CLOSE WINDOW

Gpb045.024: རྡོ་རྗེ་ཕུར་པ་རྩ་བ་ཐུགས་ཀྱི་རྒྱུད་ཅེས་བྱ་བ
Wylie

རྒྱ་གར་སྐད་དུ། བཛྲ་ཀཱི་ལ་ཡ་མཱུ་ལ་ཙིཏྟ་ནཱ་མ་ཏནྟྲ། བོད་སྐད་དུ། རྡོ་རྗེ་ཕུར་པ་རྩ་བ་ཐུགས་ཀྱི་རྒྱུད་ཅེས་བྱ་བ། དཔལ་རྡོ་རྗེ་ཁྲོས་པའི་རྒྱལ་པོ་ལ་ཕྱག་འཚལ་ལོ།། འདི་སྐད་བསྟན་པའི་དུས་གཅིག་ན། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ཉིད། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང། གསུང་དང། ཐུགས་དང། ཡོན་ཏན་དང། འཕྲིན་ལས་མ་ལུས་པའི་བདག་ཉིད། ཡེ་ཤེས་རོལ་པའི་ཆོ་འཕྲུལ་སྣ་ཚོགས་རྣམ་པར་འཕྲུལ་པ་ལ་མངའ་བརྙེས་པ་ཉིད་འོག་མིན་གྱི་གནས་ལྷུན་གྱིས་གྲུབ་པའི་ཕོ་བྲང་ཡུམ་གྱི་མཁའ་ཡེ་ཤེས་ཀྱི་རྒྱན་རྣམ་པ་སྣ་ཚོགས་ཀྱིས་ཀླབས་པ་ན། རིགས་ཀྱི་ཡབ་དང།། རིགས་ཀྱི་ཡུམ་དང། སེམས་དཔའ་དང། ། སེམས་མ་དང། སྒོ་བ་དང། སྒོ་མ་དང། གཞན་ཡང་དེ་ལས་སྤྲུལ་པའི་འཁོར་གྲངས་མེད་པ་དང་ཐབས་གཅིག་ཏུ་བཞུགས་སོ།། རྡོ་རྗེ་ཕུར་བ་རྩ་བ་ཐུགས་ཀྱི་རྒྱུད་ལས།། གླིང་གཞིའི་ལེའུ་སྟེ་དང་པོའོ།།།། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་འཁོར་དང་བཅས་པ་ཆོས་ཉིད་ཞི་བ་ཆེན་པོའི་ཆོ་འཕྲུལ་བདེ་བ་ཆེན་པོའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། མཛད་སྤྱོད་ཐམས་ཅད་ཡེ་ཤེས་ཀྱི་དོན་ལ་གནས་པར་གྱུར་ཏོ། ། དེའི་ཚེ་དེའི་དུས་ན་ལོག་པའི་ལམ་ལ་ཞན་ཏེ། དངོས་པོ་ལ་མངོན་པར་འཆེལ་བ་ང་རྒྱལ་གྱི་མཐུས་བསྙེམས་པའི་རུ་དྲག་ནག་པོ་ཞེས་བྱ་བ་ཞིག། སངས་རྒྱས་ཀྱི་བསྟན་པ་ལ་མ་དད་ཅིང་འགྲོ་བ་རྣམས་ལ་གནོད་པར་བྱེད་དེ། དེ་ལ་བཅོམ་ལྡན་འདས་འཁོར་དང་བཅས་པ་ཐམས་ཅད་དགོངས་པ་གཅིག་ཏུ་གྱུར་ནས། གདན་ཚོམས་བཅས་ཏེ་བཀའ་བགྲོས་པ་ལས། ཞི་བས་མི་འདུལ་ཏེ་རོལ་པའི་མཛད་སྤྱོད་ཀྱིས་འདུལ་བར་གཟིགས་ནས། བཅོམ་ལྡན་འདས་ཉིད་ཀྱིས་དཔལ་རྡོ་རྗེ་ཁྲོས་པའི་རྒྱལ་པོར་སྤྲུལ་ནས་རིགས་ལྔའི་སངས་རྒྱས་ལ་སོགས་པ་རྣམས་ཐུགས་ཀར་བསྡུས་ཏེ། དུར་ཁྲོད་ཀྱི་གཞལ་ཡས་ཁང་དང། ཁྲོ་བོའི་དཀྱིལ་འཁོར་གྱི་སྐུར་མངོན་པར་འདུ་མཛད་དེ། ཐུགས་ཀ་ནས་ཡུམ་འཁོར་ལོ་རྒྱས་འདེབས་མ་སྤྲུལ་ནས། གཉིས་སུ་མེད་པའི་སྤྲུལ་པ་ལས་ཁྲོ་བོ་སྲས་མཆོག་སྤྲུལ་ནས་རུ་ཏྲ་བསྒྲལ་ནས་བཏུལ་ལོ།། ཐུགས་ཀ་ནས་ཁྲོ་བོ་བཅུ་དང། ཁྲོ་མོ་བཅུ་སྤྲུལ་ནས། རུ་དྲའི་འཁོར་ན་གནས་པའི་ཕྱོགས་སྐྱོང་བཅུ་དང་དེའི་ཆུང་མ་རྣམས་བཏུལ་ལོ།། དེའི་ཉེ་འཁོར་རྣམས་ལ་མགོ་བརྙན་ཉི་ཤུ་སྤྲུལ་ནས་བཏུལ་ལོ།། རུ་དྲའི་འཁོར་ན་ཚངས་པ་དང། ཉེ་དབང་དང། དབང་ཕྱུག་དང། ཁྱབ་འཇུག་རྣམས་གནས་པ་ནི་ཡབ་ཡུམ་མཁའ་ལས་སངས་རྒྱས་འདུས་པ་དང། རིན་ཆེན་འདུས་པ་དང། པདྨ་འདུས་པ་དང། ལས་རབ་འདུས་པའི་སྲས་མཆོག་རྣམས་སྤྲུལ་ནས་བཏུལ་ལོ། ། དེ་ནས་དྲེགས་པ་དེའི་སླས་དང། བུ་མོ་དང། ཆུང་མ་དང། མ་དང། སྲིང་མོ་རྣམས་ལ་མ་ཆགས་ཐབས་ཀྱི་སྦྱོར་བ་མཛད་དེ་དམ་ལ་བཏགས་ཏེ་འཁོར་དུ་བྱས་སོ།། དེ་བཞིན་དུ་བསེའི་ལྷ་མོ་བཞི་དང། བདག་ཉིད་མ་བཞི་དང། ཤྭ་ན་མུ་ཁ་བཞི་ལ་སོགས་པས་སྲོག་གི་སྙིང་པོ་ཕུལ་ནས་ཕུར་པའི་སྲུང་མར་དབང་བསྐུར་ཏེ་དམ་ལ་བཏགས་སོ།། དེའི་ཚེ་འཇིག་རྟེན་དྲུག་གི་ཕྱོགས་མཚམས་ཐམས་ཅད་གཡོས་ཤིང་ཁྲུགས་ཏེ། ཐམས་ཅད་དཔལ་རྡོ་རྗེ་གཞོན་ནུའི་གཞལ་ཡས་ཁང་དཀྱིལ་འཁོར་གྱི་ལྷའི་ངོ་བོར་ཤར་ཏེ། རོལ་པའི་མཛད་སྤྱོད་ཡེ་ཤེས་ཀྱི་ངང་དུ་གྱུར་ཏོ།། རྡོ་རྗེ་ཕུར་པ་རྩ་བ་ཐུགས་ཀྱི་རྒྱུད་ལས། དྲེགས་པ་བཏུལ་ནས་ཆོ་འཕྲུལ་བསྟན་པའི་ལེའུ་སྟེ་གཉིས་པའོ། །།། དེའི་ཚེ་དེའི་དུས་ན་བཅོམ་ལྡན་འདས་ཉིད་ཀྱིས་དྲག་པོའི་རྟུམ་རྔམ་ཚིག་ཏུ་སྐད་ཅེས་བཀའ་སྩལ་ཏོ།། རྡོ་རྗེ་ཁྲོས་པས་ཞེ་སྡང་གཅོད།། དེ་བཞིན་རིམ་པ་ཇི་བཞིན་དུ། ། མཚོན་ཆེན་སྔོན་པོ་འབར་བ་ཡི།། ནམ་མཁའ་དཀྱིལ་ནས་ཐིགས་པ་ཤར།། སྲོག་གི་སྒོ་རུ་ཤར་བ་དང།། སྙིང་གི་གོ་རུ་བསྒོམ་པར་བྱའོ།། སྙིང་རྗེས་བསྒྲལ་བའི་དམ་ཚིག་ནི། གསད་ཅིང་མནན་པ་མ་ཡིན་ཏེ། ། ཕུང་པོ་རྡོ་རྗེ་གཏམ་བྱས་ནས།། རྣམ་པར་ཤེས་པ་རྡོ་རྗེ་བསྒོམ། ཨོཾ་བཛྲ་ཀཱི་ལི་ཀཱྀ་ལ་ཡ་སརྦ་བིགྷ་ནན་བཾ་ཧཱུཾ་ཧཱུཾ་ཕཊ། རྡོ་རྗེ་གཞོན་ནུའི་རིགས་འཛིན་རྣམས།། སྲིད་པའི་རྡོ་རྗེ་གྲུབ་མཛོད་ཅིག། སྲིད་པ་རྡོ་རྗེ་ཕུར་པའི་ལྷ། ། ཡེ་ཤེས་ཁྲོ་བོ་གྲུབ་པར་མཛོད།། སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ།། ངང་ཉིད་རྡོ་རྗེ་ཆོས་དབྱིངས་ལས།། འབར་བའི་ཁྲོ་བོ་མི་བཟད་པ།། སྐུ་ཡི་དབྱིག་ཏུ་བདག་བསྐྱེད་ཅིག། ཐབས་ཀྱིས་སྤྱོད་པས་འགྲོ་དོན་དུ། ། བྱམས་དང་སྙིང་རྗེ་གང་འདུལ་བ།། སངས་རྒྱས་འཕྲིན་ལས་རྫོགས་མཛད་ནས།། དབང་དང་བྱིན་རླབས་འདིར་སྩོལ་ཅིག། ཨོཾ་བཛྲ་ཀྲོ་དྷ་ཧཱུཾ་ཀཱ་ར་ཧཱུཾ། གརྫ་གརྫ་ཧཱུཾ་ཕཊ། ཁྲོ་བོ་ཆེན་པོ་ཧཱུཾ་ཀ་ར་དང། ཡུམ་རྡོ་རྗེ་སྒྲ་འབྱིན་མ། སྤྲུལ་པའི་འཕྲ་མེན་མ་ཕག་གི་མགོ་ཅན་དང། སྨིགས་བུའི་མགོ་ཅན་ནོ།། ཨོཾ་བཛྲ་ཀྲོ་དྷ་བ་ཛི་ཡ་ཧཱུཾ་ཧཱུཾ་ཧ་ན་ཧ་ན་ཧཱུཾ་ཕཊ། ཁྲོ་བོ་ཆེན་པོ་རྣམ་པར་རྒྱལ་བ་དང། ཡུམ་རྡོ་རྗེ་རྣམ་བསྙེམས་མ། སྤྲུལ་པའི་འཕྲ་མེན་མ་སྟག་གི་མགོ་ཅན་དང། བྱ་རྒོད་ཀྱི་མགོ་ཅན་ནོ།། ཨོཾ་བཛྲ་ཀྲོ་དྷ་ནཱི་ལ་དན་ཌ་ཧཱུཾ། ད་ཧ་ད་ཧ་ཧཱུཾ་ཕཊ། ཁྲོ་བོ་ཆེན་པོ་དབྱུག་པ་སྔོན་པོ་དང། ཡུམ་རྡོ་རྗེ་སྡེར་མོ། སྤྲུལ་པའི་འཕྲ་མེན་མ། གཡག་གི་མགོ་ཅན་དང། བྱ་རོག་གི་མགོ་ཅན་ནོ།། ཨོཾ་བཛྲ་ཀྲོ་དྷ་ཡ་མན་ཏ་ཀ་ཧཱུཾ། པ་ཙ་པ་ཙ་ཧཱུཾ་ཕཊ། ཁྲོ་བོ་ཆེན་པོ་གཤིན་རྗེ་གཤེད་པོ་དང། ཡུམ་རྡོ་རྗེ་དུར་ཁྲོད་ཀྱི་བདག་མོ། སྤྲུལ་པའི་འཕྲ་མེན་མ་ཤྭ་བའི་མགོ་ཅན་དང། འུག་པའི་མགོ་ཅན་ནོ། ཨོཾ་བཛྲ་ཀྲོ་དྷ་ཨཱརྱ་ཨ་ཙ་ལ་ཧཱུཾ། བན་དྷ་བན་དྷ་ཧཱུཾ་ཕཊ། ཁྲོ་བོ་ཆེན་པོ་མི་གཡོ་མགོན་པོ་དང། ཡུམ་རྡོ་རྗེ་གཏུན་ཁུང་མ། གཟིག་གི་མགོ་ཅན་དང། ཁྭའི་མགོ་ཅན་ནོ།། ཨོཾ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་བ་ཧཱུཾ། ཧུ་ལུ་ཧུ་ལུ་ཧཱུཾ་ཕཊ། ཁྲོ་བོ་ཆེན་པོ་རྟ་མགྲིན་དང།། ཡུམ་རྡོ་རྗེ་གཏུམ་མོ།། སྤྲུལ་པའི་འཕྲ་མེན་མ་བྱི་ལའི་མགོ་ཅན་དང། པུ་ཤུད་ཀྱི་མགོ་ཅན་ནོ།། ཨོཾ་བཛྲ་ཀྲོ་དྷ་ཨ་པ་རཱ་ཛི་ཏ་ཧཱུཾ། ཏིཥྟ་ཏིཥྟ་ཧཱུཾ་ཕཊ། ཁྲོ་བོ་ཆེན་པོ་གཞན་གྱིས་མི་ཐུབ་པ་དང། ཡུམ་རྡོ་རྗེ་མདའ་བསྙེགས་མ། སྤྲུལ་པའི་འཕྲ་མེན་མ་སྤྱང་ཀིའི་མགོ་ཅན་དང། ཁྲའི་མགོ་ཅན་ནོ།། ཨོཾ་བཛྲ་ཀྲོ་དྷ་ཨ་མྲྀ་ཏ་ཀུ་ཎྜ་ལི་ཧཱུཾ། ཚིན་ད་ཚིན་ད་ཧཱུཾ་ཕཊ། ཁྲོ་བོ་ཆེན་པོ་བདུད་རྩི་འཁྱིལ་བ་དང། ཡུམ་རྡོ་རྗེ་རླུང་འབྱིན་མ། སྤྲུལ་པའི་འཕྲ་མེན་མ་སེང་གེའི་མགོ་ཅན་དང། ཕ་ཝང་གི་མགོ་ཅན་ནོ།། ཨོཾ་བཛྲ་ཀྲོ་དྷ་ཏྲཻ་ལོཀྱ་པི་ཛ་ཡ་ཧུཾ། བྷི་ན་ད་བྷི་ན་ད་ཧཱུཾ་ཕཊ། ཁྲོ་བོ་ཆེན་པོ་ཁམས་གསུམ་རྣམ་པར་རྒྱལ་བ་དང། ཡུམ་རྡོ་རྗེ་གསོད་བྱེད་མ། སྤྲུལ་པའི་འཕྲ་མེན་མ་དྲེད་མགོ་ཅན་དང། ཟེ་མོའི་མགོ་ཅན་ནོ།། ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་བ་ལ་ཧཱུཾ། སྥོ་ཊ་སྥོ་ཊ་ཧཱུཾ་ཕཊ། ཁྲོ་བོ་ཆེན་པོ་སྟོབས་པོ་ཆེ་དང། ཡུམ་རྡོ་རྗེ་བསྐྱོད་ཆེན་མ། སྤྲུལ་པའི་འཕྲ་མེན་མ་དོམ་གྱི་མགོ་ཅན་དང། བྱི་བའི་མགོ་ཅན་གྱིས་གཏམས་པའོ།། སྲིད་པའི་ཕུར་བུ་བསྒྲུབ་པ་དང།། དབང་དང་དངོས་གྲུབ་བླང་བའི་ཕྱིར།། ཡེ་ཤེས་ཁྲོ་བོ་གཤེགས་སུ་གསོལ། ། ཁྲོ་བོ་ཆེན་པོ་གཤེགས་ནས་ཀྱང། རྟགས་དང་མཚན་མ་བསྟན་པ་དང།། ཀཱི་ལ་ཡ་ཡི་དངོས་གྲུབ་གསོལ། དམ་ཚིག་ཆེན་པོའི་དུས་ལ་བབ།། སྤྲུལ་པ་ཆེན་པོའི་དུས་ལ་བབ།། ཕྱག་བརྙན་ཆེན་པོའི་དུས་ལ་བབ། ། ཤྭ་ན་མུ་ཁའི་དུས་ལ་བབ།། བདག་ཉིད་ཆེན་མོའི་དུས་ལ་བབ། ས་བདག་ཆེན་མོའི་དུས་ལ་བབ། ཁྱེད་ཀྱི་འཕྲིན་ལས་དུས་ལ་བབ།། མཐུ་རྩལ་དབྱུང་བའི་དུས་ལ་བབ།། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ལ། ཁམས་གསུམ་རྒྱལ་བའི་གདུང་སོབ་པའི།། རིགས་འཛིན་བདག་ཅག་རྣམ་ས་ལ་ནི།། གནོད་ཅིང་གདུག་པའི་དགྲ་དང་བགེགས། བདུད་དང་བར་དུ་གཅོད་པ་རྣམས། ཁྲོ་བོ་ཆེན་པོའི་བྱིན་རླབས་ཀྱིས།། ཡུད་ཙམ་གྱིས་ནི་འདིར་བཀུག་ནས། ། མངོན་སྤྱོད་ཚུལ་བཞིན་བསྒྲལ་བ་དང།། ལུས་ངག་རྡུལ་དུ་ཤིག་ནས་ཀྱང།། སྡུག་བསྔལ་ཉམས་སུ་མྱོང་བར་མཛོད། ཨོཾ་ལཾ་ཧཱུཾ་ལཾ་སྟཾ་པ་ནན། མོ་ཧ་གྷ་ཡ་བྷ་ག་བན། ཤི་ཀྲི་བི་ཀྲི་བཛྲ་ཧཱུཾ་ཀཱ་ར་ཧཱུཾ་ཧཱུཾ་ཕཊ་ཕཊ། བཛྲ་ཀཱི་ལི་ཀཱི་ལ་ཡ། ཛཿཧཱུཾ་བཾ་ཧོ། སརྦ་བགྷི་ནན། བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུཾ་ཕཊ། བཛྲ་ཧཱུཾ་ཀ་ར་ཧཱུཾ་ཨ། དངོས་གྲུབ་བར་གཅོད་བྱེད་པའི་བགེགས། གདུག་ཅིང་སྡང་སེམས་ལྡན་པ་རྣམས། ། ཟུང་ཞིག་སྡོམས་ཤིག་རྣམ་པར་ཆིངས། གཏོགས་ཤིག་གྲོགས་དང་བྲལ་བར་གྱིས། རིངས་པར་ཁུག་ལ་སྨྲར་ཆུག་ཅིག། ཕོབ་ཅིག་རྣམ་པར་གཟིར་བར་གྱིས། ང་ཡི་དབང་དུ་གྱུར་ནས་ཀྱང།། བསྒོ་བའི་བཀའ་རྣམས་ཉན་པར་གྱིས། ། ཧཱུཾ་པ་ར་བདི་དན་ཚིན་ད་ཚིན་ད་ཧཱུཾ་ཕཊ། བྷིན་ད་བྷིན་ད་ཧཱུཾ་ཕཊ། གྲྀ་ཧྞ་གྲྀ་ཧྞ་ཧཱུཾ་ཕཊ། ཧ་ན་ཧ་ན་ཧཱུཾ་ཕཊ། བན་དྷ་བན་དྷ་ཧཱུཾ་ཕཊ། ཏ་ཐ་ཡ་ཏ་ཐ་ཡ་ཧཱུཾ་ཕཊ། ཧ་ས་ཡ་ར་ཧ་ཏ་ན་ཧཱུཾ་ཕཊ། ཤི་ཀྲིན་ཨཱ་ན་ཡ་ཧཱུཾ་ཕཊ། ཛ་ལ་པ་ཡ་ཛ་ལ་པ་ཡ་ཧཱུཾ་ཕཊ། ཨཱ་བེ་ཤ་ཡ་ཨཱ་བེ་ཤ་ཡ་ཧཱུཾ་ཕཊ། བྷིན་ད་ཡ་བྷིན་ད་ཡ་ཧཱུཾ་ཕཊ། བྲན་དང་བཀའ་ཉན་ཕོ་ཉའི་ཚོགས། ཁྱེད་ཀྱི་དམ་ཚིག་དུས་ལ་བབ། སྔོན་ཆད་ཇི་ལྟར་དམ་བཅས་པ། སྔོན་སྤྱོད་འཕྲིན་ལས་མྱུར་དུ་མཛོད། ཧ་ན་ཧ་ན་བཛྲ། ད་ཧ་ད་ཧ་བཛྲ། པ་ཙ་པ་ཙ་བཛྲ། མ་ཐ་མ་ཐ་བཛྲ། ཛྭ་ལ་ཛྭ་ལ་བཛྲ། སུ་རུ་སུ་རུ་བཛྲ། མུ་རུ་མུ་རུ་བཛྲ། ཀ་ཏཾ་ཀ་ཏེ་ཛ་ཡེ་བི་ཛ་ཡི། ཨ་ཛི་ཏེ། ཨ་པ་རཱ་ཛི་ཏེ། མ་ར་ས་ན་པྲ་མར་རྟ་ནི་ཡེ་ཕཊ། རྡོ་རྗེ་གསང་བའི་བཀའ་ལས་ནི།། སྡིག་ཅན་གང་ཞིག་འདའ་བྱེད་པ།། སྟོབས་ཆེན་ཁྲོ་བོ་ཆེན་པོ་ཡིས།། ཀླད་པ་ཚལ་པ་བརྒྱ་རུ་ཁོས།། ཉོན་ཅིག་བགེགས་དང་ལོག་འདྲེན་ཚོགས། ། ང་ཡི་བཀའ་ལས་འདའ་མ་བྱེད།། མ་མ་བ་ཤང་ཀུ་རུ་མ་དམ་ཉ་ཀ་ར་ཨི་ནན་དྷ་ཏི་མ་མ་ཀར་མ་ཤི་ཀྲཾ་ཀ་རེ་ཡ། གདུག་ཅིང་སྡང་སེམས་ལྡན་པ་རྣམས།། ལྷ་འམ་འོན་ཏེ་བདུད་ཀྱང་རུང། ། ང་ལ་བར་ཆོད་བྱེད་པ་རྣམས།། མཐུ་དང་རྫུ་འཕྲུལ་མེད་པར་བྱོས།། སརྦ་ཨཱ་ན་ཡ་ཧཱུཾ་ཕཊ། ཏད་ཡ་ཐཱ་ཏད་ཡ་ཐཱ་ཧཱུཾ་ཕཊ། རྡུངས་ཤིག་རྡོ་རྗེ་འབར་བའི་གཏུན། བཀའ་ལས་འདའ་བྱེད་སྡིག་ཅན་རྣམས།། རྡོ་རྗེ་མེ་དབལ་སྙིང་བསྲེགས་ནས། ། ལུས་ངག་རྡུལ་ཕྲན་བཞིན་དུ་ལྷོགས། ཁྲོ་མོ་འབར་བའི་གཏུན་ཁུང་དུ།། རྡོ་རྗེ་ཐོ་བས་བརྡུངས་བྱས་ནས།། ལྷ་ཡང་རུང་སྟེ་རླག་པར་འགྱུར།། གནོད་བྱེད་དགྲ་བགེགས་སྨོས་ཅི་དགོས། ཁ་ཐཾ་ཁ་ཐཾ་ཁ་ཐཾ། ཧཱུཾ་ཧཱུཾ་ཧཱུཾ། ཕཊ་ཕཊ་ཕཊ། བཛྲ་ཡག་ཤ་ཀྲོ་དྷ་ཁ་ཁ། ཁཱ་ཧི་ཁཱ་ཧི། ཧ་ཧ་ཧ། ཧཱུཾ་ཧཱུཾ་ཧཱུཾ། ཕཊ་ཕཊ་ཕཊ། གསང་སྔགས་ཀྱི་བྱིན་རླབས་སོ།། སངས་རྒྱས་ཀྱི་མཐུའོ།། ཨ་བི་ར་ཙའི་དུས་ལ་བབ་བོ།། བརྣག་པ་དེ་ཁོ་ན་ལའོ། ། བཛྲ་ཀཱི་ལ་ཡ་ཞེས་ཉི་ཤུ་རྩ་གཅིག། ཀཱི་ལ་ཡ་ཞེས་བཅོ་བརྒྱད། དཀར་གནག་གི་མཚམས་སུའོ། ཧཱུཾ་ཧཱུཾ་ཧཱུཾ། ཕཊ་ཕཊ་ཕཊ། ཅེས་བཟླས་པར་བྱའོ་ཞེས་གསུངས་སོ།། རྡོ་རྗེ་ཕུར་པ་རྩ་བ་ཐུགས་ཀྱི་རྒྱུད་ལས། དཔལ་རྡོ་རྗེ་གཞོན་ནུའི་རྩ་བའི་དོན་དངོས་སུ་བསྟན་པའི་ལེའུ་སྟེ་གསུམ་པའོ།།།། དེ་ནས་གཞན་ཡང་བཀའ་སྩལ་པ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུཾ་ཕཊ། བསྙེན་ཕུར་གྱི་སྔགས་སོ།། ཨོཾ་བུད་དྷ་ཀཱི་ལི་ཀཱི་ལ་བ་དི་ཡ་བིང་བིང་ཧཱུཾ་ཕཊ། ཞེས་པ་སྟེ་བྱ་ཕུར་གྱི་སྔགས་སོ།། ཨོཾ་རཏྣ་ཀཱི་ལི་ཀཱི་ལ་ཡ་ན་མ་ས་མན་ཏ་ཧིང་ཧིང་ཧཱུཾ་ཕཊ། སྐྱེར་ཕུར་གྱི་སྔགས་ཏེ་རྒྱས་པའོ།། ཨོཾ་པདྨ་ཀཱི་ལི་ཀཱི་ལ་ཡ་སུ་རུ་སུ་རུ་པྲ་སུ་རུ་ཧཱུཾ་ཕཊ། མཆོག་ཕུར་གྱི་སྔགས་ཏེ་དབང་གིའོ། ། ཨོཾ་ཀརྨ་ཀཱི་ལི་ཀཱི་ལ་ཡ་མཱ་ར་ཡ་མཱ་ར་ཡ་ཧཱུཾ་ཕཊ། ལྕགས་ཕུར་གྱི་སྔགས་ཏེ་དྲག་པོའོ།། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཀཱ་ཡ་བཛྲ་ཨོཾ་ཛ་ལ་ཛ་ལ། སྥུ་ཏ་སྥུ་ཏ་སརྦ་ན་ས་པ་ན་ཡེ་ཧཱུཾ་ཕཊ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་བཱ་ཀ་བཛྲ། ཨོཾ་སརྦ་དུཥྟན་ཧྲི་ད་ཤོ་ད་ཡ་ཧཱུཾ་ཕཊ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཙིཏྟ་བཛྲ་ཧཱུཾ་ཙིཏྟ་ཧུཾ་ཕཊ། ཅེས་སྐུ་གསུང་ཐུགས་ཀྱི་སྔགས་སོ།། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་པེ་ཏ་ལི་མཎྜལ་རག་ཀྵ་རག་ཀྵ་ཧཱུཾ་ཕཊ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་མ་ཀུ་ལ་ཏ་ལ་ཏ་ལ་ཏ་ལ་པྲ་ཏ་ལ་ཧཱུཾ་ཕཊ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་མ་ཧཱ་རཀྟ་ཧཱུཾ་ཕཊ། དབྱུག་བརྡེག་བདུག་པ་བྱ་བའི་སྔགས་སོ། ཞེས་གསུངས་སོ། རྡོ་རྗེ་ཕུར་པ་རྩ་བ་ཐུགས་ཀྱི་རྒྱུད་ལས། སྲས་མཆོག་ལྔའི་སྔགས་དང་དབྱུག་བརྡེག་བདུག་ཅིང་བྱིན་གྱིས་བརླབས་པར་མཛད་པའི་ལེའུ་སྟེ་བཞི་པའོ།།།། དེ་ནས་བཅོམ་ལྡན་འདས་དཔལ་རྡོ་རྗེ་གཞོན་ནུ་ལ། རྡོ་རྗེ་འདུས་པའི་སྲས་མཆོག་ཀཱི་ལི་ཡས་འདི་སྐད་ཅེས་གསོལ་ཏོ།། ཨེ་མ་ཧོ་རྡོ་རྗེ་ཁྲོས་པའི་སྐུ།། དེ་ལྟར་སྐུ་གསུང་ཐུགས་དང་ནི།། ཡོན་ཏན་འཕྲིན་ལས་འདུས་པ་ཡི། ། དྲེགས་པ་བསྒྲལ་བ་ངོ་མཚར་ཆེ།། གཏུམ་རྔམ་ཚིག་ཏུ་གསུངས་པ་ཡི།། རྡོ་རྗེ་ཕུར་པ་རྩ་བ་ཉིད།། དེ་དོན་བསྒྲུབ་པ་ཇི་ལྟར་ལགས།། རིམ་པར་བདག་ལ་བཤད་དུ་གསོལ།། ཅེས་གསོལ་བས། བཅོམ་ལྡན་འདས་རྡོ་རྗེ་གཞོན་ནུས་བཀའ་རྩལ་པ་ཉོན་ཅིག་རྡོ་རྗེ་འདུས་པའི་སྲས། རྡོ་རྗེ་ཕུར་པ་བསྒྲུབ་འདོད་པས།། ཕུན་སུམ་ཚོགས་པའི་སློབ་དཔོན་དང།། གནས་དང་འཁོར་དང་ཡོ་བྱད་རྣམས།། དུས་ཚོད་ལྡན་པས་བ་སྒྲུབ་པར་བྱ། ། ཕྱི་ནང་བཤགས་པར་བྱ་བ་དང།། ལྟོ་འཕྱེའི་གཞུང་རྣམས་བརྟགས་ནས་ནི།། ས་ཆོག་བྱ་ཞིང་སྟེགས་བུ་བརྩིག། དཀྱིལ་འཁོར་བྲི་ཞིང་ཕུར་བུ་དང།། རྫས་རྣམས་རིམ་པར་དགོད་པར་བྱ།། ཕྱི་ནང་གསང་བའི་མཚམས་བཅད་ནས། ། ལས་ཀྱི་རིམ་པ་རྫོགས་བྱས་ལ།། ཏིང་འཛིན་རྣམ་པ་གསུམ་བསྒོམས་ནས།། གཞལ་ཡས་ཁང་བསྐྱེད་གདན་སྟེངས་སུ། དཀྱིལ་འཁོར་རྣམ་གསུམ་ལྷར་བསྐྱེད་དེ།། དེ་ཡང་ཕྱི་ནང་གསང་བའི་ཚུལ། ཕྱི་ལྟར་གཞལ་ཡས་ནང་དུ་བསྒོམ། ནང་ལྟར་བདག་ཉིད་ལུས་ལ་བསྒོམ།། གསང་ལྟར་ཐུགས་ལ་བསྒོམ་པར་བྱ།། ཡེ་ཤེས་སྲོག་ལ་དབང་བསྐུར་ཏེ།། རང་བཞིན་དཀྱིལ་འཁོར་སྤྱན་དྲངས་ལ། ། སྨན་དང་གཏོར་མ་རཀྟ་དང།། སྒྲོལ་བ་དང་ནི་སྦྱོར་བ་ཡིས།། མཆོད་དབུལ་སྨོན་ལམ་གདབ་པར་བྱ།། དེ་ནས་འཛབ་བཟླས་ཐུགས་དམ་བསྐུལ།། དུས་དྲུག་ཚོགས་ཀྱི་མཆོད་པ་བྱ།། རྟགས་དང་མཚན་མ་བྱུང་བ་དང། དངོས་གྲུབ་བླང་ཞིང་དགྲ་འཛབ་བཟློག། ཚེ་ལུང་ཁྲུལ་ལུང་དགོངས་པ་ཡི།། གསང་བ་གསུམ་ལྡན་ཕུར་པ་གདབ། དེ་ལྟར་ཕུར་པ་འདེབས་དུས་སུ།། གསེར་སྐྱེམས་གཏང་ཞིང་བདེན་པ་བདར། ཉེས་མེད་དགྲ་ནི་མི་བླང་ཞིང། ། སྣང་སྲིད་བདག་གི་གྲོགས་སུ་བཅད།། དེ་ནི་གདམས་ངག་ཆེན་པོར་བཤད།། ལས་གྲུབ་བདག་དང་ཕུང་བུ་གསོ།། མནན་བསྲེག་འཕང་བས་མཐའ་བརྟུལ་བྱ།། གཏོར་མ་གནས་བཏང་འཕྲིན་ལས་བཅོལ། ། དཀྱིལ་འཁོར་བསྡུ་ཞིང་རྒྱུ་ཏིང་བསྒོམ།། ལུས་བསྲུང་གོ་བགོ་བཀའ་ནན་བྱ།། དབུ་རྒྱན་དགྱེས་པའི་ཐལ་མོ་སྦྱར།། དེ་ཡིས་དངོས་གྲུབ་ཐོབ་པར་བཤད། ཅེས་གསུངས་སོ།། རྡོ་རྗེ་ཕུར་པ་རྩ་བ་ཐུགས་ཀྱི་རྒྱུད་ལས། འཕྲིན་ལས་བསྒྲུབ་པའི་དོན་བསྡུས་ཏེ་བསྟན་པའི་ལེའུ་སྟེ་ལྔ་པའོ།།།། དེ་ནས་ཡང་རྡོ་རྗེ་འདུས་པས་གསོལ་པ། ཨེ་མ་བཅོམ་ལྡན་གསང་སྔགས་བདག། རྡོ་རྗེ་ཕུར་པ་བསྒྲུབ་པ་ལ། ། སློབ་དཔོན་གནས་འཁོར་ཕུར་པ་ཡོ་བྱད་དང།། དུས་ཚོད་རིམ་བཟུང་དོན་རྣམས་ནི།། ཕྱི་རབས་དོན་དུ་བདག་ཉན་འཚལ།། རྡོ་རྗེ་ཁྲོས་པས་བཤད་དུ་གསོལ།། ཅེས་གསོལ་པས། རྡོ་རྗེ་ཁྲོས་པའི་རྒྱལ་པོས་བཀའ་སྩལ་པ། ཕུན་སུམ་ཚོགས་པའི་སློབ་དཔོན་ནི།། ཡོན་ཏན་མ་ལུས་ཚང་བ་ལ།། ཕུན་སུམ་ཚོགས་ཞེས་བྱ་བ་ཡིན།། དེ་ཡང་རབ་འབྲིང་ཐ་མ་གསུམ།། རབ་ནི་དང་པོ་དབང་ཐོབ་ནས།། དམ་ཚིག་ལྡན་ཞིང་ལྟ་སྤྱོད་འབྲེལ། ། འཕྲིན་ལས་རིམ་ལ་རབ་ཏུ་གོམས།། ཤེས་རབ་རྣམ་གསུམ་བློ་སྦྱངས་པས།། རྒྱུད་ལུང་མན་ངག་དོན་ལ་མཁས།། ཏིང་འཛིན་ལས་རུང་བརྩེ་དང་ལྡན།། བསྒྲུབ་ལ་བརྩོན་ཤིང་བསྙེན་པ་རྫོགས།། རྡོ་རྗེ་སློབ་དཔོན་མཚན་ཉིད་དོ། ། འབྲིང་ནི་དབང་ཐོབ་དམ་ལ་གནས།། འཕྲིན་ལས་བྱེ་བྲག་ཕྱེད་པ་དང།། ལྟ་སྤྱོད་གཉིས་དང་ལྡན་པ་དང།། བསྙེན་པ་རྫོགས་ཤིང་རྟགས་ལྡན་པའོ།། ཐ་མ་དབང་དང་དམ་ཚིག་ལྡན། ། འཕྲིན་ལས་འདི་དོན་ཙམ་ལ་མཁས།། དེ་ལྟ་བུ་ཡི་བསྒྲུབ་པ་པོས།། བསྒྲུབས་ནས་འགྲུབ་པར་གདོན་མི་ཟ།། ཡང་ན་སློབ་དཔོན་མཚན་ཉིད་ནི།། གང་ཟག་བསྒྲུབ་པའི་སློབ་དཔོན་ནི།། རྒྱུད་བཟང་ཀུན་གྱིས་བཀུར་ཞིང་ཀུན་ལ་མཛེས། ། དབྱིབས་ལེགས་གསོང་པོ་ཉོན་མོངས་ཆུང།། ལོངས་སྤྱོད་ལྡན་ཞིང་སྒོ་ཡངས་སྤྱོད་ལམ་མཛེས།། གང་གིས་གང་ལ་མ་རྨོངས་བཟོའི་བྱེ་བྲག་ཕྱེད།། ཕྱི་ནང་སྡེ་སྣོད་ཐམས་ཅད་ལ།། ཐོས་བསམ་བསྒོམས་ལ་རབ་སྦྱངས་པའི། ། ལས་སུ་དགེ་བཅུ་ལྡན་ཞིང་ཚད་མེད་ངང་ལ་གནས།། བསྟན་པ་རྒྱ་མཚོ་འདུལ་ཁྲིམས་སྡོམ་པ་ཡི།། ངང་ལ་གནས་ཏེ་དམ་ཚིག་སྲུང།། བླ་མེད་ཐེག་པ་རྣམ་གསུམ་ལ།། བྱེ་བྲག་སྒྲུབ་པའི་ཉམས་དྲོད་ལྡན། ། དཀྱིལ་འཁོར་མཚན་ཉིད་འཕྲིན་ལས་བྱེ་བྲག་ཕྱེད།། ཏིང་འཛིན་ལས་རུང་དྲོད་ཚད་རྟགས་མཐོང་བའི།། དབང་གི་རིམ་པ་མ་ལུས་རྫོགས་པ་ནི།། དེ་ལྟར་ལྡན་པ་རྡོ་རྗེ་བླ་མ་ཡིན།། དེ་ཡི་ཕྱི་བཞིན་བེའུ་ལྟར་དུ་འབྲང། ། དེ་དང་མི་ལྡན་སྐྱོན་དུ་འགྱུར་བའི་བླ་མ་ནི།། གསང་སྔགས་སྤྱོད་དཀའ་འབྲས་བུ་བླ་མ་ལ་ལྡན་པས།། ཐོ་ཆོ་ར་ཆོད་གཟུ་ལུམ་མ་ཡིན་པར།། ཐབས་ཀྱི་རིམ་པས་སྤང་བར་བྱའོ། ། གནས་ཀྱི་རིམ་པ་བསྟན་པ་ནི།། གནོད་སྦྱིན་མོ་ཡི་སྦར་རྗེས་སམ།། གནོད་སྦྱིན་མཚོན་ཆས་བཤལ་རྗེས་སམ།། ཀླུ་བདུད་དག་གི་རྒྱུན་སྲང་ངམ།། རྟེན་དང་འབྲེལ་བའི་ཡ་ག་ཅན།། ནགས་རི་ཚེར་མ་ཅན་གྱི་རི། ། གནམ་ནི་གྲི་འདྲ་རལ་གྲིའི་ཤུགས།། ས་ནི་གྲུབ་གསུམ་མེ་དཔུང་འདྲ།། ལོགས་ན་དུར་ཁྲོད་གླིང་ཡོད་ལ།། དྲག་པའི་ལས་འདི་བྱ་བར་ཤིས།། སེམས་ལ་ཆོས་ཉིད་མི་གསལ་ཞིང།། ཉམས་དང་ཏིང་འཛིན་གཡེལ་བ་ཡིས། ། གནས་དེར་བྱ་བར་ཡོངས་མི་གསུངས།། རྣལ་འབྱོར་གསར་པས་སྤང་བར་བྱ།། སྤངས་ན་དངོས་གྲུབ་མྱུར་བར་བཤད།། མ་སྤངས་ནམ་ཕུགས་རང་ལ་གནོད་པའོ།། སྟེང་འོག་བར་སྣང་བརྟག་པ་ནི། ། འཁོར་ལོ་གནམ་ལ་པདྨ་ས།། ཕྱོགས་མཚམས་ཀུན་ཏུ་རྡོ་རྗེ་བྲག། གཞུང་ལྡན་བཀྲ་ཤིས་དམ་པའོ།། དབྱིབས་ལེགས་ལུང་པ་རན་པ་དང།། འབྲུ་ཁུང་ཆུ་ཤིང་འཚམ་པ་དང།། གཅན་གཟན་མི་རྒོད་ཉམ་ང་མེད། ། མི་དང་མི་མེད་རྒྱུ་འགྲུལ་ཉུང།། འདི་ནི་ཡིད་འོང་དམ་པ་སྟེ།། དེ་ནི་དང་དུ་བླང་བར་བྱ།། སྤང་དང་དང་དུ་བླང་བ་ནི།། བདག་གི་ཏིང་འཛིན་ཉམས་དང་སྦྱར།། ཏིང་འཛིན་ཟབ་ན་ངན་པ་བསྡམས། ། ཏིང་འཛིན་གཡེལ་ན་བཟང་པོ་བསྡམ།། ཏིང་འཛིན་དྲོད་ཚད་ལྡན་འགྱུར་ན།། ངན་པའི་གནས་རྣམས་གོང་མ་དེར།། བསྒྲུབ་པ་ལ་སོགས་བྱས་ན་ཡང།། ངན་པའི་ལས་ཀྱི་ངན་པ་འགྲུབ།། ལས་ལ་ཕན་ཐོགས་ཡོད་པ་དང། ། གྲིམས་འབྱིན་ཤུགས་ཀྱིས་ཏིང་འཛིན་གསལ།། བཟང་པོའི་གནས་སུ་འགྲུབ་འགྱུར་ན།། ཡུན་དུ་བསྲིངས་ཀྱང་ཕུང་འཚེང་མེད།། དེ་བས་གཞུང་དང་ལྡན་པས་གདམས་པར་བྱའོ།། འཁོར་གྱི་རིམ་པ་བསྟན་པ་ནི། ཁ་གཙང་གཡོ་སྒྱུ་མེད་པ་དང།། རེམ་པ་ཉམས་ཤེད་ལྡན་པ་དང།། བརླིང་པོ་གཞན་གྱིས་སླུ་བར་ལྕི།། བསྒོ་ཉན་དུས་ལ་རུབ་པ་དང།། གང་ཟག་ཕོ་མོ་དེ་ལྟ་བུ།། བསྒྲུབ་པ་ཕྱིའི་འཁོར་དུ་བྱའོ། ། རྒྱལ་འཐེབས་སྟོབས་དང་ལྡན་པ་དང།། ལས་མཁན་བྱེ་བྲག་ཕྱེད་པ་དང།། བརྟུལ་ཞུགས་འཆང་བའི་གིང་ཆེན་དང།། དྲོད་ཚད་ཟིན་པའི་སྤྱན་མཐོང་དང།། གཙང་སྦྲ་ཕྱེད་པའི་གཡོས་མོ་ནི།། སྒྲུབ་པ་ནང་གི་འཁོར་དུ་བྱ། ། རིགས་བཞི་འོས་བཞི་ཚུལ་བཞི་དང།། ཡོན་ཏན་བཅུ་གཅིག་ལྡན་པ་ཡི།། མཚན་བཟང་བཀྲ་ཤིས་གཟུངས་མཆོག་ནི།། དགྱེས་པ་སྐོང་བའི་འཁོར་དུ་བྱའོ།། ཕུར་པ་ཡོ་བྱད་མཚན་ཉིད་ནི།། ཕུར་པའི་རྒྱུ་ནི་འདི་ལྟ་སྟེ། ། དངུལ་ལམ་དཀར་པོའི་ཤིང་རྣམས་ནི།། ཞི་བའི་ཕུར་བུའི་རྒྱུ་རུ་བཤད།། གསེར་རམ་སེར་པོའི་ཤིང་རྣམས་ནི།། རྒྱས་པའི་ཕུར་བུའི་རྒྱུ་རུ་བཤད།། ཟངས་སམ་དམར་པོར་ཤིང་རྣམས་ནི། ། དབང་གི་ཕུར་བུའི་རྒྱུ་རུ་བཤད།། ལྕགས་སམ་ནག་པོའི་ཤིང་རྣམས་ནི།། དྲག་པོའི་ཕུར་བུའི་རྒྱུ་རུ་བཤད།། དེ་ནི་ཕྱི་ཡི་ཕུར་པའི་རྒྱུ་རུ་བཤད།། ནང་གི་ཕུར་པའི་རྒྱུ་ཉིད་ནི།། རྨིག་ཟླུམ་རྐང་ལ་ཞི་བ་བྱ། ། འདབ་ཆགས་རྐང་ལ་རྒྱས་པ་བྱ།། རྐང་ལེབ་རྐང་ལ་དབང་ཡང་བྱ།། སྡེ་ཆགས་རྐང་ལ་དྲག་པོ་བྱ། ཡང་ན་བྱ་ཕུར་ཞི་བ་ལ།། སྐྱེར་ཕུར་རྒྱས་པ་མཆོག་ཕུར་དབང།། ལྕགས་ནི་དྲག་པོར་བྱ་བའོ།། གསང་བའི་ཕུར་པའི་རྒྱུ་བཞི་ནི། ། ལོ་མ་མེ་ཏོག་ཡལ་ག་མེད།། ཤིང་ཤིང་ནག་པོའི་མྱུ་གུ་ལ།། དེ་ལ་དྲག་པོའི་ཕུར་བུ་བྱ།། ཕོ་མོ་འདོད་པའི་སྲིད་མ་ཟིན།། གཙོས་པོ་རུ་ལེབ་མཚན་མ་ལ།། དེ་ལ་དབང་གི་ཕུར་པ་བྱ།། ཕོ་མོ་གཉིས་ཀྱི་མཚན་མ་དོད། ། མ་ནིང་ནག་པོའི་མཚན་མ་ལ།། དེ་ལ་རྒྱས་པའི་ཕུར་པ་བྱ།། བུ་ཚ་རིགས་རྒྱུད་སྲིད་མ་ཟིན།། དྲེ་རྟ་ནག་པོའི་མཚན་མ་ལ།། དེ་ལ་ཞི་བའི་ཕུར་པ་བྱའོ།། འདི་ནི་ཀུན་རྫོབ་ཕུར་པའི་རྒྱུ། ། རྟོག་པའི་དོན་ལ་མི་དགོས་ཏེ།། མ་རྟོགས་དོན་དུ་བསྟན་པར་ཟད།། ཀུན་གྱི་རྒྱུ་ནི་བྱང་ཆུབ་སེམས།། བྱང་ཆུབ་སེམས་ཀྱི་དོན་རྟོགས་ན།། གཞན་ནས་རྒྱུ་ཉིད་བཙལ་མི་དགོས།། བཙལ་ཡང་རྒྱལ་བས་མི་རྙེད་དོ། ། དེ་ནི་དོན་དམ་ཕུར་པའི་རྒྱུའོ།། ཕུར་པའི་ཚད་ནི་འདི་ལྟ་སྟེ།། རང་བྱུང་ཆེན་པོའི་ཕུར་པ་ལ།། སེམས་ཉིད་གསལ་བའི་ཚད་གཏང་ནས།། ཀུན་རྫོབ་ཚད་ནི་མི་དགོས་ཏེ།། དམན་པའི་དོན་དུ་ཚད་བསྟན་ཏོ། ། དྲག་པོ་ལ་ནི་སོར་བཞི་སྟེ།། དབང་ལ་སོར་དྲུག་རྒྱས་སོར་བརྒྱད།། ཞི་བ་སོར་ནི་བཅུ་གཉིས་པའོ།། རྩེ་མོའི་ཕྱཽགས་ནི་མ་ནོར་བར།། རྩ་བ་ལ་ནི་རྒྱ་མདུད་བྱ།། དེ་ཡང་སྤྱི་བོར་སོར་གཅིག་རྒྱ་མདུད་བྱ།། རྐེད་པར་དེ་བཞིན་བྱ་བ་སྟེ། ། སྟོད་ཀྱི་དབྱིབས་ནི་ཟུར་བརྒྱད་ལ།། རྩེ་མོ་སོ་སོར་བྱ་བ་ནི།། ཟླུམ་པོ་གྲུ་བཞི་ཟླ་གམ་ཟུར་གསུམ་སྟེ།། རྩེ་མཚན་སོ་སོའི་དབྱིབས་སུ་ནི།། དབང་དྲག་གཉིས་ནི་ཆུ་སྲིན་ཁ་ནས་དབྱུང།། ཞི་བ་ཟུར་དྲུག་རྒྱས་ལ་བརྒྱད། ། རི་རབ་ལྟ་བུར་བརྗིད་ཆེ་བ།། ཀུན་རྫོབ་དབྱིབས་སམ་ཡང་ན་ནི། ཁྲག་འཐུང་འབར་བའི་ཐུགས་ཀྱི་ཡེ་ཤེས་ལ།། ཡོན་ཏན་ཚང་བའི་ཚུལ་ལམ་དབྱིབས།། དེ་ཉིད་རྟོགས་ན་འདི་མི་དགོས། ། རྒྱུ་རྐྱེན་མ་འགགས་དོན་ཤེས་ན།། རྩ་བ་རྩེ་མོ་དབྱེར་མེད་དེ།། མ་རྟོགས་པ་ལ་དེ་བསྟན་ནོ།། ཕུར་པའི་ལེགས་ཉེས་སྐྱོན་ཡོན་ནི།། ལེགས་པའི་ཡོན་ཏན་དཔག་ལས་འདས།། ལེགས་ན་ཡིད་འོང་དོད་ན་དྲུག། ཉེས་པའི་སྐྱོན་རྣམས་འདི་ལྟ་སྟེ།། གང་དགར་བྱས་ནས་བཀའ་ལས་འགལ།། བསྙེད་བཙན་བྱས་ནས་ཚུལ་ལས་ཉམས།། ངན་དགུ་བཤམས་ན་རྟོགས་པར་འགྱུར།། དེ་བས་ལེགས་ཤིང་དོད་པར་བྱའོ།། ཡོ་བྱད་དམ་པ་བྱང་ཆུབ་སེམས། ། སེམས་ཀྱི་སྟོབས་ཀྱིས་རྩོལ་ནུས་ན།། ཐམས་ཅད་མ་ལུས་ཡོ་བྱད་ཡིན།། ལྷ་གྲངས་ཚངས་པའི་ཕུར་པ་དང།། སྒྲུབ་པ་རྫས་ཀྱི་ཕུར་པ་དང།། ཡུངས་ཀར་གུ་གུལ་རཀྟ་རྣམས།། སྒྲུབ་པ་རྩ་བའི་ཡོ་བྱད་དོ། ། ཕྱི་ནང་གསང་བའི་མཆོད་རྫས་དེ།། བདུག་སྤོས་མར་མེ་མེ་ཏོག་བཤོས་དང་ཆབ།། གཏོར་མ་བདུད་རྩི་རཀྟ་དང།། གཙོར་ཟུང་ལྷག་པའི་བྱང་ཆུབ་སེམས།། མཆོད་པ་གསང་བའི་ཡོ་བྱད་དོ། ། དུར་ཁྲོད་ཤ་ཁྲག་ལ་སོགས་དང། ཁྱི་སྤྱང་ཝ་འཕར་ཤ་ཁྲག་དང།། མར་ཞག་འོ་མ་ཁྲག་རྣམས་ཀུན།། མ་མོ་སྟེན་པའི་ཡོ་བྱད་དོ།། རབས་ཆད་ནག་པོའི་ཐོད་པ་དང།། ལྕགས་སྣ་ལྔ་ཡི་ཕུར་པ་དང།། དམ་སྲི་གནོན་པའི་ཡོ་བྱད་དོ། ། མཛེས་པའི་གཏོར་མ་མཆོད་པ་ཕུར་པ་བཅུ།། འབར་བ་འཚམས་ཀྱི་ཡོ་བྱད་དོ།། ཤུན་ཆེན་ཀོ་བ་སྟག་ལྤགས་དང།། དར་གྱི་སྙིང་ནན་ཕྱག་རྒྱའི་ཕུ་རུང་དང།། ཅོད་པན་སྟོད་གཡོགས་སྨད་དཀྲིས་སྦྲུལ་ཆུན་རྣམས། ། སྔགས་པ་རྒྱན་གྱི་ཡོ་བྱད་དོ།། མ་ཧཱ་པན་ཙ་འཛ་གད་ཚེ།། ཚིམ་བྱེད་ཀུན་ཏུ་རྒྱུག་པ་དང།། གལ་ཕྱི་ཀ་ཏ་རི་དང་ཟླ་ཚེས་དང།། ཟླ་ཕྲོམ་ཟླ་རྒྱས་ཨ་ས་ནི།། འབྱོར་པ་ཚོགས་ཀྱི་ཡོ་བྱད་དོ། སྨན་དང་སྤྲ་བ་རྩགས་ཆ་ནི།། ནད་འཇོམས་སྨན་གྱི་ཡོ་བྱད་དོ།། གོ་དང་ཕུབ་དང་མཚོན་ཆ་རྣམས།། བར་ཆོད་དགྲ་བཟློག་ཡོ་བྱད་དོ།། འདོད་ཆགས་གཏི་མུག་བསྒྲལ་ཞིང་རྣམས།། ཉམས་ཆག་བསྐང་དང་རྐྱེན་བཟློག་ཡོ་བྱད་དོ། ། དེ་ལྟར་བསྟན་པའི་ཡོ་བྱད་རྣམས།། སྒྲུབ་པ་ལོ་ཟླའི་ཡོ་བྱད་ལྡབ་ཏུ་བྱ།། མ་རྨ་བ་དང་མ་རྨེ་བའི།། ཚོགས་པས་འགྲུབ་པར་ཐེ་ཚོམ་མེད།། བྱང་ཆུབ་སེམས་ནི་རྒྱུ་ཡིན་ཏེ།། ཕྱི་མ་རྐྱེན་གྱི་ཚུལ་དུ་བཤད། ། རྒྱུ་རྐྱེན་ཚོགས་པས་འབྲས་བུ་ཆུད་མི་ཟ།། འཇུག་པའི་དུས་ཚོད་བསྟན་པ་ནི།། རྣལ་འབྱོར་བསྒྲུབ་པའི་དོན་ལྡན་ན།། དུས་ཚོད་མེད་དེ་ཀུན་ཀྱང་དུས།། སྤྱོད་ཡུལ་ཀུན་ཏུ་བསྒྲུབ་པའི་དུས་ཚོད་ཡིན་ཏེ། ། མ་རྟོགས་དོན་དུ་འདི་བསྟན་ནོ།། དབྱར་དགུན་སྟོན་དཔྱིད་ནམ་ཟླ་བཞི།། ཡར་གྱི་ངོ་ལ་འཇུག་པ་ནི།། དབྱར་དགུན་སྟོན་དཔྱིད་ཟླ་དུས་སོ།། སྟག་གླང་རྟ་བྱའི་ཉི་མ་ལ།། ཕུར་པ་མིག་དམར་པ་ཝ་སངས། ། རྒྱལ་སྟོད་རྒྱལ་སྨད་དབོ་དང་ཝ།། ཉི་མ་སྐར་མ་གཟའ་དུས་སོ།། ཡོ་བྱད་མ་ལུས་ཚོགས་གྱུར་ན།། སྒྲུབ་པ་ལ་འཇུག་དུས་ཚོད་ཡིན།། མ་ཚོགས་བར་དུ་དུས་ཚོད་མིན།། ཞེས་གསུངས་སོ།། རྡོ་རྗེ་ཕུར་པ་རྩ་བ་ཐུགས་ཀྱི་རྒྱུད་ལས། སློབ་དཔོན་དང། གནས་དང། འཁོར་དང། ཡོ་བྱད་དང། སྒྲུབ་པའི་དུས་ཚོད་བསྟན་པའི་ལེའུ་སྟེ་དྲུག་པའོ།།།། དེ་ནས་ཡང་རྡོ་རྗེ་འདུས་པས།། དཔལ་རྡོ་རྗེ་ཁྲོས་པའི་རྒྱལ་པོ་ལ་འདི་སྐད་ཅེས་གསོལ་ཏོ། ། ཨེ་མ་ཧོ་དཔལ་ཆེན་ཁྲོ་བོའི་རྒྱལ།། གཏུམ་རྔམ་དྲག་པོའི་ཚིག་གསུངས་པའི།། དྲག་པོའི་འཕྲིན་ལས་སྒྲུབ་པ་ལ།། བསྒྲལ་བའི་ཞིང་རྣམས་བཤད་དུ་གསོལ།། ཅེས་གསོལ་བས། རྡོ་རྗེ་ཁྲོས་པའི་རྒྱལ་པོས་བཀའ་སྩལ་པ། ཉོན་ཅིག་རྡོ་རྗེ་འདུས་པའི་སྲས།། དྲག་པོའི་འཕྲིན་ལས་བྱ་བ་ཡང། ཀུན་ལ་བྱ་བར་ཡོངས་མ་གསུངས།། སངས་རྒྱས་བསྟན་པ་ལ་གནོད་པའི།། ཉམས་པ་བདུན་དང་ཞིང་བཅུ་རྣམས། ། བསྒྲལ་བར་བྱ་བའི་ཞིང་དུ་གསུངས།། ཉམས་པ་བདུན་ནི་ཐུན་མོང་དུ།། རྡོ་རྗེ་སློབ་དཔོན་སྐུ་དགྲ་དང།། རྡོ་རྗེ་སྤུན་ལ་འཁུ་བྱེད་པ།། གསང་བའི་ཐེག་པ་སྨོད་པ་དང།། སངས་རྒྱས་བསྟན་པ་འཇིག་བྱེད་དང། ། རྒྱལ་ཁམས་ཡོངས་ལ་གནོད་པ་དང།། རྣལ་འབྱོར་སྤྱི་ཡི་དགྲར་གྱུར་དང།། དམ་ཅན་བདག་གི་སྒོས་དགྲ་ནི། ཐུན་མོང་སྤྱི་ཡི་ཉམས་པ་བདུན། ཁྱད་པར་ཆོས་ཞུགས་ཉམས་པ་ནི།། སྲོགས་དོན་བཀའ་དམ་ལས་ཀྱིས་ཉམས། ། མཚན་མ་འདོད་པས་ཉམས་དང་བདུན།། ཕ་མ་མཁན་པོ་སློབ་དཔོན་གསོད།། སྲོག་ལས་ཉམས་པ་བསྒྲལ་བའི་ཞིང།། སློབ་དཔོན་བཀའ་སླུ་ཉམས་པའི་སེམས།། དོན་ལས་ཉམས་པ་བསྒྲལ་བའི་ཞིང། ། རྣལ་འབྱོར་སྔགས་སྤྱོད་ལ་སྐུར་འདེབས།། བཀའ་ལས་ཉམས་པ་བསྒྲལ་བའི་ཞིང།། བཀའ་ཡི་གཞུང་བོར་ལོག་པར་སྤྱོད།། དམ་ལས་ཉམས་པ་བསྒྲལ་བའི་ཞིང།། ཉེས་མེད་དགྲར་སློང་མཐུ་ཞེད་པ། ། ལས་ཀྱི་ཉམས་པ་བསྒྲལ་བའི་ཞིང།། བླ་མ་དཀོན་མཆོག་རྫས་ལ་འབག། འདོད་པས་ཉམས་པ་བསྒྲལ་བའི་ཞིང། ཁྱད་པར་དམ་ཤེ་ཉམས་པ་བདུན།། ཞིང་བཅུ་དག་དང་བཅས་པ་ཡི།། དེ་དག་བསྒྲལ་བའི་ཡོན་ཏན་ནི། ། ཞིང་བཅུ་བསྒྲལ་ན་རྣལ་འབྱོར་བཙུན།། བདུད་རྣམས་བཏུལ་ན་བསྟན་པ་གཉན།། དམ་མེད་བསྒྲལ་ན་བར་ཆད་ཉུང།། མེད་པར་གྱུར་པ་བསྟན་པ་རྒྱས།། ཉམས་པ་མེད་ན་དཀོན་མཆོག་ཆེ། ། དེ་བས་ཡོན་ཏན་བསམ་མི་ཁྱབ།། མ་བསྒྲལ་བ་ཡི་སྐྱོན་བསྟན་པ།། དམྱང་ཁམས་འཕེལ་ནས་མཐོ་རིས་འགྲིབ།། གཞུང་སྤྱོད་རྣལ་འབྱོར་སྒྱིད་ལུག་ནས།། གསང་སྔགས་ཐེག་པའི་གཞུང་སྤྱོད་འགག། དམ་ཆོས་སྤོང་བའི་གཞི་གྱུར་པས། ། དོན་ལ་མི་མཐུན་སྐྱོན་རྣམས་འབྱུང།། ཞེས་གསུངས་སོ།། རྡོ་རྗེ་ཕུར་པ་རྩ་བ་ཐུགས་ཀྱི་རྒྱུད་ལས། བསྒྲལ་བའི་ཞིང་བཅུ་བསྟན་པའི་ལེའུ་སྟེ་བདུན་པའོ།།།། དེ་ནས་ཡང་རྡོ་རྗེ་ཁྲོས་པའི་རྒྱལ་པོ་ལ། ། རྡོ་རྗེ་འདུས་པས་གསོལ་བ་ནི། ཁྲོ་རྒྱལ་རྡོ་རྗེ་ཀྲོས་པའི་སྐུ།། བསྒྲལ་བའི་ཞིང་རྣམས་གསུངས་བ་ནི།། དམིགས་པའི་རྟེན་ནི་གང་ལ་བྱ། ཁྲོ་རྒྱལ་གཙོ་བོས་བཤད་དུ་གསོལ།། ཞེས་གསོལ་པས། བཀའ་སྩལ་པ། ཉོན་ཅིག་རྡོ་རྗེ་འདུས་པའི་སྲས།། དམིགས་པའི་རྟེན་ནི་ལིང་ག་སྟེ།། གྲོག་མཁར་ས་དང་མི་ཕུང་ས།། གངས་ཀྱི་དུམ་བུ་ཇུ་ཆེའི་ཕུབ།། སྲུབ་མའི་ལོ་མ་ཞིང་ཆེན་རས།། སྐེ་ཚེ་དང་ནི་ལྡོང་རོས་དང། ། ཐལ་ཆེན་དང་ནི་རཀྟ་དང།། བཤང་བ་འམ་ནི་གཅི་བ་སྟེ།། བཅུ་གཉིས་ཐོད་པའི་ནང་དུ་དྲུང།། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ། མུད་ག་ར་ཨཱ་ཀོ་ཏ་ཡ་ཧཱུཾ་ཕཊ། ལུག་ཐུག་ར་ཐུག་དྲི་ཆུས་སྦྲུ།། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ས་ཤམ་པི། ཤོ་ཏ་བཾ་ཁཾ་ཧཱུཾ་ཕཊ། དུར་ཁྲོད་ཀུ་ཤའི་རྩ་དག་ལ།། དགྲ་དང་བགེགས་ཀྱི་གཟུགས་བརྙན་བྱ།། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ནརི་ཏྲི་མ་ར་ཡ་ཕཊ་ཨཿ་དེ་ལ་གོང་གི་རྫས་རྣམས་བྱུག། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཨེ་ར་ག་ཧཱུཾ་ཕཊ། ། དཀར་ནག་སྐུད་པས་སྐེ་ནས་གདགས།། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཨཾ་ཀུ་ཤ་ཧུཾ་ཛ། དེ་ནི་གདབ་པའི་ལིང་ག་ཡིན།། ཤིང་ཤུན་ཚོན་གང་ཉི་ཤུ་རྩ་གཅིག་ལ།། དེ་ལ་དགྲ་བགེགས་གཟུགས་བརྙན་བྱ།། དེ་ནི་གཟིར་བའི་ལིང་ག་ཡིན། ། གྲོ་གའམ་རས་སམ་ཤུ་གུ་ལ།། དགྲ་བགེགས་གཟུགས་བརྙན་རྫོགས་བྲིས་ལ། ཁྲམ་ཤིང་ནག་ལ་གདགས་པ་ནི།། འདི་ནི་བསྟན་པའི་ལིང་གའོ།། མ་ནིང་ནག་པོའི་ཐོད་པ་ལ།། གྲུབ་གསུམ་འ་བར་བ་ཆ་དྲུག་ལ། ། ཡན་ལག་མགོ་དང་གསང་གནས་བྱ།། གྲུ་གསུམ་རྩེ་ལ་འཁོར་ལོ་དྲུག། མཐའ་མ་མུ་ཁྱུད་ཟླུམ་པོས་བསྐོར།། འཁོར་ལོ་དྲུག་གི་ཆ་ལ་ནི།། སྔགས་དང་མཆོད་གཉིས་ཐུན་བདེབས་པ། ། དགྲ་བགེགས་མིང་དང་གཟུགས་བྲིས་ལ།། སྤྱི་བོར་ཨོཾ་དང་ཀཱི་ལ་ཡ།། དཔྲལ་བར་རུས་པ་སྙིང་ཀར་མིང།། གཡས་སུ་ཧཱུཾ་ལ་གཡོན་དུ་ཕཊ།། མདོམས་སུ་མཱ་ར་ཡ་ནི་དགོད།། འདི་ནི་མནན་པའི་ལིང་གའོ། ། ཞེས་གསུངས་སོ།། རྡོ་རྗེ་ཕུར་པ་རྩ་བ་ཐུགས་ཀྱི་རྒྱུད་ལས།། དགྲ་བགེགས་ཀྱི་ལིང་ག་བཅའ་བའི་ལེའུ་སྟེ་བརྒྱད་པའོ།།།། དེ་ནས་དཔལ་རྡོ་རྗེ་ཁྲོས་པའི་རྒྱལ་པོ་ལ། རྡོ་རྗེ་ཁྲོས་པས་གསོལ་བ། དཔལ་ཆེན་རྡོ་རྗེ་ཁྲོ་རྒྱལ་འབར་བ་ཉིད།། གསང་སྔགས་རྡོ་རྗེ་ཕུར་པ་ལ།། དབང་དང་དམ་ཚིག་ཇི་ལྟར་ལགས།། བདག་ལ་ཁྲོ་བོས་བཤད་དུ་གསོལ།། ཞེས་གསོལ་པས། ཁྲོ་བོའི་རྒྱལ་པོས་བཀའ་སྩལ་པ།། ཨེ་མ་རྡོ་རྗེ་འདུས་པའི་སྲས། ། བླ་མ་མཉེས་པ་བྱ་བ་དང།། དབང་མཆོག་ཐོབ་པར་མ་གྱུར་པར།། ཉན་འཆད་འཕྲིན་ལས་བྱེད་པ་ཡི།། རྨོངས་པས་དེ་ཉིད་འགྲུབ་མི་འགྱུར།། སློབ་དཔོན་དག་གིས་བསྙེན་པ་བསྐྱལ།། སློབ་མས་གསོལ་བ་ཡང་དུ་བཏབ། ། དེ་ནས་སློབ་མ་ཁྲུས་བྱས་ལ།། རྡོ་རྗེ་གྲལ་གཤམ་འཇུག་པར་བྱ།། དེ་ནས་བླ་མས་དབང་རྣམས་བསྐུར།། ཕྱི་དང་ནང་དང་གསང་བ་དང།། རྫོགས་པའི་དབང་དང་བཞིར་བསྐུར་ནས།། དུས་འདི་ཕན་ཆད་རྒྱལ་བའི་སྲས།། དངོས་གྲུབ་འགྲུབ་པའི་གནས་སུ་གསུངས།། དབང་དེ་འཆགས་ཤིང་སྨིན་པ་ལ།། དམ་ཚིག་རིམ་པ་བསྲུང་བ་ཡང།། སྤྱི་ཡི་དམ་ཚིག་ཉི་ཤུ་བརྒྱད། ཁྱད་པར་དམ་ཚིག་ཉི་ཤུ་དང། ། ལྷག་པའི་དམ་ཚིག་རྣམ་པ་གསུམ།། དེ་བསྲུངས་དངོས་གྲུབ་བདག་པོར་འགྱུར།། འདི་ལ་ཕུན་སུམ་ཚོགས་པར་འགྱུར།། ཕྱི་མ་རྡོ་རྗེ་སེམས་དཔའི་གྲལ།། སྐུ་དང་ཡེ་ཤེས་ཐོབ་ནས་ཀྱང།། སེམས་ཅན་ཀུན་གྱི་དོན་བྱེད་འགྱུར། ། མ་བསྲུངས་ཉམས་ན་མི་འགྲུབ་སྟེ།། འདི་དང་ཕྱི་མར་སྐྱོན་མང་བས།། དམ་ཚིག་བསྲུང་ཞིང་ནན་ཏན་བྱ།། གལ་ཏེ་ཉམས་པར་གྱུར་ན་ཡང།། འགྱོད་སེམས་ལྡན་པས་བཤགས་ཤིང་བསྒྲུབ། ། ལྟ་བ་སྟོང་ཉིད་ནན་ཏན་བྱ།། ཞེས་གསུངས་སོ།། རྡོ་རྗེ་ཕུར་པ་རྩ་བ་ཐུགས་ཀྱི་རྒྱུད་ལས། དབང་དང་དམ་ཚིག་བསྟན་པའི་ལེའུ་སྟེ་དགུ་པའོ།།།། དེ་ནས་ཡང་རྡོ་རྗེ་འདུས་པའི་སྲས་མཆོག་གིས། བཅོམ་ལྡན་འདས་རྡོ་རྗེ་ཁྲོས་པའི་རྒྱལ་པོ་ལ་འདི་སྐད་ཅེས་གསོལ་ཏོ། ། ཨེ་མ་བཅོམ་ལྡན་ཁྲོས་པའི་རྒྱལ།། རྡོ་རྗེ་ཕུར་པའི་དོན་ཉིད་ནི།། ཕྱི་རབས་དོན་དུ་བདག་ཉན་འཚལ། ཁྲོས་པའི་རྒྱལ་པོས་བཤད་དུ་གསོལ། ཅེས་གསོལ་བས། དཔལ་རྡོ་རྗེ་ཁྲོས་པའི་རྒྱལ།། རྡོ་རྗེ་འདུས་པའི་སྲས་མཆོག་ཉོན།། རྡོ་རྗེ་ཕུར་པའི་དོན་ཉིད་ནི།། ཕུར་བུ་བྱང་ཆུབ་སེམས་ཉིད་དེ།། བྱང་ཆུབ་སེམས་ཀྱི་ཕུར་བུ་ཡིས།། སྲིད་གསུམ་འགྲོ་བའི་བདར་ཤ་གཅད། ། བྱང་ཆུབ་སེམས་ཀྱི་ཕུར་བུ་དེས།། མ་བཏབ་བཞིན་དུ་ལྷུན་གྱིས་གྲུབ།། མཉམ་པའི་རྒྱལ་པོར་རིག་པས་བཏབ།། ཕུར་པ་ཆོས་ཉིད་དབྱིངས་ཀྱི་བརྟགས།། བྱང་ཆུབ་སེམས་ཀྱི་ཕུར་བུ་དེས།། གཞན་དུ་གདབ་པའི་གནས་མེད་དེ། ། གཉིས་མེད་མ་བཅོད་ཆོས་དབྱིངས་ལ།། རང་རིག་བྱང་ཆུབ་སེམས་ཀྱིས་གདབ།། ཕུར་པ་འཛིན་ཆགས་འདོད་ནས་དག། རྣམ་རྟོག་གཟུང་འཛིན་དངོས་དང་བྲལ།། དངོས་པོ་ཀུན་བྲལ་ཕུར་བུ་ཡིས། ། དངོས་པོ་ཕྱིན་ཅི་ལོག་ལ་གདབ།། གདབ་དང་མ་གདབ་གཉིས་ལས་འདས།། ཕུར་པ་སྐྱེ་བ་མེད་པའི་དོན།། མ་སྐྱེས་བརྡལ་བའི་ཕུར་པ་ཡིས།། དབྱིངས་ལ་བཏབ་པས་རིག་པར་ཤར། ། སེམས་ལ་བཏབ་པས་དོན་དམ་རྟོགས།། གཉིས་སུ་མེད་པས་བརྡལ་བའི་ཀློང། ཁྱབ་བརྡལ་རང་བཞིན་ཕུར་པ་ཡིས།། སྣང་སྲིད་ཀུན་ལ་ཕུར་པས་གདབ།། དེ་ལྟར་རྟོགས་ན་ཐེབས་པ་ཡིན།། མངོན་དུ་གྱུར་ན་ཐེབས་པ་ཡིན། ། ཚིག་ལས་འདས་ན་སངས་རྒྱས་ཡིན།། གྲངས་ལས་འདས་ན་བརྗོད་དུ་མེད།། རང་བཞིན་ཕུར་པའི་དོན་ཉིད་ནི།། ཕུར་པ་བླ་མ་ཆེན་པོའི་དོན།། ཕུར་ནི་ཆོས་ཀྱི་དབྱིངས་ཞེས་བྱ།། པ་ནི་རིག་པ་ཡེ་ཤེས་ཉིད། ། གཉིས་སུ་མེད་པས་ཕུར་པའི་ངང།། ཕུར་ནི་སྐྱེ་བ་མེད་པའི་ངང།། པ་ནི་འགག་པ་མེད་པའི་དོན།། གཉིས་སུ་མེད་པས་ཕུར་པ་ཉིད།། ཕུར་ནི་ཐབས་ཀྱི་རྒྱལ་པོ་ཡིན།། པ་ནི་ཤེས་རབ་དག་པའི་དོན། ། གཉིས་མེད་མཉམ་པས་རྡོ་རྗེའི་སྐུ།། ཕུར་པ་ཀུན་ཁྱབ་ནམ་མཁའ་འདྲ།། ཕུར་པ་ཁྱབ་གསལ་ཉི་ཟླ་བཞིན།། ཀུན་ལ་སྙོམས་པའི་ངོ་བོར་སྣང།། ཆོས་ཀྱི་ཆོས་ཉིད་ཕུར་པ་ཡིན།། ནམ་མཁའི་མཚན་ཉིད་ཕུར་པ་ཡིན། ། སེམས་ཀྱི་སེམས་ཉིད་ཕུར་པ་ཡིན།། ཕུར་པ་རྒྱུད་ཀྱི་རྒྱལ་པོ་ཡིན།། ཕུར་པ་ལུང་གི་བླ་མ་ཡིན།། ཕུར་པ་མན་ངག་ངེས་པའི་དོན།། གཉིས་མེད་གསལ་བས་བསྐྱེད་པ་ཡིན། ཁྲོ་བོ་ཕོ་ཉས་འཇིག་རྟེན་བཀང། ། འཕྲལ་ལ་བཀང་བ་མ་ཡིན་ཏེ།། ཡེ་ཉིད་ནས་ནི་བཀང་བར་གནས།། གསེལ་བར་བསྒོམས་པས་བསྐྱེད་པ་ཡིན།། ཉམས་འོག་ཚུད་ན་སྒྲོལ་བ་ཡིན།། གཉིས་སུ་མེད་ན་སྦྱོར་བ་ཡིན།། ལྷངས་ཀྱིས་རྟོགས་ན་ཐེབས་པ་ཡིན། ། ཐུགས་རྗེས་ཟིན་ན་དམ་ཚིག་ཡིན།། ཞེས་གསུངས་སོ།། རྡོ་རྗེ་ཕུར་པ་རྩ་པ་ཐུགས་ཀྱི་རྒྱུད་ལས། མཐར་ཐུག་དེ་ཁོ་ན་ཉིད་ཕུར་པ་བྱང་ཆུབ་སེམས་སུ་བསྒྲུབ་པའི་ལེའུ་སྟེ་བཅུ་པའོ། །།། དེ་ནས་གཞན་ཡང་བཀའ་སྩལ་པ།། དྲོད་ཚད་མཚན་ཉིད་བསྟན་པ་ནི།། བརྡལ་བ་ཆེན་པོའི་ཏིང་འཛིན་གྱིས།། ཆོས་ཉིད་མཉམ་ལ་བློ་གཞག་ནས།། ཅི་ཡང་མི་དམིགས་བསམ་ལས་འདས།། ཆོས་ཉིད་ལྟ་བའི་དྲོད་ཚད་དོ། ། འགའ་ན་འཆིང་གྲོལ་མེད་པ་དང།། དམ་རྫས་བླང་དོར་མེད་པ་དང།། སྟ་ན་སྐྱེ་ཤི་མེད་སྤྱོད་པ།། འདི་ནི་སྤྱོད་པའི་དྲོད་ཚད་ཡིན།། དངོས་སུ་སྣང་བ་སྐུར་བསྒྲུབ་ཅིང།། སྒྲ་རུ་གྲག་པ་གསུང་དུ་སྟེ། ། དངོས་མེད་སྣང་བས་ཐུགས་གྲུབ་ན།། འདི་ནི་བསྒྲུབ་པའི་དྲོད་ཚད་ཡིན།། སྣོད་ཀྱི་འཇིག་རྟེན་གཞལ་ཡས་ལ།། བཅུད་ཀྱི་འཇིག་རྟེན་དེ་ལྟར་ཤེས་ཏེ།། ཐམས་ཅད་ཀུན་ཏུ་དཀྱིལ་འཁོར་ཏེ།། དཀྱིལ་འཁོར་ཆེན་པོའི་དྲོད་ཚད་ཡིན། ། བྱ་བྱེད་གཉིས་ལ་སྤྱོད་བྱེད་ཅིང།། གང་ལ་བྱས་ཀྱང་བདེ་གཤེགས་ལས།། བྱས་པས་མི་དམིགས་འཕྲིན་ལས་ཏེ།། འཕྲིན་ལས་ཆེན་པོའི་དྲོད་ཚད་ཡིན།། དབྲི་མནན་མེད་པའི་ཏིང་འཛིན་གྱིས། ། གོལ་ས་མེད་པའི་ས་ལ་གནས།། བླང་དོར་མེད་པའི་དབང་རྫོགས་ན།། འདི་ནི་དབང་གི་དྲོད་ཚད་ཡིན།། དམ་པའི་གཞི་ཉིད་བདེ་གཤེགས་ལས།། ཞལ་ནས་གསུངས་པའི་ཚིག་ཏུ་ཤེས། ། དམ་ཚིག་དམ་པ་ཆོག་གི་གཞི།། འདི་ནི་དམ་ཚིག་དྲོད་ཚད་ཡིན།། ཕུར་བུའི་གྲུབ་རྟགས་བསྟན་པ་ནི།། འཕར་དང་འཚེར་དང་འཕྲོག་པ་དང།། འགུལ་དང་ལྡེག་དང་མཆོང་བ་དང།། འོད་དང་དུ་བ་འབྱུང་བ་དང། ། བགྲུབ་པོ་ནམ་མཁའ་འགྲོ་འཕུར་དང།། ས་ལ་མི་ཐོགས་ཆུར་མི་འབྱིང།། འདི་ནི་རྟགས་རབ་བསྟན་པ་ཡིན།། མཚན་མ་ལིང་ཀ་འགུལ་བ་དང།། རྨི་ལམ་ཉམས་དང་རྟོགས་བྱུང་དང།། བར་མའི་རྟགས་སུ་བསྟན་པ་ཡིན། ། ཐ་མ་ཉམས་ཙམ་སྟོན་པའོ།། དེ་ལྟར་དྲོད་ཚད་རྟགས་མཐོང་ནས།། དྲག་པོའི་ལས་ལ་བརྩོན་པར་བྱའོ།། ཞེས་གསུངས་སོ།། རྡོ་རྗེ་ཕུར་པ་རྩ་བ་ཐུགས་ཀྱི་རྒྱུད་ལས། དྲོད་ཚད་དང་རྟགས་ཀྱི་ལེའུ་སྟེ་བཅུ་གཅིག་པའོ། །།། དེ་ནས་ཡང་དཔལ་རྡོ་རྗེ་ཁྲོས་པའི་རྒྱལ་པོ་ལ། རྡོ་རྗེ་འདུས་པས་གསོལ་བ། བཅོམ་ལྡན་འདས་རྡོ་རྗེ་ཁྲོས་པའི་རྒྱལ་པོ། རྡོ་རྗེ་ཕུར་བུ་གསང་བའི་ཐེག་པ་འདི་ཉིད། ད་ལྟར་ནི་ཁྱད་པར་དུ་གྱུར་ཅིང་སྤྱོད་ན། སྔར་འདས་པའི་སངས་རྒྱས་གང་གིས་བཤད་ཅིང་བསྟན་པ་དང། སླད་ཀྱིས་གང་དུ་སྤྱོད་ཅིང་སྟོན་པར་འགྱུར་བ་རྣམས་བདག་ལ་བཤད་དུ་གསོལ། ཅེས་གསོལ་བས། བཅོམ་ལྡན་འདས་རྡོ་རྗེ་ཁྲོས་པ་ཉིད་ཀྱིས་བཀའ་སྩལ་པ། རྡོ་རྗེ་འདུས་པ་ཉོན་ཅིག། གསང་བའི་ཐེག་པ་འདི་ཉིད་འབྱུང་བ་ནི་ཤིན་ཏུ་ཡང་དཀོན་ཏེ། ཨུ་དུམ་བ་རའི་མེ་ཏོག་དང་མཚུངས་སོ།། སྔོན་བྱུང་བའི་སངས་རྒྱས་འོད་སྲུངས་ཆེན་པོ་དང། དེ་བཞིན་དུ་འདས་པའི་སངས་རྒྱས་བྱེ་བ་ཕྲག་རྒྱ་བཅུ་རྩ་བཞིས་ཀྱང་གསང་བའི་ཐེག་པ་འདི་མ་བཤད་དེ། དེ་ཅིའི་ཕྱིར་ཞེ་ན། དུས་དེའི་འགྲོ་བ་རྣམས་འདུལ་བའི་སྣོད་དུ་མ་གྱུར་པའི་ཕྱིར་རོ།། སྔོན་ཐོག་མ་བསྐལ་པ་ཀུན་ཏུ་བཀོད་པ་ཞེས་བྱ་བ་བྱུང་སྟེ། ། དེའི་ཚེ་སངས་རྒྱས་སྔོན་འབྱུང་གི་རྒྱལ་པོ་ཞེས་བྱ་བ་བྱུང་བའི་ཚེ། དེའི་བསྟན་པ་ལ་གསང་བའི་ཐེག་པ་འདི་བཤད་ཅིང་བསྟན་ཏེ། དེའི་དུས་དེའི་ཚེ་འགྲོ་བ་རྣམས་དད་ཅིང་སྣོད་དུ་གྱུར་ནས། རྣམ་པར་གྲོལ་བའི་ལམ་ལ་བཀོད་དོ།། རྡོ་རྗེ་འདུས་པ་ད་སྟེ་བསྐལ་པ་བྱེད་པ་འདས་པའི་འོག་ཏུ། བསྐལ་པ་མེ་ཏོག་བཀོད་པ་ཞེས་བྱ་བ་ཞིག་འབྱུང་བའི་དུས་དེར། སངས་རྒྱས་འཇམ་པའི་དབྱངས་ཞེས་བྱ་བ་ཞིག་འབྱུང་བར་འགྱུར་ཏེ། དེས་གསང་བའི་ཐེག་པ་འདི་བཤད་ཅིང་སྟོན་པར་འགྱུར་ཏེ། སངས་རྒྱས་གཞན་གང་གིས་ཀྱང་གསང་བའི་ཐེག་པ་འདི་སྟོན་པར་མི་འགྱུར་ཏེ། དེ་ཅིའི་ཕྱིར་ཞེ་ན། སངས་རྒྱས་གཞན་རྣམས་ཀྱིས་མི་མཁྱེན་པ་མ་ཡིན་ཏེ། འགྲོ་བ་རྣམས་གསང་བའི་ཐེག་པ་འདིའི་སྣོད་དུ་མ་གྱུར་པའི་ཕྱིར་རོ།། རྡོ་རྗེ་འདུས་པ་ད་ལྟ་འོག་མིན་འདིར་ང་ཉིད་ཀྱིས་བསྟན་པའི་གསང་བའི་ཐེག་པ་འདི་ཡང་ཕྱི་མའི་དུས་ན་ལྷའི་གནས་དང། ། ཀླུའི་གནས་དང། མིའི་གནས་འཛམ་བུའི་གླིང་དུ་སྤྱོད་པར་འགྱུར་ཏེ། དེར་སྐྱེས་པའི་རྒྱལ་པོ་ཛ་ཞེས་བྱ་བ་ཚོགས་བསགས་པའི་གནས་འཁོར་ཞིག་ཏུ། རྡོ་རྗེ་འདུས་པ་ཁྱོད་ཀྱིས་བསྡུས་པའི་དོན་འདི་ཉིད་གསུང་ཆོས་ཀྱི་གླེགས་བམ་དུ་སྣང་བར་འགྱུར་རོ། ། དེ་ནས་སྐལ་བ་ཅན་རྣམས་རིམ་པར་སྤྱོད་འགྱུར་ཏེ། དེ་ཡང་བར་སྐབས་གཅིག་ཏུ་ནི་ནུབ། སྐབས་ཁ་ཅིག་ཏུ་ནི་མངོན་དུ་ཕྱུང། ། སྐབས་ཁ་ཅིག་ཏུ་ནི་གབ་ཅིང་སྦས།། ཚུལ་བཞིན་དུ་སྤྱད་པས་གསང་སྔགས་ཀྱི་མཐུ་སྟོབས་ཀྱང་རྙེད། ཕལ་ཆེར་ཚུལ་འདྲ་ལོག་པར་སྤྱད་པས་ལྟུང་གནས་སུ་གྱུར་ཏེ། འགྲོ་བ་ལ་ལ་ནི་དད། ལ་ལ་ནི་མ་དད་པས། དུས་ལྔ་བརྒྱ་ཐ་མ་འབྱུང་བར་ཉེ་བའི་ཚེ་དར་ཞིང་རྒྱས་པར་འགྱུར་རོ།། རྡོ་རྗེ་འདུས་པ་དེའི་ཚེ་དེའི་དུས་ན། གསང་བའི་རྒྱུད་འདི་ལ་ནན་ཏན་བྱེད་ཅིང། གཞན་ལ་འཆད་པ་དང། ཉན་པ་དང། ཚུལ་བཞིན་དུ་ཡིད་ལ་བྱེད་པ་དེ་ནི་རྡོ་རྗེ་ཐེག་པའི་རྟིང་འཛུགས་ཤིང། རྣལ་འབྱོར་དབང་ཕྱུག་གི་རྒྱུད་འཛིན་པ་སྟེ། ངའི་སྲས་ཀྱི་དམ་པར་ལྟའོ།། རྡོ་རྗེ་འདུས་པ་ཁྱོད་ཀྱིས་སྤུན་དང་གྲོགས་པོ་ཉིད་དུ་བྱིན་གྱིས་རློབས་ཅིག། ཅེས་གསུངས་སོ།། རྡོ་རྗེ་ཕུར་པ་རྩ་བ་ཐུགས་ཀྱི་རྒྱུད་ལས། གསང་སྔགས་ཀྱི་རྒྱུད་གང་དུ་དར་ཞིང་སྤྱོད་པར་འགྱུར་བའི་ལུང་བསྟན་པའི་ལེའུ་སྟེ་བཅུ་གཉིས་པའོ།།།། དེ་ནས་རྡོ་རྗེ་འདུས་པ་ལ་སོགས་པ་ཉིད་ལས་མི་གཞན་པའི་འཁོར་རྣམས་ཀྱིས་དཔལ་རྡོ་རྗེ་ཁྲོས་པའི་རྒྱལ་པོ་འཁོར་དང་བཅས་པ་ལ་མཛད་སྤྱོད་དོན་གྱིས་བསྟོད་པ། ཨེ་མ་ཧོ། བདུད་བཞི་བཅོམ་ནས་ཡོན་ཏན་དྲུག་དང་ལྡན། ཡོད་མེད་མཚན་མའི་དངོས་པོ་ཀུན་ལས་འདས། ། དོན་དམ་ཐུགས་ནི་འདའ་ཀ་ཤིན་ཏུ་གསང།། གསུང་ནི་གསང་སྔགས་མ་ལུས་ཀུན་གྱི་གཙོ།། བཅོམ་ལྡན་གསང་བདག་རྡོ་རྗེ་ཁྲོས་པའི་སྐུ།། གསང་ཐུགས་གཞོན་ནུ་ཐམས་ཅད་མཁྱེན་མཛད་དེ། ། སྟོན་པའི་བདག་ཉིད་གཙོ་བོ་དེ་ལ་ཕྱག་འཚལ་བསྟོད།། ཨེ་མ་ཧོ། ཤེས་རབ་རང་བཞིན་དག་པ་ལས།། དབྱིངས་ཀྱི་རང་བཞིན་གྲུབ་གསུམ་གསལ་བར་མཛད།། དབུས་ནས་པདྨས་བྱང་ཆུབ་སེམས་ཀྱིས་མཚན། ། དུས་གསུམ་འདུ་འབྲལ་མེད་པར་དགྱེས་པར་སྦྱོར།། སྐྱེས་བ་མེད་པའི་དོན་རྣམས་སྟོན་བྱེད་མ།། ཤེས་རབ་དབྱིངས་མ་དེ་ལ་ཕྱག་འཚལ་བསྟོད།། ཨེ་མ་ཧོ། སྟོབས་བཅུ་དག་ལས་ཡེ་ཤེས་ཁྲོ་བོ་བཅུ། ། ཕྱོགས་སྐྱོང་ཚར་བཅད་མི་དགེ་བཅུ་རྣམས་སེལ།། ཡེ་ཤེས་དབང་བཅུ་ཀུན་ལ་མངའ་བརྙེས་པ། ཁྲོ་བོ་བཅུ་རྣམས་དེ་ལ་ཕྱག་འཚལ་བསྟོད།། ཨེ་མ་ཧོ། ཕ་རོལ་ཕྱིན་པ་བཅུ་ལས་ཁྲོ་བོ་བཅུ།། ཕྱོགས་སྐྱོང་ཆུང་མ་ཚར་བཅད་སྐྱོན་བཅུ་སེལ། སྟོང་ཉིད་དབྱིངས་ཀྱི་སྒྲ་སྟོགས་དོན་ལྡན་མ།། དབྱིངས་ཀྱི་ཁྲོ་མོ་བཅུ་ལ་ཕྱག་འཚལ་བསྟོད།། ཨེ་མ་ཧོ། ཏིང་ངེ་འཛིན་ལས་སྤྲུལ་པའི་འཕྲ་མེན་རྣམས།། ཕྱོགས་སྐྱོང་བུ་དང་བུ་མོ་ཚར་བཅད་ནས། ། ལོག་པར་ལྟ་བ་བསལ་ནས་དོན་དག་ལྡན།། ཕྲ་ཐབས་ཉི་ཤུའི་ཚོགས་ལ་ཕྱག་འཚལ་བསྟོད།། ཨེ་མ་ཧོ། སྐྱེ་མེད་ངང་ལས་རྡོ་རྗེ་ཀཱི་ལི་ཡ།། ཞེ་སྡང་འདུལ་མཛད་དམྱང་བའི་འཇིག་རྟེན་སྟོངས། ། གསལ་ལ་མ་འདྲེས་མེ་ལོང་ཡེ་ཤེས་བསྙེས།། རྡོ་རྗེ་འདུས་པ་ཉིད་ལ་ཕྱག་འཚལ་བསྟོད།། ཨེ་མ་ཧོ། སྐུ་གསུང་ཡོན་ཏན་འཕྲིན་ལས་ཕུར་བུའི་ཚོགས། བསྡུ་བ་རྣམ་བཞི་དོན་མཛད་ཚད་མེད་བརྙེས། ། འཕྲིན་ལས་རྣམ་བཞི་ལྷུན་གྲུབ་དྲེགས་པ་འདུལ།། སྒྲོལ་བ་སྲས་མཆོག་ཕུར་པ་རྣམས་ལ་ཕྱག་འཚལ་བསྟོད།། ཅེས་པས་བསྟོད་པར་གྱུར་ཏོ།། རྡོ་རྗེ་ཕུར་པ་རྩ་བ་ཐུགས་ཀྱི་རྒྱུད་ལས། བསྟོད་པའི་ལེའུ་སྟེ་བཅུ་གསུམ་པའོ། །།། དེ་ནས་བཅོམ་ལྡན་འདས་རྡོ་རྗེ་ཁྲོས་པའི་རྒྱལ་པོས། རྡོ་རྗེ་འདུས་པ་ལ་བཀའ་སྩལ་པ། རྡོ་རྗེ་འདུས་པའི་སྲས་མཆོག་ཁྱོད་ཀྱི་མ་འོངས་པའི་རྣལ་འབྱོར་པ་རྣམས་ཀྱི་དོན་དུ་རྒྱུད་འདི་བསྡུས་ལ། ནུབ་ཏུ་མི་གཞུག་པར་གཟུང་ཞིང་གསུང་ཆོས་ཀྱི་ཡི་གེར་གནས་པར་བྱའོ།། འོན་ཏང་རྒྱུད་འདི་གང་ན་བཞུགས་པ་ན་དཔལ་རྡོ་རྗེ་གཞོན་ནུ་ཉིད་འཁོར་དང་བཅས་པ་བཞུགས་པར་འགྱུར་ཏེ། གཤིན་ཏུ་གཅེས་སྤྲས་ཀྱིས་གཟུང་བར་བྱའོ། ། ཞེས་བཀའ་སྩལ་པ་དང། རྡོ་རྗེ་འདུས་པ་ལ་སོགས་པ་འདུས་པའི་འཁོར་རྣམས་ཡི་རངས་ཏེ། མངོན་པར་དགྱེས་བར་གྱུར་ཏོ།། རྡོ་རྗེ་ཕུར་པ་རྩ་བ་ཐུགས་ཀྱི་རྒྱུད་ལས། རྒྱུད་གཟུང་ཞིང་གཏད་པའི་ལེའུ་སྟེ་བཅུ་བཞི་པའོ། །།། རྡོ་རྗེ་ཕུར་པ་རྩ་བ་ཐུགས་ཀྱི་རྒྱུད་ཅེས་བྱ་བ་རྫོགས་སོ།།།། ཨུ་རྒྱན་གྱི་སློབ་དཔོན་པདྨ་འབྱུང་གནས་ཀྱིས་བལ་པོ་བ་སུ་ད་ར་ལ་གནང་སྟེ། སླད་ནས་སྣུབས་རྡོ་རྗེ་ཡང་དབང་གཏེར་གྱིས་ཞུས་ནས། བྷ་ས་ཡའི་དགོན་པར་བསྒྱུར་ནས་གཏན་ལ་ཕབ་པའོ།། སླད་ནས་སྣུབས་ཡོན་ཏན་རྒྱ་མཚོ་སྐྱེ་བ་བརྒྱུད་ནས་འཕྲད་པར་གྱུར་ཅིག། རྒྱུད་འདི་ཕུར་པ་རྩ་བ་ལ་བརྟེན་པ་ཙམ་གྱིས་རྒྱུད་དུའགྲོ་སྟེ། གར་དགར་མི་སྤེལ་བར་སྣོད་ལྡནརེ་རེ་ནས་རེ་རེར་བརྒྱུད་པར་བྱའོ།།།། རྒྱ་གར་སྐད་དུ། བཛྲ་ཀཱི་ལ་ཡ་ཨ་མྲྀ་ཏ་གྷ་ན་ཏ་ནྟྲ་ནཱ་མཱ། བོད་སྐད་དུ། རྡོ་རྗེ་ཕུར་པ་བདུད་རྩི་ཐལ་སྦྱོར་གྱི་རྒྱུད་ཅེས་བྱ་བ།

CLOSE WINDOW