Wylie |
སརྦ་པཉྩ་ཨ་མྲྀ་ཏ། བོད་སྐད་དུ། ཐམས་ཅད་བདུད་རྩི་ལྔའི་རང་བཞིན། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ།། འདི་སྐད་བཤད་པའི་དུས་གཅིག་སྟེ། བཅོམ་ལྡན་འདས་གསང་བ་མཆོག་གི་དཀྱིལ་འཁོར་ན། ། ཤིན་ཏུ་རྣལ་འབྱོར་དབང་ཕྱུག་ཚོགས།། སྐལ་ལྡན་རྣམས་དང་ཐབས་གཅིག་སྟེ།། མདོ་སྡེའི་བྱང་ཆུབ་སེམས་དཔའ་དང།། དགྲ་བཅོམ་ཉན་ཐོས་རང་རྒྱལ་དང། ། ཐེག་དམན་མིང་ཡང་མེད་ནང་དུ།། གསང་སྔགས་གསང་བའི་སྙིང་པོ་འདི།། བདུད་རྩི་མཆོག་གི་ལྟ་བ་དང།། སྤྱོད་པ་བསྒྲུབ་པ་འདི་གསུངས་སོ།། བསམ་གྱིས་མི་ཁྱབ་བསྟན་པ་དང།། བརྒྱད་ཁྲི་བཞི་སྟོང་རྣམ་གྲངས་ཀྱང། ། ཐེག་པའི་སྒོ་ནི་གསུམ་དུ་གསུངས།། གསང་ཉིད་ཐིག་པར་བསྡུས་དང་བཞི།། ལྡེམ་པོར་དགོངས་པའི་མདོ་དོན་ཡང།། ཀྲི་ཡའི་དོན་ཏེ་སངས་རྒྱས་ཡིན།། རྣ་བརྒྱུད་སྟོན་པས་ཐུགས་བརྟོལ་ཏོ། ། ངེས་པའི་ལུང་ཡང་སངས་རྒྱས་ལ།། སངས་རྒྱས་མཉམ་དང་དབྱིངས་སུ་འགྲོ།། བྱང་ཆུབ་སེམས་དེ་ཀུན་ཏུ་དག། རྫོགས་པའི་ཡེ་ཤེས་དེ་བཞིན་ཉིད།། མ་རྟོག་སྦྱོང་བའི་ཡུལ་མ་ཡིན།། མ་ལུས་མཐའ་དག་ཉིད་ཀྱི་རྒྱ། ། ཡེ་ནས་བྱ་མེད་བྱ་མི་དགོས།། རྒྱུ་དང་འབྲས་བུ་འཁྲུལ་བའི་སྒྲ།། བྱང་ཆུབ་ཉིད་དེ་ལྟུང་གནས་མེད།། བྷ་ག་ཇི་བཞིན་བདེ་བར་གནས།། རྒྱུད་དང་ལུང་དང་མན་ངག་དང།། དམངས་དང་རྗེ་དང་རྒྱལ་པོའི་ཚུལ། ། ཁྲུད་པར་རྩལ་འཕང་ཐག་རིང་ཡང།། གཅིག་ལ་གཅིག་བརྟེན་གཅིག་གི་ངང།། གཅིག་སྟེ་རྣམ་པ་ཡོངས་ཀྱིས་མེད།། དེ་བས་སྐུ་གསུང་ཐུགས་ཀྱི་བདག། སྐུ་དང་བརྒྱན་དང་འཁོར་ལོ་ཡང། ། ལུང་ཆེན་ཟབ་མོའི་ནང་ནས་གསལ།། ལྔ་བཞིན་ནང་དུ་འཁོར་བ་ཡང།། ཡེ་ནས་སངས་རྒྱས་བདེ་ཆེན་ཉིད།། ལྟ་བ་འདི་ལ་གནས་པའི།། རྣལ་འབྱོར་འདི་ནི་སྐལ་བ་བཟང།། ཅི་སྤྱད་བསྒོམས་ཤིང་ཅི་བསྒྲུབས་ཀྱང། ། བདུད་རྩི་ཉིད་དེ་སྨན་གྱི་མཆོག། བདེ་གཤེགས་ཀུན་གྱི་ཐུགས་དམ་ཉིད།། བྱིན་བརླབས་ངོ་མཚར་རྒྱ་ཆེར་འབྱུང།། རྒྱལ་བ་རྒྱ་མཚོ་རྣམས་ཀྱི་གསོས།། སངས་རྒྱས་དེ་བཞིན་ཉིད་ལས་འབྱུང། ། མཐའ་ཡས་སེམས་ཅན་དོན་གྱི་ཕྱིར།། རང་ལ་མཆོད་ཅིང་རང་གིས་བཟའ།། བསྒྲུབ་པ་པོ་ནི་ནན་ཏན་བྱ།། བཅོམ་ལྡན་འདས་དང་གཉིས་མེད་ཕྱིར།། ལས་འདི་ལུང་གིས་བསྒྲུབ་བྱས་ན།། མི་སྤང་བ་དང་དང་དུ་ལེན། ། སྤྱད་པའི་དམ་ཚིག་བཅོ་ལྔ་བསྡུ།། དེ་ཡང་མ་ཧཱ་ས་མ་ཡ།། བཞི་པ་རྫོགས་ནས་ཀུན་ཏུ་བཟང།། ཞི་རྒྱས་དབང་དང་མངོན་སྤྱོད་དང།། གནན་བཟློག་དྲུག་ནི་གཅིག་ཏུའོ།། སྟ་ན་གྷ་ནའི་ལུང་བཤད་དེ། ། བཅོམ་ལྡན་འདས་ནི་ཉིད་ཀྱི་བཀའ།། ལྷ་ཡི་བདུད་དང་ཕུང་པོའི་བདུད།། ཉོན་མོངས་བདུད་དང་འཆི་བདག་བཅོམ།། ཕྱག་རྒྱ་ཆེན་པོ་བཞི་དང་ལྡན།། བྱང་ཆུབ་འཁོར་བ་མྱ་ངན་འདས།། སངས་རྒྱས་སེམས་ཅན་ཐམས་ཅད་དང། ། མཚན་མར་བརྟགས་པ་ཐམས་ཅད་ཀུན།། དེ་བཞིན་ཉིད་ལས་གཞན་མ་ཡིན།། དེ་བཞིན་ཉིད་ལས་གཞན་པའི་ཆོས།། སངས་རྒྱས་ཉིད་ཀྱིས་མི་མཁྱེན་ནོ།། ཕྱི་ནང་མ་ལུས་སྣོད་བཅུད་ཀྱང། ། ཡབ་ཡུམ་བདེ་བའི་ངང་དུ་གསལ།། འདི་ནི་སྙིང་པོ་བྱང་ཆུབ་ལུང།། ཡང་དག་མ་རིག་འཁྱམ་འགྱུར་བ།། ཁམས་གསུམ་ཐམས་ཅད་བསྒྲལ་བའི་ཞིང།། མ་སྐྱེས་བས་ན་འཇིག་པ་མེད།། བདག་དང་གཉིས་མེད་མཉམ་པའི། ། ཐུགས་རྗེ་ཆེན་པོ་ཅིར་མི་མཛད།། ཡང་དག་ཉིད་ལ་ཡང་དག་སྒྲོལ།། ཡང་དག་བསྒྲལ་ན་བདེ་བ་ཐོབ།། སྟོང་གསུམ་མ་ལུས་བསྐྱབ་པ་བས།། སྐྱེས་བུ་ཆེན་པོ་རྣལ་འབྱོར་གྱིས།། བསྒྲལ་བ་འབའ་ཞིག་སྙིང་རྗེའི་མཆོག། མི་ལྡོག་དབྱིངས་སུ་ཡང་དག་ཉིད།། ཐིག་ལེ་ཆེན་པོས་དབང་བསྐུར་ཏེ།། ཟླ་གསང་དབུས་ན་བྱང་ཆུབ་སེམས།། རྫོགས་སངས་རྒྱས་ལ་སོམ་ཉི་མེད།། རྣམ་དག་དྲི་ཆེན་སྣང་བའི་མཆོག། མི་བསྐྱོད་བྱང་ཆུབ་སེམས་ཉིད་དེ། ། རིན་ཆེན་མང་བ་འབྱུང་ལྡན་གཙོ།། སྣང་བ་མཐའ་ཡས་རཀྟའི་ཐུགས།། དོན་ཡོད་དྲི་ཆུ་ལས་གྲུབ་པས།། ཐམས་ཅད་མ་ལུས་སངས་རྒྱས་ལྔ།། ལུས་པ་མེད་པས་ཡེ་ཤེས་དང།། མ་བཅོས་ཡེ་ནས་འདི་ཉིད་དོ། ། དེ་ཕྱིར་སྨན་ཆེན་དངོས་གྲུབ་མཆོག། བདུད་རྩི་ཞེས་ནི་འདི་ལ་བྱ།། རྟོག་པའི་ཀློང་དུ་སུ་འདྲིས་པ།། མི་ཞེས་མི་བྱ་སངས་རྒྱས་ཡིན།། བཅོམ་ལྡན་འདས་ནི་གུད་ན་མེད།། རིགས་ལྔ་བདེ་བར་གཤེགས་ལ་ཕྱག་འཚལ་ལོ། ། བྱིན་བརླབས་མཚམས་བཅད་བསྟན་པར་བྱ།། ཡིད་འོང་གནས་སུ་འདུག་ནས་ནི།། བྱ་བ་མེད་པའི་ལས་འདི་བསྒྲུབ།། མཎྜལ་བརྒྱད་པ་གཞུང་བཞིན་དུ། ། དཔལ་དང་ལྡན་པའི་སྣོད་བཞག་སྟེ།། སྟོང་ལས་འབྱོར་བས་ཡེ་ནས་དག། བཅལ་དང་བཙག་དང་བཏག་པ་ཡིས།། ཉི་ཟླ་གསལ་བའི་དཀྱིལ་འཁོར་དུ།། འབྲུ་ལྔ་ཡེ་ཤེས་འཕྲོ་འདུ་ལས།། སྟོང་ཁམས་ཁྱབ་པར་དོན་བྱས་ཏེ། ། བཅུད་ཀྱི་དམ་པ་ཀུན་བསྡུས་ནས།། དུས་གསུམ་སངས་རྒྱས་མཆོད་པའི་ཕྱིར།། མུ་ཏིག་དཀར་པོ་དྲི་མེད་ལྟར།། བསྒྲུབ་པ་པོས་ནི་ནན་ཏན་བྱ།། གུ་ཧྱ་ལག་པའི་ཕྱག་རྒྱ་ཡིས།། གཞུང་བཞིན་བསྟན་ནས་འཕྲོ་འདུ་བྱ། ། དེ་དབུས་ཀླུ་བདག་ས་བོན་གྱིས།། དངོས་གྲུབ་དམ་པ་བླང་བར་བྱ།། དགུ་པའི་སྔགས་ཀྱིས་བཏབ་ནས་ནི།། ལེ་ལོ་མེད་པའི་བརྩོན་འགྲུས་ཀྱིས།། བར་ཆད་མེད་པའི་འཕྲོ་འདུ་བྱ།། གསལ་བ་འབྱུང་འཇུག་ལྷན་ནེ་སེང། ། རྟགས་དང་མཚན་མ་བདུན་གྱིས་འབྱུང།། འོད་དང་དུ་བ་དྲི་དང་སྒྲ།། ལྷ་མོའི་གཟུགས་ཀྱང་སྟོན་པར་འགྱུར།། མང་དུ་འཕེལ་ན་གྲུབ་རྫས་ཡིན།། དེ་ལ་ཡ་མཚན་བསྐྱེད་མི་བྱ།། མཚན་མ་འདི་དག་མ་བྱུང་ན། ། བསྐང་གསོའི་ཆོ་ག་རྒྱ་ཆེར་བྱ།། སྤོགས་ཐབས་བསྐྱར་ཞིང་རྩལ་ཤུགས་དབྱུང།། རྫས་རྣམས་ཀྱང་ནི་གསར་བར་བྱ།། དེ་ནས་མཆོད་ཅིང་དངོས་གྲུབ་བླང།། སློབ་མ་ལ་ཡང་དབང་བསྐུར་རོ། ། ཚེ་དང་བསྐོང་དང་ཡིད་དུ་འོང།། ནད་མེད་བྲན་དང་ཅི་འདོད་པའི།། བགེགས་རྣམས་ཞི་བ་ལ་སོགས་པའི།། ཡོན་ཏན་རྩ་བརྒྱད་འདི་ཡིས་འཐོབ།། སྙིང་པོ་ཚིམ་བྱེད་བཅུད་ཀྱི་མཆོག། གཙོ་བོ་ལྔ་དང་འབྲས་བུ་ལྔ། ། འདི་དག་རབ་ཏུ་བསྐྱབ་པའི་ཕྱིར།། དྲི་ཞིམ་བཅུད་ལྡན་ཐམས་ཅད་ཀུན།། མང་པོ་འདུས་པ་མཐུ་བྱིན་ཆེ།། ཡངས་ཤིང་རྒྱུད་ལ་གོམས་པ་དང།། སློབ་མ་དཔའ་བརྟུལ་གཙང་སྦྲ་ཅན།། ཟླ་གསང་དཀར་དམར་རླུང་ཀར་ལྕི། ། ཉུངས་ཡང་པཉྩ་ཡན་ཆད་ཀྱིས།། མི་ཕྱེད་པས་ནི་བདུད་གནས་པའོ།། ཐུགས་ཀྱི་དངོས་གྲུབ་དམ་པ་འདི།། རེ་བ་མེད་པས་གྲུབ་པ་བླངས།། འདི་ཚེ་འབྲུ་ནི་བརྟག་པར་བྱ།། མ་དག་པ་ནི་མཚམས་གཅད་དོ། ། ལས་ཀྱི་གཙོར་ནི་བསྐང་བ་དང།། དབྱངས་དང་བསྟོད་དང་མཆོད་པ་ཡི།། ནན་ཏན་གྱིས་ནི་བརྩོན་འགྲུས་བྱ།། ཐེ་ཚོམ་མེད་ན་ངེས་པར་འགྲུབ།། ཅེས་བཀའ་སྩལ་ནས་ཤིན་ཏུ་རྣལ་འབྱོར་གྱིས་དབང་ཕྱུག་ཀུན་ཡི་རངས་ཏེ། ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། ཨེ་མ་གསང་བ་ལས་བྱུང་བ། བྱང་ཆུབ་བདེ་ཆེན་ཉིད་ལ་རྫོགས།། མ་རིག་མུན་སེལ་ཡེ་ཤེས་སྒྲོན།། དཔའ་བོ་ཁྱོད་ལ་སྐྱབས་སུ་མཆི། ། བདུད་རྩི་མཆོག་གི་ལུང་རྫོགས་སོ།།།།
CLOSE WINDOW