CLOSE WINDOW

Gpb045.019:
Wylie

། ཅེས་གསུངས་སོ།། འཕགས་པ་བདུད་རྩི་འཁྱིལ་བ་ལས་ལས་གཉིས་ཀྱི་དོན་གཉིས་གཏན་ལ་ཕབ་པ་རྫོགས་སོ།།།། དེ་ནས་ཡང་དག་བཤད་བྱ་བ།། ཐམས་ཅད་ཐོགས་པ་མེད་གྱུར་པ།། རྒྱུད་རྣམས་མ་ལུས་ཀུན་འདུས་པའི། ། ལས་ཀྱི་རྒྱུད་འདི་བཤད་པར་བྱ།། ལྕང་ལོ་ཅན་གྱི་ཕོ་བྲང་དུ།། གསང་བའི་བདག་པོ་གོས་སྔོན་ཅན།། བྱང་ཆུབ་ཚོགས་དང་ལྷན་ཅིག་ཚེ།། དོན་རྣམས་སྡུད་པར་བྱེད་པའོ།། སྟོབས་དང་མཐུ་དཔུང་གཞན་ལས་འཕགས། ། དེ་ཚེ་གསང་བའི་རྒྱུད་ཆེན་གསུངས།། དེ་ནས་ལྷ་ཡི་དབང་པོ་རྣམས།། རི་རབ་རི་ཡི་རྩེ་མོ་ལ།། སྤྲུལ་པའི་སྐུ་ཡི་ཚུལ་བསྟན་ནས།། བཞི་སྟོང་ཡོད་པའི་ལས་ཀྱི་རྒྱུད།། སྣ་ཚོགས་པ་ཡི་རྒྱུད་ཆེན་བཤད། ། དེ་དོན་བསྡུས་པའི་རྒྱུད་ཆེན་འདིའོ།། ཚོགས་པ་རྣམས་ལ་བདག་གིས་བཤད།། ཞི་བ་དང་ནི་རྒྱས་པ་དང།། དབང་དང་དྲག་པོ་བསད་པ་དང།། རེངས་པ་དང་ནི་སྐུགས་པ་དང།། མྱོས་པ་དང་ནི་གསོ་བ་དང། ། སྨྱོ་བ་དང་ནི་འབོགས་པ་སྟེ།། ཞི་བ་ལ་ནི་གཅིག་ཏུ་འགྱུར།། རྒྱས་པ་ལ་ནི་རྣམ་པ་བཞི།། ནོར་དང་འབྲུ་དང་ཚེ་དང་ནི།། ཡོན་ཏན་ཐམས་ཅད་རྒྱས་པའོ།། དབང་ལ་རྣམ་པ་གཉིས་ཡིན་ཏེ།། ལྷ་ལ་སོགས་པའི་འབྱུང་པོ་དང། ། རྒྱལ་པོ་དབང་དུ་བྱ་བའོ།། བསད་པ་ཉིད་ནི་གཅིག་ཏུ་འགྱུར།། དགུག་པ་ལས་ནི་རྣམ་པ་བརྒྱད།། ལྷ་མོ་ཀླུ་མོ་མ་མོ་དགུག། ཚེ་དགུག་པ་དང་བཅུད་དགུག་དང།། ཁུ་བ་དགུག་དང་འབྱུང་པོ་དགུག། དེ་དག་རྒྱས་པར་བཤད་བྱ་བ།། དང་པོ་ཞི་བའི་ལས་བྱེད་པ།། ཞི་བའི་དཀྱིལ་འཁོར་ཟླུམ་པོ་ལ།། པད་དཀར་འདབ་མ་བཞི་དང་ལྡན།། དབུས་སུ་དཔལ་ལྡན་གོས་སྔོན་ཅན།། ཆ་ལུགས་ཞི་བའི་རང་བཞིན་ལ། ། རྣམ་པར་སྣང་མཛད་དབུ་རྒྱན་ཅན།། སྙིང་ཁར་ཟླ་སྟེང་བཟླས་པ་ཙམ།། ཨོཾ་ན་མོ་ནཱི་ལཱཾ་བ་ར་ཧཱུཾ།། ཤཱན་ཏིང་ཀུ་རུ་སྭཱཧཱ། བརྒྱ་འམ་སྟོང་དུ་བཟླས་པ་བརྩམ།། དེ་ནས་མདུན་དུ་ཧོམ་ཁུང་བྲུ།། ཟླུམ་ལ་དཀར་བའི་ཚོན་གྱིས་བྱུག། སྟེང་དུ་ཞོ་ཅན་ཤིང་བརྩིགས་ཏེ།། ནང་དུ་ཞི་བ་མེ་ལྷ་བསྐྱེད།། མེ་སྦར་མེ་ལྷ་སྤྱན་དྲངས་ཏེ།། གཉིས་མེད་གྱུར་ནས་མཆོད་པ་དབུལ།། བསྟོད་ནས་ནང་དུ་གོས་སྔོན་བསྐྱེད།། བསྐྱེད་ནས་མཆོད་པ་དབུལ་བར་བྱ། ། མེ་ཏོག་དཀར་དང་མར་མེ་དྲི།། ལྷ་བཤོས་ཟླུམ་པོས་མཆོད་པར་བྱ།། འབྲས་བུ་འོ་ཐུག་དབུལ་བར་བྱ།། ཞི་བར་བྱ་བའི་གདུང་བྱ་དགུག། དངུལ་ལམ་དཀར་པོའི་ཕུར་བས་གདབ།། ཨོཾ་ན་མོ་ནཱི་ལཱཾ་བ་ར་ཧཱུཾ་ཕཊ། ། ཨོཾ་ཀཱི་ལི་ཀཱི་ལཱ་ཡ་ཤཱན་ཏིང་ཀུ་རུ་སྭཱ་ཧཱ། ཞི་བའི་ཚོགས་ཀྱི་འཁོར་ལོ་བསྐོར།། ཞི་བའི་གཏོར་མ་གཏང་བར་བྱའོ།། དེས་ནི་བདུད་དང་སྲིན་པོ་དང།། འཇིག་རྟེན་གྲགས་པ་ཞི་བར་འགྱུར། ། འོ་མ་ལ་སོགས་དཀར་པོའི་ཆུས།། མེ་ལ་བཏབ་པ་བྱས་གྱུར་ནས།། ཞི་བར་གྱུར་ཅིག་བརྗོད་པ་ཡིས།། ཞི་བར་འགྱུར་བ་ཐེ་ཚོམ་མེད།། ཞི་བའི་ཆོ་ག་སྔོན་འགྲོ་ནས།། ས་གཞི་བྱིན་གྱིས་བརླབས་ལ་སོགས། ། དེ་དག་ཐམས་ཅད་རྫོགས་པར་བྱ།། ས་ཆེན་གཟུང་བའི་དམ་ཚིག་ནི།། ཡོངས་སུ་བརྟགས་ཏེ་གཟུང་བར་བྱ།། རྒྱས་པ་གཉིས་ཀྱི་ཆོ་ག་ནི།། རི་དབྱིབས་གྲུ་བཞིའི་བདེ་གནས་སུ།། གྲུ་བཞི་མེ་ཏོག་སེར་པོར་ལྡན། ། རིན་ཆེན་གོས་སྔོན་སྐུ་མདོག་སེར།། དབུ་ལ་རིན་ཆེན་འབྱུང་ལྡན་བརྒྱན།། མ་སྤྱད་པ་ཡི་སྣོད་ཆེན་དུ།། བདུད་རྩི་ལྔ་དང་ཤ་ལྔ་དང།། ཐུན་མོང་རྫས་སུ་གྱུར་པར་བླུགས།། ཨོཾ་ན་མོ་ནཱི་ལཱཾ་བ་ར་ཧཱུཾ། རཏྣ་པུཥྟིཾ་ཀུ་རུ་ཧཱུཾ། ཕྱི་ནང་དགུགས་པའི་དོན་ལ་དམིགས།། སྐྱོན་རྣམས་སྤངས་པས་ཡོན་ཏན་འགྱུར།། བརྒྱའམ་སྟོང་དུ་གྲངས་ཐིམ་པས།། མདུན་དུ་སྟེགས་བུ་གྲུབ་བཞི་ལ།། ཐབ་ཁུང་གྲུ་བཞི་སེར་པོར་བྱུག། འཁོར་ལོ་འཕྲེང་བ་ཡང་དག་ལྡན། ། གསེར་གྱི་མདོག་དང་ལྡན་པ་ལ།། མཆོད་རྟེན་དབྱིབས་སུ་བརྩིག་པར་བྱ།། ནང་དུ་རྒྱས་པའི་མེ་ལྷ་བསྐྱེད།། ཡེ་ཤེས་མེ་ལྷ་བཀུག་ནས་བསྟིམ།། གཉིས་མེད་གྱུར་ལ་མཆོད་པ་འབུལ། ། མཆོད་དང་བསྟིམ་པ་ལེགས་གནས་ཏེ།། དེར་ནི་རྒྱས་པའི་གོས་སྔོན་བསྐྱེད།། ཡེ་ཤེས་གོས་སྔོན་བཀུག་ནས་བསྟིམ།། གཉིས་མེད་གྱུར་ལ་ཕྱག་མཆོད་འབུལ།། སྤོས་དང་མེ་ཏོག་སེར་པོ་དང།། མར་མེ་དང་ནི་དྲི་ཆབ་དང། ། ལྷ་བཤོས་གྲུ་བཞིར་གྱུར་བས་མཆོད།། གསེར་མདོག་ཤིང་དང་སེར་པོ་རྫས།། ཐམས་ཅད་བསྲེག་ཕྱིར་རྒྱས་པར་བྱ།། གསེར་རམ་སེར་པོའི་ཤིང་རྣམས་ལ།། རྒྱས་པའི་ཕུར་པ་རབ་བྱས་ནས། ། སྔགས་བཟླས་རྒྱས་པའི་ཡུལ་ལ་གདབ།། ཨོཾ་ན་མོ་ནཱི་ལཱཾ་བ་ར་ཧཱུཾ།། ཀཱི་ལི་ཀཱི་ལ་ཡ་པུ་ཥྟིཾ་ཀུ་རུ་སྭཱ་ཧཱ། དེ་ནས་གསེར་གྱི་མཚོར་ལྡན་ཆུས།། མེ་ལ་གཏོར་བས་གསེར་དུ་འགྱུར། རྒྱས་པར་གྱུར་ཅིག་བརྗོད་པ་ཡིས། ། རྒྱས་པར་འགྱུར་བ་གདོན་མི་ཟ།། ཡང་ན་རྒྱས་པའི་སྦྱོར་བ་ནི།། རྫས་ཉིད་འོད་ཞུ་ཡི་གེ་སྭ།། དེ་ལས་རིན་ཆེན་འབྱུང་ལྡན་སྐུ།། ཡེ་ཤེས་བཀུག་ལ་གཉིས་མེད་བསྟིམ།། རྒྱས་པར་གྱུར་པའི་གསང་སྔགས་བཟླས། ། འོད་ཀྱི་ཡེ་ཤེས་བདུད་རྩི་དང།། ཁམས་གསུམ་འགྲོ་བའི་བཅུད་རྣམས་ཀུན།། བསམ་གཏན་དེ་དང་ལྡན་གྱུར་ནས།། དེ་ནས་འཕགས་དང་འཁོལ་བ་འབྱུང།། ཟོས་པས་དངོས་གྲུབ་གང་འདོད་འབྱུང།། རྨི་ལམ་གསེར་གྱི་དོང་ཚེ་རྙེད། ། ཡིད་བཞིན་ནོར་བུ་སྤྱོད་པ་འབྱུང།། དེ་ལྟར་བྱུང་བར་གྱུར་པ་ནི།། རྒྱས་པ་གྲུབ་པའི་རྟགས་སུ་བཤད།། ཡང་ན་རྒྱས་པའི་ལས་དག་ནི།། ཟ་མ་ཏོག་དང་ཁམས་གསུམ་རྒྱལ།། རྣམ་ཐོས་སྲས་དང་བཅས་པ་བསྐྱེད། ། དེ་ལས་ཡེ་ཤེས་བདུད་རྩི་བཀུག། བཀྲག་དང་གཟི་བརྗིད་ལྡན་པ་ལ།། གསེར་གྱི་ཕུར་པ་གདབ་པ་དང།། དེ་ཡི་གསང་སྔགས་བརྗོད་པའི་ཚེ།། ཁམས་གསུམ་རྣམས་རྒྱལ་འོད་འཕྲོས་ཏེ། ། རྣམ་ཐོས་སྲས་ལ་ནོར་སྦྱིན་བསྒོ།། སྟེར་བའི་རྟགས་ནི་གོང་མ་བཞིན།། གཏེར་ལ་སོགས་པ་འབྱུང་བ་དང།། འདོད་པའི་ཡོན་ཏན་གཞན་ཡང་འབྱུང།། ཡང་ན་རྒྱས་པའི་ལས་དག་ནི།། རྒྱལ་རིགས་དག་གི་ཕུང་པོ་ལ། ། དང་པོ་བསླང་བའི་ཆོ་ག་བྱ།། བདག་པོར་གྱུར་ལ་གཏོར་མ་སྦྱིན།། སྟེང་དུ་བདག་གི་ཕྱག་རྒྱ་རྫོགས།། ཕྱོགས་མཚམས་བལྟས་པས་འབྱུང་པོ་བསྐྲད།། རྡོ་རྗེ་བསྲུང་བའི་ཕྱག་རྒྱ་རྫོགས།། བདག་གི་ལུས་ལ་གོ་ཆ་བགོ། ། དེ་ནས་ཕུང་པོ་འོད་ཞུ་ནས།། ཡི་གེ་ལང་དང་བྱ་ལྡན་བསམ།། དེ་ལས་གསེར་གྱི་ས་གཞིར་གྱུར།། སྟེང་དུ་ས་ལས་རྣམ་ཐོས་སྲས།། རིན་ཆེན་འབྱུང་ལྡན་དབུ་རྒྱན་ཅན།། དེ་ལ་ཡེ་ཤེས་སེམས་དཔའ་བསྟིམ། ། གཉིས་མེད་གྱུར་ནས་མཆོད་པ་དབུལ།། སྔགས་ཀྱི་བསྙེན་པ་རྫོགས་པར་བྱ།། ཨོཾ་ན་མོ་ནཱི་ལམ་བ་ར་ཧཱུཾ།། སརྦ་ཏ་ཐཱ་ག་རཏྣ་སིངྷི་ཧཱུཾ། ཞེས་པས་དེ་ལ་འདོད་པའི་དངོས་གྲུབ་འབྱུང།། དེ་ནི་རྒྱས་པའི་ཆོ་ག་སྟེ། ། བུད་མེད་དག་ལ་བྱིན་གྱུར་ན།། བུ་ཕོ་བུ་མོ་གང་འདོད་འབྱུང།། ཤེས་རབ་འདོད་པས་ཟོས་ན་འབྱུང།། ཚེ་དཔག་མེད་ཀྱི་སྙིང་པོའམ།། བརྒྱའམ་སྟོང་དུ་བཟླས་ནས་བཟའ།། དེས་ནི་ཚེའང་འགྲུབ་པར་འགྱུར། ། དབང་གི་ཆོ་ག་བཤད་བྱ་བ།། རི་དབྱིབས་ཟླ་བ་ཕྱེད་འདྲ་བ།། དམར་ལ་གདངས་བའི་ཁ་དོག་ཏུ།། སྟེགས་བུ་ཟླ་གམ་དམར་པོ་ལ།། མེ་ཏོག་དམར་པོས་ཡང་དག་བརྒྱན།། གོས་སྔོན་སྣང་བ་མཐའ་ཡས་ལྡན། ། མ་སྤྱད་པའི་སྣོད་ཆེན་ལ།། དམར་པོ་དག་གི་ཚོན་བྱུགས་ནས།། ནང་དུ་ཤ་ལྔ་བདུད་རྩི་ལྔ།། ཨོཾ་ན་མོ་ནཱི་ལཱཾ་བ་ར་ཧཱུཾ། པ་ཤང་ཀུ་རུ་ཧཱུཾ་ཕཊ། ཕྱི་ནང་བསྐུལ་བ་རབ་དམིགས་ཏེ།། མི་དམིགས་དབང་གི་ལྷ་ཚོགས་ཀུན། ། བདག་ལ་དགུགས་པས་བདག་གིས་བསྐུས།། དབང་གི་ལས་ལ་ཐོགས་མེད་འགྱུར།། བརྒྱའམ་སྟོང་དུ་གྲངས་ཐིམ་ནས།། དབང་གི་ཐབ་ཁུང་ཟླ་ཁམ་ལ།། དམར་པོའི་ཚོན་གྱིས་བྱུགས་པ་དང།། པད་མའི་འཕྲེང་བས་ཡང་དག་བརྒྱན། ། ནང་དུ་དབང་གི་མེ་ལྷ་བསྐྱེད།། སྤྱན་དྲངས་བཀུག་ནས་གཉིས་མེད་ལ།། མཆོད་བསྟོད་ལ་སོགས་བསྟིམ་པར་བྱ།། ནང་དུ་དཔལ་ལྡན་གོས་སྔོན་ལ།། ཡེ་ཤེས་གོས་སྔོན་བཀུག་ནས་བསྟིམ། ། གཉིས་མེད་གྱུར་ལ་མཆོད་པ་འབུལ།། སྤོས་དང་མེ་ཏོག་དམར་པོ་དང།། མར་མེ་དྲི་དང་རྣམ་ལྔ་དབུལ།། འདོད་པ་ལྔ་ཡི་མཆོད་པ་ཡང།། དེ་བཞིན་ཕུལ་བས་མཉེས་པར་བྱ།། དེ་རྣམས་དམར་པོའི་རྫས་རྣམས་ལ། ། པ་ཤང་ཀུ་རུའི་སྔགས་ལྡན་པས།། ཕུལ་ནས་གང་འདོད་དབང་དུ་འགྱུར།། ཟངས་ལ་སོགས་པའི་ཤིང་རྣམས་ལ།། དབང་གི་ཕུར་བུ་བྱིན་བརླབས་ནས།། བཏབ་པས་དེ་ཉིད་དབང་དུ་འགྱུར།། ཨོཾ་ན་མོ་ནཱི་ལཱཾ་བ་ར་ཧཱུཾ། ཀཱི་ལི་ཀཱི་ལཱ་ཡ་བ་ཤང་ཀུ་རུ་ཧཱུཾ་ཕཊ།། ཡང་ན་དམར་བའི་རྫས་རྣམས་ཀུན།། གཅིག་པར་སྣོད་ཆེན་བཀང་བྱས་ཏེ།། བྱིན་གྱིས་བརླབས་པའི་གཏོར་མའི་སྟེང།། བདག་གིས་གོས་སྔོན་གསལ་བྱས་ཏེ། ། གོང་གི་གསང་སྔགས་བཟླས་པ་ཡིས།། མི་འགྱུར་སངས་རྒྱས་ཐམས་ཅད་ཀུན།། དབང་གི་སྐུར་ནི་རབ་བཞེངས་ནས།། སྦྱོར་བའི་བདུད་རྩི་དབབ་བྱས་ནས།། དབང་གི་ལྷ་ཡི་སྤྱི་གཙུག་བཞུགས། ། རྡོ་རྗེའི་ལམ་བྱུང་གཉིས་མེད་ཐིམ།། དམར་ལ་གདངས་པར་འགྲུབ་པ་དང།། འོད་ཟེར་གཏོར་མའི་ལྷ་ལ་ཕོག། དབང་གི་ལས་རྣམས་གྲུབ་པར་བཅོལ།། འོད་དུ་ཞུ་བས་ཤིན་ཏུ་དམར།། ལྷ་རྣམས་དབང་དུ་བྱེད་འདོད་ན། ། ཐུགས་ཀའི་ཟེར་སྣ་ལྔ་ལས།། དབང་གི་གོས་སྔོན་དམར་པོར་འཕྲོས།། མདུན་དུ་དབང་གི་གཞལ་ཡས་བསྐྱེད།། དཀུག་པར་གྱུར་ལ་གཏོར་མ་སྦྱིན།། རེག་པ་ཙམ་གྱིས་དབང་དུ་འགྱུར།། འཐུངས་བ་ཙམ་གྱིས་སྨོས་ཅི་དགོས། ། ཀླུ་དང་གནོད་སྦྱིན་གསང་བ་པོ།། འབྱུང་པོ་རྒྱལ་པོ་སྲིན་པོ་དང།། རྣལ་འབྱོར་མ་ཡང་དབང་དུ་འགྱུར།། ཡང་ན་རྒྱལ་པོའི་རོ་བླངས་ལ།། བསླང་ལ་བསྲུང་ལ་བྱིན་གྱིས་བརླབ།། འོད་ཞུ་རཾ་ལས་མེ་གློང་དུ། ། དབང་གི་གོས་སྔོན་རབ་བསྐྱེད་ནས།། ཡེ་ཤེས་དབང་གི་གོས་སྔཽན་དགུག། གཉིས་མེད་གྱུར་ལ་མཆོད་པ་དང། གོང་མའི་སྔགས་ཀྱིས་བསྙེན་པ་བྱ།། མེ་དཔུང་རྨི་བ་བྱུང་ཡང་འགྲུབ།། དབང་གི་ལས་རྣམས་གྲུབ་པར་བཅོལ། ། བསྟིམ་སྟེ་ཤ་ལ་གོང་མ་བཞིན།། བྱས་པས་དེ་ཡི་དབང་དུ་འགྱུར།། དབང་གི་སྦྱོར་བ་མདོར་བསྡུས་པའོ།།།། གསོད་པའི་ལས་ཀྱི་ཆོ་ག་ནི།། རི་དབྱིབས་ཟུར་གསུམ་གདེངས་པ་འམ།། ཡང་ན་ཁ་རལ་གདེངས་པ་འམ། ། ནག་པོའི་མདོག་ཏུ་གནས་པ་དེ།། དཀྱིལ་འཁོར་གྲུ་གསུམ་ཟླ་ཁམ་ལྡན།། ཡང་ན་གྲུ་གསུམ་འབར་བར་ལྡན།། དུག་དང་ཁྲག་དང་ལན་ཚྭ་དང།། དུར་ཁྲོད་སོལ་བས་ནག་པོར་བྱུག། སྟེང་དུ་མེ་ཏོག་ནག་པོ་དགྲམ།། དྲག་པོའི་འཕགས་པ་གོས་སྔོན་ཅན།། དབུ་ལ་དོན་ཡོད་གྲུབ་པས་བརྒྱན།། མ་སྤྱད་བཀྲ་མི་ཤིས་པ་འམ།། ཡང་ན་སེར་ཀ་དུག་ཡོད་པར།། དུག་དང་སྐེ་ཚེ་ནས་ནག་དང། ། ཡུངས་ཀར་ཡུངས་ནག་ལན་ཚྭ་དང།། བདུད་རྩི་ལྔ་དང་ཤ་ལྔ་དང།། མྱོས་པའི་ཆུ་ཡིས་སྦྱང་བར་བྱ།། ཨོཾ་ན་མོ་ནཱི་ལཱཾ་བ་ར་ཧཱུཾ། ཆེ་གེ་མོ་མཱ་ར་ཡ་ཕཊ། ཕྱི་དང་ནང་གི་དམིགས་གྲུབ་ནས།། བདེ་གཤེགས་དྲག་པོས་བཀུག་ཅིང་བསྟིམ། ། ཧ་ཧ་དང་བཅས་བཟླས་པ་ནི།། བར་མ་ཆད་པ་སྟོང་དུ་བཟླས།། མདུན་དུ་སྟེགས་བུ་གྲུ་གསུམ་བྱ།། གྲུ་གསུམ་ནང་དུ་དུག་ཆུ་དང།། སོལ་ཆེན་བསྲེས་ལ་བྱུག་པར་བྱ།། ཁ་ལ་དྲལ་གྲོ་ཕུར་བུ་དགོད། ། ཚེར་མ་དུག་དང་ལྡན་པའི་ཤིང།། བྷ་གའི་དབྱིབས་སུ་བརྩིབས་པར་བྱ། ནང་དུ་དྲག་པོའི་མེ་ལྷ་བསྐྱེད།། མེ་སྦལ་དགུག་དང་བཞུག་བྱ་སྟེ།། གཉིས་མེད་གྱུར་ནས་མཆོད་པ་དང།། བསྟོད་དང་བསྟིམ་པ་ལེགས་གནས་ཏེ། ། ནང་དུ་དྲག་པོའི་མེ་ལྷ་བསྐྱེད།། སྤྱན་དྲངས་བསྟིམ་ནས་མཆོད་པ་དབུལ།། སྤོས་ནི་ཤ་ཆེན་བསྲེགས་པ་སྟེ།། དཀར་དམར་ཁུ་བ་མེ་ཏོག་ཡིན།། ཡང་ན་མེ་ཏོག་ནག་པོས་བྱ། ། སྤོས་ནི་གུ་གུལ་སྦྱར་བ་སྟེ།། མར་མེ་ཚིལ་ཆེན་ཁུ་བས་བྱ།། ཁྲག་ནི་ཨརྒ་འདོད་པའོ།། དྲི་ཆབ་བདུད་རྩི་བ་ཡི་ཆུ།། ཤ་ཆེན་པོ་ནི་ལྷ་བཤོས་ཏེ།། ཡང་ན་འབྲུ་ལས་གྱུར་པ་ལ།། ཟུར་གསུམ་ཁྲག་དང་སོལ་ལས་བྱུག། བསྲེག་པའི་རྫས་ནི་འདི་ལྟ་སྟེ།། ཤ་ཆེན་པོ་དང་ཡམ་ཤིང་དང།། དེ་བཞིན་དྲག་པོའི་གཏོར་མ་བསག། ཁྲག་དང་སོལ་ཆེན་བསྲེག་པ་ཡིས།། ཁ་དོག་ནག་པོར་བསྒྱུར་ལ་དབུལ།། ཡང་ན་ལྕགས་སམ་ནག་པོའི་ཤིང། དྲག་པོའི་ཕུར་བུར་བྱིན་བརླབས་ཏེ།། བཏབ་པ་ཉིད་ཀྱིས་འཆིལ་བར་འགྱུར།། ཨོཾ་ན་མོ་ནཱི་ལཱཾ་བ་ར་ཧཱུ~ཾ། ཀཱི་ལི་ཀཱི་ལ་ཡ་ཆེ་གེ་མོ་མཱ་ར་ཡ་ཕཊ། ཡང་ན་དྲག་པོའི་གཏོར་མ་དེ།། བྱིན་བརླབས་སྟེང་དུ་དྲག་པོའི་ལྷ། ། འབར་བའི་གོས་སྔོན་བསྐྱེད་བྱས་ཏེ།། ཡེ་ཤེས་དྲག་པོའི་གོས་སྔོན་དགུག། འོད་འཕྲོས་སྔགས་བཟླས་བསམ་གཏན་བསྒོམ།། ཡེ་ཤེས་དབྱིབས་ལ་གནས་པ་ཀུན།། དྲག་པོའི་སྐུ་རུ་རམ་ལངས་ཏེ།། བཀུག་ཅིང་བསྟིམ་པ་ཡང་དང་ཡང། ། དེ་ནས་གསོད་པའི་ལས་བཅོལ་ཏེ།། བསྟིམ་དང་གཏོར་མ་ནག་པོ་ལ།། འོད་དང་འོད་ཟེར་ནག་པོར་གྱུར།། འབྱུང་པོ་ལ་སོགས་བཀུག་བྱས་ནས།། དེ་ལ་གཏོར་མ་བརྡེག་པར་བྱ།། སྙིང་ནས་ཕུར་བུ་ཁྲོ་ཆུང་དང། ། སྦྲུལ་གྱི་གཟུགས་ནི་གནས་པར་བསམ།། དེ་ལ་གོང་མའི་སྔགས་བཟླས་པས།། སྔགས་གཟེར་ལྕགས་བསྲེགས་ཚུལ་ཅན་གྱིས།། དེ་ལ་ཕོག་པས་མེ་ནི་འབར།། ཕུང་པོ་མེ་ཡིས་བསྲེག་པར་བསམ། ། ཚ་བའི་ནད་ཀྱི་འཆི་བར་འགྱུར།། ལས་འདིས་ཕྱག་ན་རྡོ་རྗེ་ཉིད།། འཆི་འགྱུར་གཞན་ལ་སྨོས་ཅི་འཚལ།། བསད་པའི་ལས་ཀྱི་རིམ་པའོ།། ལྷ་མོ་དགུག་པའི་ཆོ་ག་ནི།། གནས་ནི་དབང་དང་མཐུན་པར་བསམ། ། ཡང་ན་ལམ་གྱི་གཞི་མདོ་འམ།། རྒྱལ་པོ་ལ་སོགས་འདུ་ཁང་དུ།། དབང་གི་དཀྱིལ་འཁོར་ཆེན་པོ་སྟེང།། རྩ་བའི་སྐུ་ཡི་བདག་ཉིད་ཅན།། རྔ་མོའི་སྟེང་ན་ལེགས་བཞུགས་པའི།། དབུ་ལ་རྡོ་རྗེ་སེམས་དཔས་བརྒྱན། ། བ་ལང་ཤ་ཡི་གཏོར་མ་བྱ།། ཨོཾ་ན་མོ་ནཱི་ལཱཾ་བ་ར་ཧཱུཾ།། ཨཾ་ཀུ་ཤ་ཡ་ཨཱ་ཀར་ཥ་ཡ་ཛ་ཛ། ཕྱི་ནང་སྐུ་ནི་གསལ་གྱུར་ནས།། འོད་ཟེར་བདེ་གཤེགས་ཞིང་དུ་འཕྲོས།། འགུག་པ་སྐུ་ཡི་ཞིང་དུ་འགྱུར།། འོད་བྱུང་བདག་ལ་ཕོག་པ་འམ། ། དངོས་པོ་ཉིད་དུ་བཀུག་པར་གྱུར།། བསྟིམ་པས་རི་རབ་ལྟ་བུ་སྟེ།། འོད་ཀྱི་དཀྱིལ་འཁོར་ཆེན་པོའི་ནང།། ལྕགས་ཀྱུ་ཅན་སོགས་བསམ་མི་ཁྱབ།། མདུན་དུ་སྟེགས་བུ་ཟླུམ་པོའི་ནང།། པད་མའི་དབྱིབས་ཀྱིས་ཐབ་ཁུང་བྲུ། ། ཐལ་ཆེན་ལ་སོགས་དྲི་ཆུས་སྦྲུས།། ནང་དུ་བྱུག་ཅིང་བཀྲུ་བར་བྱ།། ཁ་ཁྱེར་རྡོ་རྗེའི་འཕྲེང་བའམ།། ཡང་ན་ལྕགས་ཀྱུའི་འཕྲེང་བ་བྱ།། ཡང་ན་ཏི་ཀའི་འཕྲེང་བ་བྱ།། ལས་ཐམས་ཅད་པའི་མེ་ལྷ་བསྐྱེད། ། ཙན་དན་ཤིང་ལས་མེ་བུས་ཏེ།། བཀུག་ཅིང་བཅུག་ནས་གཉིས་མེད་བསྟིམ།། བ་ལང་ཤ་ཡིས་གཏོར་མ་བླུགས།། ཡང་ན་བདག་ལས་སྤྲུལ་པ་ཡི།། ལྷ་མོ་བཀུག་སྟེ་འོད་འབར་བསམ། ། དེ་ལ་གཏོར་མ་བྱིན་པས་འགུགས།། ཨོཾ་ན་མོ་ནཱི་ལམ་བ་ར་ཧཱུཾ། བཻ་རོ་ཙ་ན་གྲྀཧྣ་གྲྀ་ཧྣ་ཧཱུཾ་ཕཊ། ཞེའོ།། ལྷ་མོ་འགུགས་པར་གྱུར་པའི་ཚེ།། སྦྱོར་བར་འདོད་ན་སྦྱོར་བར་འགྱུར།། ས་འོག་འདོད་ཀྱང་འབྱུང་བར་འགྱུར། ། ཡང་ན་ཇི་ལྟར་འདོད་པ་འབྱུང།། ཀླུ་མོའི་མི་མོ་དེ་བཞིན་ནོ།། ཚེ་དགུག་ཆོ་གའི་ལས་དག་ནི།། རྟེན་ཅན་རྟེན་མེད་རྣམ་པ་གཉིས།། བརྟེན་བཅས་བུམ་པའི་འོད་ཞུ་བས།། བྷྲུཾ་གྱུར་ཡང་ན་བཾ་དུ་གྱུར། ། དེ་ཉིད་འོད་ཞུ་གཞལ་ཡས་ཁང།། མ་ཆག་གསལ་དང་ཤིན་ཏུ་གསལ།། སྟེང་དུ་ཧཱུཾ་ལས་མི་བསྐྱོད་པ།། ཤར་དུ་རྣམ་པར་སྣང་མཛད་དེ།། ལྷོར་ནི་རིན་ཆེན་འབྱུང་ལྡན་བསམ།། ནུབ་ཏུ་སྣང་བ་མཐའ་ཡས་ཏེ། ། བྱང་དུ་དོན་ཡོད་གྲུབ་པའོ།། དཀར་དམར་སེར་ལྗང་མཐིང་ཁ་མདོག། ཕྱག་རྒྱ་ལྔ་ཡི་བདག་ཉིད་ཅན།། ཡེ་ཤེས་དབང་བསྐུར་བཅུག་ནས་བསྟིམ།། འོད་ཞུ་དེ་ལས་གོས་སྔོན་གྱུར།། དེ་ཡི་སྤྱི་གཙུག་འོད་དཔག་མེད། ། སྐུ་མདོག་དམར་པོ་ཞལ་གཅིག་པ།། འབར་བའི་ཕྱག་ནི་གཉིས་པ་སྟེ།། པད་མའི་སྟེང་ན་བུམ་པ་བསྣམས།། གསང་བའི་ཡུམ་བཞི་འཁོར་དུ་བསྐོར།། དབང་ཐོབ་སྐུ་ལ་མཆོད་པར་འབུལ།། བསྟོད་པས་མཉེས་ནས་གསང་སྔགས་བཟླས། ། ཨོཾ་ན་མོ་ནཱི་ལཱཾ་བ་ར་ཧཱུཾ།། ཨཱ་ཡུ་ཥེ་ཧཱུཾ་ཛ། བསམ་གཏན་སྔགས་ལས་འོད་འཕྲོས་པས།། སྟོང་གསུམ་ཚེ་ནི་དགུག་ཅིང་དགང།། དེ་ཡིས་ཚེ་འགུགས་གདོན་མི་ཟ།། བཅུད་དགུག་པ་ཡི་ཆོ་ག་ནི། ། བཅུད་རྟེན་བུམ་པར་ཡི་གེར་བསམ།། འོད་ཞུ་བུམ་པའི་གཞལ་ཡས་སུ།། རང་ལས་ལྷ་མོ་མཱ་མ་ཀི། སེར་མོ་ཕྱག་གཉིས་བསྣོལ་བའི་སྟེང།། རིན་པོ་ཆེ་ཡིས་རབ་མཚན་པའི།། བདུད་རྩི་བུམ་པ་འཛིན་པའི་ཚུལ། ། ཨོཾ་ནཱི་ལཱཾ་བ་ར་ཧཱུ~ཾ། རཏྣ་མཱ་མ་ཀི་ཏྲཾ། གོའུ་ན་སུ་བྷྱོ་བོ་དྷི་ས་ཏྭ་ཏྲཾ་ཛ་ཛ། ཕར་འཕྲོས་ཚུར་འདུས་རྒྱུན་མི་འཆད།། འོད་ཟེར་ཕྲ་མོ་མང་པོ་འཕྲོས།། སྟོང་གསུམ་འཇིག་རྟེན་བཅུད་བཀུག་ནས།། སླར་འདུས་ཡུམ་གྱི་སྤྱི་གཙུག་ཞུགས། ། གང་བར་གྱུར་པའི་བསམ་གཏན་བྱ།། དེ་ཡིས་དེ་ལ་གྲུབ་པར་འགྱུར།། ཡང་ན་རོ་ཡི་ཕུང་པོ་གཅིག། ཟླ་བ་བརྒྱད་ལ་བླང་བྱས་ཏེ།། དེ་ཡི་བསླང་དང་བསྲུང་བ་བྱ།། འོད་ཞུ་གཞལ་ཡས་ཁང་དུ་བསམ། ། སྔགས་ཀྱི་འོད་ཟེར་ཕྱོགས་བཅུར་འཕྲོས།། བཅུད་བཀུག་ཕུང་པོའི་དབྱིབས་སུ་བསྟིམ།། རྒྱས་ནས་ཟླ་བའི་མདོག་ཏུ་འདུག། ཡང་ན་ཡིད་བཞིན་རིན་ཆེན་དགུག། དེ་ལ་བསྟིམ་པས་ནོར་ཆེན་དགུག། ཚེ་ཉམས་པ་ཡིས་ཟོས་གྱུར་ན།། དེ་ཡི་ཚ་དང་ལྡན་པར་འགྱུར།། ཉམས་པ་ཆེན་པོས་ཟོས་གྱུར་ན།། འགྱོད་དང་ལྡན་ན་སོར་ཅུད་འགྱུར།། དེ་ལ་སོགས་པའི་ཡོན་ཏན་ཚོགས།། རྒྱུད་འདིར་བསམ་གྱིས་མི་ཁྱབ་བསྟན། ། ཁུ་བ་འགུགས་པའི་ཆོ་ག་ནི།། རྣམ་པ་གཉིས་ཏེ་བདག་དང་གཞན།། གཞན་གྱི་ཁུ་བ་འགུགས་པ་ནི།། སྙིང་ཁར་ཟླ་བའི་དཀྱིལ་འཁོར་བསམ།། དེ་སྟེང་ཡི་གེ་ཨ་དཀར་ལས།། འོད་ཟེར་ཁ་དོག་སྣ་ལྔར་འཕྲོས། ། ཡེ་ཤེས་བདེ་གཤེགས་སྐུ་ལ་ཕོག། དེ་ཉིད་འོད་དུ་ཐིམ་པ་ལས།། ཁུ་བ་འགུགས་པའི་ཆོ་གའོ།། གཤང་བའི་ལམ་ནས་ཡར་བྱུང་སྟེ།། བདེ་ཆེན་བྱང་ཆུབ་སེམས་ཕབ་ནས།། རྡོ་རྗེའི་ལམ་དུ་བྱུང་ནས་བསྟིམ། ། དེ་ཡང་ཁུ་བ་འགུགས་པའོ།། ཡང་ན་འོད་ཟེར་རབ་འཕྲོས་པས།། བདེ་གཤེགས་སྐུ་ལ་ཕོག་གྱུར་པས།། ཆགས་པ་སྐྱེད་པའི་ཚུལ་ཅན་གྱིས།། ཐབས་དང་ཤེས་རབ་སྦྱོར་བར་འགྱུར།། གཉིས་མེད་དཀར་དམར་བྱང་ཆུབ་སེམས། ། བདག་གི་ཚངས་པའི་བུ་གར་ཞུགས།། ལུས་རྣམས་རྒྱས་ཏེ་བདེ་བར་འགྱུར།། ཁུ་བ་དགུག་པའི་ཆོ་གའོ།། ཡང་ན་འགུགས་པའི་ཆོ་ག་ནི།། མདུན་དུ་པདྨ་འདབ་བརྒྱད་བསྐྱེད།། ཡི་གེ་ལྔ་ལ་རིགས་ལྔའི་སྐུར། ། ཡུམ་ལྔ་དག་དང་བཅས་པ་བསམ།། ཡེ་ཤེས་གནས་ནས་བཀུག་ཅིང་བསྟིམ།། དེ་ལས་འོད་འཕྲོས་འཕགས་པ་བསྐུལ།། བྱང་ཆུབ་སེམས་ཕབ་རིགས་ལྔའི་སྐུ།། སྤྱི་གཙུག་ཐིམ་ནས་གསང་བར་བྱུང། ། དེ་ཉིད་ཡི་གེ་གསུམ་དང་འགྲོགས།། བདག་གི་ལྕེ་ཡི་དབུས་སུ་ཞུགས།། སངས་རྒྱས་བདེ་བ་སྐྱེ་བར་འགྱུར།། བདག་གི་ཁུ་བ་དགུག་པ་ནི།། སྤྱི་བོར་བདེ་ཆེན་གཞལ་ཡས་བསམ།། དེ་སྟེང་ཡི་གེ་ཨ་དཀར་པོ། ། ཟླ་བའི་གདན་ལ་བསམ་པར་བྱ།། ལྟེ་བར་པདྨ་འདབ་བརྒྱད་ལ།། ཟླ་བའི་སྟེང་དུ་ཨཾ་བསམ་ཏེ།། ཨཾ་ལས་ཛའི་འོད་འཕྲོས་པས།། ཁ་དོག་ལྔ་དང་ཡང་དག་ལྡན།། ཟླ་བའི་བུ་གར་ཞུགས་པ་ཡིན།། ཨ་བསྐུལ་དེ་ལ་འོད་འཕྲོས་པས། ། བདུད་རྩི་ཆུ་ཡིས་ལུས་རྒྱས་འགྱུར།། བསམ་གཏན་དེ་དག་གང་ལྡན་ཡང།། གཞོགས་བསྐམས་པ་དང་བས་ལྷགས་དང།། གཡན་པ་མེ་དབལ་ལ་སོགས་པ།། དེ་ཉིད་ཀྱིས་ནི་ཞི་བར་འགྱུར། ། གཞན་ལ་བཀུག་པ་དེ་བཞིན་འགྲུབ།། འབྱུང་པོ་དགུག་པའི་ཆོ་ག་ནི།། ཐུགས་ཀའི་ཕཊ་ཀྱི་ཚོགས་འཕྲོས་པས།། ལྕེ་ལ་ལྷ་མོ་ལྕགས་ཀྱུ་ཅན།། གྲངས་མེད་པ་ཡིས་འབྱུང་པོ་ཀུན།། སྙིང་ནས་བཟུང་ཞིང་ཞགས་པས་བཅིང། ། རླུང་གི་རྔ་མོ་ག་པ་ལ།། ཕཊ་ཀྱིས་བརྟཻག་སྟེ་འཕངས་པར་བསམ།། ཐོ་བ་ཅན་གྱིས་བརྟེག་བཞིན་དུ།། དྲག་པོའི་སྟེང་དུ་དབབ་པར་བྱ།། ཡང་ན་ལྕགས་ཀྱུ་ཅན་གྱིས་འགྲུབ།། ཞགས་པ་ཅན་ཀྱང་དེ་བཞིན་ནོ། ། ཨོཾ་ན་མོ་ནཱི་ལཱཾ་བ་ར་ཧཱུཾ། སརྦ་བིབྷ་ནན་ཨཾ་ཀུ་ཤར་ཡ། ཨཱ་ཀར་ཥ་ཡ་ཧཱུཾ་ཛ་ཛ། གསང་བའི་སྔགས་དང་རབ་ལྡན་པས།། འགུགས་པར་འདོད་ན་ཁུགས་པར་བྱེད།། འཆིང་བར་འདོད་ན་འཆིང་བར་བྱེད། ། འདུ་བར་འདོད་ན་འདུ་བར་བྱེད།། འབྲལ་བར་འདོད་འབྲལ་བར་བྱེད།། སྐྲོད་པར་འདོད་ན་སྐྲོད་པར་བྱེད།། བསྲེག་པར་འདོད་ན་སྲེག་པར་བྱེད།། གང་ཞིང་ལས་ཀྱི་ཆོ་ག་ནི།། འཛིན་པ་ཅན་གྱིས་འགྲུབ་པར་བྱེད། ། དུས་གང་ལ་ཡང་ཡན་ལག་བཅུ།། གོས་སྔོན་བསྙེན་པའི་ཆོ་ག་དང།། བསྐྱེད་དང་དབང་བསྐུར་ཆོ་ག་དང།། བསྒྱུར་དང་དེ་ཡིས་འཁོར་ལོ་ཡིས།། རྩ་བ་ཡན་ལག་ལྡན་པ་ཡིས། ། བསྒྲུབས་ན་མངོན་དུ་འབྱུང་བར་འགྱུར།། དེ་བས་ང་ཡིས་བསྟན་པ་འདི།། ངེས་དོན་གཏན་ལ་མ་ཕེབས་ཤིང།། རྟོག་པའི་དུག་གིས་དབང་གྱུར་ནས།། ཉོན་མོངས་ལས་རྣམས་སྤྱོད་པ་ལ།། རྣ་བར་མིང་ཡང་མི་གྲག་གོ། གསང་སྔགས་རྒྱུད་ལ་སེམས་དད་ཅིང།། བླ་མ་ལ་ནི་བསྙེན་བཀུར་བྱེད།། ངེས་པ་ཡིས་ནི་དོན་ཡང་སྟོན།། སྒྲ་དང་དགོངས་པ་གཏན་ལ་འབེབས།། ང་རྒྱལ་བཅོམ་ནས་ཞེ་སྡང་གིས།། མཚོན་བྲལ་འདོད་ཆགས་དྲ་བ་འགྲོལ། ། དེ་ལ་རྟག་ཏུ་བསྟན་པར་བྱ།། གསང་བའི་བདག་པོ་ལག་ན་རྡོ་རྗེ་གོས་སྔོན་པོ་ཅན་གྱི་རྒྱུད་ལས་ལེའུ་ལེགས་པར་བྱུང་བའི་གསང་བའི་ཡང་སྙིང་ཤིན་ཏུ་གསང་བ་རྟོགས་པ་ཆེན་པོའི་རྒྱལ་པོའི་རྒྱུད་ཅེས་བྱ་བ་རྫོགས་སོ། །།།

CLOSE WINDOW