CLOSE WINDOW

Gpb045.014: ཡེ་ཤེས་ཀྱི་མཁའ་འགྲོ་མ་རྣམས་ཀྱི་ཐུགས་གསང་བའི་ཐིགས་པ་ཞེས་བྱ་བ
Wylie

།།། རྒྱ་གར་སྐད་དུ། ཛྙ་ན་ཌཱ་ཀི་ནི་ཙིཏྟ་སརྦ་གྷུ་ཡ་བིན་དུ་ན་མ། བོད་སྐད་དུ། ཡེ་ཤེས་ཀྱི་མཁའ་འགྲོ་མ་རྣམས་ཀྱི་ཐུགས་གསང་བའི་ཐིགས་པ་ཞེས་བྱ་བ། དཔལ་ལྡན་མཁའ་འགྲོ་སྡེ་ལྔ་ལ།། རྣམ་པར་བཏུད་དེ་ཕྱག་འཚལ་ལོ།། བདེ་བར་གཤེགས་པ་ཐམས་ཅད་ཀྱིས།། ཡེ་ཤེས་རྒྱ་མཚོ་རབ་ཟབ་ཐུགས།། བསམ་གཏན་མན་ངག་མདོར་བསྡུས་དོན།། གནས་ལུགས་ཐབས་དང་མངོན་གྱུར་པའོ། ། གནས་ལུགས་བྱང་ཆུབ་སྙིང་པོ་སྟེ།། རྒྱུ་རྐྱེན་བྲལ་བའི་བྱང་ཆུབ་སེམས།། སྣང་མེད་སྟོང་མཐར་མི་གནས་པའོ།། ཐིག་ལེ་ཆེན་པོ་ཡི་སངས་རྒྱས།། ཐབས་ནི་ལམ་ཡིན་རྣམ་གསུམ་སྟེ། ། ཐག་ཆོད་ཉམས་མེད་སྤྱོད་རིགས་ཀྱིས།། དམིགས་མེད་ཀུན་འབྱུང་དེ་བཞིན་ཉིད།། ཤེས་ཐོབ་བྱེད་པས་ཐབས་ལམ་བྱའོ།། ལྟ་བའི་ངོ་བོ་མཚན་ཉིད་དང།། ལྟ་བཞི་རྣམ་གྲངས་རྟོགས་ཚུལ་དང།། ཡོན་ཏན་རྣམ་པ་དྲུག་ཤེས་བྱ། ། ངོ་བོ་ཅིར་ཡང་མི་དམིགས་པའི།། མཐར་འཛིན་རྟོག་པ་ཀུན་གྲོལ་བའོ།། མཚན་ཉིད་ཆོས་རྣམས་ཐམས་ཅད་ཀྱིས།། སྤྱི་དང་རང་གི་མཚན་ཉིད་རྣམས།། མ་འདྲེས་ཡོངས་རྫོགས་རྟོགས་པ་དང། ། མ་འདྲེས་ཡོངས་རྫོགས་དབྱེར་མེད་དོ།། ལྟ་གཞི་སྙིང་པོ་བྱང་ཆུབ་དང།། དེ་ལས་བྱུང་བའི་ཆོས་རྣམས་ཏེ།། རྣམ་གྲངས་བརྡལ་བ་ཆེན་པོ་དང།། གསང་དབང་ཆེན་པོའི་ལྟ་བ་དང།། མཁའ་ཀློང་རྣམ་པར་དག་པའོ། ། རྟོགས་ཚུལ་བརྡལ་བ་ཆེན་པོ་ཡིས།། རང་ལས་མ་གཡོས་ཡེ་ཤེས་རྟོགས།། གསུམ་པ་མ་སྐྱེས་མ་འགགས་དང།། གཉིས་མེད་ཡུལ་བྲལ་ཡེ་ཤེས་གསལ།། གསུམ་པ་མཁའ་ཀློང་རྣམ་དག་པའི།། ཐིག་ལེ་ཆེན་པོ་ཆོས་སྐུར་བཤད། ། མཁའ་ལྟར་དག་པའི་སེམས་ཉིད་ལ།། ཕྱི་ནང་གསང་བ་ཡང་གསང་དང།། འདུ་འཕྲོ་ལ་སོགས་མི་དམིགས་པས།། ངོ་བོ་མ་སྐྱཻས་སྟོང་པའི་མཁའ།། བྱང་ཆུབ་སེམས་ཀྱི་ཐིག་ལེ་ལས། ། རོལ་པའི་ཕྱག་རྒྱ་ཀུན་ཤར་པས།། སྩལ་སྣང་མ་འགགས་ཡེ་ཤེས་ཀློང།། ཡིད་བཞིན་ནོར་བུ་འོད་འབར་བཞིན།། བྱང་ཆུབ་སེམས་ཀྱི་རང་བཞིན་ནི།། མ་སྐྱེས་མ་འགག་རོ་གཅིག་པས།། དབྱེར་མེད་གཏེར་ཆེན་པོ་ཉིད་དོ། ། ཇི་ལྟར་སྤྲུལ་མདུད་གྲོལ་བ་བཞིན།། སྟོང་མཐར་མི་གནས་ཅིར་ཡང་གསལ།། གསལ་བ་ཉིད་ན་མ་སྐྱེས་སྟོང།། གསལ་སྟོང་དབྱེར་མེད་སྤྱོད་ཡུལ་བྲལ།། ཡོན་ཏན་སྐྱེས་པ་གཉིད་སད་ལྟར།། སྡུག་བསྔལ་མ་སྤངས་བདེ་ཆེན་དང། ། འཁོར་བ་མ་སྤངས་ཡེ་སངས་རྒྱས།། ཏིང་འཛིན་སྔོན་འགྲོ་བསླབ་ཐབས་དང།། བརྟེན་པར་བྱ་དང་བོགས་དབྱུང་དང།། ཐོབ་པའི་རྟགས་དང་གསལ་བའི་ཚད།། བཅོས་ཐབས་ཡོན་ཏན་བརྒྱད་ཤེས་བྱ། ། སྔོན་འགྲོ་བྱང་ཆུབ་སེམས་བསྐྱེད་དོ།། སྟོན་པ་ཆུ་བོ་བཞི་ལྡན་པས།། རྒྱུད་བཀྲོལ་བ་དང་དབང་ཐོབ་ནས།། བར་ཆད་མེད་པའི་གནས་མཆོག་ཏུ།། ཆ་རྐྱེན་རྣམ་གཉིས་འཚོགས་པ་དང།། རྡོ་རྗེ་གོ་ཆ་བགོས་པར་བྱའོ། ། བསླབ་པའི་ཐབས་ལ་རྣམ་བཞི་སྟེ།། ཐོབ་པར་བྱ་དང་མཚན་ཉིད་དང།། རང་བཞིན་ཐུན་གྱི་འཕེལ་འགྲིབ་བོ།། ཐོབ་པའི་མན་ངག་ནི།། དཔེ་དང་བསྐྱེད་རིམ་ཐོག་བབས་དང། ། ལོག་གནོན་སྟོབས་ཀྱིས་ཐོབ་པར་འགྱུར།། དཔེ་ལས་ཐོབ་འདོད་རྣལ་འབྱོར་པས།། རན་བྱས་བྱི་དོར་ལྡན་པའི་ས།། བསམ་གཏན་ཁང་པ་ཡིད་འོང་བར།། བདེ་བའི་སྟན་ལ་ཆོས་བདུན་ཚུལ།། སྟོན་པ་མན་ངག་གསུམ་ལྡན་པས། ། མཚན་ལྡན་འོད་དང་གཟུགས་སྐུ་ཞིག། རྣལ་འབྱཽར་དེ་ལ་རྫོགས་པར་སྦྱིན།། སྣང་དང་མི་སྣང་ཐབས་ཀྱི་བསླབ།། རླུང་སེམས་གཅིག་ཏུ་དྲིལ་བྱས་ལ།། སྣང་བ་ཐམས་ཅད་ཕྱག་རྒྱ་སྟེ།། ཕྱག་རྒྱ་ཐབས་དང་གསལ་བརྟན་ནས། ། མི་སྣང་ཚེ་ནའང་ཐོབ་པར་བྱ།། དེ་ཉིད་གསལ་རྫོགས་གོམ་བརྟེན་ནས།། ལུས་ལ་གཟུད་པའི་སྦྱོར་བ་ཡང།། བདེ་ཆེན་གནས་སུ་སྤྱན་དྲངས་ལ།། ཐིག་ལེ་ཆེན་པོར་བཞུ་བརྟུལ་བྱ། ། ཐིག་ལེས་འཁོར་ལོ་དྲུག་རྒྱས་པ།། རྐྱེན་གྱི་སྟོབས་ཀྱིས་ལྷར་གསལ་ཕྱིར།། བདག་ཉིད་ཕྱག་རྒྱའི་རྣལ་འབྱོར་དུ།། ཡོངས་སུ་རྫོགས་པས་བདེ་བ་ཆེ།། བསྐྱེད་པའི་རིམ་པའི་རྣལ་འབྱོར་ནི།། རྩ་བའི་ཡི་གེ་ཧཱུཾ་མུཾ་དང། ། ཧ་ཧེ་མ་བྱོ་ཕཊ་རིམས་ལས།། དཔལ་ཆེན་ཡུམ་དྲུག་རྗེ་མོ་དང།། སྨན་མོ་ལྔ་བཅུ་རྩ་དྲུག་གིས།། ཏིང་འཛིན་སྔགས་ཀྱི་སྐུར་གསལ་བ།། རླུང་སེམས་འདྲེས་པའི་སྐྱེས་བུ་ཡིས།། མ་ཡེངས་རྒྱུན་དུ་གནས་པར་གྱིས། ། ཐོག་བབས་ལུང་བསྟན་རྣལ་འབྱོར་པས།། སྟོང་ཉིད་སྔགས་ཀྱིས་ལུས་སྦྱངས་ལ།། སེམས་ཀྱི་ཡེ་ཤེས་ཆེན་པོ་ཉིད།། མ་བསྐྱེད་རྫོགས་པའི་ཕྱག་རྒྱར་བསྒོམ།། ལོག་ནོན་སྣང་མེད་གཡུང་དྲུང་དུ།། སེམས་ཀྱི་འདུ་འཕྲོ་ཀུན་སྤངས་ཏེ། ། རིག་པ་སྟོང་ཉིད་ལྕགས་སུ་བཞུག། གཏི་མུག་གཉིད་ཀྱིས་ཚིམས་པར་བྱོས།། ལྔ་བདུན་ངག་གིས་རྟགས་རྫོགས་ནས།། གསལ་ལ་དབེན་པའི་ས་ཕྱོགས་སུ།། རྟེན་གྱི་རྣལ་འབྱོར་སྒོར་ཞུགས་ནས། ། ཡེ་ཤེས་ཆེན་པོའི་ཕྱག་རྒྱར་གསལ།། མཚན་ཉིད་དོན་དང་རྟག་ལྡན་པས།། ཚད་དང་སྐུ་མདོག་བཞུགས་ཐབས་དང།། ཕྱག་མཚན་རྒྱན་སོགས་ཡེ་ཤེས་སྐུ།། ཆགས་ཚད་སྐབས་ཀྱི་བྱེ་བྲག་གིས།། ཁྲུ་བརྒྱད་བཞི་དང་གཉིས་པ་དང། ། མཆོད་བཞི་གང་དང་ཕྱེད་མ་ལས།། ཆེ་དང་ཆུང་བར་མ་བཤད་དོ།། སྐུ་མདོག་གཙོ་འཁོར་ཁྱད་པར་གྱིས།། གཙོ་གཟུངས་ཡེ་ཤེས་རྣམ་ལྔའི་ཕྱིར།། མཐིང་ཀའི་ཁྱད་པར་རྣམ་ལྔ་ལ། ། འཁོར་རྣམས་རིགས་ཀྱི་བྱེ་བྲག་གིས།། མཐིང་ཁ་དཀར་སེར་དམར་ལྗང་སོགས།། མཁའ་ལ་འཇའ་སྣང་ཇི་བཞིན་དུ།། ཤིན་ཏུ་གསལ་ལ་མ་འདྲེས་པའོ།། བཞུགས་ཐབས་ཞི་དང་ཁྲོ་བོས་ཏེ།། སྐྱིལ་ཀྲུང་ཕྱེད་དང་འགྱིང་ཚུལ་གྱིས། ། གདུལ་བྱ་སེམས་ཅན་ཐམས་ཅད་ལ།། རང་གི་ངོ་བོས་ཆོས་སྟོན་ཏོ།། ཕྱག་མཚན་ཡེ་ཤེས་རང་སྣང་བས།། ཁྲོ་བོ་རྡོ་རྗེ་དྲིལ་བུ་དང།། དྲིལ་ཞགས་བན་དྷ་ལ་སོགས་ཏེ།། ཞི་བ་རྣམ་ཐར་སྒོ་གསུམ་དང། ། ཐུགས་ཀྱི་དཀྱིལ་དུ་བཀའ་རྐན་ཚོགས།། གདུལ་བྱ་དབང་པོའི་བྱེ་བྲག་གིས།། གཅིག་ལས་གཉིས་སུ་ཕྱེ་བར་ཟད།། རྒྱན་ཡང་རིན་ཆེན་དུར་ཁྲོད་སོགས།། རང་གི་ཡོན་ཏན་རྒྱས་ཕྱིར་བརྒྱན། ། འོད་ཟེར་ཀུན་ཏུ་མཐའ་ཡས་པས།། ཐུགས་རྗེ་ཆེན་པོའི་སྤྲུལ་པ་ཉིད།། རང་བཞིན་ཆུ་ཟླའི་དཀྱིལ་འཁོར་ལྟར།། ཡོད་པ་མ་ཡིན་སྤྱོད་ཡུལ་བྲལ།། མེད་པ་མ་ཡིན་ཕྱག་རྒྱའི་སྐུ།། ཡོད་མེད་དབུ་མར་མི་རྟོག་པའི། ། ལྷུན་གྲུབ་ཡེ་ཤེས་རང་སྣང་ཕྱིར།། སེམས་ཉིད་ཡེ་ཤེས་སྒྱུ་མའི་སྐུ།། སྣང་ལ་རང་བཞིན་མེད་པར་རོ།། ཐུན་ནི་རྣལ་འབྱོར་གཉིས་དབང་གིས།། གསར་བུ་རྣམས་ཀྱིས་བསླབ་པ་ནི།། མཚན་མོ་མི་སྒོམ་བདེ་བར་ནོས། ། ཉིན་མོ་རྩོལ་དང་མི་རྩོལ་བའི།། ཐུན་ཆུང་བརྒྱད་གཉིས་བཅུ་དྲུག་ཏུ།། ཕྱི་ནང་གསང་བའི་ཐུན་ཚོད་ཀྱིས།། ཤེས་པར་བྱས་ལ་ཐུན་ཏུ་གཞུག། དེ་ལ་བརྟན་པའི་རྣལ་འབྱོར་པས།། འབྲིས་ཡང་ཆེན་པོར་དྲིལ་བྱོས་ལ། ། རང་གསལ་རྟོག་མེད་ཡེ་ཤེས་སྐུ།། ཐུན་བཞིའི་རྣལ་འབྱོར་བརྟེན་པར་བྱ།། རྙིང་པ་རྣམས་ཀྱི་ཉམས་ལེན་ཚེ།། མཚན་མོ་ཡང་ནི་བསྒོམ་པར་བྱ།། ཉིན་མོ་བཞི་དང་མཚན་མོ་བཞི།། བསམ་གཏན་བརྒྱད་པའི་རྣལ་འབྱོར་བསྒོམ། ། དེ་ནས་ཉིན་ཞག་ཕྲུགས་གཅིག་ལ།། ཐུན་འབྲིང་གཉིས་གཉིས་བསྒོམས་པ་ཡིན།། ཐུན་བཞི་སྒོམ་པའི་རྣལ་འབྱོར་ཏེ།། ཅུང་ཟད་ཡེངས་ཀྱང་ཡེ་ཤེས་སྐུ།། དེ་ནས་རྣལ་འབྱོར་ཆེན་པོ་སྟེ། ། ཉིན་ཀྱང་ནུས་ལ་མཚན་ཀྱང་ནུས།། ཉིན་མཚན་གཅིག་ཏུ་དྲིལ་ནུས་པས།། རྣམ་པར་སྨིན་ཅེས་དེ་ལ་བརྗོད།། ཕྱི་ནང་གསང་བའི་རྟགས་གསུམ་ནི།། ཡི་གེ་ཐུག་མཚན་ཕྲ་མོ་ཡིས།། ནམ་མཁའི་ཁམས་ཀུན་གང་བ་དང། ། གཟུངས་སུ་འཇའ་དང་འོད་འབྱུང་དང།། གཏི་མུག་མེད་དང་བདེ་ཡང་ལྡན།། རང་ལུས་རྒྱལ་པའི་ཕྱག་རྒྱ་ཆེ།། དབུགས་ཀྱི་རྒྱུ་བ་མི་ཚོར་ཞིང།། སྙིང་རྗེ་ཆེ་དང་ཆགས་པ་ཆུང།། ཆོས་ཀྱི་སྒོ་མོ་ནང་ནས་འཆར། ། སྤྱོད་ཡུལ་ཡེ་ཤེས་སྒྱུ་མར་གསལ།། སངས་རྒྱས་བྱང་ཆུབ་སེམས་དཔའ་དང།། མཁའ་འགྲོའི་ཚོགས་ཀྱིས་མཆོད་བྱེད་ཅིང།། ཉམས་པ་རེ་དོགས་མེད་པར་འབྱུང།། བསམ་གཏན་སྦྱོར་དངོས་རྗེས་གསུམ་ལས། ། གསལ་བའི་ཚད་ནི་འབྱུང་བ་སྟེ།། དང་པོ་མ་བུའི་འདུ་ཤེས་བཟིན།། མི་ངལ་བ་ཡི་སེམས་ཀྱིས་ནི།། སྣང་སྟོང་དབྱེར་མེད་ཡེ་ཤེས་སྐུ།། བདེ་གསལ་ངང་ལ་གནས་པའི་རྐྱེན།། བདེ་བ་བུམ་གཟུགས་ཏིལ་སྒྲོན་བཞིན། ། སེམས་ཉིད་ཡེ་ཤེས་སྒྱུ་མའི་སྐུ།། རིགས་དང་སྐུ་མདོག་ཕྱག་མཚན་སོགས།། ཤིན་ཏུ་གསལ་ལ་མི་རྟོག་པའོ།། ཐམ་བཅུད་ལ་ན་བུ་འཕང་ལྟར།། གནས་པས་མི་ངོམས་གཏང་བར་དཀའ།། དམིགས་པ་དག་གི་རྗེས་ལ་ནི། ། མི་དམིགས་ཆོས་ཉིད་ཤུགས་ལས་འཆར།། ཡོངས་སུ་བརྟན་པའི་ཆོ་ག་ནི།། རང་བཞིན་མཚན་ཉིད་ཆོག་ཤེས་དང།། སྟོང་རིམས་རྗེ་ཤེས་རྣམ་ལྔ་སྟེ།། རང་བཞིན་དམིགས་མེད་དེ་བཞིན་ཉིད།། ཆུ་ཟླའི་དཀྱིལ་འཁོར་ཇི་བཞིན་དུ། ། ཤིན་ཏུ་གསལ་ལ་མི་རྟོག་པ།། ཐོག་མ་ཉིད་ནས་གནས་པ་ཡིན།། མཚན་ཉིད་དཀྱིལ་འཁོར་རང་སྣང་བ།། དངུལ་དཀར་མེ་ལོང་བཞིན་ལྟར་སྣང།། གསལ་ལ་རྫོགས་པར་བསྒོམ་བྱ་སྟེ། ། ཕྱལ་བ་རབ་འབྲིང་ཐུན་རྐྱང་སྤང།། ཆོག་ཤེས་ཡེ་ཤེས་སྒྱུ་མའི་སྐུ།། གསལ་བའི་ཆེ་ན་ཐུན་བསྐྱུངས་ཏེ།། ཁམས་སོགས་ནུས་པ་མཛད་པའི་རྒྱུ།། ཐུན་ཆེས་པ་དང་གྲགས་པ་སྤངས།། སྟོང་རིམས་མཁའ་སྤྲིན་མཁར་དེངས་བཞིན། ། རིམས་ཀྱིས་གཏང་བར་བྱ་བ་ལས།། མི་རྟོགས་ཡེ་ཤེས་འགག་པའི་རྒྱུ།། སྐད་ཅིག་དྲག་པོས་མ་གཏོང་ངོ།། རྗེས་ཤེས་ཐུན་ཚད་གཅིག་དག་ཏུ།། དམིགས་པ་ཀུན་གྱི་གཞིར་གྱུར་པའི། ། གཉིས་མེད་ངང་ལ་བློ་བཞག་ལ།། སྤྱོད་ཡུལ་ཀུན་དང་བསྲེ་པར་བྱ།། བོགས་འབྱུང་ཕྱི་ནང་གསང་བ་ཡི།། རིག་པའི་རྩལ་སྦྱོང་རྣམ་གསུམ་གྱིས།། རང་སྣང་དབྱེར་མེད་རྡོ་རྗེའི་སྐུ།། ངོ་བོ་ཉིད་ཀྱིས་རྒྱས་པར་འགྱུར། ། དང་པོ་གདེང་ལྡན་རྣལ་འབྱོར་པས།། མཉམ་པའི་ངང་ལ་བཞེངས་ནས་ནི།། སྙན་པའི་དབྱངས་དང་ལྡན་པ་ཡིས།། བསྐྱེད་དང་སྤྱན་དྲང་མཆོད་རིམ་སོགས།། ཆུ་ཟླ་ལྟ་བུར་ཤེས་པས་ནི།། དེ་བཞིན་ཉིད་ལས་མི་བྱེད་པའི། ། ལྷ་ཚོགས་སྒོམ་པའི་གྲོགས་སུ་འགྱུར།། དེ་ནས་རྣལ་འབྱོར་ཆེན་པོ་ཡིས།། ལུས་ངག་བྱ་བ་ཀུན་སྤངས་ཏེ།། དམིགས་པ་མེད་པའི་ངང་ཉིད་ལས།། མི་གསུང་མཉམ་པའི་སྔགས་ཚིག་གིས། ། རིགས་ཀྱིས་ཡང་ན་ཅིག་ཅར་དུ།། དཔལ་ལྡན་མཁའ་འགྲོའི་ཚོགས་རྣམས་ལ།། ཏིང་ངེ་འཛིན་གྱི་རྣམ་དག་གིས།། མཉེས་པར་བྱ་ཞིང་འདུ་འཕྲོ་བསྐུལ།། སེམས་ཀྱི་ཆོ་འཕྲུལ་རང་སྣང་བའི།། རང་བཞིན་དཀྱིལ་འཁོར་བསྒོམ་བྱ་སྟེ། ། བརྗོད་དུ་མེད་པའི་འཕྲིན་ལས་དང།། མཉམ་པ་ཆེན་པོའི་དམ་ཚིག་གིས།། བསམ་གཏན་ཡོངས་སུ་འཕེལ་བ་ཞེས།། ཡང་དག་རྫོགས་སངས་རྒྱས་ཀྱིས་བཤད།། རྣལ་འབྱོར་བླ་ན་མེད་པ་ཡིས། ། ལྷ་བདག་གཉིས་སུ་དབྱེར་མེད་བའི།། ཡེ་ཤེས་ཆེན་པོའི་ཕྱག་རྒྱ་ལ།། དྲི་མ་མེད་པའི་བློ་གཞག་སྟེ།། འདུ་འཕྲོ་མེད་པའི་ཏིང་འཛིན་གྱིས།། ངང་ལ་གནས་པའི་རྣལ་འབྱོར་ནི།། རྒྱལ་བ་རྣམས་ཀྱི་སྐུ་གསུང་ཐུགས། ། ཕྱོགས་དུས་ཀུན་ལས་འཁྱིལ་བའི་དཔལ།། བཅོས་ཐབས་སྤྱི་དང་ཁྱད་པར་ལས།། སྤྱི་སྐྱོན་བྱིང་རྒོད་ལྡེངས་གསུམ་ནི།། ཟས་དང་སྤྱོད་ལམ་དུས་ཚོད་དང།། ཁམས་དང་ཏིང་འཛིན་འཕེལ་འགྲིབ་ཀྱིས། ། གནས་སྐབས་ཀུན་ཏུ་གང་བབས་པའི།། སྐྱོན་དེང་ཡོངས་སུ་སྤང་བར་བྱ།། ཁྱད་པར་དམིགས་པ་འབྱམས་པ་དང།། མ་ཐོབ་པ་དང་འགྱུར་བས་ཏེ།། མཚན་ཉིད་ལྡན་པའི་གཟུགས་སྐུ་ལ།། མ་ཡེངས་པ་ཡི་བསམ་གཏན་གྱིས། ། སོ་སོའི་སྐབས་དང་སྦྱོར་ཤེས་པས།། དེ་དག་ཀུན་ལས་གྲོལ་བར་འགྱུར།། ཕན་ཡོན་རྣམ་པ་གཉིས་བཤད་དེ།། སྒྲིབ་པ་བྱང་དང་ཚོགས་རྫོགས་པའོ།། མཁའ་ལྟར་དག་པའི་སེམས་ཉིད་ལ། ། འཇའ་ལྟར་གསལ་བའི་ལྷ་བསྒོམས་པས།། ཀུན་རྟགས་འཁྲུལ་སྣང་དག་པའི་ཕྱིར།། འདས་པའི་ས་ལ་ཕྱིར་སྒྲིབ་ཅིང། ཁ་ཅིག་མཐོ་རིས་ཙམ་འགོག་པའི།། ཉི་ཤུ་རྩ་གཅིག་སྒྲིབ་བྱང་ནས། ། སྒྱུ་སྤྱོད་བསོད་ནམས་ཚོགས་ཆེན་སྐུ།། ལྷ་ཡི་ཏིང་འཛིན་གསལ་རྫོགས་ཏེ།། ལུས་ཀྱི་རྒྱ་མདུད་གྲོལ་མ་ཐག། ཡེ་ཤེས་སྐུ་ཡི་ཕྱག་རྒྱར་གསལ།། ཕྱག་རྒྱ་ཉིད་ནི་རང་སྣང་སྟེ།། རང་སྣང་སྤྱོད་ཡུལ་བྲལ་བ་དང། ། རྒྱུ་འབྲས་དབྱེར་མེད་རྟོགས་གོམས་པས།། སངས་རྒྱས་ས་ལ་སྒྲིབས་བྱེད་པའི།། ཤེས་དང་ལྟ་སྒྲིབ་ཕྲ་བ་དང།། ཕྲ་བའི་ཕྲ་བའང་དག་གྱུར་ནས།། འབྲས་བུ་ཡེ་ཤེས་ཚོགས་ཀྱི་སྐུ།། རང་ལུས་རྒྱལ་བའི་ཕྱག་རྒྱར་གསལ། ། མཚན་དང་དཔེ་བྱད་མ་འདྲེས་རྫོགས།། སངས་རྒྱས་ཀུན་དང་ཅུང་ཟད་མཉམ།། སྤྱོད་པའི་ངེས་ཚིག་རྣམ་གྲངས་དང།། སྤྱད་པའི་ཐབས་དང་ཉེས་དམིགས་དང།། ཕན་ཡོན་རྣམ་པ་ལྔར་ཤེས་བྱ། ། ངེས་ཚིག་ལོངས་སྤྱོད་འགྲོ་འདུག་ཚེ།། ཐག་གཅོད་པ་དང་ཉམས་ལེན་གྱིས།། ཤུགས་ལས་བྱུང་དང་མགོ་མཚུངས་པར།། མི་འབྲས་སྤྱོད་པས་སྤྱོད་ཤེས་བྱ།། རྣམ་གྲངས་ཐབས་ལམ་གྲོལ་ལམ་གྱིས།། ཕྱེ་བས་གནས་སྐབས་གཉིས་སུ་གྱུར། ། སྤྱད་ཐབས་དང་པོ་ཐབས་ལམ་ནི།། སྐྱེ་ཤི་མེད་པའི་སྟན་དང།། འཆིང་གྲོལ་མེད་པའི་འགའ་ན་ལ།། གདེངས་ལྡན་སྐྱེས་བུ་ཆེན་པོ་ཡིས།། གྲོལ་ལམ་ཕྱི་ནང་གསང་བ་ཡི།། ཀུན་སྤྱོད་ཡོན་ཏན་རྣམ་ལྔར་ཡང། ། མ་འགག་པ་དང་གསལ་བའི་ཕྱིར།། སྤྱད་པར་བྱ་བའི་ལོངས་སྤྱོད་དེས།། ཆོས་ཀྱི་དབྱིངས་ཀྱི་རོལ་པ་ལས།། མ་འདྲེས་གསལ་བར་ལོངས་སྤྱོད་ཆེ།། རང་བཞིན་མེད་དང་མ་སྐྱེས་པས། ། ཆགས་པར་བྱེད་པ་གནས་མ་ཡིན།། ཐིག་ལེ་ཆེན་པོའི་རང་བཞིན་ལ།། མ་སྐྱེས་མ་འགགས་དབྱེར་མེད་དང།། གསལ་དང་སྟོང་པར་མི་དམིགས་པས།། སྤྱོད་བྱ་སྤྱོད་བྱེད་ཐ་དད་མིན།། རང་རྒྱུད་སྤྱོད་ལམ་མ་གྲོལ་བར། ། ཐར་པ་ཆེན་པོར་དམ་བཅས་ཀྱང།། བརྐམ་ཆགས་ལྔ་ཡི་མེ་དཔུང་གིས།། བྱང་ཆུབ་མྱུ་གུ་བསྲེག་པར་འགྱུར།། དེ་ལས་གྲོལ་བའི་ཡོན་ཏན་ནི།། ཉོན་མོངས་སྡིག་པས་མ་གོས་པས།། ཐབས་དང་ཚད་དང་དགོས་ཆེད་དོ། ། ཐབས་ཀྱི་རླུང་གི་འཁོར་ལོ་ནས།། རྡོ་རྗེ་ཁ་ཏོང་གཞུ་བདུངས་ཏེ།། ཤེས་རབ་ཡེ་ཤེས་མེད་འུ་ལས།། སྤྲོས་པའི་ཐིག་ལེ་དགུ་རྣམས་འཕངས།། ཆགས་ཚད་ཐུན་དང་བསྟན་པའོ།། ཐུན་ནི་རབ་འབྲིང་ཐ་མ་སྟེ། ། དྲུག་དང་བཞི་དང་གཉིས་པར་བསྒོམ།། བརྟན་པ་ལས་དང་ཡེ་ཤེས་ཀྱིས།། གཏུམ་མོ་ལུས་ལ་འབར་བའོ།། དགོས་ཆེད་དཔལ་ལྡན་རིགས་ལྔ་ཡི།། མཁའ་འགྲོའི་ཚོགས་ཀྱི་དཀྱིལ་འཁོར་དུ། ། གདོད་མ་ཉིད་ནས་གནས་པའི་དོན།། རང་ལ་འབར་བར་བྱེད་པའོ།། རྗེས་ཤེས་ཐུན་ཚོད་གཅིག་དག་ཏུ།། བདེ་བ་གསལ་བ་མི་རྟོག་པའི།། ངང་ལ་མཉམ་པར་གཞག་ནས་ནི།། སྤྱོད་ཡུལ་ཀུན་དང་བསྲེ་བར་བྱ། ། མངོན་དུ་གྱུར་པའི་འབྲས་བུ་ནི།། བདག་དང་གཞན་དོན་གྲུབ་པས་ཏེ།། ངེས་པའི་སྐུ་དང་གསུང་དང་ཐུགས།། ཡོན་ཏན་འཕྲིན་ལས་རྣམ་པ་ལྔ།། བྱང་ཆུབ་སེམས་ཀྱི་བདེ་ཀློང་དུ།། གཅིག་ཏུ་འཁྱིལ་བ་བདག་གི་དོན། ། ཧེ་རུ་ཀ་ཡི་ཐུགས་ལས་ནི།། སྤྲུལ་པའི་ཡི་གེ་ཧཱུཾ་དུ་ཤར།། ཧཱུཾ་གིས་འགྲོ་བ་སེམས་ཅན་གྱི།། བག་ཆགས་སྦྱོང་བ་གཞན་གྱི་དོན།། མཁའ་འགྲོ་མ་ཚོགས་ཐམས་ཅད་ཀྱིས།། རྒྱུད་ཆེན་རྒྱ་མཚོ་མཐའ་ཡས་པའི། ། དགོངས་པ་ཀུན་འདུས་གསང་བའི་བཅུད།། བྱང་ཆུབ་སེམས་ཀྱི་གཏེར་དུ་སྦས།། དུར་ཁྲོད་ཆེན་པོ་བསིལ་བའི་ཚལ་དུ། ཨོ་རྒྱན་གྱི་མཁན་པོ་པདྨ་འབྱུང་གནས་ལ། ཡེ་ཤེས་ཀྱི་མཁའ་འགྲོ་མ་རྣམས་ཀྱིས་དངོས་སུ་ལུང་བསྟན་པའི་དགོངས་ཉན་ས་རྣལ་འབྱོར་པ་རྣམས་ཀྱི་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ཉིད་དོ། ། བསམ་གཏན་སྒྲོན་མ་ཞེས་བྱ་བ་རྫོགས་སོ།།།།

CLOSE WINDOW