Wylie |
།།། ས་མ་ཡ:་རྒྱ་རྒྱ་རྒྱ:་གཏེར་རྒྱའོ:་སྦས་རྒྱའོ།།།། རྒྱ་གར་སྐད་དུ། ཌཱ་ཀི་ནི་པཉྩ་ཀརྨ་དྷ་ལ་ས་མུད་ཏན་ཏྲ་ནཱ་མ། བོད་སྐད་དུ། མཁའ་འགྲོ་སྡེ་ལྔ་ལས་རྒྱ་མཚོའི་རྒྱུད་ཅེས་བྱ་བ། མཁའ་འགྲོ་སྡེ་ལྔ་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། ཨུ་རྒྱན་གྱི་ཡུལ་དུར་ཁྲོད་བང་སོ་དམར་པོ་ན། མཁའ་འགྲོ་སྡེ་ལྔ་འཁོར་ཌཱ་ཀི་འབུམ་དང་བཅས་པ། དུར་ཁྲོད་ན་རོ་ལ་ལོངས་སྤྱོད་ཅིང་བཞུགས་སོ།། དེའི་ཚེ་སྒྲུབ་པ་པོ་བྲམ་ཟེ་བློ་ལྡན་མཆོག་སྲེད་ཅེས་བྱ་བ། གྲུབ་པ་ཐོབ་པའི་རྣལ་འབྱོར་པ་མཁའ་འགྲོ་སྡེ་བཞི་བྲན་དུ་འཁོལ་བ་དེས། དེའི་ཚེ་མཁའ་འགྲོ་རྣམས་ལ་ཚོགས་ཀྱི་འཁོར་ལོ་བྱས་ཏེ་ཞུས་པ། ཀྱེ་མ་མཁའ་འགྲོ་སྡེ་ལྔའི་ཚོགས།། ཌཱ་ཀིའི་སྒྲུབ་པ་ཇི་ལྟར་བགྱི།། མཁའ་འགྲོའི་སྲོག་གི་གནད་ནི་གང།། དབང་ཕྱུག་ང་ལ་བསྟན་དུ་གསོལ།། ཞེས་ཞུས་སོ།། དེ་ནས་མཁའ་འགྲོ་སྡེ་ལྔ་དགྱེས་ནས། ལས་ཀྱི་ཌཱ་ཀི་མས་ཡེ་ཤེས་ཀྱི་མཁའ་འགྲོ་རྣམས་ལ་བསྐོར་བ་བྱས་ཏེ། བཤད་པར་ཞུ་བ་ཕུལ་ལོ།། གླེང་གཞིའི་ལེའུ་སྟེ་དང་པོའོ།།།། དེ་ནས་ཡེ་ཤེས་མཁའ་འགྲོ་མས་བཀའ་སྩལ་པ། ཉོན་ཅིག་དཔའ་བོ་དབང་ཕྱུག་ཆེ།། མཁའ་འགྲོ་སྡེ་ལྔ་བསྒྲུབ་འདོད་ན།། དབེན་པའི་གནས་སམ་དུར་ཁྲོད་དུ།། བདེ་བའི་སྟན་ལ་འདུག་ནས་ནི།། སྐད་ཅིག་མ་ལས་ཕག་མོར་བསྒོམ།། སྐུ་མདོག་སིནྡྷུ་ར་དང་མཚུངས། ། གཡས་པ་རྟོག་མེད་ཕག་གདོང་ཞལ།། གཡོན་པ་ཆགས་ཚུལ་ཁྲོ་མོའི་ཞལ།། གཡས་པ་ཟངས་ཀྱི་གྲི་གུག་བསྣམས།། གཡོན་པ་ཐོད་པ་ཁྲག་བཀང་ཐོགས། ཁ་ཊཱཾ་ཁ་ནི་མཆན་ཁུང་བཅུག། གཟུགས་དང་ལང་ཚོ་ཕུན་སུམ་ཚོགས། ། གཡས་བསྐུམ་གཡོན་བརྐྱང་རོ་གདན་བཞུགས།། ཨཱ+ོཾ་དང་ཨཱཿདང་ཧཱུཾ་གསུམ་གྱིས།། སྐུ་གསུང་ཐུགས་སུ་བྱིན་བརླབས་ལ།། མི་དམིགས་པ་ཡི་ངང་ལས་སུ།། འཁོར་ལོ་བཞི་པོ་ལུས་ལ་དགོད། ། སྤྱི་བོར་བླ་མ་བསྒོམ་པར་བྱ།། དེ་ཡི་དབུ་གཙུག་འཁོར་ལོའི་སྟེང།། རྡོ་རྗེ་ཌཱ་ཀི་སྐུ་མདོག་མཐིང།། གཅེར་བུ་སྤྱན་གསུམ་མཆེ་བ་གཙིགས།། གཡས་པ་གྲི་གུག་གཡོན་ཐོད་པ།། དབུ་སྐྲ་གྱེན་བསྒྲང་ཐུར་འཕྱང་བ། ། གཡས་བསྐུམ་གཡོན་བརྐྱང་ཉིད་ལ་བཞུགས།། སྐུ་ལུས་རུས་པའི་རྒྱན་གྱིས་བརྒྱན།། གཞོན་ཤ་ཆགས་པ་ཧ་ལས་བསྐྱེད།། མགྲིན་པ་ལོངས་སྤྱོད་འཁོར་ལོ་ལ།། རིན་པོ་ཆེ་ཡི་མཁའ་འགྲོ་མ།། སྐུ་མདོག་སེར་མོ་གཅེར་བུ་ལ། ། སྤྱན་གསུམ་ཞལ་བགྲང་མཆེ་བ་གཙིགས།། གཡས་པ་རིན་ཆེན་གཡོན་དྲིལ་བུ།། རྒྱན་དང་ཆ་ལུགས་གོང་དང་མཐུན།། ཡི་གེ་རི་ལས་བསྐྱེད་པར་བྱ།། སྙིང་ཁ་ཆོས་ཀྱི་འཁོར་ལོ་ན། ། པདྨ་རིགས་ཀྱི་ཌཱ་ཀི་མ།། སྐུ་མདོག་དམར་མོ་གཅེར་བུ་ལ།། གཡས་པ་པདྨ་གཡོན་དྲིལ་བུ།། རྒྱན་དང་ཆ་ལུགས་གོང་དང་མཐུན།། ཡི་གེ་ནི་ལས་བསྐྱེད་པར་བྱ།། ལྟེ་བ་སྤྲུལ་པའི་འཁོར་ལོ་ན།། ལས་ཀྱི་རིགས་ཀྱི་ཌཱ་ཀི་མ། སྐུ་མདོག་ལྗང་ཁུ་གཅེར་བུ་ལ།། གཡས་པ་རྒྱ་གྲམ་གཡོན་དྲིལ་བུ།། རྒྱན་དང་ཆ་ལུགས་གོང་དང་མཐུན།། ཡི་གེ་ས་ལས་བསྐྱེད་པར་བྱ།། འཁོར་ལོ་བཞི་ལ་མཁའ་འགྲོ་བཞི།། རྩ་ནི་ཉི་ཁྲི་གཅིག་སྟོང་ཡང། ། ཌཱ་ཀི་ཉི་ཁྲི་གཅིག་སྟོང་གང།། བ་སྤུ་ས་ཡ་དུང་ཕྱུར་དང།། ལུས་རྣམས་ཐམས་ཅད་ཌཱ་ཀིས་གང།། མཁའ་འགྲོ་ཐུགས་ཀྱི་སྙིང་པོ་འདི།། ཧ་རི་ནི་ས་ཞེས་པ་ཡང།། དེ་ལྟར་ཡི་གེ་བཞི་ལས་ནི།། ཕྱི་ལྟར་ན་ནི་ལྷ་མོ་བཞི། ། ཧ་ནི་སངས་རྒྱས་སྤྱན་མ་ཡིན།། རི་ནི་གོས་དཀར་མོ་ཡིན་ནོ།། ནི་ནི་མཱ་མ་ཀི་ཡིན་ནོ།། ས་ནི་དམ་ཚིག་སྒྲོལ་མ་འོ།། ནང་ལྟར་ན་ནི་ཌཱ་ཀི་བཞི།། ཧ་ནི་རྡོ་རྗེ་མཁའ་འགྲོ་སྟེ།། རི་ནི་རིན་ཆེན་ཌཱ་ཀི་མ།། ནི་ནི་པདྨ་ཌཱ་ཀི་མ། ། ས་ནི་ལས་ཀྱི་ཌཱ་ཀི་མ།། གསང་བ་ལྟར་ན་ཆོས་ཉིད་བཞི།། ཧ་ནི་ཆོས་རྣམས་འགག་པ་མེད་པ་ལྟ་བ། རི་ནི་ཆོས་རྣམས་མི་དམིགས་པ་སྒོམ་པ། ནི་ནི་ཉོན་མོངས་པ་ཐམས་ཅད་དག་སྟེ་སྤྱོད་པ། ས་ནི་ཆོས་ཐམས་ཅད་མཉམ་པ་ཉིད་དེ་འབྲས་བུ། ཡི་གེ་བཞི་ལས་ལུས་ཀྱི་རྩ་གྲོལ། ལུས་ལ་བདེ་བ་འཆར་བ་དང། ལུས་ལ་དྲོད་འབྱུང་བ་དང། ངག་ལ་ནུས་པ་འབྱུང་བ་དང། སེམས་ལ་རྟོགས་པ་འཆང་བ་དང། ལུས་ངག་ཡིད་གསུམ་བྱིན་གྱིས་རློབས།། མཚོན་དང་མེ་དང་ཆུས་མི་འཇིག། དགྲ་བགེགས་བསད་ཅིང་དགུག་པ་དང།། ལྷ་མོ་ཀླུ་མོ་མི་མོ་འགུགས།། ཆོས་དང་ནོར་དང་ཟས་གསུམ་འདུ།། ལྷ་འདྲེ་མི་གསུམ་དབང་དུ་འདུ། ། ཤེས་པ་རྒྱ་བསྐྱེད་ཡེ་ཤེས་བསལ་གདབ།། ཉོན་མོངས་པ་ཐོག་བརྫི་ས་བྱ། རིག་པ་ཤུགས་རྡོལ་འབྱུང་ངོ།། མཁའ་འགྲོ་སྡེ་ལྔ་བསྒྲུབ་པའི་ལེའུ་སྟེ་གཉིས་པའོ།།།། དེ་ནས་ཡང་དག་བཤད་བྱ་བ།། དང་པོ་སྟོང་པ་ཉིད་བསྒོམས་ལ། ། པཾ་ལས་པདྨ་འདབ་བརྒྱད་དབུས། ཁ་དོག་དམར་པོ་ལས་གྱུར་པའི།། ཉི་མའི་དཀྱིལ་འཁོར་སྟེང་དག་ཏུ།། ཡི་གེ་ཧཱུཾ་ལས་ཡོངས་གྱུར་པའི།། བདག་ཉིད་རྡོ་རྗེ་རྣལ་འབྱོར་མ།། དྲག་པོ་ཡི་ནི་འོད་ཅན་མ། ། གཅེས་བུ་གཡོན་ནི་བརྐྱང་བར་གནས།། ཞལ་གཅིག་མ་ལ་ཕྱག་གཉིས་མ།། ཆུ་འཛིན་མཛེས་ཤིང་མནན་པའོ།། སྐུ་མདོག་དམར་མོ་ཆེན་མོ་ནི།། འདོད་ཆགས་ཆེན་པོའི་རང་བཞིན་ལས།། རབ་ཏུ་གཏུམ་པའི་སྤྱན་གསུམ་མ། ། སྨིན་མ་ཁྲོ་གཉེར་ཡོངས་གྱུར་པ།། མཆེ་བ་གཙིགས་པའི་ཞལ་མངའ་བ།། ལྗགས་ནི་འདྲིལ་ལ་སྐྲ་གྲོལ་བ།། རོ་ཡི་གདན་ལ་བཞུགས་པ་སྟེ།། གཞོན་ཤ་ཆེ་ལ་ཆགས་ཚུལ་ཆེ།། དྲ་བ་དྲ་ཕྱེད་དྲིལ་བུའི་སིལ་སྙན་སྒྲོགས། ། རིན་ཆེན་གཡེར་ཁའི་སྒྲ་སྒྲོགས་མ།། ཕྱག་རྒྱ་ལྔ་དང་ལྡན་པ་ལ།། ལྷ་དང་ལྷ་མིན་ཁྲག་བཀང་བའི།། ཐོད་པ་གཡོན་ན་བསྣམས་པ་ལ།། རྡོ་རྗེ་གྲི་གུག་སྡིགས་མཛུབ་གཡས། ། ཤིན་ཏུ་འཇིགས་པའི་གཟུགས་ཅན་མ།། དུར་ཁྲོད་ལ་སོགས་གནས་སུ་བསྒོམ།། སྒོམ་པ་སྐྱོ་ན་འདས་པ་བྱ།། ཨཱ+ོཾ་སརྦ་བུདྡྷ་ཌཱ་ཀི་ནི་ཡེ། ཨཱ+ོཾ་བཛྲ་ཝ་ར་ཎྞ་ནི་ཡེ། ཨཱ+ོཾ་བཛྲ་བཻ་རོ་ཙ་ན་ནི་ཡེ། ཧཱུཾ་ཧཱུཾ་ཧཱུཾ། ཧ་རི་ནི་ས། ཕཊ་ཕཊ་ཕཊ་སྭཱ་ཧཱ། རྩ་བའི་སྔགས་ནི། ཨཱ+ོཾ་བཛྲ་ཡོ་གི་ནི་ཡེ་ཧཱུཾ་ཕཊ། ཧ་རི་ནི་ས། སྙིང་པོའི་སྔགས་ནི། ཨཱ+ོཾ་བཛྲ་ཡོ་གི་ནི་ཧཱུཾ་ཕཊ། ཧ་རི་ནི་ས། གཏོར་མའི་སྔགས་ནི། ཨཱ+ོཾ་བཛྲ་ཌཱ་ཀི་ནི་བྱ་ཨི་དན་བྷ་ལིང་གྷྲི་ན་གྷྲི་ན། ཧ་ཧ་ཧ། ཁ་ཁ་ཁཱ། ཨ་ཨ་ཨཱ། མ་སིདྷི། པྲ་པ་ཙ། ཧ་ཧཱུ་ཕཊ། ཚེས་བརྒྱད་བཅུ་དང་བཅུ་བཞི་ལ།། གཏོར་མ་མཆོད་པ་དག་གིས་མཆོད།། ཧཱུཾ། བཅོམ་ལྡན་རྡོ་རྗེ་ཕག་མོ་ནི།། གཡས་པ་རྟོག་མེད་ཕག་གདོང་ཞལ། ། གཡོན་པ་ཆགས་ཚུལ་ཁྲོ་མོའི་ཞལ།། སྐུ་མདོག་དམར་མོ་འོད་ཟེར་འཕྲོ།། ཞལ་གཉིས་སུ་ནི་སྤྲུལ་མཛད་མ།། སྒྲུབ་པ་པོ་ལ་གྲོགས་མཛད་མ།། རྗེ་བཙུན་རྣལ་འབྱོར་མ་ལ་ཕྱག་འཚལ་བསྟོད།། འཁོར་བ་མྱ་ངན་འདས་སྤངས་ཤིང། ། འཁོར་བ་མྱ་ངན་འདས་ལ་བཞུགས།། ཀུན་རྫོབ་དོན་དམ་གཉིས་སུ་མེད།། གཉིས་མེད་གཟུགས་ལ་ཕྱག་འཚལ་བསྟོད།། སྤྲོས་མེད་དབྱིངས་ལས་མ་གཡོས་ཀྱང།། ཐབས་ཀྱིས་འདུལ་བ་གང་དང་གང་གི་ངོར། ། སྨོན་ལམ་དབང་གིས་འགྲོ་བའི་དོན་མཛད་མ།། ཡིད་བཞིན་ནོར་བུ་འདྲ་མ་ཁྱོད་ལ་ཕྱག་འཚལ་བསྟོད།། གཡས་ན་ཉོན་མོངས་སྐྱོན་ཀུན་གཅོད་པའི་གྲི་གུག་ཐོགས།། ཤིན་ཏུ་དཀར་བའི་ཐོད་ཁྲག་གཡོན་ན་བསྣམས། ། ཞབས་གཉིས་བརྐྱང་བསྐུམ་ཡ་བདུད་ཟིལ་གྱིས་གནོན་པའི་གཙོ་མོ་སྟེ།། རྡོ་རྗེ་རྣལ་འབྱོར་མ་ལ་ཕྱག་འཚལ་བསྟོད།། ཅེས་འདོད་པའི་དོན་ལ་གསོལ་བ་གདབ་བོ།། ཡེ་ཤེས་སེམས་དཔའ་གཤེགས་སུ་གསོལ། ། ལྷ་ཡི་ངོ་བོར་བདག་དམིགས་ཏེ།། རྒྱུན་དུ་སྤྱོད་ལམ་དེ་ལྟར་བྱ།། ཕག་མོ་དམར་མོ་གསུང་བསྒྲུབ་པའི་ལེའུ་སྟེ་གསུམ་པའོ།།།། དེ་ནས་ཡང་དག་བཤད་བྱ་བ།། སྐུ་ཡི་དངོས་གྲུབ་ཐོབ་འདོད་ན། ། དུར་ཁྲོད་ལྟ་བུའི་གནས་སུ་ནི།། བདེ་བའི་སྟན་ལ་རབ་བརྟེན་ནས།། སྟོང་པ་ཉིད་ཀྱིས་ངང་ལས་ནི།། བདག་ཉིད་རྡོ་རྗེ་ཕག་མོར་བསྒོམ།། སྐུ་མདོག་དཀར་མོ་ཕྱག་གཉིས་མ།། གཡས་པ་རྟོག་མེད་ཕག་མོའི་ཞལ། ། ཕག་རལ་གཡས་པ་གྱེན་དུ་གསིག། གཡོན་པ་ཆགས་ཚུལ་ཁྲོ་མོའི་ཞལ།། ཅུང་ཟད་ཁྲོ་བོའི་ཚུལ་སྟོན་པ།། གཡས་པ་གྲི་གུག་ཉོན་མོངས་གཅོད།། གཡོན་པ་ཆགས་མཛད་ཐོད་ཁྲག་བསྣམས།། སྐུ་སྨད་སྟག་གི་ཤམ་ཐབས་གསོལ། ། རོ་དང་ཉི་མའི་སྟེང་དུ་ནི།། ཞབས་གཡས་བགྲད་ལ་གཡོན་པ་འགྱིང།། ཕྱག་རྒྱ་ལྔས་ནི་བརྒྱན་པར་བསྒོམ།། དེ་ནས་རང་གི་སྙིང་ཁ་ནས།། འོད་འཕྲོས་ཡེ་ཤེས་ཕག་མོ་དགུག། གཉིས་སུ་མེད་པར་བསྟིམ་པ་ལས། ། འདོད་ཡོན་ལྷ་མོར་རྣམས་སྤྲུལ་ཏེ།། མཆོད་རྫས་རྣམས་ནི་དབུལ་བར་བྱ།། རང་གི་སྙིང་ཁའི་ཧྲི་ལས་སུ།། ཨཱ+ོཾ་ཨཱ+ོཾ་ཨཱ+ོཾ། སརྦ་བུ་དྡྷ་ཌཱ་ཀི་ནི་ཡེ། བཛྲ་ཝ་ར་ཎྞ་ནི་ཡེ། བཛྲ་བཻ་རོ་ཙ་ན་ནི་ཡེ། ཧཱུཾ་ཧཱུཾ་ཧཱུཾ། ཕཊ་ཕཊ་ཕཊ། སྭཱ་ཧཱ། ཞེས་གཡོན་དུ་འཁོར་བར་བསམ་མོ།། དེ་ལ་སེམས་གཏད་བཟླས་པ་བྱ།། བཟླས་པ་སྐྱོན་གཏོར་མ་བཏང།། རྗེ་བཙུན་རྡོ་རྗེ་མཁའ་འགྲོ་མ།། སྟོང་ཉིད་སྙིང་རྗེའི་བདག་ཉིད་ཅན། ། ཁམས་གསུམ་པ་ཡི་ངོ་བོ་ཉིད།། བསྐལ་པ་མེ་ལྟར་འབར་བའི་འོད།། རྡོ་རྗེ་རྣལ་འབྱོར་མའི་ཚོགས་ལ་འདུད།། དཔལ་ལྡན་རྡོ་རྗེ་མཁའ་འགྲོ་མ།། མཁའ་འགྲོ་མ་ཡི་འཁོར་ལོ་སྒྱུར།། ཡེ་ཤེས་ལྔ་དང་སྐུ་གསུམ་ཉིད། ། འགྲོ་བ་སྐྱོབ་ལ་ཕྱག་འཚལ་བསྟོད།། ཇི་སྙེད་རྡོ་རྗེ་མཁའ་འགྲོ་མ།། ཀུན་ཏུ་རྟོག་པ་འཆིང་མཛད་ཅིང།། འཇིག་རྟེན་བྱ་བ་ལ་འཇུག་པའི།། དེ་རྣམས་བསྐྱེད་ལ་ཕྱག་འཚལ་བསྟོད།། ཅེས་བསྟོད་ལ། ཡེ་ཤེས་སེམས་དཔའ་གཤེགས་སུ་གསོལ། ། ལྷ་ཡི་ངོ་བོར་དམིགས་བྱས་ཏེ།། ཉལ་བའི་སྤྱོད་ལམ་བྱ་བའོ།། སྐུའི་དངོས་གྲུབ་ཐོབ་པར་འགྱུར་རོ།། སྐུའི་ཕག་མོ་དཀར་མོ་བསྒྲུབ་པའི་ལེའུ་སྟེ་བཞི་པའོ།།།། དེ་ནས་ཡང་དག་བཤད་བྱ་བ། ། ཕག་མོ་ནག་མོ་བསྒྲུབ་འདོད་ན།། དབེན་པའི་གནས་སུ་འདུག་ནས་ནི།། དུར་ཁྲོད་སོལ་བས་ལུས་བྱུགས་ཏེ།། སྟོང་ཉིད་སྐད་ཅིག་གནས་པ་ལས།། པཾ་ལས་པདྨ་ཨ་ལས་ཟླ་བ་སྟེ།། ཧྲི་ནག་ཡོངས་སུ་གྱུར་པ་ལས། ། བདག་རང་རྡོ་རྗེ་རྣལ་འབྱོར་མ།། ཕག་མོ་ཤིན་ཏུ་ཁྲོས་མ་ནི།། སྐུ་མདོག་ནག་མོ་ཤིན་ཏུ་སྐེམ།། རུས་པའི་རྒྱན་ལྔས་མཛེས་པར་བརྒྱན།། གཅེར་བུ་སྐུ་ལ་ཐོད་འཕྲེང་གསོལ།། དབུ་སྐྲ་གྱེན་བརྫེས་རལ་པ་འཁྲིགས། ། ཕག་ཞལ་མཆེ་གཙིགས་ལྗགས་འགུལ་མ།། ཕྱག་ན་གྲི་གུག་སྔོ་ནག་ཐོགས།། ཕྱག་གཡོན་ཐོད་ཁྲག་ཐོགས་ནས་ཁ་ཌཱཾ་འཁྱུད།། མེ་དཔུང་སྔོ་ནག་འབར་དབུས་ན།། ཡ་བདུད་ཕོ་མོའི་གདན་ལ་ནི། ། སྐྱིལ་ཀྲུང་ཕྱེད་པའི་གར་གྱིས་བཞུགས།། ཨོཾ་དང་ཨཱཿ་དང་ཧཱུཾ་གསུམ་གྱིས།། སྐུ་གསུངས་ཐུགས་སུ་བྱིན་གྱིས་བརླབས།། དེ་ནས་རང་གི་སྙིང་ཁའི་སྟེང།། ཧྲི་ནག་སྔགས་ཀྱི་འཕྲེང་བསྐོར་བསམ།། དེ་ལས་འོད་ཟེར་འཕྲོས་པ་ཡིས། ། ཡེ་ཤེས་སེམས་དཔའ་བཀུག་ལ་བསྟིམ།། ཨཱ+ོཾ་བཛྲ་ཝ་ར་ཧྲི་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ། ཨཱ+ོཾ་བཛྲ་ཝར་ཎྞ་ནི་ཡེ་ཧཱུཾ་ཕཊ། ཅེས་འབུམ་ཕྲག་དག་ཏུ་བཟླས་པར་བྱ།། རང་གི་ལྟེ་དཀྱིལ་ཆོས་འབྱུང་ནི། ། གྲུ་གསུམ་དམར་པོར་བསམ་པར་བྱ།། གཡུང་དྲུང་རིས་སུ་བསྒོམ་པར་བྱ།། དེ་དཀྱིལ་སྔོ་ནག་ཧྲི་བསམས་ཏེ།། ཞོར་ལ་འོག་རླུང་བསྡམས་པ་ལས།། ཧྲི་ལས་མེ་འབར་ལྟེ་བ་སྤྲུལ་པའི་འཁོར་ལོ་བསྲེགས།། སྤྱི་གཙུག་ཧཾ་ཞུ་ཨ་ཝ་འདུ་ཏི་ནས་མར་བྱང་ཆུབ་སེམས་དཀར་ནར་ར་ར་འབབ་པར་བསམས་ལ་ལྟེ་བར་བསྒོམ། ། ཅུང་ཞིག་བདེ་སྐྱེས་དྲོད་ཐོབ་ནས།། སྟོང་པ་ཉིད་དུ་རྒྱས་གདབ་བྱ།། ཨཱ+ོཾ་བཛྲ་ཝ་ར་ཏི་ཧ་ཧ་ཧི། ཕེཾ་ཕེཾ་ཕེཾ། ཁ་ཁ། ཁ་ཧི་ཁ་ཧི། ནམ་ཕྱེད་ན་ཆང་དང་བཅས་པའི་གཏོར་མ་སྦྱིན། ཧཱུཾ། སྐྱེ་མེད་རྣམ་དག་ཆོས་ཀྱི་དབྱིངས་ཉིད་པས།། སྐྱེ་བའི་ཆོ་འཕྲུལ་ཅིར་ཡང་སྤྲུལ་མཛད་མ།། འགྲོ་བའི་དོན་མཛད་རྡོ་རྗེ་མཁའ་འགྲོ་མ། ། དུག་གསུམ་འཇོམས་མཛད་ཕག་མོའི་སྐུ་ལ་བསྟོད།། སྐྱེ་མེད་ངང་ལས་མ་གཡོས་སྐུ་མདོག་གནག། གཅེས་བུ་ཞལ་བགྲད་མཆེ་གཙིགས་ལོངས་སྤྱོད་རྫོགས་པའི་སྐུ།། ལོངས་སྤྱོད་རྫོགས་པའི་སྐུ་ལ་བསྟོད། ། ཉོན་མོངས་དུག་གསུམ་འཇོམས་མཛད་ཕག་མོའི་སྐུར་བསྟན་ནས།། སྣ་ཚོགས་སྤྲུལ་སྐུས་འགྲོ་བའི་དོན་མཛད་མ།། རྡོ་རྗེ་ཕག་མོའི་སྐུ་གསུང་ཐུགས་ལ་བསྟོད།། ཕྱག་གཡས་གྲི་གུག་ཉོན་མོངས་དུག་གསུམ་འཇོམས། ། ཕྱག་གཡོན་ཐོད་སྐམ་སྐྱེ་མེད་དབྱིངས་སུ་སྦྱོར།། དབུ་སྐྲ་གྱེན་ཐུར་སྤྲུལ་སྐུ་སྣ་ཚོགས་འགྱེད།། རྡོ་རྗེ་ཕག་མོ་འགྲོ་དོན་མཛད་ལ་བསྟོད།། དུར་ཁྲོད་རུས་པའི་རྒྱན་གྱིས་མཁའ་འགྲོ་དབང་དུ་སྡུད། ། ཡེ་ཤེས་མེ་ཡིས་མ་རིག་མུན་ནག་འཇོམས།། གཡས་བརྐྱང་གཡོན་བསྐུམ་ཐབས་དང་ཤེས་རབ་དང།། རྡོ་རྗེ་ཕག་མོ་ལོངས་སྤྱོད་ལྡན་ལ་བསྟོད།། ཤེས་རབ་སྐྱོན་མེད་ཉི་ཟླ་པདྨའི་གདན།། བདེ་བར་གཤེགས་པའི་གསང་བའི་ཡུམ་གཅིག་མ། ། མཐོང་དང་དྲན་པ་ཙམ་གྱིས་ཡེ་ཤེས་སྐྱེ།། ཡོན་ཏན་ཀུན་རྫོགས་མ་ལ་ཕྱག་འཚལ་བསྟོད།། ཡོན་ཏན་བྱེ་བར་བརྒྱན་པའི་ཕག་མོ་ལ།། རྟག་ཏུ་དད་པས་ཁྱེད་ལ་མཆོད་བསྟོད་པས། ། རྣལ་འབྱོར་བདག་ལ་བྱིན་གྱིས་བརླབ་ཏུ་གསོལ།། ཨཱ+ོཾ་ཨཱཿཧཱུཾ། ཞེས་བསྟོད། ཕག་མོ་ནག་མོ་ཐུགས་ཀྱི་བསྒྲུབ་པའི་ལེའུ་སྟེ་ལྔ་པའོ།།།། དེ་ནས་ཡང་དག་བཤད་བྱ་བ། མཁའ་འགྲོས་གཏོར་མ་དངོས་སུ་ལེན་པར་འདོད་ན། དབེན་པའི་གནས་སམ་དུར་ཁྲོད་དུ།། ཌཱ་ཀི་བསྙེན་དང་བསྒྲུབ་པ་དང།། འཕྲིན་ལས་སོ་སོར་བྱ་བ་ནི།། མཎྜལ་ཟླ་གམ་གྲུ་བཞི་ལ།། གྲུབ་གསུམ་དམར་ནག་གདེངས་པ་ལ།། རོ་ཡི་རྒྱལ་མཚན་བསྣོལ་བ་ལ། ། དེ་དབུས་ཆེ་གེ་མོ་བྲི་བར་བྱ།། ཤིན་ཏུ་སྒེག་པའི་ཆ་བྱད་ལ།། དཀར་མོ་དར་དཀར་ལ་འུ་ཅན།། རྒྱན་ཆ་ཤིན་ཏུ་སྒེག་ལ།། ཕྱག་ན་ཁ་ཊཱཾ་བན་དྷ་ཅན།། མཁའ་འགྲོ་མ་ཡི་ཚེགས་ཀྱིས་བསྐོར། ། ཏིང་འཛིན་དེ་དང་ལྡན་པར་ནི།། ཞལ་ནས་མཁའ་འགྲོའི་སྔགས་འདི་བཟླས།། ཨཱ+ོཾ་གལ་མཛོ་ཀི་ནི་ཕྲ་ཙན་ཧཱུཾ་ཧཱུཾ་ཧྲིང་ཧྲིང། ཞག་ནི་བདུན་ནམ་དགུའི་བར་དུ།། སྨྲ་བཅད་བྱས་ནས་བཟླས་པར་བྱ།། སྔོན་དུ་སྟག་དང་སྦྲུལ་དང་མེ། ། བྱ་དང་སེང་གེ་འབྱུང་བར་འགྱུར།། ཤར་དུ་མེ་ཏོག་གཏོར་མ་བཞག། ལྷོ་རུ་ཀེང་རུས་གཏོར་མ་བཞག། ནུབ་ཏུ་ཤ་ཡི་གཏོར་མ་བཞག། བྱང་དུ་འབྲུའི་གཏོར་མ་བཞག། དབུས་སུ་ཀུན་གྱི་གཏོར་མ་བཞག། རྟགས་ནི་གང་བྱུང་གཏོར་མ་བཏང།། རྟགས་ཀུན་བྱུང་ན་གཏོར་མ་རྫོགས་པར་གཏང།། བསྙེན་པ་དེ་ཉིད་རྫོགས་པའི་རྟགས།། གོང་གི་རྟགས་དེ་འབྱུང་བའོ།། དེ་ཉིད་བྱུང་ན་སྔགས་འདི་བཟླས། ། གྷལ་ནི་གྷལ་ནི་ཛྷོ་གི་ནི། པྲ་ཙན་དེ་ཙན་དེ་ཧཱུཾ་ཧཱུཾ་ཧྲིང་ཧྲིང། དེ་ནས་བསྒྲུབ་པའི་སྔགས་འདི་བཟླས།། ཨརྙ་བྷོ་ག། ཨ་གྷོ་ག་ཕ་ཏ་ཡེ། ཧཱུཾ་ཧཱུཾ་ཧྲིང་ཧྲིང། ཁ་ཁ་ཧི། གཏོར་མ་མཁའ་འགྲོ་མ་ལ་བཏང་བའོ། ། ཏིང་ཏིང་གལ་ཛྷོ་གི་ནི། ཡོ་གི་ནི་ཏྲཾ་ཧྲིང། དབང་སྒྱུར་བྱ་ཞིང་ལས་ཀུན་བཅོལ།། དེ་ནས་ཌ་མ་རུ་འམ་ཐོད་རྔ་དཀྲོལ།། གཏོར་མ་གསར་ལ་འདི་སྐད་བརྗོད།། ཧཱུཾ་མ་གཡེང་མ་གཡེལ་མཁའ་འགྲོའི་ཚོགས། ། བཞེངས་ཤིག་དུར་ཁྲོད་གནས་ནས་བཞེངས།། བསྐུལ་ལོ་ཐུགས་དམ་གནད་ནས་བསྐུལ།། རྡོ་རྗེ་རིགས་ཀྱི་ཌཱ་ཀི་མ།། ཆོས་དབྱིངས་ངང་ལས་སྐུར་བཞེངས་ལ།། བཀའ་ཡི་གཏོར་མ་འདི་ལོང་ཞིག། རཏྣ་རིགས་ཀྱི་ཌཱ་ཀི་མ།། ཆོས་ཀྱི་དབྱིངས་ལས་སྐུ་བཞེངས་ལ།། བཀའ་ཡི་གཏོར་མ་འདི་ལོང་ཞིག། པདྨ་རིགས་ཀྱི་ཌཱ་ཀི་མ།། ཆོས་ཀྱི་དབྱིངས་ལས་སྐུ་བཞེངས་ལ།། བཀའ་ཡི་གཏོར་མ་འདི་ལོང་ཞིག། ལས་ཀྱི་རིགས་ཀྱི་ཌཱ་ཀི་མ།། རང་བཞིན་གནས་ནས་སྐུ་བཞེངས་ལ།། བཀའ་ཡི་གཏོར་མ་འདི་ལོང་ཞིག། མ་དང་མཁའ་འགྲོ་གྱིང་གི་ཚོགས།། ཌཱ་ཀི་འབུམ་དང་ཕུངས་སེ་ཕུངས།། ཞིབ་ཅན་སྟོང་དང་སི་ལི་ལི། ། མཁའ་འགྲོ་གླུ་ལེན་ཀྱུ་རུ་རུ།། ཌཱ་ཀིའི་བརྡ་སྐད་ལྡབ་མ་ལྡིབ།། དྲི་ཞིམ་ངད་པ་ཐུ་ལུ་ལུ།། དར་གྱི་རུ་མཚོན་ལྷུབ་སེ་ལྷུབ།། འདིར་སྦྱོན་དགྱེས་པའི་དམ་རྫས་མཆིས།། རྣལ་འབྱོར་ཕོ་མོ་དམ་རེ་གཙང། ། མཁའ་འགྲོའི་ཚོགས་དེ་དང་རེ་སྤྲོ།། དུར་ཁྲོད་གནས་དེ་ཉམས་རེ་དགའ།། ཞིང་ཆེན་བླ་རེ་རྒྱན་དང་ལྡན།། གསུར་ཆེན་དུད་པ་དྲི་རེ་ཞིམ།། བམ་གྱི་ཁོག་སྟོད་གཅོད་འཕྲོར་ལྡན།། ཤ་སྣ་སྙིང་སྣ་བསམ་མི་ཁྱབ། ། ཌཱ་ཀིའི་ཚོགས་རྣམས་འདིར་སྤྱོན་ཅིག། བཀའ་ཡི་གཏོར་མ་འདི་ལོང་ཞིག། བཛྲ་ཌཱ་ཀི་ནི་པྲ་ཏི་ཛ་བྷ་ལིང་ཏ་ཁ་ཧི།། བུདྡྷ་ཌཱ་ཀི་ནི་པྲ་ཏི་ཛ་བྷ་ལིང་ཏ་ཁ་ཧི། རད་ན་ཌཱ་ཀི་ནི་པྲ་ཏི་ཛ་བྷ་ལིང་ཏ་ཁ་ཧི། པདྨ་ཌཱ་ཀི་ནི་པྲ་ཏིཙྪ་བ་ལིང་ཏ་ཁཱ་ཧི། ཀརྨ་ཌཱ་ཀི་ནི་པྲ་ཏི་ཛ་བྷ་ལིང་ཏ་ཁ་ཧི། ལོ་ཀ་ཌཱ་ཀི་ནི་པྲ་ཏི་ཛ་བྷ་ལིང་ཏ་ཁ་ཧི། ཞེས་དབུལ་ལོ།། རབ་ནི་ཞག་བདུན་དག་ནས་འོང།། འབྲིང་ཞག་བཅུ་བཞི་དག་ནས་འོང།། ཐ་མ་ཉི་ཤུ་རྩ་གཅིག་ན། ། མཁའ་འགྲོ་མ་ནི་དངོས་སུ་འོང།། གཏོར་མ་དངོས་སུ་ལེན་པ་དང།། ཅི་བཅོལ་བསྒོ་བ་བྱེད་པ་དང།། དངོས་གྲུབ་སྣ་ཚོགས་སྟེར་བ་འབྱུང།། མཁའ་འགྲོ་སྡེ་ལྔ་བསྒྲུབ་པ་གཏོར་ལེན་གྱི་ལེའུ་སྟེ་དྲུག་པའོ། །།། དེ་ནས་ཡང་དག་བཤད་བྱ་བ།། རྣལ་འབྱོར་བར་ཆད་བསྒྲལ་བའི་ཕྱིར།། མཁའ་འགྲོ་དངོས་སུ་བསྒྲུབ་པར་བྱ།། བར་ཆོད་དགྲ་བགེགས་བསྒྲལ་བར་བྱ།། མཁའ་འགྲོ་མ་གཏོར་མ་རང་ཟན་འདི་ཡི་བཅའ་ཐབས་ལ། དང་པོ་ནས་ཀྱི་མཎྜལ་གྱི་སྟེང།། གཏོར་མ་ལྔ་བཤམས་ལ།། བདག་ཉིད་རྡོ་རྗེ་ཕག་མོའི་ཏིང་ངེ་འཛིན་ལ་ཞུགས་ལ། དེ་ནས་ལྷ་བསྒྲུབ་པའི་སྔགས་འདི་བཟླས་སོ།། གལ་ནི་གལ་ཛྷོ་གི་ནི། པྲ་ཙན་དྷ། གལ་ནི་གལ་ནི་ཛྷོ་གི་ནི་པྲ་ཙན་དྷེ་ཙན་དྷེ། ཧཱུཾ་ཧཱུཾ་ཧྲིང་ཧྲིང་ཁ་ཁ། དེ་ཚོ་ལ་ནི་རྟགས་མ་བྱུང་བར་བགྲང་བར་བྱའོ།། རྟགས་ནི་སྟག་བྱུང་ན་ཤར་ཕྱོགས་ཀྱི་གཏོར་མ་གཏང། སྦྲུལ་བྱུང་ན་ལྷོ་ཕྱོགས་ཀྱི་གཏོར་མ་གཏང། མེ་བྱུང་ན་ནུབ་ཕྱོགས་ཀྱི་གཏོར་མ་བཏང། རླུང་བྱུང་ན་བྱང་ཕྱོགས་ཀྱི་གཏོར་མ་གཏང་བར་བྱའོ།། སེང་གེ་བྱུང་ན་དབུས་ཀྱི་གཏོར་མ་གཏང་བར་བྱའོ།། དང་པོ་སེང་གེ་བྱུང་ན་ལྷ་གྲུབ་པ་ཡིན་པས། གཏོར་མ་ལྔ་ཆར་དུས་གཅིག་ལ་གཏང་བར་བྱའོ།། དེ་ནི་གྲུབ་པའི་རྟགས་སོ།། གྲུབ་རྟགས་དེ་རྣམས་བྱུང་ཙ་ན།། བསྲུང་བའི་སྔགས་འདི་རྣམས་བཟླས་སོ།། ཧ་ར་སིདྡྷི། དེ་བ་སིདྡྷ་ལ། དེ་ཁྲི་ཙམ་བཟླས་ལ། དེ་ནས་དགྲ་བོ་དགུག་པའི་སྔགས་འདི་བཟླས་སོ། ། ཨ་ཛྙ་བྷི་ག། ཨ་ཛྙ་བྷི་ག་ལ། ག་བ་ཏ་ཡེ་ཧཱུཾ་ཧཱུཾ། ཧྲིང་ཧྲིང། ཁ་ཁ། དེ་ལ་ཁྲི་ཚོ་ཙམ་གདོན། དེ་ནས་ཡུངས་དཀར་གྱིས་བྲབ་པའི་སྔགས་འདི་བཟླས་སོ།། ཏི་ཏི་མཱ་ར་ཡ་ཧུས་པ། ཏི་ཏི་མ་ར་ཡ་ཧུས་པ། མ་ཧཱ་རོ་ཤ་ནི། པྲ་ཙན་དྷ་པྲ་ཙན་དྷ། ཧཱུཾ་ཧཱུཾ། ཧྲིང་ཧྲིང། ཁ་ཁ། དེ་ཚོ་ལ་སྟོང་ཙམ་གདོན་ཏེ་བསད་སྔགས་སོ།། དེ་ནས་ཕུར་ཐུན་གྱི་བཟླས་པ་བྱ། ཨ་ཀ་ར་ཤི། ཀ་ལི་སྟམ་བ་ལི། མ་ཧཱ་ནི་དལ་ཏ་ཧཱུཾ། དེ་ལ་སྟོང་བཟླས་ལ་གདབ་བོ།། དེ་ནས་ལས་ཀྱི་མཐའ་སྡུད་རྡོ་ཐུན་གྱི་སྔགས་འདི་བཟླས་ལ་གདབ་བོ།། པྲ་ཏ་མ་ཙག་ཁྲ་ཡེ་ཁྲག་ཙག་ཁྲ། རྡོའི་ཙག་ཁྲ། ཙག་ཁྲི་ཙག་ཁྲ། ཧཱུཾ་ཧཱུཾ། ཧྲིང་ཧྲིང། ཁ་ཁ། ཡུངས་ཐུན་ཕུར་ཐུན་བྱས་པའི་ལིང་ག་སྨན་མ་དེ། རྡོའི་ཐུན་གྱིས་བརླག་པར་བྱས་ཏེ། ལས་ཀྱི་མཐའ་བསྡུའོ།། ཡང་རང་ལ་རྟགས་འབྱུང་སྟེ། སྙིང་འཁྲོ་ན་སྤྱང་ཁུའི་སྐད་འབྱུང་ཁ་འཁྲོ་ན་ལྕེ་མནར། དགྲ་ལ་ཐུན་འདེབས་པའི་དུས་སུ། དགོངས་པ་ཁང་རུལ་གྱི་དུ་བ་བཞིན་ཞེ་གནག་ཏིང་དེ་བྱ། སེམས་གཞན་དུ་མ་ཡེངས་པར་བརྣམས་ལ་བྱའོ།། དེ་ནས་གཏོར་མ་གཏོང་བའི་སྔགས་འདི་བཟླས་སོ།། ཨཱ+ོཾ་བཛྲ་ཌཱ་ཀི་ནི་པྲ་ཏི་ཛ་བྷ་ལིང་ཏ་ཁ་ཧི། གཏོར་མ་བཏང་རེ་ན་སྔགས་འདི་བཟླས་སོ།། རྡོ་རྗེ་མཁའ་འགྲོ་མ་དུར་ཁྲོད་ཀྱི་ཌཱ་ཀི་མ་དང་བཅས་པའི་སྒྲུབ་ཐབས་ཡིན་པས། ཟླ་བ་གཉིས་མཚམས་ལ་གནས་ན། མཁའ་འགྲོ་དངོས་སུ་གཏོར་མ་ཟར་ངེས་སོ། ། སྔགས་མཁན་དང་དངོས་སུ་གཏམ་བྱར་འོང་ངོ།། ཞག་གསུམ་ན་མཚན་མ་འོང་ངོ།། དེ་ནས་བསྐུལ་བ་འདི་སྐད་དོ།། བྷྱོ། རྡོ་རྗེ་རིགས་ཀྱི་མཁའ་འགྲོ་མ།། བཞུགས་ནི་རྒྱ་གར་ཡུལ་ན་བཞུགས། ། དུར་ཁྲོད་བརྒྱད་ནི་གནས་ཀྱང་འཆའ།། སྐུ་ལ་དར་ནག་ལྭ་འུ་གསོལ།། དར་ནག་རལ་པ་པུ་རུ་རུ།། གཡས་པ་གྲི་ཁུག་ཁུགས་སེ་ཁུགས།། གཡོན་ན་ཐོད་སྐམ་ཁྲག་གིས་བཀང། ཁྲག་དང་ཞག་ཏུ་ཁྱི་ལི་ལི། ། མཁའ་འགྲོའི་ཚོགས་དེ་འདིར་སྤྱོན་ཅིག། བདག་ལ་བར་ཆད་དགྲ་མཆིས་ཀྱིས།། ཐམས་ཅད་མ་ལུས་མཁའ་འགྲོས་སྒྲོལ།། ཞེས་འབོད་དོ།། ཞག་ཉི་ཤུ་རྩ་གཅིག་ན་བར་ཆོད་ཀྱི་དགྲ་བགེགས་ཐམས་ཅད་དངོས་སུ་སྒྲོལ་བར་འགྱུར་རོ། ། མཁའ་འགྲོ་མ་དངོས་སུ་དབབ་པའི་ལེའུ་སྟེ་བདུན་པའོ།།།། དེ་ནས་ཡང་དག་བཤད་བྱ་བ།། ཌཱ་ཀི་རྣམ་བཞི་བསྒྲུབས་བྱས་ལ།། གདོན་སོགས་ཞི་བར་བྱ་བ་ནི། ། ཡིད་འོང་གནས་སུ་ཉེར་འདུག་སྟེ།། བདེ་བའི་སྟན་ལ་འདུག་ནས་ནི།། བདག་ཉིད་ལྷ་ཡི་སྐུར་བསྒོམས་ལ།། འབྱུང་བའི་ལྷ་མོ་བཞི་བསྐྱེད་ལ།། གསང་སྔགས་འདི་ནི་བཟླས་པར་བྱ།། ཨཱ+ོཾ་སིད་དྷི། ཨཱ+ོཾ་སིད་དྷི། ཨོཾ་སིད་དྷི། ཤྲི་སི་ལ་ཨ་ནན་དྷེ་བ་པ་དེ་བྱ། ཨཱ+ོཾ་ཨ་ཤྲཱི་ག་གྷ་ན་ཨ་ནན་ཏ་དེ་བ་ས་དེ་བྱ། ཨཱ+ོཾ་ཨཱཿཧཱུཾ་ཤྲི་ཀ་མ་ལ། ཨ་ནན་དྷེ་བ་པ་དེ་བྱ། ཨོཾ་ཨཱཿ་ཧཱུཾ་ཧོ་ཤྲི་སྭཱ་ཧཱ། ཛ་ཡ་བྷན་དྷ་དེ་བ་པ་དེ་བྱ། བི་ཤཾ་སཾ་བ་རཾ། ཛྷ་ག་མཾ་དྲེ་ཤི་བི་ཤཾ། ས་མ་གྲཾ་ན་ཤ་ཡ་ན་ཤ་ཡ། ཨ་ས་ཨ་མུ་ཀ་སྭཱ་ཧཱ། ཟླ་བ་དྲུག་ཏུ་བཟླས་པར་བྱ།། ཟླ་བ་དང་པོས་ནད་པའི་གདོན་རྣམས་ཞི།། གཉིས་པས་ཀླུ་རྣམས་དབང་དུ་འགྱུར།། གསུམ་པས་མཁའ་འགྲོའི་སྤྲུལ་པ་མཐོང། ། བཞི་པས་འཇིག་རྟེན་པ་རྣམས་དབང་དུ་སྡུད།། ལྔ་པས་མཁའ་འགྲོས་རྨི་ལམ་སྟོན།། མཁའ་སྤྱོད་གཏེར་རྣམས་ཐམས་ཅད་མཐོང།། ཟླ་བ་དྲུག་ཏུ་བསྒྲུབས་པ་ན།། ཅི་འདོད་པ་ཡི་བསམ་པ་འགྲུབ།། རྒས་དང་ན་དང་འཆི་བ་དང། ། ཆུ་བོ་བཞི་ལས་བརྒལ་བར་འགྱུར།། ཉི་ཟླ་དག་ལ་ཞོན་ནས་རྒྱུ།། མཁའ་འགྲོ་རྣམ་བཞིས་བསྐུར་བར་འགྱུར།། མཁའ་འགྲོ་ནུབ་པར་སྒྲུབ་པའི་ལེའུ་སྟེ་བརྒྱད་པའོ།།།། དེ་ནས་ཡང་དག་བཤད་བྱ་བ། ། མཁའ་འགྲོ་རྣམ་བཞིའི་བྱིན་བརླབས་དབབ་པར་འདོད་ན། བདག་ལུས་ཟོ་བ་སྟོང་པར་བསམ།། བུད་མེད་བཟང་མོ་བཞིས། བདག་གི་མགོ་ལ་འོད་ཀྱི་ཐོད་བསྐོན་པར་བསམ།། དེ་ལས་མེ་མཆེད་པས། བདག་གི་ཚངས་པའི་བུ་ག་ན་མར་སོང་བར་བསམ་ལ། ལུས་མེ་དཔུང་དུ་སོང་བར་བསྒོམས་ལ། རྐང་མཐིལ་གཉིས་ཀྱི་འོག་ཏུ་ཡཾ་ལས་རླུང་གི་དལ་བསྐྱེད། དེ་ལས་རླུང་གིས་མེ་སྦར་རོ།། དེ་ནི་བསྐྱེད་པའི་རིམ་པའོ། ། སྔགས་ཀྱི་རིམ་པ་བསྟན་པ་ནི།། ཨཱ+ོཾ་བར་མིན་བར་གྱི་དེ་བ་ན་ག་ལི་སྭཱ་ཧཱ། ཨཱ+ོཾ་ཨ་པ་ཤ་དམ་སྟམ་བྷ་ཡ་རཱ་རཱ་ཛ་ལ་ནི་སྭཱ་ཧཱ། དེ་ནས་མཁའ་འགྲོ་མ་ལ་གཏོར་མ་སྦྱིན། གསོལ་བ་གདབ། དེ་ནས་བྱིན་བརླབས་འབར་ཏེ། ལུས་ལྟར་བ་འབྱུང་ངོ།། མཁའ་འགྲོ་བསམ་གཏན་འབར་བའི་ལེའུ་སྟེ་དགུ་པའོ།།།། དེ་ནས་ཡང་དག་བཤད་བྱ་བ།། མཁའ་འགྲོའི་མཚན་མ་དབབ་འདོད་ན།། དབེན་པའི་གནས་སུ་འདུག་ནས་ནི། ། མཎྜལ་ཟླུམ་པོ་ལེགས་བྱས་ཏེ།། སྟེང་དུ་མེ་ཏོག་ཚོམ་བུ་དགྲམ།། དེ་སྟེང་ཁྲུས་ཀྱི་བུམ་པ་བཞག། དེ་སྟེང་མེ་ལོང་གན་རྐྱལ་བཞག། མེ་ལོང་མཐའ་མ་མེ་ཏོག་འཕྲེང་བས་བསྐོར།། མཎྜལ་དབུས་སུ་མཁའ་འགྲོ་འགུལ་བྱེད་མ། ། བཙོ་མ་གསེར་གྱི་ཁ་དོག་འདྲ།། ན་བཟའ་དར་ནི་མཐིང་ཁ་གསོལ།། ཞལ་གཅིག་མ་ལ་ཕྱག་གཉིས་མ།། ཕྱག་གཡས་ཤེས་རབ་རལ་གྲི་བསྣམས།། གཡོན་ན་མེ་ཏོག་ཨུཏྤལ་བསྣམས། ། རིན་ཆེན་སྣ་ཚོགས་རྒྱན་གྱིས་བརྒྱན།། ཟླ་བའི་གདན་ལ་བཞུགས་པ་བསྒོམ།། མེ་ཏོག་ཚོམ་བུ་བཞི་པོ་ནི།། རིགས་ཀྱི་མཁའ་འགྲོ་བཞི་པོར་བསྐྱེད།། སྒྲུབ་པའི་སྔགས་ནི་འདི་ཡིས་བསྒྲུབས། ། ཨཱ+ོཾ་ཙ་ལེ་ཙུ་ལེ་ཙུན་དྷེ་དང་ཤ་ཡ། སརྦ་པཱ་ལ་སྭཱ་ཧཱ། ཞེས་འབུམ་དུ་ཚང་ན་དབབ་པར་བྱའོ།། མཁའ་འགྲོ་དངོས་སུ་འོང་བར་འགྱུར།། གྲོང་པའི་ཆོས་ཀྱི་མ་འབྲེལ་བའི།། ཕ་མ་ཚང་བའི་བུ་མོ་བཞི།། ཁྲུས་བྱས་གོས་བསྐོན་མགོ་ལ་མེ་ཏོག་བཅིང། ། མིག་གཉིས་ཨཱ+ོཾ་དཀར་བྱིན་གྱིས་བརླབས།། ལྷའི་མིག་ཏུ་བྱིན་གྱིས་བརླབས་པའི་སྔགས།། ཨཱ+ོཾ་ཏརྱ་ཐཱ། ཙཀྵུ་ཙཀྵུ་ཛྙཱ་ན་ཙ་ཀྵུ་ཕྱེ་སྭཱ་ཧཱ། ལན་བདུན་ནམ་ཉི་ཤུ་རྩ་གཅིག་བཟླས་ལག་ཏུ་མེ་ལོང་གཏད་པའི་སྔགས་འདིས་མཐོང་བར་བྱའོ། ། ཨཱ+ོཾ་ཙ་ལེ་ཙུ་ལེ་ཙུན་དྷེ། པྲ་བེ་ཤ་ཡ་པྲ་བེ་ཤ་ཡ། ཨ་པྲ་ཀུ་མ་ཀུ་མ་རི། ཀ་ཤོ་ཤ་རི་རང། ཤི་རི་རི། པྲ་པེ་ཤ། དང་པ་ཡ། སརྦ་ཡ། བྷུད་ཏ་ཡ། སརྦ་བུད་དྷ་དྷརྨ་སང་ག་ས་བྷེ་ཏ་ཡ། བྷ་ག་བ་ཏི། མ་བི་ལམ་པ། བཱའ་ར་མ་ཤ་ཡེ། པ་རི་བུ་རེ་ཡེ་སྭཱ་ཧཱ། ཞེས་བཟླས། བུ་མོ་ལ་ནི་ཌཱ་ཀི་དབབ།། ལེགས་ཉེས་རྒྱུ་འབྲས་ལྟ་བ་དང།། སྲིད་པ་གསུམ་ཡང་མཐོང་བར་འགྱུར། ། མེ་ལོང་ནང་དུ་ཐམས་ཅད་གསལ།། མཁའ་འགྲོ་དངོས་སུ་དབབ་པའི་ལེའུ་སྟེ་བཅུ་པའོ།།།། དེ་ནས་ཡང་དག་བཤད་བྱ་བ།། མཁའ་འགྲོ་མདའ་ལ་དབབ་པ་ནི།། ནས་ལ་པདྨ་འདབ་བཞི་བྲི།། སྟེང་དུ་མཁའ་འགྲོ་རྣམ་བཞི་བསྐྱེད། ། མདའ་བཞི་ལྟོང་སྤྲད་སྔགས་འདི་གདབ།། ཨཱ+ོཾ་ནི་ཤ་མི་ནི་ཐེག། པྲ་ཏི་ཏི་ཐེག། མ་སྨྲག་པྲ་བཟང་མོ་ཐེག། ཧུར་ཡེར་སློང་ཐེག། ཉི་ཤུ་རྩ་གཅིག་བཟླས་པ་དང།། མདའ་ནི་འགུལ་དང་ལང་པར་འགྱུར། ། ཨཱ+ོཾ་པྲ་མ་ནི་སྭཱ་ཧཱ། ཨཱ+ོཾ་དྷ་ཤ་མ་ནི་སྭཱ་ཧཱ། ཨཱ+ོཾ་པྲ་མུན་སྭཱ་ཧཱ། ཨཱ+ོཾ་ཤོ་མུན་སྭཱ་ཧཱ།། དང་པོ་སྔགས་བརྒྱ་བཟླས་པར་བྱ།། རྦད་ཁར་ལྔ་བརྒྱ་བཟླས་པར་བྱ།། ལྷ་དང་མི་གཉིས་ལྟོང་སྤྲད་ལ།། དགྲ་དང་འདྲེ་གཉིས་ལྟོང་སྤྲད་དོ། ། དེ་ལ་མཁའ་འགྲོའི་པྲ་རྟགས་བརྟག། ལྷས་ནི་འདྲེ་ནི་ཕྱིར་ཕྱུང་ནས།། ལྷ་མདའ་ཕུགས་སུ་ཡེལ་བ་ན།། ལྷ་ལ་ཁས་བླང་དམོད་བཅོལ་བྱ།། གཉིས་ཀ་དུས་གཅིག་ཕུལ་བྱུང་ནས།། རྒྱ་འདྲེ་ཆེ་བས་གང་ཕན་དམོད། ། ལྷས་སུ་འདྲེ་ནི་ཕྱིར་ཕྱུང་ནས།། ལྷ་ཉིད་དབུས་ན་འདུག་ན་བཟང།། གཉིས་བསྣོལ་གཏམ་བསྣོམ་བྱེ་བྲལ་མི་འགྲུབ་པའོ།། གཉིས་ཀ་མི་འགུལ་ཕྱི་ཐལ་ཡིན།། ཇི་ལྟར་དམོད་པ་ཉན་ན་གང་འདོད་འགྲུབ། ། འདྲེས་སུ་ལྷ་མནན་སྤྲུགས་ན་ངན།། ལྷ་ཡིས་འདྲེ་མནན་སྤྲུགས་ན་བཟང།། དང་པོ་འབབ་པ་དཀར་ན་མདའ་འཛིན་མི་ཡང་བརྗེ།། འདུག་ས་སྤྲོས་ལ་བཟླས་པ་བྱ།། ཇི་ལྟར་འདོད་པ་དམོད་པས་འོང། ། ཌཱ་ཀི་བཞི་ལ་དམ་བདར་བྱ།། བདེན་བརྫུན་ལེགས་ཉེས་གསལ་བར་སྟོན།། མི་སྡོང་པོ་དང་ཡུག་ས་མོ།། མཛེ་པོ་སྡིག་ཅན་དག་ལ་འཛེམ།། མཁའ་འགྲོ་མདའ་ལ་དབབ་པའི་ལེའུ་སྟེ་བཅུ་གཅིག་པའོ། །།། དེ་ནས་ཡང་དག་བཤད་བྱ་བ།། རྣལ་འབྱོར་འཁྲིག་པའི་འདོད་ཆགས་ཀྱིས།། སེམས་འཕྲོག་སྡོམ་པ་སྒོད་པ་ལ།། ལྷ་མོ་བན་ཙི་ཀ་ནི་དགུག་བྱ་སྟེ།། ས་ཕྱོགས་དབེན་སར་མཎྜལ་བྱི་དོར་བྱ། ། ཙན་དན་ཆུ་ཡིས་མཎྜལ་བྱུག། ཤར་གྱི་ཕྱོགས་སུ་ཁ་བལྟས་ལ།། འཛབ་ནི་མ་ཡེངས་པ་རུ་བཟླས།། ཨཱ+ོཾ་དེ་བ་ཙན་ཏྲ་སུརྱ་མ་རྒྱ་ཧྲི་ཛ་ཞེས་པའི་འཛབ་ནི་ཁྲི་ཡིས་འོང་བར་འགྱུར།། དེ་ནས་འདྲིས་ཤིང་སྤྱད་ལེགས་ན། ། རྟག་ཏུ་སྤྱད་དུ་རུང་བ་དང།། གཟུངས་མར་ཡང་ནི་ཤིས་པ་ཡིན།། ལྷ་མོའི་རང་བཞིན་ཡིན་པས་ན།། གྲིབ་ལ་བདར་བས་གཟབ།། མ་འདྲིས་པར་ལ་བ་གཟོན་བྱ།། འདྲིས་དང་མཛའ་མོ་དག་དང་འདྲ། ། ཤ་ཚ་བརྩེ་གདུང་ཆེ་བར་འགྱུར།། རྣལ་འབྱོར་སྤྱོད་ལ་དགའ་བའི་དོན།། ཉམས་སྤྱོད་འཕྲ་མེན་ཡུལ་ལ་འཇུག། ལྷའི་བུ་མོ་དགུག་པ་སྟེ་ལེའུ་བཅུ་གཉིས་པའོ།།།། དེ་ནས་ཡང་དག་བཤད་བྱ་བ།། མཁའ་འགྲོ་རྣམ་རྒྱལ་དངོས་དགུག་པ། ། རྣམ་པར་རྒྱལ་མའི་སྙིང་པོ་ནི།། ཨཱ+ོཾ་ཤི་ཧཱུཾ། འབུམ་ཕྲག་དག་ཏུ་བཟླས་པ་བྱ།། གུ་གུལ་སྤོས་ནི་བསྲེག་པར་བྱ།། ཉ་ལ་ནུབ་རེངས་བཟླས་པར་བྱ།། ཉའི་ཐོ་རངས་ཁ་ནི་བསྒྲུབ་པ་བྱ། ། ཉལ་ནས་འབྲས་བུ་རམ་ཚོགས་ཀྱང་བྱ།། དཀར་གསུམ་བཟའ་ཞིང་སྤྱོད་པ་གཙང་བར་བྱ།། དེ་ནས་བདག་གིས་ཇི་ལྟར་བྱ་ཟེར་ནས་འོང་སྟེ། བདག་གི་ཁོལ་མོ་གྱིས་ཤིག་བྱ། མི་བྱེད་ན་རྡོ་རྗེ་མྱལ་བར་སོང་བྱས་ལ་མནའ་དགག། ཙན་དན་གྱིས་ཨརྒ་སྦྱིན། སྒྲུབ་པའི་རྫས་དང་ཟས་ཐམས་ཅད་སྟར་བར་འགྱུར་རོ།། སྦྱོར་བ་བྱ། མགུ་ན་ཆུང་མར་འགྱུར་རོ།། བཅུད་དང་བཅུད་ལེན་ཐམས་ཅད་སྟེར་རོ།། ཚེ་རིང་ལ་བཀྲ་ཤིས་པར་འགྱུར་རོ། ། མཁའ་འགྲོ་མ་དངོས་སུ་དགུག་པ་སྟེ་ལེའུ་བཅུ་གསུམ་པའོ།།།། དེ་ནས་ཡང་དག་བཤད་བྱ་བ།། ཏིང་འཛིན་ལྷ་མོ་བཀུག་ནས་ནི།། འདོད་ཡོན་ལྔ་ལ་ལོངས་སྤྱོད་ནས།། དབེན་པའི་གནས་སུ་འདུག་ནས་ནི། ། འདུ་འཛི་མེད་པའི་དགོན་པ་རུ།། བདེ་བའི་སྟན་ལ་སྐྱིལ་ཀྲུང་བཅའ།། ལུས་བསྲང་དབང་པོ་ཡན་པར་བཏང།། བདག་གི་མདུན་ན་ན་ཆུང་ནི།། སྒེག་མོ་མཛེས་པའི་རྒྱན་གྱིས་བརྒྱན། ། ཡིད་དུ་འོང་བའི་བུ་མོ་ཡིས།། གསེར་དངུལ་གཞོང་པའི་ནང་དུ་ནི།། འབྲུ་ཟན་རྩི་མཆོག་རོ་ལྡན་པ།། བདག་གི་མདུན་དུ་དྲངས་པར་བསམ།། ཤིན་ཏུ་ཉམས་ལྡན་ལུས་སེམས་བདེ།། རོ་ནི་སོ་སོར་ཚོར་བ་དང། ། འགྲངས་ཤིང་ཉམས་བག་སྟོན་པར་འགྱུར།། དེ་བཞིན་ཡང་ནས་ཡང་དུ་བསྟན།། ཁམ་གྱི་ཟས་ནི་ཁབ་ཀྱིས་སྲབ།། ཏིང་འཛིན་ཟས་ནི་ཡུན་དུ་བརྟེན།། ཟླ་བ་དྲུག་གམ་ལོ་གཅིག་ནས།། ཟླ་བ་བཅུ་དྲུག་བར་དུ་བརྟག། དེ་ལྟར་ཡུན་རིངས་བསྟན་པས་ན།། འདོད་པའི་ཡོན་ཏན་རྣམ་ལྔ་ལ།། རང་བྱུང་མ་འགགས་རོལ་པས་ན།། རང་སེམས་དེ་ཡི་རྣམ་པར་ཤེས།། སེམས་ལ་སེམས་ཉིད་རོལ་པ་དང།། ཡེ་ཤེས་ལ་ནི་ཡེ་ཤེས་རོལ། ། རྒྱུ་རྐྱེན་ཟས་དང་བྲལ་ནས་ནི།། ལུས་ནི་བལ་གྱི་འདབ་མ་བཞིན།། སེམས་ལྷུན་སྡུག་ཅིང་ངོ་མཚར་བར་འགྱུར་རོ།། དེ་ཙམ་ན་རྣལ་འབྱོར་དབང་ཕྱུག་ཆེན་པོ་ཞེས་བྱའོ།། དེ་ལྟར་མ་ཡིན་ཏིང་ངེ་འཛིན་གྱི་ཉམས་དང། ཤེས་རབ་ཀྱི་རྟོག་པ་འཛོལ་ཏེ། ཤེས་རབ་རྐྱང་པ་ལ། སྔགས་ཆེ་བའི་ཡོན་ཏན་ཙམ་ལ་སྟོབས་ཏེ།། ཡེ་ནས་བྱས་ཟིན་ཞེས་པ་དང། སྒོམ་སྒྲུབ་བྱ་བརྩལ་དང་བྲལ་ཞེས་པ་དང། གདོང་ནས་སངས་རྒྱས་བྱ་བ་ཙམ་ལ་རྟེན་པ་ནི། ཤེས་རབ་རྐྱང་པ་ཙམ་ལ་རྟེན་པ་སྟེ། ངོ་མ་ཤེས་ཤིང་མ་རྙེད་དེ། མུན་ཁུང་ན་གསེར་ལ་འགོམ་པ་དང་འདྲ་སྟེ། ཚིག་ཙམ་དུ་སོང་བས་གྲུབ་པར་མ་བཤད་དོ།། ཏིང་ངེ་འཛིན་གྱི་ཡོན་ཏན་ལྷ་མོ་དགུག་པའི་ལེའུ་སྟེ་བཅུ་བཞི་པའོ། །།། དེ་ནས་ཡང་དག་བཤད་བྱ་བ།། མི་ཡི་བུ་མོ་དགུག་འདོད་ན།། འཁོར་ལོའི་རྩིབས་ནི་བཅུ་གཉྀས་ཀྱི།། ལྟེ་བར་མི་མོའི་མིང་བྲིས་ལ།། མོ་ཡི་རྐང་རྗེས་འོག་ས་ལ། ། གཟུགས་བྱ་བྱེད་ལ་དམར་པོར་བྱུག། ལྟོ་བར་འཁོར་ལོ་གཞུག་པར་བྱ།། བལ་ཚོན་སྣ་ལྔའི་ཐེ་གུས་སྐེ་ནས་གདགས།། ལག་ཏུ་བཟུང་ལ་ཞག་བདུན་བསྒྲུབས།། གནས་ནི་དབེན་པར་བསྒྲུབ་པར་བྱ།། ཨཱ+ོཾ་ཨཱ་ཡིད་ཀྱི་ལིང་ཧས་ཝ་ར་མ་བས་ཆེ་གེ་མོ་ཧྲིང། རང་གི་སྙིང་ཁ་ཟླ་བའི་དཀྱིལ་འཁོར་ལས། མོ་ཡི་རྣམ་ཤེས་སྙིང་གི་དཀྱིལ་གྱི་མེ་མར་ལྟ་བུར་དེ་བཀུག་ལ་ལིང་ག་ལ་བསྟིམ། རྟགས་ནི་མོའི་ཆས་གོས་དང་བུད་མེད་མེ་ལ་ཨོང་སྟོན་པ་འོང། ནུ་མ་ལ་རྨེ་བ་རྨི། གང་འདོར་ཁུགས་པར་འགྱུར་རོ།། སྒྲུབས་ཀྱི་བར་དུ་འདོད་ཆགས་དང། རང་གི་ཁུ་བ་ལག་པར་འདོད་པ་སྤོང། མིའི་བུ་མོ་དགུག་པའི་ལེའུ་སྟེ་བཅོ་ལྔ་པའོ།།།། ཆོས་དབྱིངས་ཡེ་ཤེས་ཌཱ་ཀི་མས། ། མཁའ་འགྲོའི་ལས་རྒྱུན་དེ་བཤད་ནས།། མི་མངོན་ཆོས་ཀྱི་དབྱིངས་སུ་ཐིམ།། ལས་ཀྱི་ཌཱ་ཀི་རང་སར་འཁོད།། བྲམ་ཟེ་མཆོག་སྲེད་ཡི་རངས་ཏེ།། ཆོས་དབྱིངས་སྐྱེ་མེད་ཌཱ་ཀིའི་ཚུལ་སྟོན་པ། ། ཡེ་ཤེས་མཁའ་ལ་གཉིས་མེད་ཐབས་ཀྱིས་འགྲོ།། དབྱིངས་དང་ཡེ་ཤེས་གཉིས་མེད་ཆོས་ཀྱི་དབྱིངས།། མཁའ་འགྲོའི་ལས་རྒྱུད་བཤད་པ་ངོ་མཚར་ཆེ།། ཞེས་བསྟོད་དོ།། ལས་ཀྱི་མཁའ་འགྲོས་བྲམ་ཟེ་མཆོག་སྲེད་ལ་རྒྱུད་གཏད་པ། ཌཱ་ཀི་ལས་ཀྱི་རྒྱམ་མཚོ་འདི།། དཔའ་བོས་ཡུན་གྱིས་བཙས་སུ་ཞོག། བདག་ཅག་མཁའ་འགྲོ་སྡེ་བཞི་ཡིས།། རྣལ་འབྱོར་གང་བསྒྲུབ་བུ་བཞིན་བགྱིའོ།། ཞེས་རྗེས་སུ་ཡི་རངས་ཏེ། རང་སར་དེངས་སོ། ། རྗེས་སུ་ཡི་རངས་ཤིང། རྒྱུད་ཡོངས་སུ་གཏད་པའི་ལེའུ་སྟེ་བཅུ་དྲུག་པའོ།།།། མཁའ་འགྲོ་མ་ལས་རྒྱ་མཚོའི་རྒྱུད་རྫོགས་སོ།། སློབ་དཔོན་པདྨ་འབྱུང་གནས་ཀྱིས། ཇོ་མོ་མཚོ་རྒྱལ་ལ་གདམས་པའོ། ། གཏེར་རྒྱ། གཏད་རྒྱ། སྦས་རྒྱ།།།།
CLOSE WINDOW