Wylie |
རྒྱ་གར་སྐད་དུ། ཌཱ་ཀི་ནཱི་ཀརྨ་ཀུ་རུ་ས་ཏཾ་ཏན་ཏྲ་ན་མ། བོད་སྐད་དུ། མཁའ་འགྲོ་མ་ལས་རྒྱ་མཚོ་ཕྱི་མའི་རྒྱུད་ཅེས་བྱ་བ། སྣ་ཚོགས་མཁའ་འགྲོ་མ་ལ་ཕྱག་འཚལ་ལོ།། ཡེ་ཤེས་མཁའ་འགྲོ་མས་བྲམ་ཟེ་བློ་ལྡན་མཆོག་སྲེད་ལ། མཁའ་འགྲོ་མའི་སྙན་བརྒྱུད་དུ་གདམས་པའོ།། ས་མ་ཡཱ་ཨ་ཐི་ཡཱ། མཁའ་འགྲོ་མ་ཐམས་ཅད་དབང་དུ་བྱ་ཞིང་སྒྲུབ་པར་འདོད་པའི་རྣལ་འབྱོར་པས་ཐོག་མར་དུར་ཁྲོད་དམ་གཡའ་ཕྲག་གངས་ཕྲག་ཏུ་སོང་ལ། མཎྜལ་དང། མཆོད་པ་དང། གཏོར་མ་བཤམས་ལ། དང་པོ་ཁོ་ནར་རང་བྱིན་གྱིས་བརླབས་པ་ནི། སྤྱི་བོར་བླ་མ་བསྒོམས་ལ་མོས་གུས་དྲག་ཏུ་བྱ། དེ་ནས་རང་གི་སྤྱི་བོར་ཨཱ+ོཾ་དཀར་པོ། མགྲིན་པར་ཨཱ:དམར་པོ། སྙིང་ཁར་ཧཱུཾ་མཐིང་ཁ་བསམ་མོ།། དེ་རྣམས་ཀྱི་འོད་ཟེར་གྱིས་ལུས་འོད་དུ་ཞུ་ནས། སྟོང་པའི་ངང་ལས་ཧྲི་དམར་པོ་རང་གི་སེམས་ཀྱི་མཚན་ཉིད་ཧྲི་ཚོན་གང་པོ་དེ་འོད་དུ་ཞུ་བ་ལས་རང་སྐད་ཅིག་མ་ལས་རྡོ་རྗེ་ཕག་མོ་སྐུ་མདོག་དམར་མོ་ཞལ་གཅིག་ཕྱག་གཉིས་མ། གཡས་ཟངས་ཀྱི་གྲི་གུག། གཡོན་ཐོད་ཁྲག་བསྣམས་པར་བསམ་ལ། ཁ་ཊཱཾ་ཁ་མཆན་ཁུང་དུ་བཅུག་པ། ཞབས་གཡས་བསྐུམ་གཡོན་བརྐྱང་བ་རོའི་གདན་ལ་བཞུགས་པ། སྐུ་གཅེར་བུ་ལ་རུས་པའི་རྒྱན་གྱིས་བརྒྱན་པར་བསྒོམ་མོ།། དེའི་གནས་བཞིར་འཁོར་ལོ་བཞི་བསྒོམ་སྟེ། སྤྱི་བོར་རླུང་གི་འཁོར་ལོ་དཀར་པོའི་སྟེང་དུ་ཧ་ལས་རྡོ་རྗེ་མཁའ་འགྲོ་སྐུ་མདོག་དཀར་མོ་གཡས་རྡོ་རྗེ་གཡོན་དྲིལ་བུའོ། ། མགྲིན་པར་མེའི་འཁོར་ལོ་དམར་པོ་ལ་རི་ལས་རིན་ཆེན་མཁའ་འགྲོ་སེར་མོ་གཡས་རིན་པོ་ཆེ་གཡོན་དྲིལ་བུའོ།། སྙིང་ཁར་ཆུའི་འཁོར་ལོ་སྔོན་པོའི་སྟེང་དུ་ནི་ལས་པདྨ་མཁའ་འགྲོ་དམར་མོ་གཡས་པདྨ་གཡོན་དྲིལ་བུའོ། ། ལྟེ་བར་སའི་འཁོར་ལོ་སེར་པོར་ས་ལས་ལས་ཀྱི་མཁའ་འགྲོ་ལྗང་ཀུ་གཡས་རལ་གྲི་གཡོན་དྲིལ་བུའོ།། སྙིང་ཁར་ཐམས་ཅད་མཁའ་འགྲོ་སྐུ་སྣ་ཚོགས་འོད་དུ་འབར་བ་གཡས་རྡོ་རྗེ་རྒྱ་གྲམ་གཡོན་ཐོད་པའོ། ། ཕྲག་པ་གཡས་པར་དམ་ཚིག་མཁའ་འགྲོ་དཀར་མོ་མེ་ལོང་གྲི་གུག་ཐོད་པ། ཕྲག་པ་གཡོན་དུ་སྣ་ཚོགས་རྡོ་རྗེ་མཁའ་འགྲོ་མ་ཁྲ་མོ་གྲི་གུག་དང་ཐོད་པའོ། ། རྐང་པ་གཡས་པར་འཇིག་རྟེན་མཁའ་འགྲོ་མ་ནག་མོ་གྲི་གུག་དང་ཐོད་པ་འཛིན་པའོ།། རྐང་པ་གཡོན་པར་ལོག་འདྲེན་མཁའ་འགྲོ་མ་དུད་ཁ་གྲི་གུག་དང་ཐོད་ཁྲག་ཐོགས་པར་བསྒོམ་མོ།། བ་སྤུའི་བུ་ག་ཐམས་ཅད་མཁའ་འགྲོ་མས་གང་བར་བསྒོམ་མོ། ། དེ་ནས་སྔགས་བཟླས་ཏེ། ཨཱ+ོཾ་ཨ་ཧྲི་སྭཱ་ཧཱ། ཧ་རི་ནི་ས། ཞེས་བཟླས་སོ།། མི་རྟོག་པ་སྐྱེ་བར་འདོད་ན། སྤྱི་བོར་ཧ་ལ་ཡི་གེ་བཞིས་བསྐོར་བར་བསམས་ལ་བཟླས་སོ། ། སྐྱེས་པ་འདུ་བར་འདོད་ན། མགྲིན་པར་རི་ལ་ཡི་གེ་བཞིའི་བསྐོར་བར་བསམས་ལ་བཟླས་སོ།། བུད་མེད་འདུ་བར་འདོད་ན། སྙིང་ཁར་ནི་ལ་ཡི་གེ་བཞི་པས་བསྐོར་བར་བསམས་ལ་བཟླས་སོ།། དྲོད་སྐྱེ་བར་འདོད་ན། ལྟེ་བར་ས་ལ་ཡི་གེ་བཞི་པས་སྐོར་བར་བསམས་ལ་བཟླས་སོ།། བསྲུང་བར་འདོད་ན། ཡི་གེ་བཞི་ཀ་ལ་ཡི་གེ་བཞིས་བསྐོར་བར་བསྒོམས་ལ་བཟླས་སོ།། སངས་རྒྱ་བར་འདོད་ན། ཨཱ+ོཾ་ཨཱ། ཧཱུཾ་ཧྲི་ཧ་རི་ནི་ས་ཧཱུཾ་ཕཊ་སྭཱ་ཧཱ། སྣང་བ་བསྒུལ་ན། ཧ་རི་ནི་ས་བསྡུས་བསྡུས། ནོར་འདོད་ན། ཧ་རི་ནི་ས་བ་སུ་བསྡུས་བསྡུས། བར་ཆོད་བྱུང་ན། ཧ་རི་ནི་ས་ཧ་ཧ་སོལ་སོལ། ཟས་འདུ་བར་འདོད་ན། ཧ་རི་ནི་ས་ཁ་ཁ་ཆུམ་ཆུམ་ཧཱུཾ་ཧཱུཾ་དགྲ་མི་ཡོང་བར་འདོད་ན། ཧ་རི་ནི་ས་ཧཱུཾ་ཧཱུཾ་ཕཊ་ཕཊ། སྔགས་ཟློས་སྙིང་མི་འདོད་ན། ཧ་རི་ནི་ས་བུན་བུན་ཡེར་ཡེར་སྭཱ་ཧཱ། འགྲོ་སྙིང་འདོད་ན། ཧ་རི་ནི་ས་ནོན་ནོན། ལྟཾ་ལྟཾ་ཧཱུཾ་ཧཱུཾ་ཧཱུཾ། གདོན་ལ། ཧ་རི་ནི་ས་མ་ར་ཡ་ཛ་ཛ་ཡ་ཡ་ཧཱུཾ་ཧཱུཾ་ཕཊ་ཕཊ། ལུས་གྲང་ན། ཧ་རི་ནི་ས་འུར་འུར་རཾ་རཾ། འབྲས་ལ། ཧ་རི་ནི་ས་ཞི་ཞི་ཏྲཾ་ཏྲཾ་སྭཱ་ཧཱ། གག་ལྷོག་ལ། ཧ་རི་ནི་ས་ཕྱུང་ཕྱུང་ཕཊ། རྨ་ལ། ཧ་རི་ནི་ས་འུབས་འུབས་སུམ་སུམ་ནན་རྦད་སྭཱ་ཧཱ། གཞན་ཡང་ཡི་གེ་བཞི་གང་འདོད་ཤམ་བུར་བསྒྱུར་ལ་བཟླས། འདོད་དགུ་འབྱུང་བའི་སྔགས་སུ་བཟླས། མི་སྡོད་པ་གསུམ་གྱིས་ལམ་དུ་བསླང། ལུས་མི་སྡོད་པར་བསྒུལ་བསྐྱོད་བྱ། ངག་མི་སྡོད་པར་བཟླས་པ་བྱ། ཡིད་མི་སྡོད་པར་ཏིང་ངེ་འཛིན་བསྒོམ། འདུ་བ་གསུམ་འབྱུང། ལུས་ལ་མི་འདུ། ངག་ལ་ཆོས་འདུ། ཡིད་ལ་རྟོགས་པ་འདུ། དེ་ལས་གྲོལ་བ་གསུམ་འབྱུང། ལུས་ལྷར་གྲོལ། ངག་སྔགས་སུ་གྲོལ། སེམས་ཉོན་མོངས་པ་ལས་གྲོལ། འཇིག་རྟེན་འདས་པ་དང་མ་འདས་པ་ཐམས་ཅད་ཀྱི་སྲོག་གི་སྙིང་པོ་ཡིན་པས། མཆོག་གི་དངོས་གྲུབ་དང་ཐུན་མོང་གི་དངོས་གྲུབ་སྔགས་བཟླས་པ་ཙམ་གྱིས་གྲུབ་པ་ཡིན་པས་འདི་ལ་བརྩོན་པར་བྱའོ། ། མཁའ་འགྲོ་མ་ཡི་གེ་བཞི་པ་ལས་མཁའ་འགྲོ་མ་ཕྱི་བསྒྲུབ་པའི་ལེའུ་སྟེ་དང་པོའོ།།།། མཁའ་འགྲོ་མཁའ་སྤྱོད་བསྒྲུབ་པར་འདོད་པའི་རྣམ་འབྱོར་པས་སྟན་བདེ་བ་ལ་འདུག་ལ། ཕྱི་ནང་གི་དངོས་པོ་ཐམས་ཅད་སྟོང་པར་སྒོམ། དེའི་ངང་ལས་རང་གི་ལུས་མི་དམིགས་པ་ལ་སེམས་ཀྱི་མཚན་ཉིད་སྟོང་པའི་ངང་ལས་མཁའ་འགྲོ་མ་མཁའ་སྤྱོད་མ་སྐུ་མདོག་དམར་མོ་ཞལ་གཅིག་ཕྱག་གཉིས་མ། སྤྱན་གསུམ་པ་ཕྱག་གཡོན་པས་ཞབས་གཡོན་པའི་བརླན་ཡར་འཁྱུད་པ། ཐོད་པ་བྱང་ཆུབ་སེམས་ཀྱིས་བཀའ་བ་ཞལ་དུ་གསོལ་བ། ཕྱག་གཡས་བརྐྱང་ནས་གྲི་གུག་བསྣམས་པ། ཞབས་གཡོན་གནམ་ན་ཡར་བརྐྱང་བ། ཞབས་གཡས་པུས་མོ་བཙུགས་པ་ལྟར་བསྐུམ་པ། སྤྱན་གསུམ་གྱེན་ལ་གཟིགས་པ། དབུ་སྐྲ་ནག་པོ་སིལ་བུས་དཔུང་པའི་ཁ་ཙམ་ནོན་པ། ཤིན་དུ་ཁྲོས་པ་མ་ཡིན་པ། གཏིང་ན་འཛུམ་བག་དང་ལྡན་པ། ནུ་མ་རྒྱས་པ་ནམ་མཁར་ལིང་ངེ་བ་ཅིག་བསྒོམ་མོ། ། དེ་ཡི་ཐུགས་ཁ་ནས་ཡི་གེ་བཾ་དམར་པོ་ལ་རྩ་བའི་སྔགས་ཀྱིས་བསྐོར་ནས་ཡོད་པར་བསྒོམ་མོ།། རུས་པའི་རྒྱན་དྲུག་གིས་སྐུ་ལ་བརྒྱན་པར་བསྒོམ་མོ།། དེ་ནི་བསྐྱེད་པའི་རིམ་པའོ། ། དེ་ནས་སྔགས་ཡིད་ཀྱིས་བཟླས་ཏེ། ཨཱ+ོཾ་བཛྲ་ཡོ་གི་ནི་ཧཱུཾ་ཕཊ་སྭཱ་ཧཱ། ཞེས་བཟླས་པས། རང་གི་ཐུགས་ཁའི་སྔགས་འཕྲེང་ལས་འོད་དུ་འཕྲོས་པས་མདུན་གྱི་ནམ་མཁའ་ལ་སངས་རྒྱས་དང། བྱང་ཆུབ་སེམས་དཔའ་དང། བླ་མ་ཡི་དམ་མཁའ་འགྲོ་རྣམས་གྱི་ཐུགས་ཀ་ནས་བྱང་ཆུབ་སེམས་ཀྱི་ཐིག་ལེ་ཕྱག་གི་ཐོད་པར་བབས། ཐོད་པ་ནས་ཞལ་ནས་མར་གསོལ་བས་ལུས་ཀྱི་ནང་ཐམས་ཅད་བྱང་ཆུབ་སེམས་ཀྱི་བདུད་རྩིས་གང་ནས་ལུས་ལ་བདེ་བ་རྒྱས། དེ་ནས་བྱང་ཆུབ་སེམས་མར་བབས་ཏེ།། གསང་གནས་ཆོས་འབྱུང་ནང་དུ་བབས་པས་ཤིན་ཏུ་ཡང་བདེ་བ་སྐྱེས་པར་བསམ་མོ།། དེས་བདེ་བ་ཆེན་པོའི་ཉམས་སྐྱེའོ། ། དེ་ནི་བསྐྱེད་པའི་རིམ་པའོ།། དེ་ནས་རྫོགས་པའི་རིམ་པ་བསྒོམ་པ་ནི།། རང་མཁའ་སྤྱོད་མ་མི་དམིགས་པ་ལས་ནམ་མཁའ་སྤྲིན་མེད་པ་ལྟར་གྱུར་པ་ལས་བྱང་ཆུབ་སེམས་ཀྱི་ཐིག་ལེ་མཐེ་བོང་གང་ཙམ་དུ་དཀར་ཧྲིལ་གྱུར་པ་ལས། དེ་ཇེ་ཆུང་ཇེ་ཆུང་ལ་ནམ་མཁའ་ལ་སྤྲིན་དེངས་པ་ལྟར་གྱུར་པ་ལས་རྣམ་པར་རྟོག་པ་མེད་པ་གསལ་ལྷན་བཞག་གོ། དེ་ལས་ཆོས་ཉིད་འོད་གསལ་ཞེས་ཀྱང་བྱ། རྣམ་པར་མི་རྟོག་པའི་ཡེ་ཤེས་ཞེས་ཀྱང་བྱ། དེ་ལ་བློ་གནས་ཚད་དུ་བཞག་གོ། དེ་ལྟར་བསྒོམས་པས་ཏིང་ངེ་འཛིན་གསལ་ཆ་ཆེ་ན་ཚེ་འདི་ལ་མཁའ་སྤྱོད་དུ་འགྲོའོ།། གསལ་ཆ་ཆུང་ཡང་བར་དོར་མཁའ་སྤྱོད་དུ་མི་འགྲོ་མི་སྲིད་དོ།། རྫས་ལ་བརྟེན་ནས་མཁའ་སྤྱོད་བསྒྲུབ་པ་ནི། སྐྱེ་བ་བདུན་པའི་ཤ་སྟེ། སྐྱེ་བདུན་པ་ནི་སྐྱེ་བ་བདུན་བརྒྱུད་བསྟུད་ནས་བླངས་པའི་མི་དེའི་རྟགས་སུ་སྐྲ་ཁམ་པ། མིག་ཤེས་མིག། སོ་དུང་སོ་འཁོར་བར་ཡོད་པ། ཡ་རྐན་གྱི་དཀྱིལ་ན་སོ་ཡོད་པ། དཔྲལ་བ་ན་སྨེ་བ་ཡོད་པ། སྨིན་མའི་བར་མ་ཆད་པ། སྨིན་མཚམས་མཛོད་སྤུ་ཡོད་པ། ལག་སོར་དྲ་བས་འབྲེལ་པ། མཚན་མ་བདུན་པོ་དེ་འཛོམ་ན་སྐྱེ་བ་བདུན་པ་ཡིན་ངེས་པས། དེ་ཤི་བའི་རོ་བླངས་ལ། མཁའ་འགྲོ་མ་ལ་མཆོད་པ་བྱས་ལ། ཤ་སྣ་དང་དབང་པོ་ཐམས་ཅད་བསྐམས་ལ། ཤ་རྣམ་པ་སྣ་ཚོགས་དང་བདུན་རྩི་བསྲེས་པའི་རིལ་བུ་བྱས་ལ་ཐོད་པ་མཚན་ལྡན་བཀང་ལ་མཎྜལ་དབུས་སུ་བཞག་ལ། མཁའ་སྤྱོད་མའི་ཐུགས་ཁ་ནས་སྔགས་ཀྱི་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་སངས་རྒྱས་དང། བྱང་ཆུབ་སེམས་དཔའ་དང། དཔའ་བོ་དང། དཔའ་མོ་རྣམས་ཀྱི་ཐུགས་ཁ་ནས་བྱང་ཆུབ་སེམས་ཀྱི་བདུད་རྩིའི་བཅུད་དྲངས་ཏེ་ཐོད་པར་བབས་ཞལ་དུ་སོང་ནས་མར་བབས་པས་མཁའ་ལ་འཁྱིལ་ཏེ། དེ་ནས་ཐོད་པའི་རྫས་ལ་བབས་པར་བསམ་ལ། ཨཱ+ོཾ་བཛྲ་ཡོ་གེ་ནི་ཧཱུཾ་བྲུཾ་མ་ཧཱ་ཡ་ན་སྭཱ་ཧཱ། ཞེས་བཟླས་པས་རིལ་བུ་ལ་འོད་དང། དུ་བ་དང། མེ་སྟག་འོང་སྟེ། རིལ་བུ་བདུན་བདུན་གང་གིས་ཟོས་པ་དེ་མཁའ་སྤྱོད་ཀྱི་གནས་སུ་འགྲོ་སྟེ། ཚེ་ཉི་ཟླ་དང་མཉམ། ཏིང་ངེ་འཛིན་གྱི་ཟས་ཟ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་སྟོང་ལ་ཆོས་ཉན་པར་འགྱུར་རོ། ། མཁའ་སྤྱོད་མའི་ལེའུ་སྟེ་གཉིས་པའོ།།།། མཁའ་འགྲོ་མ་ས་སྤྱོད་མ་བསྒྲུབ་པ་ནི། དང་པོ་ཁོ་ན་མཆོད་པ་དང་མཎྜལ་ལེགས་པར་བཤམས་ལ། བླ་མ་དང། དཀོན་མཆོག་དང། དཔའ་བོ་དང། དཔའ་མོ་མཆོད། དེའི་རྗེས་ལ་ཕྱི་ནང་གི་ཆོས་ཐམས་ཅད་སྟོང་པ་ཉིད་དུ་བསྒོམ། པཾ་ལས་པདྨ། ཨ་ལས་ཟླ་བ། ཉི་མའི་སྟེང་དུ་རང་གི་སེམས་ཉིད་ཧྲི་དཀར་པོ་གཅིག་ཏུ་གྱུར་པ་ལས། དེ་ལས་འོད་འཕྲོས་འདུས་པ་ལས་རང་ཉིད་མཁའ་འགྲོ་མ་ས་སྤྱོད་མ་སྐུ་མདོག་དཀར་མོ་ཞལ་གཅིག་ཕྱག་གཉིས་མ། སྤྱན་གསུམ་དམར་བ། མཆེ་བ་ཅུང་ཟད་གཙིགས་པ། སྐྲ་བཀྲོལ་བ། ཕྱག་གཡས་རྡོ་རྗེ་རྩེ་ལྔ་བསྣམས་པ། གཡོན་པ་ཐོད་པ་བདུད་རྩིས་བཀང་བ་བསྣམས་པ། ཁ་ཌཱཾ་ག་མཚན་ཁུང་དུ་བཅུག་པ། ཞབས་གཡས་བརྐྱང་གཡོན་བསྐུམ་དུ་བཞུགས་པ། རུས་པའི་རྒྱན་གྱིས་བརྒྱན་པ་གཅིག་གསལ་བར་བསྒོམ་མོ། ། ལྟེ་བར་སྣ་ཚོགས་པདྨ་འདབ་བཞི་ལ་ཧ་རི་ནི་ས་བསམ། དེའི་ལྟེ་བ་ལ་པདྨ་དང་ཉི་མའི་གདན་བསམ། དེའི་སྟེང་དུ་ཧྲི་དཀར་པོ་བསམ། ད་ལས་འོད་ཟེར་དཀར་པོ་འཕྲོས་པས། བདག་གི་སྣ་བུག་གཡས་ནས་རླུང་ཕྱིར་བྱུང་བ་དང་འགྲོགས་ནས་སོང་སྟེ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཤང་བུག་གཡོན་ནས་ཞུགས་ནས་ལྟེ་བའི་ཧྲི་ལ་ཐིམ་པས། ཨཱ+ོཾ་བཛྲ་བཻ་རོ་ཙ་ན་ནི་ཧཱུཾ་པྲུཾ་མ་ཧཱ་ཡ་སྭཱ་ཧཱ། ཞེས་བཟླས་པས་སངས་རྒྱས་ཀྱི་ཤང་ཁུང་གཡས་ནས་འོངས་ནས་བདག་གི་སྣ་བུག་ཡོན་པར་ཞུགས་ནས་ལྟེ་བའི་ཧྲི་ལ་ཐིམ་པས། བདག་གི་ལུས་ལ་སངས་རྒྱས་ཀྱི་མཚན་དང་དཔེ་བྱད་བསྡུས་ནས་མདངས་དང་སྟོབས་དང་ལྡན་པར་བསམ་མོ། ། དེ་ནས་སངས་རྒྱས་ཀྱི་ཞིང་ཁམས་ཀྱིས་ལ་གནས་པའི་སྐུ་ལ་ལོངས་སྤྱོད་པར་འགྱུར་རོ།། གསུང་གི་དབང་ཕྱུག་བསྒྲུབ་པར་འདོད་པས། རང་གི་མགྲིན་པར་པདྨ་འདབ་མ་བཞི་པ་གཉིས་བརྩེགས་བསམ། དེའི་དབུས་སུ་ཧྲི་བསམ། འདབ་བཞི་ལ་ཧ་རི་ནི་ས་བསམ། དེ་ལ་འོད་འཕྲོས་པས་བདག་གི་སྣ་བུག་གཡས་ནས་འཐོན་སོང་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཤང་ཁུང་གཡོན་དུ་སོང། མགྲིན་པའི་ཧྲི་ལ་ཕོག་པས་སངས་རྒྱས་ཐམས་ཅད་ཀྱི་གསུང་གི་ཡོན་ཏན་གསུང་དབྱངས་ཡན་ལག་དྲུག་ཅུ་ལ་སོགས་པ་ཐམས་ཅད་འདུས་ནས་འོད་ཚུར་འདུས་པ་ལས། ཨཱ+ོཾ་བཛྲ་ཝ་རྣ་ནི་ཡེ་ཧ་རི་ནི་ས་ཧཱུཾ་ཕཊ། ཅེས་པ་སངས་རྒྱས་ཐམས་ཅད་ཀྱི་ཡོན་ཏན་ཐམས་ཅད་བསྡུས་ནས་བདག་གི་སྣ་བུག་གཡོན་ནས་མར་སོང་ནས་མགྲིན་པའི་ཧྲི་ལ་ཕོག་པས་བདག་གི་ངག་གསུང་དབྱངས་དྲུག་ཅུ་དང་ལྡན་པར་བསྒོམ། དེས་སངས་རྒྱས་ཐམས་ཅད་ཀྱི་གསུང་གི་ཡོན་ཏན་ལ་ལོངས་སྤྱོད་པར་འགྱུར་རོ།། ཐུགས་ཀྱི་དབང་ཕྱུག་ཐོབ་པར་འདོད་པས། སྙིང་ཁར་པདྨ་འདབ་བཞི་བསམ། ལྟེ་བ་ལ་ཧྲི། པདྨ་འདབ་མ་བཞི་ལ་ཧ་རི་ནི་སས་བསྐོར་བར་བསམ། དེ་ལས་འོད་འཕྲོས་ནས་བདག་གི་སྣ་བུག་གཡས་ནས་རླུང་ཕྱིར་འགྲོ་བ་དང་འགྲོགས་ནས་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱི་ཤང་ཁུང་གཡོན་ནས་ཞུགས་ནས་ཐུགས་ཁར་ཧྲི་ལ་ཕོག་པས་སངས་རྒྱས་ཐམས་ཅད་ཀྱི་ཤེས་བྱ་ཇི་ལྟ་བ་དང་ཇི་སྙེད་པའི་ཡེ་ཤེས་ཀྱི་ཡོན་ཏན་ཐམས་ཅད་བསྡུས་ནས། ཨཱ+ོཾ་སརྦ་བུད་དྷ་ཌཱ་ཀི་ནི་ཧ་རི་ནི་ས་ཧཱུཾ་ཕཊ། ཅེས་བཟླས་པས་བདག་གི་སྣ་བུག་གཡོན་ན་མར་སོང་ནས། སྙིང་ཁའི་ཧྲི་ལ་ཕོག་པས་བདག་ལ་སངས་རྒྱས་ཐམས་ཅད་ཀྱི་ཐུགས་རྣམ་པ་ཐམས་ཅད་མཁྱེན་པའི་ཡོན་ཏན་གྱི་བཅུད་བསྡུས་སྟེ། མི་ཤེས་པའི་གཏི་མུག་རྨོངས་པ་ཐམས་ཅད་བསམ་ནས་མཁྱེན་པའི་ཡེ་ཤེས་གསལ་ཞིང་རྒྱས་པར་བསྒོམ་མོ། ། དེས་སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཀྱི་ཡོན་ཏན་ལ་ལོངས་སྤྱོད་པར་འགྱུར་རོ།། དེ་ལ་སངས་རྒྱས་ཐམས་ཅད་ཕྱོགས་བཅུའི་ཞིང་ཁམས་ན་ས་ལ་བཞུགས་པའི་སྐུ་གསུང་ཐུགས་ལ་སྦྱངས་པས། ཏིང་ངེ་འཛིན་གསལ་ཆ་ཆེ་ན་ཚེ་འདི་ལ་སངས་རྒྱས་ཀྱི་ས་ལ་ལུས་མ་བོར་བར་འགྲོ་ཡོ།། རྩལ་ཆུང་ན་བར་དོར་ལུས་མི་ལེན་པར་སངས་རྒྱས་ཀྱི་ས་ལ་རྫུས་ནས་སྐྱེའོ། མཁའ་འགྲོ་མ་ས་སྤྱོད་བསྒྲུབ་པའི་ལེའུ་སྟེ་གསུམ་པའོ། །།། མཁའ་འགྲོ་མའི་ཏིང་ངེ་འཛིན་འབྱུང་བ་རྒྱུན་གཅོད་ལ་གསུམ་སྟེ། ཕྱི་འབྱུང་བ་རྒྱུན་གཅོད་ནང་འབྱུང་བ་རྒྱུན་གཅོད། གསང་བ་འབྱུང་བ་རྒྱུན་གཅོད་དོ།། ཕྱི་འབྱུང་བ་རྒྱུན་ཆོད་པས་སྣང་བ་ལས་ལོག། ནང་འབྱུང་བ་རྒྱུན་ཆོད་པས་འདོད་པའི་ཡོན་ཏན་ལས་ལོག། གསང་བ་འབྱུང་བ་རྒྱུན་ཆོད་པས་ཆོས་ཉིད་དང་མི་འབྲལ་བར་གྲུབ་པ་ཐོབ་བོ།། དེ་ལ་ཕྱི་འབྱུང་བ་རྒྱུན་བཅད་པ་ནི། ། དང་པོ་གཏོར་མ་དང། ཚོགས་འཁོར་དང། བཤགས་པ་བྱ། བླ་མ་ཡི་དམ་མཁའ་འགྲོ་ལ་གསོལ་བ་གདབ། སེམས་བསྐྱེད་དང་སྐྱབས་འགྲོ་བྱ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ།། བླ་མ་རྗེ་བཙུན་རྣམས་ལ་སྐྱབས་སུ་མཆིའོ། ། རྡོ་རྗེ་རྣལ་འབྱོར་མ་ལ་སྐྱབས་སུ་མཆིའོ།། དཔའ་བོ་དང་དཔའ་མོ་རྣམས་ལ་སྐྱབས་སུ་མཆིའོ།། ཞེས་ལན་གསུམ་བརྗོད་དོ།། དཀོན་མཆོག་གསུམ་ནམ་མཁའ་ལ་བསྒོམས་ལ་ངན་སོང་གསུམ་གྱི་སྒོ་བཀག་པར་བསམ་མོ། ། བླ་མ་སྤྱི་བོར་བསྒོམས་ལ་བྱིན་གྱིས་བརླབ་པར་བསམ་མོ།། མཁའ་འགྲོ་སྙིང་ཁར་བསྒོམས་པས་དངོས་གྲུབ་སྟེར་པར་བསམ་མོ།། དེ་ནས་བླ་མ་དང་དཀོན་མཆོག་མེ་ལོང་ལ་ཧ་བཏབ་པ་བཞིན་ཞུ་ནས་རང་ལ་ཐིམ་པར་བསམ་མོ། ། དེ་ནས་རྡོ་རྗེ་རྣལ་འབྱོར་མ་སྐུ་མདོག་དཀར་མོ་ཞལ་གཅིག་ཕྱག་གཉིས་མ། གཡས་གྲི་གུག་གཡོན་ཐོད་པ་བདུད་རྩིས་བཀང་བ་བསྣམས་པ། ཞབས་གཡས་བསྐུམ་གཡོན་བརྐྱང་བ་ཉི་ཟླ་པདྨའི་གདན་ལ་རུས་པའི་རྒྱན་དྲུག་གིས་བརྒྱན་པ་གཅིག་སྐད་ཅིག་གིས་བསྐྱེད་དོ། ། དེ་ནས་སེམས་ཅན་ཐམས་ཅད་མ་རིག་འཁྲུལ་པའི་དབང་གིས་སྙིང་འཐུར་ལ་བསྟན་ནས་པགས་པ་འཐུག་པོས་ཁྱེབས་ཡོད། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐུགས་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་མངའ་བས་རྩེ་མོ་གྱེན་ལ་བསྟན་ཏེ་པགས་བ་སྲབ་པའོ།། བདེ་བར་གཤེགས་པ་ཐམས་ཅད་ཀྱི་ཐུགས་ནི་རྩེ་མོ་གྱེན་ལ་བསྟན་ནས་ཡར་ལ་གྱེས་པས་སུལ་བཞི་ལྟེ་བ་དང་བཅས་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་དང་ལྡན་པས་སེམས་ཅན་གྱི་དོན་བྱེད་པའོ། ། དེ་ནས་རང་གི་སྙིང་རིན་པོ་ཆེ་ཡང་དེ་ལྟར་བསམས་ཏེ། ཁ་གྱེན་ལ་བསྟན་པ། རྩེ་མོ་རྣོ་བ། པགས་པ་སྲས་པ། འདབ་མ་བཞི་རྒྱས་པའོ།། ལྟེ་བར་རྩ་བུག་པ་ཅན་གཅིག་བསམ་མོ།། དེར་ཡི་གེ་བཾ་གཅིག་བསམ། པདྨ་འདབ་བཞི་ལ་ཧ་རི་ནི་ས་བསམ་མོ།། དེ་ནས་མདུན་གྱི་ནམ་མཁའ་ལ་སྣ་ཚོགས་པདྨ་འདབ་མ་བཞིའི་སྟེང་དུ་དབུས་སུ་ཧཱུཾ་ལས་སངས་རྒྱས་མཁའ་འགྲོ་མཐིང་ཀ་ཐལ་མོ་སྦྱར་ནས་འཁོར་ལོ་ཐོགས་པ། ཤར་དུ་ཧཱུཾ་དཀར་པོ་ལས་རྡོ་རྗེ་མཁའ་འགྲོ་དཀར་མོ་རྡོ་རྗེ་ཐོགས་པ། ལྷོ་རུ་ཧཱུཾ་སེར་པོ་ལས་རིན་ཆེན་མཁའ་འགྲོ་སེར་མོ་རིན་པོ་ཆེ་ཐོགས་པ། ནུབ་ཏུ་ཧཱུཾ་དམར་པོ་ལས་པདྨ་མཁའ་འགྲོ་དམར་མོ་པདྨ་ཐོགས་པ། བྱང་དུ་ཧཱུཾ་ལྗང་ཀུ་ལས་ལས་ཀྱི་མཁའ་འགྲོ་ལྗང་ཁུ་རྒྱ་གྲམ་ཐོགས་པ། གཡོན་པ་ཐམས་ཅད་ཐོད་པ་བདུད་རྩིས་བཀང་པ་བདུན་རྩིས་བཀང་བ་བསྣམས་པའོ།། དེ་རྣམས་ཐམས་ཅད་བདག་ལ་ཞལ་བསྟོན་སྤྱན་གྱིས་གཟིགས་ནས་དངོས་གྲུབ་སྟེར་བར་བསྒོམ་མོ།། དེ་ནས་སྙིང་ཁའི་ཡི་གེ་ལྔ་ལས་འོད་ཟེར་འཕྲོས་པས། མདུན་གྱི་ནམ་མཁའི་ཐད་ཀར་མཁའ་འགྲོ་མ་ལྔའི་ཐུགས་ཁར་ཕོག་པས། དེ་རྣམས་ཀྱི་ཐུགས་ཁའི་ཧཱུཾ་སོ་སོ་ལ་ཕོག་པས་བདུད་རྩི་བབས་ནས་སོ་སོའི་ཐོད་པ་གང། ཐོད་པ་ནས་བུམ་པ་ནས་ཆུ་བྱུང་བ་ལྟར་བདག་གི་ཁ་རུ་བབས་ཤིང་འདུས་པ་ལས་ལུས་བྱང་ཁོག་མན་ཆད་བདུད་རྩིས་ཁེངས་ནས་བདག་གི་ལུས་ཟག་མེད་ཀྱི་བདེ་བས་ཁེངས་པར་བསམ་མོ།། དེ་ལྟར་ཡང་ཡང་བསྒོམ་ལྟོགས་ཙམ་ན་བསྒོམ་མོ། ། ཁམ་གྱི་ཟས་ཁད་ཀྱིས་དབྲི་ཞིང་མཁའ་འགྲོ་མའི་བདུད་རྩིའི་བཅུད་ཡང་ཡང་བླང་ངོ།། ལས་དང་སྐལ་བར་ལྡན་པས་རབ་ཞག་བདུན། འབྲིང་བཅུ་བཞི། ཐ་མ་ཉི་ཤུ་རྩ་གཅིག་ནས་འབྲས་བུ་ཐོབ་སྟེ། འབྱུང་བ་ཁམ་གྱི་ཟས་རྒྱུན་ཆོད་ནས་ཏིང་ངེ་འཛིན་གྱི་ཟས་ཀྱིས་འཚོ་བར་འགྱུར་རོ།། དེས་མ་གྲུབ་ན་ལས་འཕྲོ་མེད་པས་ཚོགས་འཁོར་བྱ། མཁའ་འགྲོ་མའི་ཐུགས་དམ་བསྐང་ངོ།། གཏོར་ཚོགས་ཆེན་པོ་བྱ། བཤགས་པ་བྱའོ།། དེ་ནས་གཟོད་ཏིང་ངེ་འཛིན་གྱི་བཅུད་ལེན་བྱའོ།། དེའི་ཕན་ཡོན་ནི། ཚེ་འདི་ལ་མཁའ་འགྲོ་སྐུ་ལྔའི་དངོས་གྲུབ་ཐོབ། ཕྱི་མ་ལ་ཡེ་ཤེས་ལྔའི་སྐུ་ཐོབ། ཁམ་གྱི་ཟས་ལ་རྟེན་མི་དགོས། རིན་པོ་ཆེ་བདུད་རྩིའི་ཟས་ལ་ལོངས་སྤྱོད་འབྱུང་བའི་ལུས་རྡོ་རྗེ་མི་འགྱུར་བས་རྡོ་རྗེའི་ཚེ། ལུས་ལ་གོས་མི་དགོས་པས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་དྲོད། བར་ཆད་ཀྱིས་མི་ཚུགས་པས་སྟོང་ཉིད་ཀྱི་གོ་ཆ་སྟེ་མི་མ་ཡིན་གྱིས་མི་ཚུགས། མི་མཐོང། མངོན་པར་ཤེས་པ་ཕྱོགས་མེད་དུ་འཆར་བས་འགྲོ་བའི་དོན་ཕྱོགས་མེད་དུ་བྱའོ།། ཏིང་ངེ་འཛིན་གྱི་བཅུད་ལེན་ཕྱི་འབྱུང་བ་རྒྱུན་གཅོད་པའི་ལེའུ་སྟེ་བཞི་པའོ། །།། ནང་འབྱུང་བ་རྒྱུན་གཅོད་པ་ནི། རང་གི་སྙིང་གི་དཀྱིལ་དུ་ཧཱུཾ་གཅིག་བསྒོམ། དེ་ལས་ལྷ་མོ་དཀར་མོ་གཡས་རལ་གྲི། གཡོན་བདུད་རྩིའི་བུམ་པ་བསྣམས་པ་གཅིག་བསྒོམ། ལྷ་མོ་དེས་སྙིང་གྱེན་ལ་གློག་པས་སྙིང་དཀར་ནག་གི་མཚམས་སུ་རལ་གྲིས་བཅད་པས་རྩ་བུག་ལྔ་ཡོད་པའི་ནག་པོ་བོར་ནས་དཀར་པོའི་རྩ་སྦུབས་སུ་ལྷ་མོའི་གཡོན་གྱི་བུམ་པ་བདུད་རྩིས་གང་བ་དེ་བྱོ་ནས་དཀར་མེར་སོང་བར་བསམ་མོ། ། དེ་ནས་སྟེང་རླུང་མནན་འོག་རླུང་བསྒྱིལ་བས་རྩ་སྦུགས་ཐམས་ཅད་དཀར་མེར་ལ་རྐྱལ་གྲོད་ཞོས་བཀང་བ་ལྟར་སོང་བར་བསམ་མོ། ། དེ་ནས་བར་ཆོད་སེལ་བའི་སྔགས་ནི། ཨཱ+ོཾ་བཛྲ་ཀ་ས་མ་ཧྲི་ཏ་ཨཱ་ཡུ་བ་དེ་བ་རཀྵ་ཧཱུཾ་ཕཊ་སྭཱ་ཧཱ། རལ་གྲི་འདེབས་ཙ་ན་ཡང་བཟླས་སོ།། རྡོ་རྗེ་རིགས་ཀྱི་མཁའ་འགྲོ་མ།། སྐྱེ་ཤི་མེད་པ་རྡོ་རྗེའི་སྐུ།། བདག་ལ་བྱིན་གྱིས་བརླབ་ཏུ་གསོལ།། ཞེས་བརྗོད་པས་ནག་པོ་ཉོན་མོངས་པ་ཡིན་པས་བོར། དཀར་པོ་ཡེ་ཤེས་ཀྱི་ཆ་ཡིན་པས་བདུད་རྩིས་བཀང་བས་བདེ་བ་གསལ་ཅིང་ཉམས་མྱོང་སྐྱེ་བར་བསམ་མོ། ། འདི་ཉམས་སུ་བླང་བའི་དུས་སུ་མི་བསྡད་པ་རྣམ་པ་གསུམ་བྱ། ལུས་ལྷན་ཅིག་མི་བསྡད་ཙོག་བུ་ལ། རྐང་པ་གཡས་ཀྱིས་གཡོན་གྱི་གོང་མནན། ལག་པ་སྒོམ་ཐག་ལྟ་བུར་བྱ་ལུས་བསྒུལ་བསྐྱོད་བྱ། ངག་མི་བསྡད་མཁའ་འགྲོའི་སྔགས་བཟླས། ཨཱ+ོཾ་བཛྲ་ཌཱ་ཀི་ནི་ཡེ་ཡེ་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ། ཧ་རི་ནི་ས། ཞེས་བཟླས་སོ།། སེམས་མི་བསྡད་ཉམས་མྱོང་ཆོས་ཉིད་བདུད་རྩི་ལ་དམིགས་པ་གཏད། གཟུགས་ཅི་མཐོང་ཐམས་ཅད་མཁའ་འགྲོ་མར་བསམ། སྒྲ་ཅི་ཐོས་ཐམས་ཅད་ཧ་རི་ནི་སར་བསམ། སེམས་ཅི་དྲན་ཐམས་ཅད་རང་སངས་སུ་བཏང། ཟས་སྐོམ་ཐམས་ཅད་བདུད་རྩིར་བསམ་མོ།། སྔགས་བཟླས་པའི་དུས་ན་སྙིང་པདྨ་འདབ་བཞིར་བསམ་པའི་དབུས་ན་རྡོ་རྗེ་མཁའ་འགྲོ་མ་སྡེ་བཞིས་ཅེ་རེ་བལྟ་བར་བསམ་ལ། གཙོ་མོས་འཁོར་གཅུན། འཁོར་གྱི་ས་ལས་བྱེད་དོ། ། བཟླས་པ་རྒྱུན་ཆད་མེད་པར་བྱ། བདུད་རྩིས་རྩ་སྦུགས་གང་བར་དམིགས། སྤྱོད་པ་མ་བཅོས་པར་བྱ། ཤུགས་འབྱུང་མི་དགག། བདུད་རྩི་ལྔ་མཁའ་འགྲོ་མའི་ཟས་ཡིན་པས་བརྟེན། སྐོམ་ན་ཆུ་བསྐོལ་མི་རྐང་གིས་རྡོར་བྱས་ལ་བཏང་ངོ། ། མཁའ་འགྲོ་མས་དངོས་གྲུབ་སྟེར། ཁམ་གྱི་ཟས་ལ་འདོད་པ་མི་སྐྱེ་བ་ལགས་སོ།། ཞག་རེ་ལ་མཁའ་འགྲོའི་མཆོད་པ་དང་གཏོར་མ་མི་བཅག་གོ། ནང་གི་བཅུད་ལེན་གྱི་ལེའུ་སྟེ་ལྔ་པའོ། །།། གསང་བའི་འབྱུང་བ་རྒྱུན་གཅོད་པ་ནི། ཕྱག་རྒྱ་ཆེན་པོ་གཉིས་མེད་དོན་བསྒོམ་པའི་མན་ངག་ལ། དང་པོ་བྱིན་བརླབས་གཏོར་མའི་རིམ་པ་ལ། གཏོར་མ་ཐོད་པ་གང་བདུད་རྩི་ཆང་གིས་ཟན་ལ། ཨཱ+ོཾ་ཨཱཿཧཱུཾ:་ལན་གསུམ་གྱིས་དང་པོ་དག་པ་ཆེན་པོར་བྱིན་གྱིས་བརླབས་ལ། གཉིས་པ་འདོད་ཡོན་ལྔར་བརླབས། ཐ་མ་བདུད་རྩིའི་བཅུད་བསྡུས་ནས་དཀར་མེར་ལ་སོང་བར་བསམ་མོ།། དེ་ནས་མཁའ་འགྲོ་མ་ལ་མཆོད་ཅིང་གསོལ་བ་བཏབ་པ་ནི། ཧཱུཾ། ཆོས་ཀྱི་དབྱིངས་ཀྱི་གཞལ་ཡས་ནས།། བརྒྱུད་པའི་བླ་མ་གཤེགས་སུ་གསོལ།། སྐུ་དང་ཡེ་ཤེས་ཞིང་ཁམས་ནས།། ཡི་དམ་ལྷ་ཚོགས་གཤེགས་སུ་གསོལ། ། ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ནས།། སངས་རྒྱས་མཁའ་འགྲོ་གཤེགས་སུ་གསོལ།། དག་པ་སྤྲུལ་བའི་ཞིང་ཁམས་ནས།། རྡོ་རྗེ་མཁའ་འགྲོ་གཤེགས་སུ་གསོལ།། རིན་ཆེན་རིགས་ཀྱི་ཕོ་བྲང་ནས།། རིན་ཆེན་མཁའ་འགྲོ་གཤེགས་སུ་གསོལ། ། རང་བཞིན་དག་པའི་གཞལ་ཡས་ནས།། པདྨ་མཁའ་འགྲོ་གཤེགས་སུ་གསོལ།། དུར་ཁྲོད་ཆེན་པོའི་ཕོ་བྲང་ནས།། ལས་ཀྱི་མཁའ་འགྲོ་གཤེགས་སུ་གསོལ།། སྣང་སྲིད་སྒྱུ་མའི་གཞལ་ཡས་ནས། ། ཤ་ཟ་མཁའ་འགྲོ་གཤེགས་སུ་གསོལ།། ས་དང་ལམ་གྱི་ཞིང་ཁམས་ནས།། རིགས་འཛིན་བྱང་ཆུབ་སེམས་དཔའ་རྣམས་ཀྱང་གཤེགས་སུ་གསོལ།། བདེ་གཤེགས་རིགས་ཀྱི་མཁའ་འགྲོ་ནི། ། ནམ་མཁའ་ལྟ་བུར་འདུས་མ་བྱས།། བདག་ལ་བྱིན་གྱིས་བརླབ་ཏུ་གསོལ།། རྡོ་རྗེ་རིགས་ཀྱི་མཁའ་འགྲོ་ནི།། སྐྱེ་ཤི་མེད་པ་རྡོ་རྗེའི་སྐུ།། བདག་ལ་བྱིན་གྱིས་བརླབ་ཏུ་གསོལ།། རིན་ཆེན་རིགས་ཀྱི་མཁའ་འགྲོ་ནི། ། མི་ཟད་པ་ཡི་གཏེར་དང་ལྡན།། བདག་ལ་བྱིན་གྱིས་བརླབ་ཏུ་གསོལ།། པདྨ་རིགས་ཀྱི་མཁའ་འགྲོ་ནི།། ཆགས་པ་མེད་པའི་སྐྱོན་དང་བྲལ།། བདག་ལ་བྱིན་གྱིས་བརླབ་ཏུ་གསོལ།། ལས་ཀྱི་རིགས་ཀྱི་མཁའ་འགྲོ་ནི། ། འཕྲིན་ལས་རྣམ་བཞི་ལྷུན་གྱིས་གྲུབ།། བདག་ལ་བྱིན་གྱིས་བརླབ་ཏུ་གསོལ།། སངས་རྒྱས་མཁའ་འགྲོས་དངོས་གྲུབ་གསོལ།། རྡོ་རྗེ་མཁའ་འགྲོས་དངོས་གྲུབ་གསོལ།། རིན་ཆེན་མཁའ་འགྲོས་དངོས་གྲུབ་གསོལ། ། པདྨ་མཁའ་འགྲོས་དངོས་གྲུབ་གསོལ།། ལས་ཀྱི་མཁའ་འགྲོས་དངོས་གྲུབ་གསོལ།། གསང་བའི་གཏོར་མ་དབུལ་བ་ནི།། རང་ཐ་མལ་པའི་ལག་པ་གཡས་པར་གྲི་གུག་ཡོད་པར་བསམས་ལ། རྡོ་རྗེ་གྲི་གུག་གིས་རང་གིས་ཐོད་པ་སྐྲ་མཚམས་ནས་རྦད་གཅད་ལ་ལག་པ་གཡོན་དུ་ཐོགས་ལ། རྒྱ་ཁྱོན་སྟོང་གསུམ་ཙམ་དུ་བསམས་ལ། མདུན་གྱི་ནམ་མཁའ་ལ་མཁའ་འགྲོ་མ་རིགས་ལྔ་ལ་བསམ་ལ་དབུལ་ལོ། ། སངས་རྒྱས་མཁའ་འགྲོ་སྐད་པ་དེ།། སེམས་ཀྱི་སེམས་ཉིད་མ་ལགས་སམ།། སྣང་བ་ཐམས་ཅད་གཏོར་མར་འབུལ།། རྡོ་རྗེ་མཁའ་འགྲོ་སྐད་པ་དེ།། སྐྱེ་མེད་ཡེ་ཤེས་མ་ལགས་སམ།། རྣམ་རྟོག་ཐམས་ཅད་གཏོར་མར་འབུལ། ། རིན་ཆེན་མཁའ་འགྲོ་སྐད་པ་དེ།། འདོད་པའི་དོན་དམ་མ་ལགས་སམ།། དགོས་འདོད་ཐམས་ཅད་གཏོར་མར་འབུལ།། པདྨ་མཁའ་འགྲོ་སྐད་པ་དེ།། ཆགས་མེད་མཐའ་བྲལ་མ་ལགས་སམ། ། འདོད་ཡོན་ཐམས་ཅད་གཏོར་མར་འབུལ།། ལས་ཀྱི་མཁའ་འགྲོ་སྐད་པ་དེ།། འཕྲིན་ལས་གཙོར་བྱེད་མ་ལགས་སམ།། འཕྲིན་ལས་རྣམ་བཞི་མཆོད་པར་འབུལ།། བདག་ལ་བྱིན་གྱིས་བརླབ་ཏུ་གསོལ། ། ཞེས་མཆོད་པས། མཁའ་འགྲོ་མ་རྣམས་ཀྱི་སྤྱི་བོ་དང། མགྲིན་པ་དང། སྙིང་ཁ་གསུམ་ནས་འོད་བྱུང་ནས་བདུད་རྩི་བབས། ཡེ་ཤེས་ཀྱི་བདུད་རྩི་དཀར་དམར་ནག་པོ་གསུམ་རང་གི་ཐོད་པའི་ཁ་ཕྱེ་བ་ན་མར་བབས་པས་རང་གི་ལུས་རྐྱང་པ་ཞོས་བཀང་བ་ལྟར་བསམ་མོ། ། དེ་ནས་བདུད་རྩི་དངུལ་ཆུའི་ཐིགས་པ་ལྟ་བུ་བ་སྤུའི་བུ་ག་ན་མར་སྤྲོ་བསྡུ་བྱའོ།། རང་གི་ཐོད་པ་བཅད་པ་དེ་ཁ་བསྒྲིགས་པས། བདུད་རྩིས་འབྱར་བར་བསམ་མོ། ། དེ་ནས་ལུས་བདེ་བས་གང་ནས་བདུད་རྩིས་ཚིམས་ནས། བཀྲེས་སྐོམ་དང་བྲལ་བར་བསམ་མོ།། དེ་ནས་བསམ་མེད་ཕྱག་རྒྱ་ཆེན་པོ་གང་གིས་འབད་རྩོལ་མེད་པ་ཆོས་ཉིད་བདེ་བ་ཆེན་པོའི་ངང་ལ་བཞག་གོ། དེ་ལྟར་ཡང་ཡང་བསྒོམས་པས། ཁམ་གྱི་ཟས་མི་དགོས་པ་དང་ཆོས་ཉིད་ཟག་པ་མེད་པའི་བདེ་བ་རྒྱུད་ལ་སྐྱེ་བར་འགྱུར་རོ།། ལུས་ལ་རྩ་བཅད་ཀྱང་ཁྲག་མི་ཡོང་བ་དང། དྲང་སྲོང་ལྟ་བུའི་ལུས་སུ་འགྱུར་རོ། ། ཟག་པ་ཟད་པས་ལུས་ནམ་མཁའ་ལ་འཕུར་བ་དང། ཆུ་ལ་མི་བྱིང་བ་ལ་སོགས་པ་འོང། སེམས་ཟག་པ་ཟད་པས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པར་འགྱུར་རོ།། གསང་བ་རྒྱུན་འབྱུང་བ་གཅོད་པའི་ལེའུ་སྟེ་དྲུག་པའོ། །།། མཁའ་འགྲོ་མའི་འཆི་བ་བསླུ་བའི་གདམས་པ་ནི། དང་པོ་བརྟགས་ཏེ། ཕྱིའི་འཆི་ལྟས། ནང་གི་འཆི་ལྟས་དང། གསང་བའི་འཆི་ལྟས་དང། དེ་ཁོ་ན་ཉིད་ཀྱི་འཆི་ལྟས་སོ།། དེ་ལ་ཕྱིའི་འཆི་ལྟས་གསུམ་ནི། སྒྲ་དང། འོད་དང། དུ་བ་གསུམ་མེད་ན་ཟླ་བ་བཞི་ནས་འཆི། མིག་གི་འདོ་དཀར་གསུམ་མེད་ན་འཆི། འོད་དཀར་ཆུང་ན་ན་ཚ་འོང། རྣ་བའི་བུ་ག་བཀག་སྟེ་མནན་པས་འུར་སྒྲ་མེད་ན་འཆི། འུར་སྒྲ་ཆུང་ན་ན་ཚ་འོང། སྔ་དྲོ་ཉི་མ་ཤར་ཚེ་རྒྱབ་ཉི་མ་ལ་བསྟན། ཁ་ནུབ་ཏུ་བལྟས་པས་མགོ་བོ་ལ་གྲིབ་མ་འདྲ་བའི་དུ་བ་མེད་ན་འཆི། རབ་རིབ་ཙམ་ལས་མེད་ན་ཚ་འོང། འཆི་ལྟས་གསུམ་པོ་དེ་གཅིག་གཉིས་ཙམ་ལས་མི་འདུག་ན་འཆི་བ་བསླུས་པས་ཚེགས་མེད། གསུམ་ཀ་ཚངས་ན་ཚ་ཚ་མང་དུ་གདབ། ཕར་ཕྱིན་བཀླག་གོ། དགེ་འདུན་ལ་སྟོན་མོ་དྲང།། མཁའ་འགྲོ་མ་ལ་ཚོགས་འཁོར་བྱ། རང་གི་ལུས་ངག་ཡིད་གསུམ་དགེ་སྦྱོར་ལ་སྔར་བས་གྲིམས་སུ་བྱ། དེས་ལུས་ལ་འོང་ཡོང་ངོ།། མིག་གི་ཨ་འབྲས་མེད་ན་ན་ཚ་དང་འཆི་ངེས་པས་གཞན་གྱིས་མ་ཚོར་བར་འགྲོ་ཆས་བྱའོ།། བདོག་པ་ཐམས་ཅད་བླ་མ་ལ་དབུལ། གྲོགས་ཚངས་པར་མཚུངས་པར་སྤྱོད་པ་ལ་ཚོགས་འཁོར་བྱ། མཁའ་འགྲོ་ལ་གཏོར་མ་བཏང། དཀོན་མཆོག་གསུམ་ལ་མཆོད་པ་དབུལ། ལུས་དང་ལོངས་སྤྱོད་ལ་ལྟོས་པ་མེད་པར་བྱས་ལ་འཕོ་བ་བྱའོ།། དེ་ནས་ནང་གི་འཆི་ལྟས་བསྟན་པ་ནི། སྣའི་རྩེ་མོ་མི་མཐོང་བ་དང། གློ་བུར་དུ་སྣ་འཁྱོག་པ་དང། སྣའི་ལག་ངར་ཆག་པ་དང། སྒྲོ་བའི་སྲུབས་མེད་པ་དང། སྣ་གོང་དུ་གསེར་ཤོག་ཆགས་པ་དང། སྤྱི་དང་རྐང་མཐིལ་དུ་ཟུག་པ་དང། སྐྱེད་ལ་ཀླུ་ལྕེ་འཁོར་པ་དང། ཤ་རེས་འགའ་ཆེ་རེས་འགའ་ཆུང་བ་དེ་རྣམས་བྱུང་ན་ཟླ་བ་བཞི་ནས་འཆི་བར་ངེས་པ་ཡིན། དེ་ལ་འཆི་སླུའི་ཐབས་ནི། བླ་མ་དཀོན་མཆོག་ལ་མར་མེའི་འཕྲེང་བས་མཆོད། ཡི་དམ་མཁའ་འགྲོ་ལ་ཏིལ་གྱི་སྦྱིན་སྲེག་བྱ། དམ་ཚིག་ལྡན་པའི་རྣལ་འབྱོར་པ་ལ་ཚོགས་འཁོར་བྱ། དགེ་སློང་ཚུལ་ཁྲིམས་རྣམ་པར་དག་པ་བཅུ་ལ་ཚ་ཚ་གདབ། ཡི་དམ་མཁའ་འགྲོ་ལ་ཐབས་དང་ཤེས་རབ་ལྡན་པའི་གཏོར་མ་བཏང། ལུས་ངག་གི་དགེ་སྦྱོར་དྲུག་འགྱུར་དུ་བྱའོ།། བསྐྱེད་རིམ་ཚད་དུ་བསྒོམ་མོ།། ཤར་དུ་རྒྱལ་པོ་ལ་གཏོར་མ་བཏང་ངོ།། ལྷོར་གཤིན་རྗེ་ལ་ཤ་ཁྲག་གི་གཏོར་མ་བཏང་ངོ།། ནུབ་ཏུ་ཀླུ་ལ་དཀར་གཏོར་བཏང་ངོ། ། བྱང་དུ་གནོད་སྦྱིན་ལ་ཤ་ཁྲག་གི་གཏོར་མ་བཏང་ངོ།། དེ་ལྟར་བྱས་ན་སྔོན་གྱི་ལས་ཀྱི་རྣམ་པར་སྨིན་པ་འམ་ཚེ་ཟད་པ་མ་གཏོགས་པར་ནང་གི་འཆི་ལྟས་རྟེན་འབྲེལ་དེས་བཟློག་ངེས་སོ།། གསང་བའི་འཆི་ལྟས་བསྟན་པ་ནི། སྐྱེས་པའི་ཐིག་ལེ་ནག་པོར་འོང་ན་ཟླ་བ་བཞི་ནས་འཆི། བུད་མེད་ཐིག་ལེ་དཀར་པོར་འོང་ན་ཟླ་བ་བཞི་ནས་འཆི། འཁྲིག་པའི་འདོད་ཆགས་མ་སྤྱད་པར་ཐིག་ལེ་ཟད་ནས་མི་འོང་ན་ཟླ་བ་བཞི་ནས་འཆི། རྡོ་རྗེ་ནོར་བུའི་སྦུ་གུའི་སྒོ་རུ་སྔ་ན་མེད་པའི་སྨེ་བ་ནག་པོ་བྱུང་ན། འདོད་ཆགས་གཡེམས་པ་ལ་རྒྱུན་ཆད་མེད་པར་ཡིད་ལ་བུད་མེད་དང་འདོད་ཆགས་འབའ་ཞིག་སེམས་ན་དབང་གསུམ་པའི་དམ་ཚིག་ཉམས་ཏེ་རྡོ་རྗེ་དམྱལ་ཕར་འགྲོ་བའི་རྟགས་ཡིན་པས། ཐིག་ལེ་ཉམས་པ་གསོ་བར་བྱ་སྟེ། དུས་རྟག་ཏུ་བདུད་རྩི་ལྔའི་རིལ་བུ་རྟེན། དྲི་ཆེན་དང་དྲི་ཆུ་སྦྱངས་ལ་གཡོན་གྱི་སྣ་བུག་གིས་རྔུབ། བདུད་རྩི་ལྔའི་ཕྱེ་མས་ཅི་ཟ་ཅི་འཐུང་ལ་བྲན་ལ་བཟའ། གྲུབ་ཐོབ་ཀྱི་གནས་སུ་རྣལ་འབྱོར་ཕོ་མོ་ལྔ་ལ་ཚོགས་འཁོར་བྱ། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་མདུན་གྱི་ནམ་མཁའ་ལ་སྤྱན་དྲངས་ལ་ཚངས་པའི་བུ་གར་དབབ་བོ།། གསང་བའི་ལྟས་བྱུང་ན་ལུས་ཀྱི་འཁྲུལ་འཁོར་གྱིས་གཅད་པ་ནི། རྐང་པ་རྡོ་རྗེ་སྐྱིལ་ཀྲུང་བཅས། སྲིན་ལག་གིས་མཐེ་བོང་མནན་ལ། ཁུ་ཚུར་གཉིས་བྲང་ལ་བཅང་ཏེ་ལག་པ་གཉིས་བྲང་དུ་བསྣོལ་ཏེ་ཁ་སྒལ་པ་ལ་བཅར། མིག་ག་ཡེན་ལ་བགྲད་ལ་སྤྱི་བོར་ཡབ་ཡུམ་གྱི་སྦྱོར་མཚམས་ནས་བྱང་སེམས་བབས་ནས་རང་གི་ཚངས་པའི་བུ་ག་ན་མར་ཐིམ་པས་རང་གི་ལུས་དང་རྩ་ཐམས་ཅད་རྐྱལ་པ་འོ་མས་བཀང་བ་ལྟར་བསམ་ཞག་བདུན་རྒྱུན་མ་ཆད་པར་བྱས་ན་འཆི་བ་བཟློག་ངེས་སོ། ། ཐིག་ལེ་བསྲུང་བར་མ་བྱས་ན་འཆི་བ་བཟློས་པར་མི་འགྱུར་བས། ཚུལ་ཁྲིམས་གཙང་ལ་ཐིག་ལེ་བོ་བ་མེད་པའི་རྣལ་འབྱོར་པས་རང་གི་ལུས་དྲི་ཆེན་མར་ཁུས་བྱུགས། ཡང་ན་སྐྱེས་པ་གྲི་རི་ཤ་བའི་ཚིལ་ཆེན་གྱིས་བྱུག། དཀོན་མཆོག་གསུམ་ལ་མཆོད་པ་དབུལ། བླ་མ་རྣམས་ལ་གསོལ་བ་གདབ། ཡིད་དམ་ལྷ་ལ་བཟླས་བསྒོམ་བྱ། བུད་མེད་ལྔ་ལ་ཚོགས་འཁོར་བྱ། མདུན་གྱི་ནམ་མཁའ་ལ་དཔའ་བོ་དང་དཔའ་མོ་སྦྱོར་བ་བྱས་པའི་བྱང་སེམས་ཀྱི་བདུད་རྩི་ཚངས་པའི་བུ་གར་བབས་པས་ལུས་ཐམས་ཅད་གང་བར་བསྒོམ་མོ། ། རྡོ་རྗེའི་ནང་དུ་ཧཱུཾ་དཀར་པོ་གཅིག་སངས་རྒྱས་སྟོང་རྩ་གཉིས་ཀྱི་ངོ་བོར་བསམས་ལ། དེ་ལས་འོད་འཕྲོས་པས་འགྲོ་དྲུག་གི་བདུད་རྩི་ཉམས་པའི་དྲི་མ་དག་ནས་ཧཱུཾ་ལ་ཐིམ་པར་བསམ། ཤ་ལྔ་བདུད་རྩི་ལྔ་རྟག་ཏུ་བསྟེན་ནོ།། དེ་རྣམས་ཀྱིས་ཐིག་ལེ་མ་བཟློག་ན། སྤྱི་བོ་ནས་སྤུ་མཚམས་སུ་ཨ་ཝ་དྷུ་ཏི་བསྒོམས་ལ་དགའ་བ་བཅུ་དྲུག་གི་དུས་སུ་བྱང་སེམས་ཀྱི་ཐིག་ལེ་བཅུ་དྲུག་མུ་ཏིག་གི་རྡོག་མ་ལྟར་བསྒོམ། དེ་ལས་བདུད་རྩི་བབས་པས་ལུས་ཀྱི་གནས་རྣམས་ཁེངས་པར་བསམ་མོ།། དེས་མ་བཟློག་ན་སྔོན་གྱི་ལས་ཀྱི་རྣམ་པར་སྨིན་པ་ཡིན་པས་དཀོན་མཆོག་ལ་མཆོད་པ་དབུལ། མཁའ་འགྲོ་ལ་གཏོར་མ་བཏང། རྡེ་རྗེ་སྤུན་ལ་ཚོགས་ཀྱིས་མཆོད། ལུས་དང་ལོངས་སྤྱོད་ཐམས་ཅད་ཀྱིས་རྡོ་རྗེ་སློབ་དཔོན་མཉེས་པར་བྱས་ལ་འཕོ་བའི་གདམས་ངག་ལ་འཇུག་པར་བྱའོ། ། འཆི་ལྟས་བཞི་པ་དེ་ཁོ་ན་ཉིད་ཀྱི་འཆི་ལྟས་ནི། གང་དང་འགྲོགས་ཀྱང་ཁྲོ་སྙིང་འདོད། གང་ན་འདུག་ཀྱང་འཇིགས་པ་དང། དཀོན་མཆོག་གསུམ་ལ་མོས་གུས་ཤོར། བླ་མ་རྣམས་ལ་སྡང་ཞིང་སྨོད། གང་ན་འདུག་ཀྱང་སྐྱོ་བ་དང། འཁོར་འདབ་རྣམས་དང་འབྲས་སྙིང་འདོད། གཡེང་བ་དང་ནོར་ལ་དགའ་ཆགས་པས་གཡེང་བ་ཚོལ། ང་རྒྱལ་དང་ཕྲག་དོག་གཅིག་སྟེངས་སུ་གཅིག་གིས་ནོན་པ་རྒྱུན་མི་འཆད་པར་འོང་བ་དང། ཆོས་ལྡན་གྲོགས་དང་འབྲས་སྙིང་འདོད་པ་དང། སྡིག་པའི་གྲོགས་ལ་སྙན་གྲགས་བརྗོད་པ་དང། ཚེ་འདིར་སྡུག་གིས་དོགས་པ་དང། བླ་མ་དཀོན་མཆོག་གི་ནོར་རྣམས་རྐུ་བ་དང། རྣམ་པར་རྟོག་པས་སེམས་གཡེང་ན་དི་ཁོ་ན་ཉིད་ཀྱི་འཆི་ལྟས་ཡིན་པས། འཆི་བ་སླུ་བའི་ཐབས་ནི། སྟོང་ཉིད་བདེ་ཆེན་དམ་པའི་ཆོས་བཤད། དེ་ཡང་ལུས་སྐྱིལ་ཀྲུང་སེམས་གསལ་བར་བྱས་ལ། མདུན་གྱི་ནམ་མཁའ་ལ་དུས་གསུམ་གྱི་སངས་རྒྱས་ཀྱི་ངོ་བོ་བླ་མ་བསམས་ལ་ཡིད་ཀྱིས་ཕྱག་འཚལ། མཆོད་པ་དངོས་དང་ཡིད་ཀྱིས་དབུལ། གསོལ་བ་ལན་གསུམ་དུ་གདབ། དེ་ནས་སྤྱི་བོ་ན་མར་ཐིམ་པས་བྱིན་གྱིས་བརླབས་པར་བསམ། ཆོས་སྐུ་སྐྱེ་བ་མེད་པ་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བར་བསམ། སྐྱེ་ཤིའི་འཇིགས་པོ་བྲལ་ནས་ཆོས་སྐུའི་ངང་ལ་གནས་པར་བྱའོ།། དེ་ནས་འཆི་བ་ཅིས་ཀྱང་མ་བཟློས་ན་འཕོ་བ་བྱ་སྟེ། དེ་ལ་གཉིས་ལས་བཙན་ཐབས་སུ་འཕོ་བ་དང་སྦྱངས་ཏེ་འཕོ་བའོ།། བཙན་ཐབས་སུ་འཕོ་བ་ནི། ལུས་བསྲང་ལ་སྒོམ་ཚིགས་སུ་བྱ། མིག་སྣ་རྩེ་ལ་ཕབ། རྡོ་རྗེ་ཕག་མོ་བསྒོམ། བཤང་ལམ་དང་ཆུ་ལམ་བྲུཾ་རེས་དགག། ལྟེ་བ་སྙིང་ཁ་གཉིས། སྲིན་ལག་སྨིན་མཚམས་གཉིས། མིག་གཉིས་ཧཱུཾ་རེས་དགག། ལྕེ་ལ་ཧཱུཾ་གིས་དགག། ལྟེ་བའི་འོག་སོར་བཞི་ཙམ་ནས་རྩ་འདབ་གསུམ་ཡོད་པའི་དབུ་མ་ན་ཡི་གེ་བཾ་དམར་པོ་གཅིག་བསམ་མོ། ། དེ་ཀ་ལ་ཀ་ཧིག་ཀ་ཧིག་ཅེས་པས་ཉི་ཤུ་རྩ་གཅིག་གིས་ཡར་དྲངས་པ་ནི་མར་དབབ། དེ་ལ་ཤེས་པས་ཟིན་པ་དང། གང་ལ་ཡང་ཆགས་པ་མེད་པར་བྱས་ལ་སྤྱི་བོ་ཚངས་པའི་བུ་ག་སྒོ་ཕྱེ་ལ། ལྟེ་བའི་དེ་ཀ་ཧིག་ཅེས་གདོན་ཏེ་སྤྱི་བོར་རྡོ་རྗེ་ཕག་མོའི་ཐུགས་ཁར་ཐིམ་པར་བསམ་མོ།། དེས་རྡོ་རྗེ་ཕག་མོའི་སྐུར་གྱུར་ཏེ། ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པར་འགྱུར་རོ།། སྦྱངས་ཏེ་འཕོ་བ་ནི། གོང་ལྔ་ནས་བསྐྱེད་རྫོགས་ལ་སྦྱངས་ཏེ་འཆི་ཁར་འཕོ་བར་བྱའོ།། འཆི་རྟགས་དང། འཆི་སླུ་དང། འཕོ་བའི་ལེའུ་སྟེ་བདུན་པའོ།།།། ཕྱག་རྒྱ་ཆེན་པོ་འབྱུང་བ་གོས་སུ་བགོ་བའི། ཕྱག་རྒྱ་ཆེན་པོ་ཙཎྜ་ལི། གཏུམ་མོའི་གདམས་པས་དྲོད་སྐྱེད་པར་བྱེད་པ་ནི་གསུམ་སྟེ། དྲོད་སྐྱེ་བར་བྱེད་པ་བཅའ་བ་ལུས་ཀྱི་གནད་དང། ཏིང་ངེ་འཛིན་སྐྱེ་བར་བྱེད་པ་རིག་པ་སེམས་ཀྱི་གནད་དང། ཡོན་ཏན་འབྱུང་བར་བྱེད་པ་འགྱུ་བ་རླུང་གི་གནད་དོ། ། དང་པོ་དྲོད་སྐྱེ་བར་བྱེད་པ་ལ། བཅའ་བ་ལུས་ཀྱི་གནད་ནི་ལུས་ཀྱི་འཁྲུལ་འཁོར་ཏེ་ལྔའོ།། རྐང་པ་མགལ་མེ་ལྟར་བརྩེག། གཡས་ཀྱི་མཐིལ་གྱིས་གཡོན་གྱི་བོལ་གོང་མནན། པུས་མོ་སྒྱེད་པ་ལྟ་བུར་བཙུགས་ཏེ་ཨོག་ལྐོའི་འོག་ཏུ་གཟུགས། ལག་པ་ཞག་པ་ལྟར་བཅིངས་ཏེ་པུས་མོ་ལ་འཁྱུད། མགོ་བོ་ཕྲུ་བ་ལྟར་དགལ་ཏེ་པུས་མོའི་སྟེང་དུ་བཞག་གོ། མགྲིན་པ་པདྨ་ལྟར་དགུག་སྟེ་མགོ་བོ་དགུག་གོ། ཚིགས་པ་གཞུ་ལྟར་དུ་སྡུད་དེ། སྒལ་ཚིགས་དགུག་དེ་རྣམས་ལུས་གནད་དོ།། གཉིས་པ་ཏིང་ངེ་འཛིན་སྐྱེ་བར་བྱེད་པ་རིག་པ་སེམས་ཀྱི་གནད་ལ་གསུམ་སྟེ། ཕྱི་སྦྱང་བ་དང། ནང་སྦྱང་བ་དང། གསང་བ་སྦྱང་བའོ།། དང་པོ་ཕྱི་སྦྱང་བ་ནི། རང་ཡིད་དམ་ལྷར་བསྒོམ་སྟེ། རྡོ་རྗེ་ཕག་མོའི་སྐུར་བསྒོམ་མོ།། མི་གསལ་ན་ཞལ་ཕྱག་གསལ་དུ་བསྒོམ་མོ།། དེའང་རྒྱན་དང་ཆ་ལུགས་ལྡན་པར་བསྒོམ། ནང་སྦྱང་བ་ནི། ལྷའི་ནང་སྟོང་པ་ན་ནང་ཁྲོལ་ལ་སོགས་པ་མེད་པ་ཕྱི་ནས་བལྟས་ན་ནང་གསལ། ནང་ནས་བལྟས་ན་ཕྱི་གསལ་བ་གཅིག་བསྒོམ། གསང་བ་སྤྱང་བ་ནི་ལྔ་སྟེ། མེའི་ས་བོན་བསྐྱེད་པ་ནི། རང་གི་རྐང་མཐིལ་གཉིས་སུ་རླུང་གི་དཀྱིལ་འཁོར་གཞུའི་དབྱིབས་ལྟ་བུ་དེའི་སྟེང་དུ་རཾ་དམར་ནག་རེ་བསམ། རླུང་གིས་མེ་བུས་མེ་མོ་ཁབ་ཙམ་ཉུག་ཉུག་བྱུང་བར་བསམ་མོ།། གཉིས་པ་མེ་སྒྱུར་བ་ནི། མེ་བོལ་སྐུད་ཙམ་གཅིག་གིས་པུས་མོ་མན་ཆད་བསླེས་པར་བསམ། གསུམ་པ་མེ་དེའི་མཚན་ཉིད་ནི་ཁ་དོག་དམར་བ། རེག་བྱ་ཚ་བ། བྱེད་པ་མྱུར་བ། བདེ་བའི་རང་བཞིན་ཅན་དུ་བསྒོམ་མོ།། བཞི་པ་མེ་བསྲིང་བ་ནི་བརླ་གཉིས་ནས་ཡང་ལ་མདའ་སུག་ཙམ་རེ་ལྟེ་བའི་འོག་ཏུ་བསླེབ་པར་བསྒོམ། ལྔ་པ་མེ་སྦར་བ་ནི། སྲིན་པོའི་ཞལ་རབ་ཏུ་བསྡམ་པ་ལ་མདོམས་ནས་རཾ་ལས་མེ་འབར་བས་མེ་གསུམ་ལྟེ་བའི་འོག་ཏུ་མེ་ལྕེ་ཕྲད་པས་མཁའ་འགྲོ་མ་ལྔའི་ངོ་བོ་ལྟེ་བ་ན་ཧ་རི་ནི་སའི་དབུས་ན་བཾ་གནས་པ་ལས་མེ་འབར་བས་མེ་བཞི་ཛ་བཞིས་བསྐོར་བ་ལ། རེག་བྱ་ཚ་བ་བདེ་བ་གཡོན་དུ་སྒོ་རོ་རོ་འཁོར་བས་འཁོར་ལོ་ལྟེ་བར་བསྐོར་བ་ཡིན་ཏེ། ཕྱོགས་བཞི་སྟེང་འོག་གཉིས་སུ་སྒོ་རོ་རོ་འཁོར་བར་བསྒོམ་མོ། ། ཇེ་དྲག་ཇེ་དྲག་སྐོར་རོ།། དེ་ནས་བསྲིངས་ཏེ་བསྐོར་བ་ནི། དེ་ནས་སྙིང་ཁར་བསྐོར། ཧཱུཾ་ཞེ་སྡང་སྦྱངས། དེ་ནས་མགྲིན་པར་བསྐོར། ཨ་འདོད་ཆགས་སྦྱངས། དེ་ནས་ཀླད་པར་བསྐོར། ཨཱ+ོཾ་གཏི་མུག་སྦྱངས། དེ་ནས་ཕྱི་ཉི་མ་དྲུག་སྐོར་གྱི་མན་ངག་ནི། རང་གི་ཕྱོགས་བཞིར་ཀུན་ཏུ་ཉི་མ་རེ། སྟེང་འོག་གཉིས་སུ་ཉི་མ་གཉིས་ཏེ་དྲུག། ཉི་མ་དྲུག་གི་འོད་ཟེར་བ་སྤུའི་བུ་ག་ན་ཚུར་འོང་བར་བསྒོམ་མོ།། ནང་མེ་དཔུང་འ་བར་བ་བརྩེག་མར་བསྒོར་བ་ལྟེ་བ་ནས་མགྲིན་པ་སྙིང་ཁ་རྣམས་སུ་མེ་ལྕེ་རྩེ་ལྔ་བརྩེགས་མར་འབར་བས་ཕྱི་རུ་མེའི་འོད་འཕྲོས་པས་ཕྱི་བསྲེགས་བར་དུ་མེ་དང་ཉི་མའི་འོད་ཟེར་བསྣོལ་པས་འོད་ཟེར་གྱི་ལུས་དང་རྩ་གོས་པས་ལུས་ལ་བདེ་བ་སྐྱེས་པར་བསམ་མོ། ། ནད་དང་སྡུག་བསྔལ་གདོན་པ་ནི།། རྩ་སྤྱིལ་གྱི་ནང་དུ་དུད་པ་བཏང་བ་བཞིན་དུ་ནད་དང། འབྱུང་བའི་དངས་སྙིགས་དང། དུག་ལྔ་དང། རྣམ་རྟོག་ཐམས་ཅད་བསྲེགས་ནས་དུད་པ་བཞིན་དུ་ཕྱི་རུ་རྒྱང་ལ་བྱུང་སྟེ། སྤྱི་བོ་དང་བ་སྤུའི་བུ་ག་ན་ཕར་ལ་སྔོ་ཐུལ་ལུ་ལུ་སོང་བར་བསམ་མོ།། བདེ་བ་སྐྱེ་པར་འདོད་ན། སྤྱི་བོ་ཚངས་པའི་བུ་ག་མན་ཆོད་ནས་གསང་བ་རྡོ་རྗེ་ཡན་ཆད་དུ་རྩ་གཙང་མ་སྙུག་མ་འདྲ་བ་གཅིག་བསྒོམ། རས་ཡ་དང་ལ་ལ་ན་གཉིས་ཡར་རྩེ་སྣ་བུག་གཉིས་ལ་ཟུག། མར་རྩེ་ལྟེ་བའི་འོག་ཏུ་ཨ་བ་དྷུ་ཏིར་ཚུད་པའི་ནང་དུ་ལྟེ་བ་ནས་མཁའ་འགྲོ་མའི་གཏུམ་མོ་འབར་བས་ཐེན་ཏེ་རྔུབ་པ་ཡང་ཡར་ཇེ་མཐོ་ཇེ་མཐོ་ལ་སྤྱི་བོ་ཚངས་པའི་བུ་ག་ལ་ཧཾ་དཀར་པོ་མགོ་ཐུར་ལ་བསྟེན་པ་དེ་ཞུ་བ་ལས། བྱང་ཆུབ་སེམས་ཀྱི་ཐིག་ལེ་དངུལ་ཆུ་ལྟ་བུ་དེ་རྩ་གསུམ་ལ་སྒོ་རོ་རོ་འཁོར་བས་ཡས་མར་འཛགས་པས་ཨ་ཤད་དྲོད་པ་ལས་རྩའི་ནང་ནས་མར་བདེ་བ་དང་བཅས་ནས་ནར་ར་ར་འང་བར་བསྒོམ་མོ། ། བདེ་བ་ཆེན་པོ་གསང་བའི་རྡོ་རྗེ་འགས་པ་ཙམ་གྱིས་བདེ་བ་བྱུང་བ་དང་དེ་ལ་མ་ཆགས་མ་ཞེན་པ་ཅིའི་ངོ་བོར་ཡང་མ་གྲུབ་པ་བདེ་བ་གསལ་ལ་མི་རྟོག་པ་ལ་སེམས་གློད་ལ་གཞི་ཕྱག་རྒྱ་ཆེན་པོའི་ངང་དུ་བསྒོམ་མོ། ། ཆུ་དངས་མ་རྙོགས་པ་འམ། མར་མེ་རླུང་གིས་མ་བསྐྱོད་པ་ལྟར་སིང་ངེ་ཡེར་རེ་གསལ་སྣང་དུ་བསྒོམ། དྲོད་ཀྱི་རྟ་མ་རྒྱ་མཚོའི་གཏིང་དུ་སྦ་བ་ནི་མེ་རྣམས་ཡར་མར་རྩེ་མོ་གུག་ནས་གསང་གནས་ན་ར་དམར་པོ་ཡོད་པ་དེ་ལ་རྩེ་མོ་ཟུག་པར་བསམ་མོ། ། མཁའ་ཁུང་གཉིས་ཆུའི་ཁམས་ཡིན་པས་མེ་དམར་རིང་ངེ་བ་རེ་བསམ་མོ། དེ་མེ་བསྙམ་བ་དང་འདྲའོ། ། དེས་དྲོད་མི་འཆོར་བ་ཡིན་ནོ།། ཉལ་བའི་གནད་ནི། རྐང་པ་བསྐུམ་པ་བརྩེགས། གྲུམ་འོག་མ་མཁལ་མའི་གདན་དུ་བཏིང། ལག་པ་གཡས་སྟེང་མ་མཁལ་མའི་སྟེང་དུ་བརྐྱང། མགོ་བོ་བཀུག་ལ་གཏིང་དུ་གཞུག་གོ། དེས་དྲོད་མི་འཆོར་བའི་གནད་ཡིན་ནོ།། གཏུམ་མོ་ཟས་སུ་ཟ་བ་ནི། མཁའ་འགྲོ་ལ་གཏོར་མ་གཏང། གསོལ་བ་གདབ། ཟས་ཀྱི་འདོད་པ་ཆུང་བ་དང། སྐོམ་པའི་རྩོལ་བ་ཆུང་བ་དང། གདུང་བ་ཆུང་བར་འགྱུར་རོ།། རྡོ་རྗེ་མཁའ་འགྲོས་རྟོགས་པ་བསྐྱེད།། སངས་རྒྱས་མཁའ་འགྲོས་བདེགས་ལ་སྐྱེ།། རིན་ཆེན་མཁའ་འགྲོས་ཟས་མི་དགོས།། པདྨ་མཁའ་འགྲོས་ཉོན་མོངས་པ་འདོད་ཆགས་མི་སྐྱེ། ། ལས་ཀྱི་མཁའ་འགྲོས་དུག་ལྔ་འཇོམས།། ཟས་དང་གོས་དང་འདོད་པ་དང་བྲལ་ནས། ལུས་ཟག་པ་ཟས་དེ། མཁའ་སྤྱོད་གནས་སུ་འགྲོ་ཡོ། གཏུམ་མོ་རྟ་རུ་ཞོན་པ་ནི། རྐང་པའི་མཐིལ་གཉིས་སུ་རླུང་གི་དཀྱིལ་འཁོར་བསྒོམ། ཚིགས་སོར་བཞི་པ་རླུང་གི་བ་དན་འཕྱར། མཐེ་བོང་གཉིས་ཀྱིས་སྲིན་ལག་གཉིས་ཀྱི་རྩ་བ་མནན། དམིགས་པ་ལྟེ་བའི་ཨ་ལ་གཏད། འགྲོ་བ་རྟ་བས་མགྱོགས་པར་འགྱུར་རོ།། མཁའ་འགྲོ་མའི་སྙན་བརྒྱུད། ལས་རྒྱ་མཚོའི་རྒྱུད་ཕྱི་མ་ལས། ཙཎྜ་ལི་བསྒོམ་པའི་ལེའུ་སྟེ་བརྒྱད་པའོ།།།། སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིས་མཁའ་འགྲོ་མ་ཞི་བའི་མཚོ་ལ་ཞུས་པའོ།། ཇོ་མོ་མཁའ་ཆེན་བཟའ་མཚོ་རྒྱལ་ལ། མཁའ་འགྲོ་དཔང་དུ་བཙུགས་ནས་གཏད་པའོ།། རྫོགས་སཧོ།། རྒྱ་རྒྱ་རྒྱ། གྲི་གུག་གི་རྒྱ། མཁའ་འགྲོའི་རྒྱ། ཐོད་པའི་རྒྱ།།།། #།། རྒྱ་གར་སྐད་དུ། ཌཱ་ཀི་ནི་ཀརྨ་མ་ལེ་ཏན་ཏྲ་ནཱ་མ། བོད་སྐད་དུ།
CLOSE WINDOW