྱི་བདུད་རྩི། ཞིམ་པ་དྲིའི་བདུད་རྩི། རྡོ་རྗེ་བྱང་ཆུབ་སེམས་དཔའ་རིག་པ་ཡེ་ཤེས་ལ་རུ་གྱུར་པའི་བདུད་རྩི། དཔལ་རྡོ་རྗེ་གཞོན་ནུའི་ཐུགས་རྗེའི་བྱིན་རླབས་ལས། སྣང་སྲིད་ཐམས་ཅད་བདུད་རྩིའི་རང་བཞིན་དུ་གྱུར་པ། ཐམས་ཅད་གཉིས་སུ་མེད་པ་བདུད་རྩིར་འདུག་གོ། བྱང་ཆུབ་ཀྱི་ངོ་བོ་བདུད་རྩི། རྡོ་རྗེ་ལུང་གི་བདུད་རྩི། རྟོགས་པ་རིག་པའི་བདུད་རྩི། ལྟ་བ་ནམ་མཁའི་བདུད་རྩི། བསྒོམ་པ་ཉམས་ཀྱི་བདུད་རྩི། སྤྱོད་པ་ལམ་གྱི་བདུད་རྩི། རྟེན་པ་སྨན་གྱི་བདུད་རྩི། མ་འགགས་པ་ཐམས་ཅད་རང་གྲོལ་བའི་བདུད་རྩི། སྤངས་ཐོབ་མེད་པ་གཉིས་མེད་ཀྱི་བདུད་རྩི། ཐིག་ལེའི་བདུད་རྩི། ཕྲ་མོའི་བདུད་རྩི། དོན་དམ་པ་བྱང་ཆུབ་སེམས་ཀྱི་བདུད་རྩི་ཤིན་ཏུ་རྣལ་འབྱོར་གྱི་བདུད་རྩི། གནས་ཕུན་སུམ་ཚོགས་པའི་བདུད་རྩི། མོས་པ་ཡོན་ཏན་གྱི་བདུད་རྩི། དོན་དམ་པའི་རྡོ་རྗེའོ།། ཀུན་ཏུ་བཟང་པོའི་རྡོ་རྗེའོ།། རྡོ་རྗེ་དབྱིངས་ཀྱི་ཚོགས་རང་བྱུང་ཡེ་ཤེས་ཀྱི་རྡོ་རྗེ་དེ་ལ་རྟོགས་པར་རིག་པ། བདུད་རྩི་འབབ་པ་རུ་བྱེད་པ། ཡབ་ཡུམ་ཐམས་དང་ཤེས་རབ་གཉིས་སུ་མེད་པའི་བདུད་རྩི། ཕུང་པོ་ལྔ་ལས་བསྐྱེད་པའི་བདུད་རྩི། སྐྱེ་མཆེད་ལྔ་ལས་བསྐྱེད་པའི་བདུད་རྩི། ཁམས་གསུམ་གྲུབ་པའི་བདུད་རྩི། དཔལ་རྡོ་རྗེ་གཞོན་ནུ་རང་བཞིན་གྱི་ལྷུན་གྱིས་གྲུབ་པའི་དོན་ལ་བདུད་རྩི་དེ་རྣམས་གྲུབ་བོ།། ཡེ་ནས་བདུད་རྩི་ཡིན་པའི་ཕྱིར་བགྲུབ་མི་དགོས། སེམས་ཅན་ལམ་ལ་འཇུག་པའི་བདུད་རྩི་ཡིན། མངོན་པར་རྫོགས་པ་རྡོ་རྗེ་ལྟ་བུའི་བདུད་རྩི། དེ་ལས་རྟོགས་པའི་ཡེ་ཤེས་ལྟ་བུའི་བདུད་རྩི། བྱང་ཆུབ་ཀྱི་བདུད་རྩི་སྟོན་པ་དང། རྡོ་རྗེ་ལྟ་བུ་དབྱེར་མེད་པ་དགོངས་པར་མཛད་དོ།། ཐམས་ཅད་རྡོ་རྗེ་ཕུར་པའི་བདུད་རྩི་འདི་ལ། ཐམས་ཅད་བདུད་རྩིའི་རང་བཞིན། དངོས་གྲུབ་ཆེན་པོ་ཉེ་བའི་སྙིང་པོ། རང་བཞིན་ལྷུན་གྱིས་གྲུབ་པའི་སྙིང་པོ་ཡིན། རྡོ་རྗེ་ཕུར་པ་ཐེག་པའི་སྒོ་ནས་བྱང་ཆུབ་ཀྱི་ལམ་ལ་འདུག་པ་དང། བདུད་རྩི་ཆེན་པོ་སྒྲུབ་པའི་ཐབས། རྡོ་རྗེ་སྐྱེ་བ་མེད་པའི་ཐེག་པ། རྡོ་རྗེ་གསང་བའི་ཐེག་པ། རྡོ་རྗེ་འདུལ་བའི་ཐེག་པ། རྡོ་རྗེ་བྱང་ཆུབ་པའི་ཐེག་པ། རྡོ་རྗེ་ཐིག་ལེའི་ཐེག་པ། རྡོ་རྗེ་སངས་རྒྱས་ཀྱི་ཐེག་པ། རྡོ་རྗེ་ཆེ་བའི་ཐེག་པ། རྡོ་རྗེ་ལམ་གྱི་ཐེག་པ། རྡོ་རྗེ་ཐེག་པ་ཀུན་ལ་ཁྱབ་པ་ཡིན། རྡོ་རྗེ་རིག་པའི་ལམ། རྡོ་རྗེ་གྲུབ་པའི་ལམ། རྡོ་རྗེ་བྱང་ཆུབ་ཀྱི་ལམ། རྡོ་རྗེ་མཚན་མའི་ལམ། རྡོ་རྗེ་བསྐྱེད་པའི་ལམ། རྡོ་རྗེ་བགྲོད་པའི་ལམ། རྡོ་རྗེ་ཐིག་ལེས་བགྲོད་པའི་ས། རྡོ་རྗེ་མཉམ་པའི་བགྲོད་པའི་ས། སའི་རིམ་པ་གྲངས་ཀྱིས་བཀོད་དེ།། ལམ་གྱི་རིམ་པ་གྲངས་བཞུགས་སོ།། རྡོ་རྗེ་ཐེག་པའི་དོན་ལ་ཐམས་ཅད་འགྲུབ་བོ།། དཔེར་ན་ནོར་བུ་རིན་པོ་ཆེ་དང་འདྲ་སྟེ། ། ནོར་བུ་རིན་པོ་ཆེ་ལ་ནོར་ཐམས་ཅད་རང་བཞིན་གྱིས་གྲུབ་ནས་ཡོད་དོ།། རྡོ་རྗེ་རུ་འདྲ་སྟེ་འཁོར་འདས་ཐམས་ཅད་རང་བཞིན་གྱིས་གྲུབ་ནས་ཡོད་དོ།། དེ་བཞིན་དུ་བདུད་རྩི་ཆེ་བའི་མཆོག། བྱང་ཆུབ་སེམས་མཉམ་པའི་མཆོག། དེས་བསྟན་ནོ། རྡོ་རྗེ་ཕུར་པ་གྲངས་མང་གིས་ཀྱང། རྡོ་རྗེ་བདུད་རྩིའི་བསྒྲུབ་པ་ལ། གཉིས་སུ་མེད་པ་རུ་བསྟན། དབྱེ་རུ་མེད་དེ་ཚུལ་གཅིག་ཕུར་པ་ཡིན།། གཅིག་ལས་མེད་དེ་རྡོ་རྗེ་ཡིན། བསྟན་པ་ཡིན། རྫས་རྣམས་ཡིན། ཁྱབ་པ་ཡིན། ལྟ་བ་ཡིན། བསྒོམ་བསྒྲུབ་ཡིན། སྨན་གྱི་དྲི་རྣམས་འབྱུང། བྱང་ཆུབ་ཀྱི་དོན་རྙཻད། བྱང་ཆུབ་ཀྱི་དོན་རྙེད་པའི་ཐབས་ཡིན་ནོ།། ཡོན་ཏན་ཡིན་ནོ།། མཉམ་པ་ཉིད་དང་རྫས་རྣམས་དང། ལྟ་བ་བསྒོམ་བསྒྲུབ་ཀྱི་ནང་ནས། དེ་ལ་བསྟན་ནས་བྱང་ཆུབ་ཀྱི་ངོ་བོ་ཐོབ་པའི་ཐབས་ཡིན་ནོ།། ངེས་པར་གསལ་བའི་དོན། རྒྱས་པར་མཐར་ཐུག་དོན། གྲུབ་པ་འབྲས་བུའི་དོན། དེ་ནི་རྟོགས་པའི་སྒོ་ནས་སོ། ། སྐྱེ་མེད་དོན་འདི་བརྟག་བཀའ་སྟེ། སོ་སོ་བརྟེན་པའི་ང་རྒྱལ་གྱིས།། སྐྱེས་མེད་ཐོབ་པ་ཤིན་ཏུ་དཀའ།། ཁམས་གསུམ་འཁོར་བའི་རིག་པ་དང།། ཉོན་མོངས་བག་ཆགས་ཆེད་པུ་ཡིས།། རིག་པ་རྟོགས་པར་ཕྱིར་བལྟས་ནས། ། བྱང་ཆུབ་རིམ་པ་རྟོགས་མ་གྱུར།། སོ་སོ་ང་རྒྱལ་རིས་བཅས་རྟོགས་པར་དཀའ།། དེ་ལ་གྲོལ་བའི་ཀློང་ཉིད་ཤིན་ཏུ་དཀོན།། སྐྱེ་མེད་བྱང་ཆུབ་རྡོ་རྗེ་བཞི་ལས་འབྱུང། རྟོགས་ནས་རིག་པའི་ཡེ་ཤེས་གཞི་ལས་རྙེད། ། བྱང་ཆུབ་ཀྱི་དོན་ནི་མཐར་ཐུག་གི་ལྟ་བ་རྟོགས། སྤྱོད་པའི་ཚུལ་བསྲུངས། ཉམས་མྱོང་གི་བསྒོམ་པ་བསྐྱེད། དེ་ལས་ལོགས་ན་གང་ཡང་མེད། རྡོ་རྗེ་ཕུར་པ་ཆེན་པོ་བདུད་རྩི་ཐལ་སྦྱོར་གྱི་རྒྱུད་ལས། རྡོ་རྗེའི་གཞི་བསྟན་པའི་ལེའུ་སྟེ་དང་པོའོ།།།། བདེ་བར་གཤེགས་པས་གསུངས་སེམས་ཅན་ཐམས་ཅད་ལ་བདུད་རྩི་འབེབས་པ་ལས། བགེགས་ཀྱི་རྒྱལ་པོ་རུ་དྲ་ཡིས།། སེམས་ཅན་བདེ་རུ་མ་གཏེར་ནས། ། སེམས་ཅན་ཐམས་ཅད་མ་རུངས་པར་སྐྱེས་སོ།། དེ་འདུལ་བའི་དོན་དུ་བདེ་བར་གཤེགས་པའི་བྱིན་རླབས་ལས། དཔལ་ཆེན་པོ་རྡོ་རྗེ་གཞོན་ནུ་བསྐྱེད་ནས། བགེགས་ཀྱི་རྒྱལ་པོ་རུ་དྲ་བཏུལ་ལོ། ། སེམས་ཅན་ཐམས་ཅད་བདེ་བ་ལ་བཀོད་དོ།། དེ་སེམས་ཅན་ཐམས་ཅད་བདེ་བའི་ངང་ལ་བཀོད་ནས། མཉམ་པའི་དོན་ལ་སྤྱོད་དོ།། རྡོ་རྗེ་ཕུར་པ་བདུད་རྩི་ཐལ་སྦྱོར་གྱི་རྒྱུད་ལས། རུ་དྲའི་དོན་བསྟན་པའི་ལེའུ་སྟེ་གཉིས་པའོ། །།། དེ་ནས་རྫས་བསྒྲུབ་པ་རུ་བསྟན་ཏེ། དང་པོར་གནས་བསྟན། བཀྲ་ཤིས་པའི་གནས། བསྒྲུབ་གནས་བྱིན་ཆེ་བ། དབྱིབས་ཟླུམ་པོར་འདུག་པ། དེ་གནས་ལ་ཞེང་ཆེ་བ་འདུག་པ། ས་རོང་ཁུང་དོག་པར་འདུག་པ། དེ་ལྟ་བུའི་གནས་བཙལ། དེ་ལྟ་བུའི་གནས་སུ་རྫས་བསགས་པར་བསྟན་ཏེ། བཛྲ་ཀཱི་ལ་ཡ་ལ་སོགས་པའི་རྫས། ཇི་སྙེད་འབྱོར་པ་མ་ལུས་ཀུན།། མ་ལུས་དེ་རུ་སྦྱར་ལ་གཞག། རྩ་བ་བརྒྱད་དང་ཡན་ལག་བརྒྱད། ། རྫས་ནི་ཁྲོ་བོ་བཅུ་རུ་བསྟན།། སྣོད་ནི་ཁྲོ་མོ་བཅུ་རུ་བསྟན།། ཕ་ནི་དོན་བྱེད་མ་ནི་བཀོལ་ནས་ནི།། ཀཱི་ལ་ཡ་ཡིད་དབྱེ་བའི་ཡི་གེ་དཀྱུས་སུ་སྲང།། བཀོལ་བའི་ཕྱག་ཆ་ནི། ཕྱག་ཚང་སྐུ་བ་བཅུ་ཐམ་པ། ། ཡང་ན་ཐོད་པ་བཅུ་གཅིག་གམ། ཁྲོ་བོ་བཅུའི་སྨན་རིགས་ཀྱིས་དབྱེ།། རྒྱལ་པོ་བཞི་ནི་རིགས་དང་བསྟུན།། ནང་གི་རྩ་བ་བརྒྱད་ལ། མིག་དང་རྡོ་རྗེ་ཆུ་བ་ཉིད་ཤར་དུ།། སྣ་དང་པོ་ལྷོ་བདེ་བ་ལྷོ་རུ། ལྕེ་དང་པདྨ་ནུབ་ཏུ། རྣ་བ་དང་ཙིཏྟ་བྱང་དུ། དེ་ལྟར་དབྱེ། དེའི་ཕྲད་ཕྱྀ་ཡི་ར་བརྩ་བ་བརྒྱད་ཀྱི་བྱ། ལུག་མིག་དང་ཁལ་བ་ཤར་དུ། སྲི་ཤིང་སྣ་སྨྲ་དབང་པོ་ལག་ལྷོ་རུ། ཁ་འབར་མ་དང་རྒུན་འབྲུམ་ནུབ་ཏུ། ཀ་ཤོ་ཀ་སྙིང་མ་ཤོ་ཤ་བྱང་དུ། དེ་ལྟར་ཕྱི་ནང་གཉིས་ཀྱང་ཆ་མཉམ་མོ།། དེ་ལེགས་པར་དྲོད་ལ་ཐབས་པར་བྱའོ།། བློན་པོ་བརྒྱད་ནི་གྲོས་བྱེད་ཅེས་བྱེད་དེ། ར་ས་ཡ་ན་སྤྱི་ཡིན། རྩ་བ་དང་སྡོང་བུ་ཤར། ཡན་ལག་དང་ལོ་མ་ལྷོ། མེ་ཏོག་ཤུན་པ་ནུབ། འབྲས་བུ་དང་སྙིང་པོ་བྱང། དམག་དཔོན་བརྒྱད་ནི་སྣ་འདྲེན་ཞེས་བྱ་སྟེ། བློན་པོ་བརྒྱད་ནི་སྐོས་འདེབས་བརྒྱད་ཅེས་བྱ་སྟེ། ཤར་དུ་ཅོང་ཞི་རྣམ་པ་གསུམ། ག་པུར་རམ། ཉེ་ཤིང་པ་འམ། བུ་རམ་ཀ་ར་དེ་རྣམས་གཅིག་ཏུ་དྲིལ་བ་དེ་ནང་གི་བློན་པོའོ།། དེས་ནི་ཚད་མཉམ་པོ་མཉམ་པོར་བྱའོ།། དམག་མི་རྣམས་ནི། རམ་མདའ་བྱེད་ཅེས་བྱ་སྟེ། ཤར་དུ་འགྲོ་བ་ནི། ལན་ཚྭ། དོམ་མཁྲིས། རུས་ཐལ་འབྲས་བུ་ལྔ་བསྒྲལ་བའི་རུས་ཐལ། ཏིལ་དཀར་པོ། གཤེད་མ་ཤུ་དག་དཀར་པོ། ཐང་དཔལ་ཧ་ཅང་ཚ་སྣ་ཚོགས་ཀྱི་རུས་ཐལ། བྱི་ལ། བྱ་རྒོད། ཁྲག་ནག་པོ། ཤང་ཤང། རྨ་བྱ། ངང་པ། ཀོ་ལི། ལ་ཕུག། ཐང་དཀར་པོ་རྣམས་སོ།། ལྷོའི་དམག་དཔོན་རྣམས་ནི། ཨ་རུ་ར། བྲག་ཞུན། མཁལ་ཞོ་ཤ། གླ་གོར་ཞོ་ཤ། ཏྲི་ཏྲ་ཁ། ཀ་ཀོ་ལ། སྐྱེས་པའི་ས་ར། བརྒྱས་རང་གི་བློན་པོ་དང་ཆ་མཉམ་མོ།། སྐྱོབས་སུ་འགྲོ་བ་ནི། མོ་ལ་དྲི་ཆེན། ཡུངས་ཀར། གསེར་ཕྱེ་མ། བསྒྲལ་བའི་སྣ་ཐམས་ཅད་དོ།། ནུབ་ཀྱི་དམག་དཔོན་ནི། དཀར་ནུ། ཙན་དན་སྨུག་པོ། རམ་བུ་ཆེད་པུ་ཁ་འབར་མའོ།། ཉིད་ཀྱི་ལྕེ། སྐྱུ་རུ་ར། དེ་རྣམས་མི་ཤིང། དེ་རྣམས་བརྒྱད་ནི་བློན་པོ་དང་ཆ་མཉམ་མོ། ། སྐྱོབས་སྦྲང་རྩི། རཀྟ་ཉི་ཤུ་རྩ་ལྔ། བྱང་གི་དམག་དཔོན་གུར་ཀུམ། གུ་གུལ་དཀར་ནག། གནོད་སྦྱིན་སྟོབས་བཟངས་ཀྱི་མིག། ལེའུ་མིག། ཐར་ནུ། བྱ་རླུང། རུལ་ཐལ། བརྒྱད་ནི་གོང་བློན་པོ་དང་ཆས་སོ།། སྐྱོབས་ནི་བསྒྲལ་བའི་རྣམ་པ་ཐམས་ཅད་དང། ཀ་ཤོ་སྣ་ད་དང། དེ་ལ་སོགས་པའི་ར་ས་ཡ་ན་ཀུན། རོ་དང་ཁ་དོག་གིས་དབྱེ་སྟེ། མངར་བ་དཀར་བ་ཤར། སེར་བ་ཁ་བ་ལྷོ། སྐྱུར་བ་དམར་བ་ནུབ། ལྔ་བབ་ཚེ་བ་བྱང། ཤར་ལ་སོགས་པ་རང་རང་གི་སྣོད་གསོས་མ། རིགས་སོ་སོའི་དོན་གྱིས་ཁ་བཅད་དོ།། འཁོར་ལོ་ཕྱོགས་སུ་དགོད་དོ།། རིགས་དེ་ལྟར་དུ་དབྱེ་བ་ཡིན།། སྨན་གྲངས་ཀྱིས་བཙལ། དེ་ནི་བདུད་རྩི་ཆེ་བའི་ཡོན་ཏན་ཏིང་འཛིན་ལ་སྙོམས་པར་ཞུགས་པ་ཡིན་ནོ།། ཐམས་ཅད་སྣང་བ་དང་མི་སྣང་བ་གཉིས་སུ་མེད་དོ།། དེ་ཁམས་གསུམ་དུ་སྐྱེས་པ་ཐམས་ཅད་བདུད་རྩི་གྲུབ་པའི་ཐབས། ཐུགས་རྗེའི་བྱིན་རླབས་ཆེན་པོ། བདུད་རྩི་ལམ་གྱི་མཆོག། དེ་ལྟ་བུ་གྲུབ་པའི་ལམ་དེ་ནི། གསང་བའི་རྫས་ལྔ་ལ་སོགས་པ་དང། རྫས་ཐམས་ཅད་ནི་བཤད་པའི་རྒྱུད་ཀྱི་འགྲེལ་བའི་ནང་དུ་བསྟན་པའོ། ། རྡོ་རྗེ་ཕུར་པ་བདུད་རྩི་ཐལ་སྦྱོར་གྱི་རྒྱུད་ལས། རྫས་བསྟན་པའི་ལེའུ་སྟེ་གསུམ་པའོ།།།། དེ་ནས་བསྙེན་བསྒྲུབ་རྣམ་པ་གཉིས་ལས། བསྙེན་པའི་ལས་སྔོན་དུ་འགྲོ་བ་དང། ཁྲོལ་བུ་དང། གོང་བུ་དང། སྔོན་དུ་འགྲོ་བའི་ལས་དང་པོར་སྟེགས་བུ་བརྩིག་པར་བསྟན་ཏེ། མཎྜལ་མདའ་གང་གྲུ་བཞི་ལ།། སྟེང་གི་ཚད་དང་འོག་གི་ཚད།། ཚད་དུ་གཅལ་ལ་བཙིག་གི། དེ་ནས་རྫས་རྣམ་པ་ལྔའི་ཚད་དུ་ཆག་ཆག་གདབ་བོ། ། ཅིའི་སྐྱོན་གྱིས་མ་གོས་པའི་ཕྱྀར་རོ།། དེ་ཆག་ཆག་གདབ་པའི་ཕྱིར། ཨོཾ་བོ་དྷི་ཙིཏྟ་མཎྜལ་ཧཱུཾ། ཨོཾ་ཀུ་ཀུ་མཎྜལ་ཧཱུཾ། དཀྱིལ་འཁོར་གྱི་ངོ་བོ་དག་པར་བསམ། ཨོཾ་མ་ཧཱ་མཾ་ས་ལ་ཧཱུཾ། ཨོཾ་རཀྟ་མཎྜལ་ཧཱུཾ། ཨོཾ་ཀུ་ཀུ་མཎྜལ་ཧཱུཾ། ཆག་ཆག་དེ་རྣམས་གདབ་བོ།། དེ་ནས་སྒོ་ལུང་གདགས་པ་དང། ཀུན་བཤད་པའི་རྒྱུད་དུ་བསྟན་ནོ།། དམ་སྲི་དང། སྒོ་ལུང་དང། ཕྱི་སྔོན་དུ་འགྲོ་བ་རྣམས། ཐིག་རྣམ་པ་གཉིས་ཀྱིས་བྱིན་གྱིས་བརླབས་པ་དང། ཚོན་བྱིན་གྱིས་བརླབས་པ་དང། དེ་ནས་དེ་རྣམས་ནི་ཤར་དུ་བསྟན། རྫས་དགོད་པ་ནི་ལེའུ་གསུམ་པའི་རྗེས་སུ་བསྟན་པ་ཡིན་ནོ།། མཚམས་གཅད་པ་ནི། དང་པོ་སྟོང་པ་ཉིད་ལས་ཧུཾ་མཐིང་ནག་ཏུ་གྱུར། དེ་ལས་འོད་འཕྲོས་པས་རྡོ་རྗེར་གྱུར། དེ་ལས་འོད་འཕྲོས་པས་འོད་དུ་ཞུ། དེ་ལས། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུཾ་ཕཊ། རྡོ་རྗེར་གྱུར། དེ་ལས། མ་སཱུརྱ་མཎྜལ་ཧཱུཾ། ཕྱོགས་བཅུར་ཉི་མའི་དཀྱིལ་འཁོར་བསྐྱེད། ། ཨོཾ་བཛྲ་ཀྲོ་དྷ་ཧཱུཾ་ཀ་ར་ཧཱུཾ། ཁྲོ་བོ་བཅུའོ།། ཧཱུཾ། ཐོག་མཛད་ཧཱུཾ་མཛད་སྨྱོ་འདུལ་རྒྱལ།། སྲེག་བྱེད་གཡུག་དང་སྒྲོལ་བྱེད་གཤིན་རྗེ་གཤེད།། གནོད་བྱེད་མགོན་དང་དབང་སྡུད་དེ།། སྒྲོལ་བྱེད་གཤེ་དང་གནོད་བྱེད་སྟོབས། ། ཨོཾ་བཛྲ་ཀྲོ་དྷ་ཧཱུཾ་ཀཱ་ར་ཧཱུཾ་གརྫ་གརྫ་ཧཱུཾ་ཕཊ། ད་ནི་ཐོད་པའི་བྱིན་གྱིས་བརླབས།། ཐོད་པ་སྟོང་པ་ཉིད་ཀྱི་ངོ་རུ་བསམ།། དེའི་ངང་ལས་རིག་པའི་ཡེ་ཤེས་གསལ་བར་བསྐྱེད།། གཙོ་བོ་ཉིད་དུ་བྱིན་བརླབས་ནས། ། བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བགྷྣཱིན་བཾ་ཧཱུཾ་ཕཊ། ཅེས་གཙོ་བོ་བསྐྱེད་པར་བསམ། སྤྱན་དྲངས་ཏེ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ། རྡོ་རྗེ་གཞོན་ནུ་རིགས་འཛིན་རྣམས།། སྲིད་པ་རྡོ་རྗེ་གྲུབ་མཛོད་ཅིག། སྲིད་པ་རྡོ་རྗེ་ཕུར་པའི་ལྷ། ། ཡེ་ཤེས་ཁྲོ་བོ་གཤེགས་སུ་གསོལ།། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ། སྲིད་པའི་ཕུར་བུ་བསྒྲུབ་པ་དང།། དབང་དང་དངོས་གྲུབ་བླངས་པའི་ཕྱིར།། ཧཱུཾ་ཧཱུཾ་ཞེས་ཐོད་པ་ལ་ཐིམ་པར་བསམ།། ད་ནི་ཐོད་པ་དགོད་དེ། བདུད་རྩི་སྨན་སྦྱར་ནས།། སུལ་མེད་ཆོས་ཀྱི་དབྱིངས་སུ་རྟོགས།། བྱང་ཆུབ་སེམས་སུ་སྨན་སྦྱར་ནས།། རྩ་བ་ཡན་ལག་བཅས་པ་རྣམས།། བཛྲ་ཀཱི་ལ་ཡ་རུ་བྱིན་བརླབས་ནས།། རང་བྱུང་བདུད་རྩི་སྨན་སྦྱར་ནས། ། རྡོ་རྗེ་གཞོན་ནུའི་ཐུགས་དམ་སྐོངས།། དབུས་སུ་བརྟན་པར་བཞུགས་ནས་ཀྱང།། རང་བྱུང་བདུད་རྩིའི་དངོས་གྲུབ་གསོལ།། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བེགྷྣཱན་བཾ་ཧཱུཾ་ཕཊ། ཨོཾ་ཨ་མྲྀ་ཏ་ཀུཎྜ་ལི་ཧཱུཾ་ཕཊ། ས་མ་ཡ་ཏིཥྟ་ལྷན། དབུས་སུ་བཞུགས་པར་བསམ། ཧཱུཾ། ཤར་གྱི་བན་དྷ་སུལ་འགྲེང་དུ།། དྲི་ཆེན་མཆོད་པ་སྦྱར་ནས་སུ།། རྩ་བ་ཡན་ལག་བཅས་པ་རྣམས།། བུདྡྷ་ཀཱི་ལ་ཡ་རུ་བྱིན་གྱིས་བརླབས། ། རང་བྱུང་བདུད་རྩི་སྨན་སྦྱར་ནས།། རྒྱལ་བ་རྒྱ་མཚོའི་ཐུགས་དམ་རྒྱལ།། རང་བྱུང་བདུད་རྩིའི་དངོས་གྲུབ་གསོལ།། ཨོཾ་བུདྡྷ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུཾ་ཕཊ། ཨ་མྲྀ་ཏ་ཀུཎྜ་ལི་ཧཱུཾ། ས་མ་ཡ་ཏིཥྛ་ལྷན། ཧཱུཾ། ལྷོ་ཡི་བན་དྷ་སུལ་མངས་སུ།། མཾ་ས་མཆོག་ལ་སྨན་སྦྱར་ནས།། རྩ་བ་ཡན་ལག་བཅས་པ་རྣམས།། རཏྣ་ཀཱི་ལ་ཡ་རུ་བྱིན་བརླབས་ནས།། ལྷོ་རུ་བརྟན་པར་བཞུགས་ནས་ཀྱང།། རང་བྱུང་བདུད་རྩི་དམ་རྫས་གསོལ། ། ཨོཾ་རཏྣ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུཾ་ཕཊ། ཨ་མྲྀ་ཏ་ཀུཎྜ་ལི་ཧཱུཾ་ཐ། ས་མ་ཡ་ཏིཥྛ་ལྷན། ཧཱུཾ། ནུབ་ཀྱི་བན་དྷ་ཟླ་གམ་དུ།། རཀྟ་མཆོག་ལས་སྨན་སྦྱར་ནས།། རྩ་བ་ཡན་ལག་བཅས་པ་རྣམས།། པདྨ་ཀཱི་ལ་ཡ་རུ་བྱིན་བརླབས་ནས། ། ནུབ་ཏུ་བརྟན་པར་བཞུགས་ནས་ཀྱང། རང་བྱུང་བདུད་རྩིའི་འབྲས་བུ་གསོལ།། ཨོཾ་པདྨ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུཾ་ཕཊ། ཀུཎྜ་ལི་ཧཱུཾ་ཐཱ། ས་མ་ཡ་ཏིཥྛ་ལྷན། ཧཱུཾ། བྱང་གི་བན་དྷ་སུལ་འགྲེང་དུ། ། དྲི་ཆུ་མཆོག་ལ་སྨན་སྦྱར་ནས།། རྩ་བ་ཡན་ལག་བཅས་པ་རྣམས།། ཀརྨ་ཀཱི་ལ་ཡ་རུ་བྱིན་བརླབས་ནས།། བྱང་དུ་བརྟན་པར་བཞུགས་ནས་ཀྱང།། རང་བྱུང་བདུད་རྩིའི་དངོས་གྲུབ་གསོལ།། ཧ་ཀརྨ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུཾ་ཕཊ། ཨ་མྲྀ་ཏ་ཀུཎྜ་ལི་ཧཱུཾ་ཐཱ། ས་མ་ཡ་ཏིཥྛ་ལྷན། ར་ས་ཡ་ན་དགོད་དེ། རང་བྱུང་གདོད་ནས་རྣམས་དག་ཐཱ། བདུད་རྩི་ལྔ་དང་རྩ་བ་བརྒྱད།། ཡན་ལག་སྟོང་དང་རབ་བསྙེམས་པའི།། འོ་མ་དང་ནི་ཆུ་རྣམས་དང། ། མེ་ཏོག་རིན་ཆེན་མདའ་རྣམས་དང།། འཇིག་རྟེན་འདི་རུ་གྲགས་པ་རྣམས།། འཁོར་གྱི་ཁྲོ་བོར་བྱིན་བརླབས་ནས།། རྒྱལ་བ་རྒྱ་མཚོའི་ཐུགས་དམ་སྐོངས། ཕྱོགས་མཚམས་བརྟན་པར་བཞུགས་ནས་ཀྱང། ། རང་བྱུང་བདུད་རྩིའི་དངོས་གྲུབ་གསོལ།། ཨོཾ་བཛྲ་ཀྲོ་དྷ་ཧཱུཾ་གརྫ་ཧཱུཾ་ཕཊ། ཨ་མྲྀ་ཏ་ཀུཎྜ་ལི་ཧཱུཾ་ཐ། ས་མ་ཡ་ཏིཥྛ་ལྷན། མར་མེ་དགོད་དེ། ཧཱུཾ། ཐུགས་རྗེ་ཆེན་པོའི་ངང་ཉིད་ལས།། ཐུགས་མཆོག་རབ་ཏུ་གསལ་བའི་ཕྱིར། ། མ་རིག་མུན་པ་འཇོམས་པའི་ཕྱིར།། འཁོར་བའི་བག་ཆགས་གསལ་བའི་ཕྱིར།། དབུས་སུ་བརྟན་པར་བཞུགས་སུ་གསོལ།། ས་མ་ཡ་ཏིཥྛ་ལྷན། རྫས་དང་རྒྱན་དགོད། ཧཱུཾ། ཐབས་ཀྱིས་སྤྱོད་པས་འགྲོ་དོན་དུ། ། བྱམས་དང་སྙིང་རྗེས་གང་འདུལ་བ།། སངས་རྒྱས་འཕྲིན་ལས་རྫོགས་མཛད་ནས།། དབང་དང་བྱིན་རླབས་འདིར་སྩོལ་ཅིག། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུཾ་ཕཊ། སིདྡྷི་སིདྡྷི་ས་མ་ཡ་ལྷན། རྡོ་རྗེ་ཕུར་པ་བདུད་རྩི་ཐལ་སྦྱོར་གྱི་རྒྱུད་ལས། རྫས་རྣམས་རྫོགས་པར་བཏད་པའི་ལེའུ་སྟེ་བཞི་པའོ།།།། དེ་ནི་བདུད་རྩི་དབབ་པར་བསྟན་ཏེ། ཐོད་པ་ལས་རྡོ་རྗེ་གཞོན་ནུ་གསལ་བར་བྱས་ལ་སྤྱན་དྲང། ཧཱུཾ། རྡོ་རྗེ་གཞོན་རིགས་འཛིན་རྣམས།། སྲིད་པ་རྡོ་རྗེ་གྲུབ་མཛོད་ཅིག། སྲིད་པ་རྡོ་རྗེ་ཕུར་པའི་ལྷ། ཡེ་ཤེས་ཁྲོ་བོ་གྲུབ་པར་མཛོད།། ཡེ་ཤེས་ཁྲོ་བོ་བདུད་རྩི་ཐོབ།། ནམ་མཁའ་གསལ་བར་བཞུགས་པར་བསམ། ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུཾ་ཕཊ། ཨམྲྀ་ཏ་ཀུཎྜ་ལི། ཧ་ན་ཧ་ན། ཕེབས་ཕེབས། ཞེས་བརྗོད་དོ། ཐོད་པ་བདུད་རྩི་རྣམས་རང་བཞིན་གྱིས་གྲུབ་ནས་ཡོད་པར་བསམ་མོ། ཁྲོལ་བུའི་འཕྲིན་ལས་བསྟན་ཏེ། ཆོས་ཀྱི་སྐུའི་ཕྲིན་ལས་ནི། ཐམས་ཅད་གྲུབ་པར་འགྱུར་ཏེ། ཁྲོལ་བུའི་དཀྱིལ་འཁོར་ནི། དེ་འཁོར་ལོ་བྲིའོ།། སྤྱན་དྲང་བའི་ལྷའོ།། བྱིན་གྱིས་བརླབས་པ་དང། ཕྱི་མཚམས་དང། སྒོ་བྱང་གདགས་པ་དང། ཕུར་པ་དར་གྱི་ཅོད་པན་ཅན་རྟ་མགྲིན་དུ་བསམ་ལ། བསྒྲུབ་པའི་ཁང་པའི་སྒོ་ལ་གདགས་པ་དང། ཟླ་བ་ཡར་གྱི་ཚེས་བརྒྱད་ལ། དཀྱིལ་འཁོར་བྲི་སྟེ།། སྟེགས་བུ་བུམ་པ་ཁྲུ་གང་པ། རྩིགས་སུ་བྱས་ལ་དྲི་ཆེན་དྲི་ཆུ་བྱུག། དྲི་ཡི་རྒྱལ་པོ་ལྔ་ཡིས་བྱུག། ཕྱོགས་བཞིར་དཀྱིལ་འཁོར་བྲིའོ།། དྲི་སྣ་ལྔ་ཡིས་མཎྜལ་བྱ།། དེ་ནས་ཐིག་གདབ་པ་ཀུན་དང་མཐུན།། དེ་ནས་བརྟགས་པའི་བགེགས་བཟློག། ཐིག་གདབ་པ་དང། ཚོན་བྲི་བ་དང། ཡབ་ཡུམ་ཐམས་དང་ཤེས་རབ་ལས་བྲི་བ་ཡིན་ནོ།། དཀྱིལ་འཁོར་བྲི་བར་བསྟན་ཞེས་བྱའོ།། བཀྲ་ཤིས་དེ་ལས་བདུད་རྩིའི་སྣོད་བསྟན་ཏེ།། བཀྲ་ཤིས་རུས་སྦལ་ཐོད་པ་འམ། མཚན་དང་ལྡན་པའི་བནྡྷ་ལ། ཕྱོགས་བཞི་དབུས་སུ་དགོད་པར་བྱ། མཚམས་སུ་རིགས་མཐུན་ཐོད་པ་དགོད།། སྨན་གྱི་གྲངས་ནི་ཐོད་པ་བླུགས། ཧཱུཾ་གིས་སྨན་གྱི་སྙིང་པོ་བསྐྱེད།། གཙོ་བོ་ལྔ་དང་འབྲས་བུ་ལྔ།། ཕྱོགས་ན་གསང་བའི་རྩ་བ་བརྒྱད། ། རང་རང་སྐབས་དང་སྦྱར་བར་བསྟན།། ཤར་གྱི་དཀྱིལ་འཁོར་སྟེང་དུ་ནི།། སྒྲུབ་པའི་རྫས་རྣམས་དགོད་པར་གཞག། ལྷོ་ཡི་དཀྱིལ་འཁོར་སྟེང་དུ་ནི།། མེ་མར་དག་ལ་དགོད་པར་གཞག། ནུབ་ཀྱི་དཀྱིལ་འཁོར་སྟེང་དུ་ནི། ། གཙོ་བོ་ཡབ་ཡུམ་སྦྱོར་བའི་ཐབས།། བྱང་གི་དཀྱིལ་འཁོར་སྟེང་དུ་ནི།། བསྒྲལ་བའི་རྒྱུ་མ་ཞགས་པར་གཞག། དར་སྣ་བཞི་དང་མེ་ལོང་བཞི།། ཕུར་པ་དང་ནི་རལ་གྲི་དང།། ལྷོའི་དཀྱིལ་འཁོར་སྟེང་དུ་ནི། ། དེ་ནས་ཕུར་པ་དར་གྱི་ཅོད་པན་ཅན་དུ་བསམས་ལ་མཚམས་གཅད་དེ། དང་པོ་འབྱུང་བའི་རྒྱུ་སྟོང་པ་ལས་རྒྱུའི་ཧཱུཾ་དུ་བསྐྱེད། དེ་ལས་སྤ་ར་ན་ཕཊ་ཀྱིས་རྡོ་རྗེ་གྱུར། དེ་ལས་ཡང་འཕྲོས་པས་འོད་དུ་ཞུ་བས། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུཾ་ཕཊ། ཅེས་རྡོ་རྗེ་གྱུར་པར་བསམ། དངོས་གྲུབ་བར་ཆད་བྱེད་པའི་བགེགས།། གདུག་ཅིང་སྡང་སེམས་ལྡན་པ་རྣམས།། རྡོ་རྗེ་གསང་བའི་བཀའ་ལས་ནི།། སྡིག་ཅན་གང་ཞིག་འདའ་བྱེད་པ། ། སྟོབས་ཆེན་ཁྲོ་བོ་ཆེན་པོ་ཡིས།། ཀླད་པ་ཚལ་པ་བརྒྱད་དུ་ཁོས།། ཨོཾ་བཛྲ་ཀྲོ་དྷ་ཧཱུཾ་ཀཱ་ར་ཧཱུཾ། ཞེས་པ་དེས་ཁྲོ་བོ་འདྲེའོ།། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧ་ས་ཡར་ན་ཧ་ཏ་ནྱེ་ཧཱུཾ་ཕཊ། སྲས་མཆོག་དྲུག་འདྲེའོ།། འབྱུང་པོ་དང་ནི་བགེགས་ནི་དེས་བཀྲད་དོ།། ཧཱུཾ། རྡོ་རྗེ་གཞོན་ནུ་རིགས་འཛིན་རྣམས།། སྲིད་པ་རྡོ་རྗེ་གྲུབ་མཛོད་ཅིག། སྲིད་པ་རྡོ་རྗེ་ཕུར་པའི་ལྷ།། ཡེ་ཤེས་ཁྲོ་བོ་གྲུབ་པར་མཛོད།། ཧཱུཾ་ཧཱུཾ་ཞེས་པས་བདུད་རྩིའི་ལྷ་ཕེབས་པར་བསམ། བདུད་རྩི་བྱིན་གྱིས་བརླབས་པ་ནི། གོང་དུ་བསྟན་པ་ནི། དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་བསྐྱེད་དེ། ཏིང་ངེ་འཛིན་གསལ་ཞིང་སྙིང་པོ་བརྗོད་དེ། ཡེ་ཤེས་བདུད་རྩིའི་རྒྱུན་མི་གཅོད། དང་པོ་སྟོང་པ་ཉིད་ལས་ཡུན་རིང་དུ་བསྒོམ། བཞི་ཆོས་ཉིད་ཀྱི་བསྒོམ་པ། དེ་ངང་ལས་གསལ་བ་ནམ་མཁའི་བསྒོམ་པ། རྒྱ་མ་ཆད་པར་བསྒོམ་པས་རིག་པ་གསལ་བའི་བསྒོམ་པ། དེ་ལས་རྒྱུའི་ཧཱུཾ་མཐིང་ནག་ཏུ་བསྐྱེད་དོ། ། ཧཱུཾ་རྡོ་རྗེ་ཁྲོས་པས་ཞེས་སྡང་གཅོད།། ཨེ་ཡཾ་ཀེཾ་རི། བྷྲུཾ་བི་ཤ་བི་ཤུདྡྷི། ཨེ་ཨག་ནེ་མཎྜལ། ཛྙཱ་ན་ཀ་བ་ལ་བྷྲུཾ། དེས་ནི་གཞལ་ཡས་ཁང་བསྐྱེད་དོ།། ཧཱུཾ་ནམ་མཁའི་དཀྱིལ་ནས་ཐིག་པ་ཤར།། ཧཱུཾ་ཧཱུཾ་ཞེས་པ་བདུད་རྩིའི་ལྷ་རྣམས་གཞལ་ཡས་ཁང་གི་ཐོད་པ་ལ་བསྟིམ་མོ། ། ཧཱུཾ། མཚོན་ཆེན་སྔོན་པོ་འབར་བ་ཡིས།། སྲོག་གི་གོ་རུ་ཤར་བ་དང། སྙིང་གི་གོ་རུ་བསྒོམ་པར་བྱ།། ཕུར་པ་རྡོ་རྗེས་གཏམ་བྱས་ནས། ། རྣམ་པར་ཤེས་པ་རྡོ་རྗེར་བསྒོམ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་མ་ཧཱ་པཉྩ་ཨ་མྲྀ་ཏ་ཧཱུཾ་ཧྲཱི་ཐཱ། ཞེས་ལྷ་རྣམས་གསལ་བར་བསྐྱེད་དོ།། ཧཱུཾ། ཐབས་ཀྱི་སྤྱོད་པ་འགྲོ་དོན་དུ།། བྱམས་དང་སྙིང་རྗེས་གང་འདུལ་བ། ། སངས་རྒྱས་འཕྲིན་ལས་རྫོགས་མཛད་ནས།། དབང་དང་བྱིན་རླབས་བདག་ལ་གསོལ།། ཨོཾ་ཨཱཾཿཧཱུཾ། སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ།། ངང་ཉིད་རྡོ་རྗེ་ཆོས་དབྱིངས་ལས།། འབར་བའི་ཁྲོ་བོ་མི་བཟད་པ།། ཨོཾ་སྐུའི་དབྱིག་ཏུ་བདག་བསྐྱེད་ཅིག། ཨཾ་གསུང་གི་དབྱིག་ཏུ་བདག་བསྐྱེད་ཅིག། ཧཱུཾ་ཐུགས་ཀྱི་དབྱིག་ཏུ་བདག་བསྐྱེད་ཅིག། ཧཱུཾ་དེ་ནས་ཡིག་འབྲུས་ཀྱང་བསྐྱེད། ཡིག་འབྲུས་ཕྱག་ཀྱང་དབང་བསྐུར། གསལ་བར་བསྒོམ། དེ་རང་བཞིན་གྱི་དཀྱིལ་འཁོར་བསྐྱེད་པའོ།། དེ་ནས་ཁྲོལ་བུ་སྦྱང་བ་ནི།། འབྱུང་བ་བཞི་ལས་བསྐྱེད་པ་ཡིན།། ཡབ་ཡུམ་གཉིས་མེད་སྦྱོར་བ་ལས།། འོད་ཟེར་ལྔ་པོ་འཕྲཽ་འདུ་ལས།། སྙིང་པོ་ལ་ནི་འདི་བརྗོད་དོ།། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱ་བཾ་ཧཱུཾ་ཕཊ། ཨ་མྲྀ་ཏ་ཀུཎྜ་ལི་ཧཱུཾ་ཧྲི་ཐ། བྱིན་བརླབས་བདུད་རྩི་འབེབས་པར་བསམ།། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱ་བཾ་ཧཱུཾ་ཕཊ། ཨ་མྲྀ་ཏ་ཀུཎྜ་ལི་ཧཱུཾ་ཐ། ཤར་གྱི་ལྷ་འདི་དངོས་གྲུབ་འབེབས། ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུཾ་ཕཊ། ཨོཾ་ཨ་མྲྀ་ཏ་ཀུཎྜ་ལི་ཧཱུཾ་ཐ། ལྷོ་ཡི་ལྷ་ཡི་དངོས་གྲུབ་འབེབས།། ཨོཾ་རཏྣ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུཾ་ཕཊ། ཨ་མྲྀ་ཏ་ཀུཎྜ་ལི་ཧཱུཾ་ཐཱ། ནུབ་ཀྱི་ལྷ་ཡི་དངོས་གྲུབ་འབེབས། ། ཧ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུཾ་ཕཊ། ཨ་མྲྀ་ཏ་ཀུཎྜ་ལི་ཧཱུཾ་ཕཊ། བྱང་གི་ལྷ་ཡི་དངོས་གྲུབ་འབེབས།། སྨན་གྱི་བཟླས་པ་དེ་ཉིད་ནི།། ཡབ་ཡུམ་གཉིས་ཀྱི་དགྱེས་བར་བཟླས། ། ཐབས་དང་ཤེས་རབ་སྤྱོད་པའི་སྔགས།། དེ་ལ་བྱང་ཆུབ་བདུད་རྩི་རེ།། བདུད་རྩི་བྱིན་རླབས་འབེབས་པའོ། ཁྲོལ་བུའི་དངོས་གྲུབ་བླང་བར་བསྟན་ཏེ།། དེ་བཞིན་རྡོ་རྗེ་རིགས་ཀྱི་ལྷ་རྣམས་དང།། རིན་ཆེན་པདྨའི་ལྷ་རྣམས་དང། ། ལས་ཀྱི་རིགས་ཀྱི་ལྷ་རྣམས་དང། ཁྲོ་བོ་རིགས་ཀྱི་ལྷ་རྣམས་དང།། དེ་རྣམས་དངོས་གྲུབ་སྩལ་དུ་གསོལ།། བདུད་རྩི་འབེབས་པའི་དངོས་གྲུབ་གསོལ།། རྡོ་རྗེ་ཕུར་པ་བདུད་རྩི་ཐལ་སྦྱོར་གྱི་རྒྱུད་ལས། བསྒྲུབ་པའི་གཞུང་དང་ཁྲོལ་བུ་བསྒྲུབ་པའི་དོན་བསྟན་པི་ལེའུ་སྟེ་ལྔ་པའོ།།།། ད་ནི་གོང་བུ་བརྡུང་བར་བསྟན་ཏེ།། བརྡུང་བའི་དུས་ནི། ཉི་མ་ཤར་བའི་དུས་དག་ཏུ།། སྨན་གྱི་གོང་བུ་བཤིག་ལ་བརྡུང། ། བརྡུང་བའི་དུས་དེར་ཡང་བགེགས་འཇུག་པས་མཚམས་གཅད་དོ།། གོ་མཚོན་མང་པོ་བསོགས་ལ་ཡང། བསྐོར་ཞིང་བྲི་བརྡུང་ངོ།། ཚངས་པའི་རྒྱལ་པོས་གདན་བཏིང་ལ།། དེ་རུ་ཐམས་ཅད་ཞུགས་ལ། ཡབ་ལ་ཉི་མའི་ཐོད་པ་ཡིས།། ཡུམ་ལ་ཟླ་བའི་ཐོད་པ་རུ།། བརྡུང་བའི་ཐབས་ནི་ཡབ་ཡུམ་ཐབས་དང་ཤེས་རབ་ཀྱིས་བརྡུང་སྟེ། བརྡུངས་པས་ཉེས་པ་སྤངས་ལ་བྱིན་རླབས་འབྱུང་སྟེ། སྨན་གྱི་བྱང་ཆུབ་དེ་རུ་བསྐྱེད། ། སྨན་གྱི་བྱང་ཆུབ་སྐྱེ་གྱུར་ཅིག། ད་ནི་བརྡུང་བའི་ལྷ་དཔལ་བདུད་རྩི་འཁྱིལ་པར་བསྐྱེད་ལ། ཐམས་ཅད་བདུད་རྩིའི་རང་བཞིན་ཡིན་པ་ལ།། ཏིང་ངེ་འཛིན་གསལ་བར་བྱས་ལ། ཡབ་ཀྱི་རྡོ་རྗེ་ཡུམ་གྱི་མཁའ་ལ་བརྡུང་སྟེ། སྔགས་ནི། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུཾ་ཕཊ། ཨོཾ་ཨ་མྲྀ་ཏ་ཀུཎྜ་ལི་ཧཱུཾ། ཧ་ན་ཧ་ན་ཧཱུཾ་ཕཊ། སྨན་གྱི་བཅུད་གཅིག་འབྱུང་བར་བསམ།། ཧཱུཾ། ཁྲོ་མོ་འབར་བའི་གཏུན་ཁུང་དུ།། རྡོ་རྡེ་ཐོ་བས་བརྡུངས་བྱས་ནས། ། ལྷ་ཡང་རུང་སྟེ་བསྒྲལ་བར་བྱའོ།། ཡབ་ཡུམ་གཉིས་སུ་མེད་པ་ལས།། གཉིས་སུ་མེད་པའི་མཁའ་ལས་བསམ།། བདུད་རྩི་བྱང་ཆུབ་ཕེབས་པར་ངེས།། དངོས་གྲུབ་ཕེབས་པའི་ཡུམ་ཅིག་ཡིན། ། ཐབས་དང་ཤེས་རབ་གཉིས་མེད་པས།། དྲི་མེད་མུ་ཏིག་དཀར་པོར་འཚེར།། དེ་ལ་སྨན་གྱི་སྙིང་པོ་འབྱུང།། ད་ནི་དར་ཚགས་ཡུམ་གྱིས་བཟུང་བར་བསྟན་ཏེ། ཡུམ་གྱིས་རིག་པ་གསལ་བ་དང།། རྟ་མགྲིན་དབྱུག་པ་སྔོན་པོ་གཉིས། ། གང་ཡང་རུང་བ་གཅིག་གིས་བྱ།། གཙག་པའི་སྔགས་ནི། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུཾ་ཕཊ། ཨོཾ་ཨ་མྲྀ་ཏ་ཀུཎྜ་ལི། ཧ་ན་ཧ་ན་ཧཱུཾ་ཕཊ་ཁྲོ་བོ་ཆེན་པོའི་བྱིན་རླབས་ཕེབས་བྱས་ལ་གཙག། ད་ནི་ཕབས་གདབ་སྟེ། ཆུ་དང། འོ་མ་དང། མངར་བག་དང། ཕབས་རང་དང་གདབ་བོ།། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུཾ་ཕཊ། ཨ་མྲྀ་ཏ་ཀུཎྜ་ལི་གརྫ། ཧ་ན་ཧ་ན་པ་ཙ། བན་དྷ་གྲྀ་ཧྞ་ཏི་ཏ་ཙིནྡྷ། བྷིནྡྷ་ཕོ་ཊ་ཧཱུཾ་ཐཱ། སྨན་གྱི་དངོས་གྲུབ་ཡིན་པར་བསམ། ད་ནི་ཚད་བསྟན་ཏེ། སྐམ་དག་རློན་པའི་ཉེད་པ་མེད།། བསྐམས་ནས་ཕུར་བུར་མ་སོང་སྟེ།། རློན་ནས་འདས་པར་མ་སོང་སྟེ།། ཚངས་དུ་འདུག་ནས་དངོས་གྲུབ་བླང། ། དར་རམ་ཟ་འོག་ནང་དུ་བླུགས།། དེ་ལས་ཉེས་པའི་སྐྱོན་ཡང་མེད།། དེ་ནས་རྒྱས་གདབ་སྟེ། གོང་བུ་ལ་ཕུར་པ་བྱིན་གྱིས་བརླབས་ཅིག་དེ་རུ་གཞུག། དེ་བཞུགས་བགེགས་ཀྱི་འཇུག་མི་ནུས། ། ཕུར་བུའི་ལྷ་བསྐྱེད་སྲུངས་མར་བསམ།། སྣོད་ནི་བརྟག་ཅིང་ཁ་སྦྱར་ནང་དུ་གཞུག། དྲི་མས་མ་གོས་སྣོད་དུ་གཞུག། དུས་ཚོད་ལ་བབ་པར་ཤེས་པར་བྱ། མ་སྔས་མ་འཕྱིས་དུས་དང་སྦྱར།། གོང་བུ་ལ་བསྒྲུབ་བ་ནི། འཁོར་ལོ་རྩིབས་བཞི་བྲིས། གྲུ་ཆད་དང་རྒྱན་ཐམས་ཅད་ཀྱང་དགོད་འཕགས་པ་མཆོད་པ་དང། གཏོར་མ་གཏང་བ་དང། སྦྱིན་སྲཻག་དང། རྒྱས་པ་དང། ཞི་བ་དང། དྲག་པོ་དང། ཐམས་ཅད་ཚུལ་བཞིན་གོང་དུ་འདྲེས། ། དེ་ལ་བགེགས་ཀྱིས་མི་ཚུགས་པའི་ཕྱིར། གུ་གུལ་གྱི་དུད་པ་གཏང། དགོད་པ་ནི་དབུས་ནས་རང་བྱུང་ཡེ་ཤེས་སེམས་དཔའ་བསྐྱེད་པའི་ལྷ། བཅོམ་ལྡན་འདས་བཛྲ་ཀཱི་ལ་ཡ།། སྣང་སྲིད་བདུད་རྩིར་བྱིན་བརླབས་ནས། ། རྩ་བ་བརྒྱད་དང་ཡན་ལག་སྟོང།། རྩ་བརྒྱད་སྟོང་ལས་སྦྱར་བའི་སྨན།། ཕོ་བྲང་ཆེན་པོའི་དབུས་སུ་བསྒྱིལ།། རིགས་རྣམས་བསྡུས་ནས་དབུས་སུ་བཞུགས།། དབུས་སམ་ཕྱག་ཆ་གདུག་པ་འདུས། ། ཐམས་ཅད་མ་ལུས་འདུས་པར་བྱའོ།། ས་མ་ཡ་ཏིཥྛ་ལྷན། དབུས་སུ་རང་བཞིན་མེད་པ་རུ་དགོད་དོ།། རྫས་བྱིན་པོ་དགོད་པ་ཡང། འཕྲིན་ལས་ཐམས་ཅད་གོང་དུ་མཐུན། ཏིལ་ཆེན་གྱི་མེ་མར་རྒྱུན་དུ་གཏང། དེ་ནས་འཛབ་གོང་མ་མཐུན་པར་བྱ། ཏིང་ངེ་འཛིན་མི་མཐུན་ནོ།། དེ་ནས་བསྟོད་པ་བྱ། ཚོགས་བྱ། དངོས་གྲུབ་བླང་བ་དང། སྨན་གྱི་དྲོད་བརྟག་པ་དང། ཡུམ་རིགས་དང་སྦྱར་བ་དང། འཕྲིན་ལས་མཐར་ཕྱིན་པ་དང། ཀུན་ཏུ་མཐུན་པ་རུ་བསྟན་ནོ།། རྒྱུད་འདི་རུ་ནི་འཕྲིན་ལས་ཟུར་ཙམ་མོ།། བཀྲ་ཤིས་གསོལ་བ་དང། ཚེ་བྱ་བ་དང། དབང་བསྐུར་བ་དང། ལྷག་མའི་ཆོ་ག་བྱ་བ་དང། བསྟན་མ་བསྐྱང་བ་དང། གཏེར་དུ་སྦ་བ་དང། ཀུན་མཐུན་ནོ།། རྡོ་རྗེ་ཕུར་པ་བདུད་རྩི་ཐལ་སྦྱོར་གྱི་རྒྱུད་ལས། བདུད་རྩི་ཤར་བའི་བསྒྲུབ་ལུགས་སུ་བསྟན་པའི་ལེའུ་སྟེ་དྲུག་པའོ།།།། དེ་ནས་དབང་བསྟན་ཏེ། དཀྱིལ་འཁོར་ནི། འཁོར་ལོ་རྩིབས་བཞི་རུ་བྲི། རྫས་ནི་ཕུར་པ་དང། སྐུ་ཙ་ཀ་ལི་དང་གསུང་ཡིག་འབྲུ་དང། ཐུགས་ཕྱག་མཚན་དང་བསག་གོ། དེ་ནས་བགེགས་བསྐྲད་དེ། ཧཱུཾ། རྡོ་རྗེ་གསང་བའི་བཀའ་ལས་ནི།། སྡིག་ཅན་གང་ཞིག་འདའ་བྱེད་པ་དང། སྟོབས་ཆེན་ཁྲོ་བོ་ཆེན་པོ་ཡིས།། ཀླད་པ་ཚལ་པ་བརྒྱ་རུ་ཁོས།། ཉོན་ཅིག་བགེགས་དང་ལོག་འདྲེན་ཚོགས།། ང་ཡི་བཀའ་ལས་འདའ་མ་བྱེད།། ཨོཾ་མ་ར་ཡ་ཁ་ཐཾ་ཁ་ཐཾ། ཞེས་བགེགས་བསྐྲད་དོ།། དེ་ནས་བྱིན་དབབ་སྟེ། ཐབས་ཀྱི་སྤྱོད་པས་འགྲོ་དོན་དུ།། བྱམས་དང་སྙིང་རྗེས་གང་འདུལ་བ།། སངས་རྒྱས་འཕྲིན་ལས་རྫོགས་མཛད་ནས།། དབང་དང་བྱིན་རླབས་བདག་ལ་སྩོལ།། ཧཱུཾ་ཧཱུཾ་ཞེས་བྱིན་ཕབ། དེ་ནས་རྫས་ཀུན་དགོད། སྨན་དང་རཀྟ་ཡང་བྱིན་གྱིས་བརླབས། ཏིང་ངེ་འཛིན་རྣམ་པ་གསུམ་བསྒོམ་སྟེ། དང་པོ་དེ་བཞིན་ཉིད་བསྒོམ། ཀུན་ཏུ་བསྒོམ། རྒྱུའི་ཏིང་འཛིན་བསྒོམ། རྡོ་རྗེ་ཁྲོས་པས་ཞེ་སྡང་གཅོད། ། མཚོན་ཆེན་སྔོན་པོ་འབར་བ་ཡིས།། སྲོག་གི་གོ་རུ་ཤར་བ་དང།། སྙིང་གི་གོ་རུ་བསྒོམ་པར་བྱ།། ཨོཾ་ཡཾ་སྤར་ན་ཡཾ་རཾ་ཀེཾ་རཾ་བྲུཾ་བི་ཤུད་དྷེ། ཨེ་མཎྜལ་ཛྙཱ་ན་ཙཀྲ་བྲུཾ། ནམ་མཁའི་དཀྱིལ་ནས་ཐིགས་པར་ཤར། ཕུང་པོ་རྡོ་རྗེ་གཏམས་བྱས་ནས།། རྣམ་པར་ཤེས་པ་རྡོ་རྗེ་བསྒོམ།། ཡབ་ཡུམ་གཉིས་གསལ་བར་བསྐྱེད་དོ།། ཧཱུཾ། རྡོ་རྗེ་གཞོན་ནུ་རིགས་འཛིན་རྣམས།། སྲིད་པ་རྡོ་རྗེ་གྲུབ་མཛོད་ཅིག། སྲིད་པ་རྡོ་རྗེ་ཕུར་པའི་ལྷ།། ཡེ་ཤེས་ཁྲོ་བོ་གྲུབ་པར་མཛོད། ། སེ་གོལ་གཏོགས། སྲིད་པའི་ཕུར་བུ་བསྒྲུབ་པ་དང།། དབང་དང་དངོས་གྲུབ་བླང་པའི་ཕྱིར།། ཡེ་ཤེས་ཁྲོ་བོ་གཤེགས་སུ་གསོལ། ཛཿ་ཧཱུཾ་བཾ་ཧོ། ཐབས་ཀྱི་སྤྱོད་པ་འགྲོ་དོན་དུ། ། བྱམས་དང་སྙིང་རྗེས་གང་འདུལ་བ།། སངས་རྒྱས་འཕྲིན་ལས་རྫོགས་མཛད་ནས།། དབང་དང་བྱིན་རླབས་བདག་ལ་གསོལ།། ཨོཾ་ཨཱཾཿཧཱུཾ། བྱང་ཆུབ་མཆོག་ཏུ་སེམས་སྐྱེད་ཅིང།། དུས་གསུམ་རྒྱལ་བའི་གདུང་འཚོབ་པ། ། རིགས་འཛིན་བདག་ཅག་རྣམས་ལ་ནི།། རྟགས་དང་མཚན་མ་བསྟན་པ་དང།། ཀཱི་ལ་ཡ་ཡི་དངོས་གྲུབ་སྩོལ།། རྡོ་རྗེ་གཞོན་ནུའི་དངོས་གྲུབ་སྩོལ།། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ། ཀཱི་ལ་ཡ་ཡི་དངོས་གྲུབ་སྩོལ།། ཡེ་ཤེས་ཁྲོ་བོ་གཤེགས་ནས་ཀྱང།། རྟགས་དང་མཚན་མ་བསྟན་པ་དང།། ཀཱི་ལ་ཡ་ཡི་དངོས་གྲུབ་སྩོལ།། ཧཱུཾ་ཧཱུཾ་ཨོཾ་བཛྲ་ཀཱི་ལི་ཀཱྀ་ལ་ཡ། མཧཱ་པཉྩ་ཨ་མྲྀ་ཏ་ཁཱ་ཧི། སརྦ་བིགྷྣཱན་བཾ་ཧཱུཾ་ཕཊ། མ་ཧཱ་པཉྩ་ཨ་མྲྀ་ཏ་ཁཱ་ཧི། ཧཱུཾ། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང། དུས་གསུམ་རྒྱལ་བའི་གདུང་འཚོབ་པ།། རིགས་འཛིན་བདག་ཅག་རྣམས་ལ་ནི།། ཀཱི་ལི་ཡ་ཡི་དངོས་གྲུབ་གསོལ།། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ། སརྦ་བིགྷྣཱན་བཾ་ཧཱུཾ་ཕཊ། ཅི་མང་དུ་བཟླས་སོ།། དེ་ནས་འཛབ་ལ་ཡང་བསྟོད་དོ།། དེ་ནས་ཚོགས་བྱ་སྟེ། ཅི་འབྱོར་པ་བཏེག་ལ། ཧ་ན་ཧ་ན་ཧཱུཾ་ཕཊ། ཅེས་པས་ཉེས་པའི་སྐྱོན་ཐམས་ཅད་སྤངས་ལ། ཨོཾ་ཨ་བེ་ཤས་སྤེ་པ་ལ་སྤྲོས། ཛཿ་ཧཱུཾ་བཾ་ཧོས་དགུག། ཤི་ཀྲི་ཨ་ནས་བཅིངས་ལ། དམ་ཚིག་ཆེན་པོའི་དུས་ལ་བབ།། སྤྲུལ་པ་ཆེན་པོའི་དུས་ལ་བབ།། ཕྱག་བརྙན་ཚེན་པོའི་དུས་ལ་བབ།། ཤྭ་ན་མུ་ཁའི་དུས་ལ་བབ། ། བདག་ཉིད་ཆེན་པོའི་དུས་ལ་བབ།། ས་བདག་རྒྱལ་མོའི་དུས་ལ་བབ།། ཁྱེད་ཀྱི་དམ་ཚིག་དུས་ལ་བབ།། མཐུ་རྩལ་དབྱུང་བའི་དུས་ལ་བབ།། བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན། ཏ་ཐ་ཡ་མ་ར་ས་ན་ཡ་ཁ་ཁ་ཐཾ། ཚོགས་བཅད་ལ། དཔལ་རྡོ་རྗེ་གཞོན་ནུའི་ཞལ་དུ་ཁ་རཾ་ཁཱ་ཧི། ཡུམ་ཆེན་མོ་འཁོར་ལོ་རྒྱས་འདེབས་མའི་ཞལ་དུ་ཁ་རཾ་ཁཱ་ཧི། ཞེས་སྒྲུབ་པ་ཞག་གསུམ་བྱ། དེ་ནུབ་ཐ་མ་ལ་དབང་བསྐུར་ཏེ། ཆོ་ག་གཞུང་སྤྱི་དང་མཐུན། དབུས་ཀྱི་རྡོ་རྗེ་གཞོན་ནུའི་ཕུར་པ་བླངས་ལ། ཧོ། རྣལ་འབྱོར་པ་འདི་གསང་སྔགས་ཀྱི་སྒོར་ཞུགས་ནས།། ཡི་དམ་གྱི་ལྷ་དཔལ་རྡོ་རྗེ་གཞོན་ནུ་ལ་སོགས་ཏེ་རྡོ་རྗེ་གཞོན་ནུའི་དངོས་གྲུབ་ཐོབ་པར་གྱུར་ཅིག། ཡུམ་གྱི་རྫས་བླངས་ལ། ཧོ། རྣལ་འབྱོར་པ་འདི་དགྱེས་པར་སྤྱོད་པའི་ཡུམ་འཁོར་ལོ་རྒྱས་འདེབས་ཀྱི་སྒོར་ཞུགས་ནས། ཡུམ་འཁོར་ལོ་རྒྱས་འདེབས་ཀྱི་དངོས་གྲུབ་སྩོལ། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང། དུས་གསུམ་རྒྱལ་བའི་གདུང་འཚོབ་པ།། རིགས་འཛིན་བདག་ཅག་རྣམས་ལ་ནི།། ཀཱི་ལ་ཡ་ཡི་དངོས་གྲུབ་གསོལ།། ཡབ་ཡུམ་རྒྱན་རྣམས་དངོས་གྲུབ་སྩོལ། ཡབ་ཡུམ་རྒྱན་དག་ཆ་ལུགས་ཀྱིས་དབང་བསྐུར་རོ། ། སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ།། ངང་ཉིད་རྡོ་རྗེ་ཆོས་དབྱིངས་ལས།། འབར་བའི་ཁྲོ་བོ་མི་བཟད་པ།། སྐུ་ཡི་དབྱིག་ཏུ་བདག་བསྐྱེད་ཅིག། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ། ཞེས་སྐུ་ཙ་ཀ་ལིའི་དབང་བསྐུར་ཏེ། གོང་གི་ཚིག་བརྗོད་ལ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ།། གསུང་ཡིག་འབྲུ་ཡིས་དབང་བསྐུར་རོ།། གོང་གི་ཚིག་བརྗོད་ལ། ཐུགས་ཕྱག་མཚན་གྱིས་དབང་བསྐུར་རོ།། དེ་ལྟར་ཡབ་ཡུམ་གྱི་དབང་རྫོགས་པ་དང་བཀྲ་ཤིས་གསོལ། དངོས་གྲུབ་བླང། གཏོར་མ་གཏང། དཀྱིལ་འཁོར་བསྡུ། དེ་ནི་ཡབ་ཡུམ་གསང་བའི་དབང་རྣམས་ཐོབ་གྱུར་ན། འཁོར་གྱི་ཁྲོ་བོ་རྣམས་ཀྱི་དབང་རྣམས་ཞོར་ལ་འབྱུང་ངོ།། དེ་ནི་གསང་བའི་དབང་ཡིན་ནོ། ། རྡོ་རྗེ་ཕུར་པ་བདུད་རྩི་ཐལ་སྦྱོར་གྱི་རྒྱུད་ལས། ཡབ་ཡུམ་གསང་བའི་དབང་བསྐུར་བའི་ལེའུ་སྟེ་བདུན་པའོ།།།། དེ་ནས་ཡབ་ཡུམ་ཐབས་དང་ཤེས་རབ་ཀྱིས་དབང་བསྐུར་བར་བསྟན་ཏེ། མཎྜལ་མཐིང་ནག་གྲུ་གསུམ་པ་གཅིག་བྱ་རྫས་ནི་རྡོ་རྗེ་ཐོ་བ་དང། གཏུན་ཤིང་བཙལ། རྫས་ཀྱི་ར་བ་ཡབ་ནི་རྟོགས་པ་ཆེ་བ་དང། ཡུམ་ནི་སྐྲ་ལོ་བཟང་ལ་སོ་ཐགས་དམ།། ལུས་པོ་ཆ་སྙོམས་རྐེ་པ་ཕྲ། ཡིད་དུ་འོང་བའི་ཡུམ་བྱ། ། བསྒྲུབ་པ་མཚམས་གཅད་པ་རྣམས་སྤྱིར་མཐུན་ཏེ།། བཟླས་པའི་སྔགས་ནི། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ། ཨོཾ་ལཾ་ཧཱུཾ་ལཾ་སྟཾ་བྷ་ནན་ས་མ་ཡ་ཕེབས། བྱས་ཀྱིན་བཟླས་སོ།། དེ་ནས་འཛབ་བསྐུལ་བ་ནི། ཡབ་ཡུམ་ལག་པ་སྤེལ་བ་དགེགས་པ་སྤྱོད་དེ། ། རྡུངས་ཤིག་རྡོ་རྗེ་འབར་བའི་གཏུན།། ཡབ་ཀྱིས་ཆགས་པ་ཆེ་བའི་ང་རྒྱལ་བསྐྱེད།། བཀའ་ལས་འདའ་བྱེད་སྡིག་ཅན་རྣམས།། ཉོན་མོངས་པའི་བག་ཆགས་སམ།། ཉམས་པ་པོ་དེའི་མིག་ཡིན་པར་བསམ། ། རྡོ་རྗེ་མེ་དབལ་སྙིང་བསྲེགས་ནས།། ཡབ་ཀྱི་རྡོ་རྗེ་མེའི་དཔལ་བས་ཚ་བ་ཡི།། ལུས་ངག་རྡུལ་ཕྲན་བཞིན་དུ་རློགས།། ཉོན་མོངས་བག་ཆགས་རྡུལ་དུ་རློགས། ཁྲོ་མོ་འབར་བའི་གཏུན་ཁུང་དུ། ། ཡབ་ཀྱི་ཆགས་པ་བསྐྱེད་པ་ཡིན།། ཡུམ་གྱི་མཁའ་དེ་བསྐྱེད་པ་ཡིན།། རྡོ་རྗེ་ཐོ་བས་བརྡུངས་བྱས་ནས།། ཡབ་ཀྱི་རྡོ་རྗེ་ཡུམ་གྱི་མཁའ་ལ་བརྡུང།། ལྷ་ཡང་རུང་སྟེ་རླག་པར་བྱེད།། ཉོན་མོངས་བག་ཆགས་རླག་པར་འགྱུར། ། ཡུམ་གྱིས་ཡབ་ལ་འཁྱུད། ཡབ་ཀྱིས་ཡུམ་ལ་འཁྱུད། རྡོ་རྗེ་མཁའ་ལ་ཕབ། བྱང་ཆུབ་ས་བོན་དྲངས། དྲན་རྟོག་གི་རྟོག་པ་བཅད། དེ་བ་མཉམ་པ་ལ་གཞག། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་ལམ་སྟམ་པ་ནམ་ས་མ་ཡ་ཕེབས། ཅེས་སྔགས་བཟླས་པས་བྱང་ཆུབ་འབྱུང་ངོ།། བསྟོད་པ་བྱའོ།། ཚོགས་དང། ལྷག་མ་དང། དཀྱིལ་འཁོར་བསྡུ་བ་ནི་ཀུན་དང་མཐུན་ནོ།། རྡོ་རྗེ་ཕུར་བ་བདུད་རྩི་ཐལ་སྦྱོར་གྱི་རྒྱུད་ལས། ཐབས་ཤེས་རབ་ཀྱི་བསྒྲུབ་པ་སྟེ་ལེའུ་བརྒྱད་པའོ།།།། དེ་ནས་རྒྱུད་འབྱུང་བར་བསྟན་ཏེ། དམ་པ་བྱང་ཆུབ་སེམས་ཉིད་ནི།། ངེས་པར་འབྱུང་བའི་རྒྱུད་ཡིན་ཏེ།། རྒྱུད་འདི་དམ་པའི་ཆོས་ལས་འབྱུང། ། ཆོས་འདི་རིག་པའི་ངང་ལས་འབྱུང།། རིག་པ་བྱང་ཆུབ་རྟེན་འབྲེལ་ཡིན།། གསང་བ་བྱང་ཆུབ་ཀྱི་རྒྱུད།། རྡོ་རྗེ་སྐྱེ་མེད་ཀྱི་རྒྱུད། ཆོས་ཉིད་དག་པའི་རྒྱུད། ཐིག་ལེ་བྱང་ཆུབ་ཀྱི་རྒྱུད། བདུད་རྩི་བྱམས་མའི་རྒྱུད། སྒྲོལ་བ་ཁྲོ་བའི་རྒྱུད། ངེས་པ་རྫས་ཀྱི་རྒྱུད། འབྲེལ་པ་སྲུང་མའི་རྒྱུད། འཁོར་བ་སྲོག་སྙིང་གི་རྒྱུད། དགྱེས་པ་སྟོན་པའི་རྒྱུད། གཞི་རང་བྱུང་གྲུབ་པའི་རྒྱུད། ཐིག་ལེའི་རྒྱུད། སྣང་སྲིད་བདུད་རྩིའི་རྒྱུད། དེ་དག་ཐམས་ཅད་ཡང་དག་པ་ཆོས་ཉིད་ཕུར་པ་ལས་འབྱུང་བའི་རྒྱུད་དོ། ། རྒྱུད་ལ་རྒྱུད་དུ་ལས་པ་མེད། རིགས་པ་འགྲོ་བའི་རྒྱུད་དུ་བསྟན།། རྡོ་རྗེ་ཕུར་པ་བདུད་རྩི་ཐལ་སྦྱོར་གྱི་རྒྱུད་ལས། རྒྱུད་འབྱུང་བའི་ལེའུ་སྟེ་དགུ་པའོ། །།། ཆོས་ཉིད་རྣམ་པར་དག་པ་དང།། ཤེས་རབ་བློ་ལྡན་བསྒྲུབ་པ་ཡིས། རིག་པ་རྟོགས་པའི་དམ་ཆོས་ཀྱང། ཤེས་རབ་བློ་ལྡན་དེ་ལ་གཏད།། མ་རིག་ཀུན་ལ་གཏན་མི་བྱ།། འབྲས་བུ་ཐོབ་བྱའི་བདུད་རྩི་འདི། ། སྐལ་ལྡན་གཅིག་ལ་གཏད་པར་བྱ།། ལམ་དུ་འཇུག་པའི་བདུད་རྩི་འདི།། ལས་འཕྲོ་ཅན་ལ་གཏད་པར་བྱ།། ས་ལས་བགྲོད་པའི་བདུད་རྩི་འདི།། དམ་ཚིག་ཅན་ལ་གཏད་པར་བྱ།། གཉིས་མེད་ཐོབ་པའི་བདུད་རྩི་འདི། ། རྟོག་པ་ཅན་ལ་གཏད་པར་བྱ།། བདུད་རྩི་དམ་པའི་ལམ་ལ་འཇུག། ལས་དང་སྐལ་བ་ལྡན་པ་ལ།། དམ་ཆོས་འདི་དག་འཕྲད་པར་ཤོག། རྡོ་རྗེ་ཕུར་པ་བདུད་རྩི་ཐལ་སྦྱོར་གྱི་རྒྱུད་ལས། རྒྱུད་གཏད་པའི་ལེའུ་སྟེ་བཅུ་པའོ། །།། གསང་སྔགས་རྡོ་རྗེ་ཐེག་པའི་ལས།། ཐབས་ཀྱི་བརྟེན་པའི་རྫས་རྣམས་ལ།། འབྲས་བུ་ཐོབ་པའི་ཐབས་བསྟན་ནི།། རང་བཞིན་གྲུབ་པའི་ཐབས་བསྟན་ནོ།། གཅིག་དང་དུ་མ་བརྗོད་ལས་འདིས། ། བྱང་ཆུབ་བསྒྲུབ་པའི་དོན་རྫོགས་སོ།།།།

CLOSE WINDOW