CLOSE WINDOW

Gpb045.008: མཁའ་འགྲོ་མ་རིན་པོ་ཆེ་འཕྲེང་བ་ཞེས་བྱ་བའི་རྒྱུད
Wylie

ཌཱ་ཀི་ནི་རཏྣ་པྲ་ཏི་ཏནྟྲ་ནཱ་མ། བོད་སྐད་དུ། མཁའ་འགྲོ་མ་རིན་པོ་ཆེ་འཕྲེང་བ་ཞེས་བྱ་བའི་རྒྱུད། རྡོ་རྗེ་མཁའ་འགྲོ་མ་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གི་ཐོས་པའི་དུས་གཅིག་ནི། བྲམ་ཟེ་མཆོག་སྲེད་ཅེས་བྱ་བ་དེ། ཨུ་རྒྱན་ཡུལ་གྱི་དུར་ཁྲོད་བསིམ་བའི་ཚལ་ཞེས་བྱ་བ་དེ་ན། ཆོས་ཉིད་སྒྱུ་མ་ལ་རྟོག་ཅིང་དུར་ཁྲོད་ཀྱི་རོ་ལ་ལོངས་སྤྱོད་ཅིང། དགོངས་པ་མཛད་ཅིང་བཞུགས་སོ།། དེའི་ཚེ་ཌཱ་ཀི་མ་ཐམས་ཅད་དབང་དུས་ནས། དཔའ་བོ་དང་དཔའ་མོ་རྣམས་ཀྱིས་བསྐོར་ཏེ་མཆོད་པ་བྱེད་ཅིང་བཞུགས་སོ།། དེའི་ཚེ་མཁའ་འགྲོ་མ་རྣམས་ཀྱི་གཙོ་མོ། ཡེ་ཤེས་ཀྱི་ཌཱ་ཀི་མ་རྡོ་རྗེ་ཕག་མོ་ཞེས་བྱ་བ་དེ་སྐུ་བཞེངས་ཏེ། སྐྱེ་མེད་རྣམ་དག་ཆོས་ཀྱི་དབྱིངས་ཉིད་ལས།། སྐྱེ་བའི་ཆོ་འཕྲུལ་ཅིར་ཡང་སྤྲུལ་མཛད་མ།། འགྲོ་བའི་དོན་རྣམས་མཛད་པའི་མཁའ་འགྲོ་མ།། སྐྱེ་མེད་ངང་ལས་མ་གཡོས་སྐུ་མདོག་གནག། གཅེར་བུ་ཞལ་བགྲད་མཆེ་གཙིགས་ལོངས་སྤྱོད་རྫོགས་པའི་སྐུ། ། ཉོན་མོངས་དུག་འཇོམས་ཕག་པའི་དབུ་བསྟན་ནས།། སྣ་ཚོགས་སྤྲུལ་སྐུས་འགྲོ་བའི་དོན་མཛད་མ།། ཕྱག་གཡས་གྲི་གུག་ཉོན་མོངས་དུག་གསུམ་འཇོམས།། ཕྱག་གཡོན་ཐོད་སྐམ་སྐྱེ་མེད་དབྱིངས་སུ་སྦྱོར། ། དབུ་སྐྲ་གྱེན་ཐུར་སྤྲུལ་སྐུ་སྣ་ཚོགས་འགྱེད།། དུར་ཁྲོད་རུས་པའི་རྒྱན་གྱིས་ཌཱ་ཀི་དབང་དུ་སྡུད།། ཡེ་ཤེས་མེ་རིས་མ་རིག་མུན་པ་འཇོམས།། གཡས་བརྐྱང་གཡོན་བསྐུམ་ཐབས་དང་ཤེས་རབ་དང། ། ཤེས་རབ་ཡེ་ཤེས་གོས་མེད་ཉི་ཟླ་པདྨའི་གདན།། མཐོང་དང་དྲན་པ་ཙམ་གྱིས་ཡེ་ཤེས་སྐྱེས།། ཡོན་ཏན་བྱེ་བས་བརྒྱན་པའི་ཌཱ་ཀི་སྐུ་བཞེངས་ལ།། བྲམ་ཟེ་མཆོག་སྲེད་ཉིད་ཀྱིས་གསོལ་བ་བཏབ། ། བདེ་བའི་རང་བཞིན་གཉིས་མེད་ལ།། འཁོར་འདས་རོ་གཅིག་ཕག་མོའི་སྐུ།། བདེ་ཆེན་གཏུམ་མོ་གར་མཛད་དགེས།། དུར་ཁྲོད་ཕྱོགས་གནས་རྣལ་འབྱོར་མ།། དཔའ་བོས་ཐུགས་བསྐུལ་སེམས་ཅན་སྦྱོང། ། རྣལ་འབྱོར་ཀུན་ལ་དངོས་གྲུབ་སྟེར།། ཌཱ་ཀི་ཁྱོད་ལ་ཕྱག་འཚལ་བསྟོད།། མ་རྟོགས་སིདྷི་མ་ཐོབ་པས།། བདག་གཞན་སིདྡྷི་ཐོབ་བྱའི་ཕྱིར།། མཁའ་འགྲོའི་བསྒྲུབ་ཐབས་བཤད་དུ་གསོལ།། ཞེས་ཞུས་སོ། ། གླེང་གཞིའི་ལེའུ་སྟེ་དང་པོའོ།།།། དེ་ནས་མཁའ་འགྲོས་བཀའ་སྩལ་པ།། རྡོ་རྗེ་ཌཱ་ཀི་བསྒྲུབ་པ་ནི།། གསང་ཐུབ་དམ་ཚིག་ལྡན་པ་དང།། བླ་མ་ལ་གུས་སྒྲུབ་ལ་བརྩོན།། བདེན་པར་སྨྲ་ཞིང་བསམ་བ་བརྟན། ། ཌཱ་ཀི་ལ་མོས་གཙང་སྦྲ་ཆེ།། བརྟུལ་ཞུགས་བཟང་པོར་གནས་པ་ཡིན།། ཤིང་གཅིག་དུར་ཁྲོད་མ་མོ་གནས་པའི་ཁྱིམ།། ནགས་ཚལ་འཐུག་པོ་ཆུ་གླིང་དང།། རི་བོའི་རྩེ་འམ་བས་མཐའ་དང།། དབེན་པའི་ས་ཕྱོགས་ཡིད་འོང་དང། ། གྲོང་ཁྱེར་སྟོང་པ་རི་ཡི་སྐྱབས།། བྲག་དམར་ལྷོ་ནུབ་མཚམས་བལྟས་པར།། ནན་ཏན་དུ་ནི་འབད་དེ་སྒྲུབས།། བདེ་བའི་སྟན་ལ་འདུག་ནས་ནི།། ཤེས་པའི་ཕྱོགས་སུ་ཁ་བལྟས་ཏེ། ། མཆོད་དང་གཏོར་མ་ཆང་སོགས་རྣམས།། ཡིད་ཀྱིས་ཡན་ལག་བདུན་པ་བྱ།། རྟེན་ནི་རང་ལ་བསྡུ་བྱས་ནས།། རང་ཉིད་སྟོང་པའི་ཏིང་འཛིན་ལས།། ཌཱ་ཀི་ཆོས་འབྱུང་གྲུ་གསུམ་ཉིད། ། དམར་པོའི་མདོག་ཉིད་ཆགས་པའི་གཟུགས།། དེ་དབུས་པདྨའི་ལྟེ་བ་ལ།། ཕེཾ་ལས་བསྐྱེད་པའི་ཌཱ་ཀི་མཱ།། མདོག་ནག་གཅེར་བུ་ཆེན་མོ་ནི།། ཕྱག་གཉིས་གྲི་དང་ཐོད་པ་འཛིན།། ཁ་ཊཱ་ཁ་ནི་སྐུ་ལ་རྟེན། ། ཞབས་གཉིས་རོ་ཡི་སྟེང་ན་རོལ།། གཡོན་བརྐྱང་བདེ་བར་རབ་ཏུ་འགྱིང།། ཞལ་ནི་གཏུམ་མོ་ཕག་གི་གཟུགས།། སྤྱན་གསུམ་གྱེན་ལྟ་གདང་མིག་འགྱུ།། ཞལ་ནས་ཕེཾ་ཕེཾ་ཧྲི་ཧྲི་སྒྲོགས།། ལྗགས་འདྲིལ་རབ་ཏུ་མྱུར་བར་བཤད། ། ཐོད་རློན་འཕྲེང་བས་དོ་ཤལ་བྱས།། གཅེར་བུ་པདྨ་རཀྟ་འཛག། སྐུ་ལ་བསྐལ་པའི་མེ་འོད་འཕྲོ།། དེ་ལྟར་ལྷ་མོ་བདག་བསྐྱེད་ལ།། སྤྱི་བོར་བླ་མ་བསྒོམ་པར་བྱ།། དབྱིབས་ལ་བརྟགས་ལ་སེམས་ཀྱིས་སྒོམ། ། དབྱིབས་ལ་ལེགས་པར་གྲུབ་པ་དང།། སྔགས་ཀྱི་སྒྲ་ལ་བརླབ་པར་བྱ།། ཤིན་ཏུ་བསྡུ་དང་བསྡུས་དང་རྒྱས།། སྒྲ་ལ་མན་ངག་བཞིན་དུ་བྱ།། སྒྲ་ལ་ལོབས་པར་གྱུར་པ་དང།། མི་རྟོག་ཐུགས་ལ་བསླབ་པར་བྱ། ། འོག་སྒོ་བསྐྱེད་པ་ཙ་ཀྲ་ནི།། རིམ་པ་གཉིས་ཀྱི་རྣམ་འབྱོར་ཏེ།། ཕྱག་རྒྱ་གཉིས་པོ་ཞེས་ཀྱང་གྲགས།། ས་གསུམ་པ་ནི་འགྲུབ་པར་འགྱུར།། སྲིན་པོའི་ཞལ་ནི་རབ་ཏུ་བསྡམ།། ཆོས་ཀྱི་འབྱུང་གནས་མྱུར་དུ་གཡོས། ། གཡུང་དྲུང་འཁྱྀལ་པ་མཁའ་ལ་ཁྱབ།། མཁས་པས་གྲུབ་པར་གདོན་མི་ཟ།། དེ་ནི་བསྙེན་པའི་རིམ་པ་ཡིན།། དེ་ནས་བློ་ལྡན་དེ་ཡིས་སུ།། ཕོ་དང་མོ་ཡི་ཐོད་པ་ལ།། གསང་བའི་རྫས་ཀྱིས་བྲི་བར་བྱ།། པདྨ་འཁོར་ལོ་མུ་ཁྱུད་བཅས། ། ཧ་རི་ནི་ས་ཞེས་པ་དང།། ར་ཙ་ཧྲི་ཡ་ཞེས་པ་བྲི།། གསང་བའི་སྔགས་བྲི།། ཨཱ+ོཾ་ཧཱུཾ་བཅས་པས།། བཛྲ་ཌཱ་ཀི་ནི་ཞེས་པ་དང།། རཏྣ་པདྨ་ཀརྨ་ཌཱ་ཀི་ནི།། མུ་ཁྱུད་དག་ལ་རིམ་པས་བསྐོར། ། འཁོར་ལོའི་མཚམས་སུ་ཧཱུཾ་ཞེས་བྲི།། དེ་ནས་ཐོད་པ་དེ་ཡི་ནང།། ཕྱག་མཚན་གྲི་གུག་ཁ་ཌཱཾ་ཀ། ཐོད་པ་རྡོ་རྗེ་རིན་ཆེན་དང།། པདྨ་རྒྱ་གྲམ་རལ་གྲི་དང།། རས་ལ་སོགས་ལ་བྲིས་ལ་གཞུག། གཞན་ཡང་རིན་ཆེན་སྣ་ཚོགས་དང། ཁ་ཟས་དཀོར་མཛོད་སྣ་ཚོགས་དང།། ལོངས་སྤྱོད་མཛེས་པ་དག་གིས་དགང།། ཐོད་པ་ཁ་སྦྱར་དར་གྱིས་གྲིལ།། གྲུ་གསུམ་ནང་དུ་གཞུག་པར་བྱ།། དེ་ནས་བདག་ཉིད་ལྷར་བསྐྱེད་ཅིང། ། མདུན་གྱི་ཐོད་པ་ལྷར་བསྐྱེད་ལ།། འོག་གི་ཐོད་པ་དཔའ་མོར་བསྐྱེད།། སྟེང་གི་ཐོད་པ་དཔའ་བོར་བསྐྱེད།། བདག་ཉིད་མཚན་མོ་དཔའ་མོར་བསྐྱེད།། ཉིན་པར་དཔའ་འབོར་བསྐྱེད་པར་བགྱི།། མཚན་མོར་ཧ་རི་ནི་ས་བཟླས། ། ཉིན་མོ་ར་ཙ་ཧྲི་ཡ་བཟླས།། ནང་ནུབ་ཐུན་འཚམས་དུག་ཏུ་བཟླས།། ཕོ་དང་མོ་གཉིས་སྦྲེལ་བར་བྱ།། ཕོ་རྩུབ་མོ་ཡིས་མགོ་ཡང་མནན།། མོ་རྩུབ་ཕོ་ཡིས་མགོ་ཡང་མནན།། དེ་ནི་སྒྲུབ་པའི་རིམ་པའོ། ། དེ་ནས་ལས་ལ་སྦྱར་བ་ནི།། སྒྲུབ་པ་རྫོགས་པའི་ཐོ་རངས་ཁ།། ཐོད་པའི་ཁ་ཟས་བཟའ་བར་བྱ།། རིན་ཆེན་རྣམས་ནི་ལུས་ལ་གདགས།། ཕྱག་མཚན་ཐོད་པར་བཅས་པ་ཉིད།། སྒྲུབ་པའི་གནས་ཁང་ཡིན་པར་སྦ། ། ཡང་ན་གངས་དང་གཡའ་དག་དང།། ཌཱ་ཀི་གནས་པའི་ས་རུ་སྦ།། བདག་ཉིད་གཅེར་བུ་ཐལ་བས་བྱུག། རུས་པའི་རྒྱན་གྱིས་ལུས་བརྒྱན་ཏེ། ཁ་ཊཱ་ཐོད་པ་ལག་ཏུ་ཐོགས།། ཅང་ཏེའུ་ཐོད་རྔའི་སྒྲ་བསྒྲག་ཅིང། ། དུར་ཁྲོད་ལ་སོགས་འཇིགས་པའི་གནས།། སྣ་ཚོགས་དག་ཏུ་གཅེར་བུ་རྒྱུ།། གལ་ཏེ་བྱ་བའི་དོན་ཡོད་ན།། ཞི་རྒྱས་དབང་དང་གསད་པར་བྱ།། ཅི་འདོད་བསམས་པ་ཙམ་གྱིས་འགྲུབ།། ཐུགས་ཀྱི་མཁའ་འགྲོ་མ་འཁོར་བཅས་བསྒྲུབ་པའི་ལེའུ་སྟེ་གཉིས་པའོ། །།། འཇིག་རྟེན་གསུམ་གྱིས་གཙོ་མཛད་འགྲན་ཟླ་མེད་པའི་སྐུ།། མཁའ་འགྲོ་དཀར་མོར་བསྟན་ལ་ཕྱག་འཚལ་ལོ།། བྱིན་རླབས་ལྡན་པའི་རྣལ་འབྱོར་པས། ། བྱིན་རླབས་བརྟན་པར་བྱ་བའི་ཕྱྀར།། ཕག་མོ་དཀར་མོ་བསྒྲུབ་པར་བྱ།། འཁོར་བ་བློ་ཡིས་གཏང་བར་བྱ།། མཆོད་དང་བྲལ་བའི་ལྷ་ཁང་ངམ།། གངས་དང་གཡའ་ཡི་ཕུག་པ་རུ།། གསང་ཐུབ་དམ་ཚིག་གཅིག་པའི་གྲོགས། ། དབང་ལྡན་ཕྱོགས་ནས་ས་བསླངས་ལ།། མཎྜལ་ཟླུམ་པོ་དཀར་པོ་བྱ།། དཀར་མོ་ར་དང་བ་དམར་མོ།། འོ་མ་མ་ཀི་ཏ་དང་སྦྱར།། རླུང་ལྷའི་ཕྱོགས་ནས་ཆག་ཆག་གདབ།། རྒྱལ་སྲིད་རིན་ཆེན་སྣ་བདུན་གྱི། ། ཙ་ཀ་ལི་ཡང་གཟུགས་པར་བྱ།། བྱང་སེམས་དཀར་དམར་གླ་རྩི་དང།། རྒུན་འབྲུམ་སྦྲང་རྩི་བདུད་རྩི་ལྔ།། གནམ་ཞལ་དཀར་པོ་སྲུབས་མེད་ལ།། སྐྱེས་བུ་བདུད་ཀྱིས་ཟིན་པའི་ཁྲག། རྒྱབ་ཏུ་འཁོར་ལོ་རྩིབརྒྱད་བྲི། ། ཧ་རི་ནི་ས་བཞི་པོ་དང།། ར་ཙ་ཧྲི་ཡ་བཞི་པོ་དགོད་དོ།། མཆོག་དང་ཐུན་མོང་དངོས་གྲུབ་རྫས།། ནང་དུ་བླུག་ལ་རྣལ་འབྱོར་པས།། མི་གཙང་ངོ་ཚ་སྤང་པར་བྱ།། པདྨའི་ཁོག་པས་ཁ་ཡང་བཅད། ། དེ་བཞིན་གཤེགས་པའི་རིང་བསྲེལ་ལ།། གསོལ་བཏབ་བསྔགས་ལ་གཙུག་ཏུ་གདགས།། བདག་ཉིད་མཁའ་འགྲོ་ཕག་མོ་ནི།། སྐུ་མདོག་དཀར་མོ་ཕག་ཞལ་གཡས།། གྲི་གུག་གཡོན་པ་ཁ་ཊཱཾ་ཁ།། བརྐྱང་བསྐུམ་ཞབས་ཀྱིས་བཞུགས་པར་བསྒོམ། ། དང་པོ་འབྲུ་གསུམ་སྔགས་དང་ནི།། མཁའ་འགྲོ་སྡེ་བཞིའི་སྔགས་ཀྱིས་བསྒྲུབས།། ཨཱ+ོཾ་ཨཱཿ་ཧཱུཾ་ཧ་རི་ནི་ས།། གྲུབ་ཚད་འབུམ་ཚོ་གསུམ་གྱིས་ནི།། དུད་པ་བྱུང་ན་རྐང་མགྱོགས་འགྲུབ། ། དྲི་ལ་ས་འོག་འགྲུབ་པ་སྟེ།། ལྷ་མོའི་གཟུགས་ཀྱིས་རབ་གྲི་འགྲུབ།། འོད་ཀྱིས་མཁའ་སྤྱོད་འགྲུབ་པར་འགྱུར།། རྒྱུ་སྐར་རྒྱལ་ལ་བབ་པའི་ཚེ།། ཕ་མ་ཚངས་པའི་ཁྱེའུ་དང།། མཚན་དང་ལྡན་པའི་བུ་མོ་ལ། ། དཔའ་བོའི་ཆས་སུ་བཅུག་ལ་བརྟག། མཐའ་ནས་རྨ་བྱའི་མདོངས་ཀྱིས་ཕྱག། རྒུན་འབྲུམ་སྦྲང་རྩི་དེ་རྣམས་ཀྱིས།། ཆུ་ལྷའི་ཕྱོགས་སུ་བསྡུ་བར་བྱ།། ཆེ་ཆུང་རྒྱ་ཤུག་འབྲས་བུ་ཙམ།། ལེ་བརྒན་དར་གྱིས་ཁ་བཅད་དེ། ། ནག་པོའི་ཚེས་གཅིག་ནས་བཟུང་སྟེ།། མི་སྨྲ་ཟླ་བ་གཅིག་གི་བར།། གཟུངས་ཐག་བཏགས་ལ་སྔགས་འདིས་སྒྲུབས།། ཨཱ+ོཾ་ཨཱཿ་ཧཱུཾ་ཧྲི་ཏྲཾ། མིག་གི་འཁོར་ལོ་རྣམ་པ་བཞི།། གདུལ་བྱ་ཡུལ་བཞི་ཟིལ་གྱིས་མནན། ། སྤྱྀ་མདོ་ལྟུང་བ་བཅུ་བཞི་འབྱང།། ལྕེ་ཡི་འོག་ཏུ་བཅུག་བྱས་ན།། དངོས་གྲུབ་མ་ལུས་རྫོགས་པར་འགྱུར།། རྫས་གཅིག་གིས་ནི་དམ་བསྐོངས་པ།། ཨེ་མ། མཁའ་འགྲོ་གསང་བའི་གནད། ། ལོག་ལྟ་ཅན་གྱི་སྤྱོད་ཡུལ་མིན།། མཁའ་འགྲོ་ཕག་མོ་དཀར་མོའི་བསྒྲུབ་པ།། བྱིན་བརླབས་མི་ཡལ་བའི་རྒྱས་བཏབ་པ།། རྟེན་འབྲེལ་རྫས་ཀྱི་མན་ངག། སྐུའི་ཕག་མོ་དཀར་མོ་འཁོར་མཁའ་འགྲོ་སྡེ་བཞི་དང་བཅས་པ་བསྒྲུབ་པའི་ལེའུ་སྟེ་གསུམ་པའོ། །།། དེ་ནས་ཡང་དག་བཤད་བྱ་བ། རང་བཞིན་སྤྲོས་བྲལ་ཟག་མེད་བདེ་བ་རྒྱས།། ཡུམ་མཆོག་མཁའ་འགྲོ་དེ་ལ་ཕྱག་འཚལ་ལོ།། དབང་བཞི་རྫོགས་པའི་རྣལ་འབྱོར་པས། ། སིདྡྷི་རྣམ་གཉིས་ཐོབ་བྱའི་ཕྱིར།། རང་བྱུང་རྒྱལ་མོ་བསྒྲུབ་བར་བྱ།། གཟུང་འཛིན་ཆགས་ཞེན་རྣམ་པར་སྤངས།། ཤིང་གཅིག་འགྲམ་མམ་སྒོ་དཔག་སར།། མཚན་ལྡན་ལས་ཀྱི་ཕྱག་རྒྱ་རྟེན།། རླུང་དང་མེ་གཅིག་བདེ་བའི་ཁམས། ། བསྐྱིལ་དང་བཟློག་དང་དགྲམ་ཞིང་བསྟིམ།། བླ་མས་བསྟན་པའི་ཏིང་འཛིན་ངོ་སྤྲད་ཅིང།། དགའ་བཞིའི་ཏིང་འཛིན་ངོས་སུ་གཟུང།། རྟོག་མེད་རོ་ཡི་གདན་ལ་བཞུགས།། ལེ་བརྒན་དར་ལ་འཁོར་ལོ་བྲི། ། རྩིབས་ལ་ཡི་གེ་བཞི་པ་བྲི།། རབ་གནས་བྱས་ལ་མགུལ་དུ་གདགས།། མན་ངག་སྣོད་ཀྱི་སྒྲུབ་པ་ནི།། མཚན་ལྡན་དུམ་བུ་གཅིག་པ་རུ།། བྱང་སེམས་དཀར་པོས་པདྨ་བྲི།། རྩ་བའི་སྙིང་པོ་འབྲུ་བཞི་ཡང། ། ཁྱི་མོ་ནག་མོའི་འོ་མ་དང།། སིན་དྷུ་ར་བླུག་སྲིན་ལག་མཉེས།། བྱ་རོག་འུག་པའི་དང་རུས་བླང།། ལིང་ག་སྨྱུག་གུས་བྲི་བར་བྱ།། རིགས་ཀྱི་ལྷ་མོ་བཞི་པོ་བསྐྱེད།། དབུས་སུ་རང་ཉིད་བསྒོམ་པར་བྱ། ། སྐུ་མདོག་དམར་མོ་འབར་བ་ལ།། གཡས་པ་རྟོག་མེད་ཕག་མོའི་ཞལ།། གཡོན་པ་ཆགས་ཚུལ་ཁྲོ་མོའི་ཞལ།། ཕྱག་གཉིས་གྲི་གུག་ཐོད་པ་འཛིན།། ཞབས་གཉིས་བརྐྱང་བསྐུམ་རོ་སྟེངས་མནན།། དེ་ལྟ་བུ་རུ་བདག་བསྒོམས་ལ། ། ཙན་དྷན་ཆུ་དག་མེ་ལོང་བཅད།། གསང་བའི་སྙིང་པོ་འབྲུ་བདུན་བཟླས།། ཨཱ+ོཾ་ཨཱཿཧཱུཾ། ཧ་རི་ནི་ས། འབུམ་ཚོ་བཞི་ཐོན་ནང་པར་ལ། དཔའ་བོས་གཟི་མདངས་བསྐྱེད་ལ་བཏུང།། ལྷག་མ་མིག་ལ་བྱུགས་གྱུར་ན། ། ས་འོག་ས་བླ་ས་སྟེངས་གསུམ།། དེ་གསུམ་རྣལ་འབྱོར་པ་ཡིས་མཐོང།། འདི་ནི་མཁའ་འགྲོ་བསྟན་པ་འམ།། དང་པོ་རྟགས་ཀྱི་ཡེ་ཤེས་ཡིན།། སྤྱི་གཙུག་བདེ་བའི་འཁོར་ལོའི་དབུས།། གཡུང་དྲུང་འཁྱིལ་བའི་དབུས་སུ་ནི། ། ཨ་ནུ་ཏ་ར་བཞི་བསྒོམས་ནས།། ངག་ཏུ་བྱེ་བ་བཞི་ཐོན་ནས།། སྐྱེས་བུ་རིག་པ་འབྱོངས་པར་འགྱུར།། རང་འབྱུང་ཡེ་ཤེས་ཡི་གེ་བཞི།། དབྱིངས་ནས་ཤར་ནས་དབྱིངས་སུ་གྲོལ།། གཟུང་བྱའི་ཡུལ་དང་འཛིན་བྱེད་སེམས།། ཡང་དག་དོན་ལ་གྲུབ་པ་མེད།། ཨེ་བཾ་མ་ཡ་ལས་བྱུང་བའི།། སྔགས་གཅིག་གིས་ནི་སངས་རྒྱ་བ།། ཨེ་བཾ་མཁའ་འགྲོ་གསང་བའི་གནད།། བློ་དམན་རྣམས་ཀྱི་སྤྱོད་ཡུལ་མེན། ། རིག་པ་ཡེ་ཤེས་ཀྱི་མན་ངག། གསུང་གི་ཕག་མོ་དམར་མོ། འཁོར་མཁའ་འགྲོ་སྡེ་བཞི་དང་བཅས་པའི་ལེའུ་སྟེ་བཞི་པའོ།།།། དེ་ནས་ཡང་དག་བཤད་བྱ་བ།། གཉུག་མ་སྤྲོས་བྲལ་འོད་གསལ་འདུས་མ་བྱས། ། ཡེ་ཤེས་མཁའ་འགྲོ་དེ་ལ་ཕྱག་འཚལ་ལོ།། གདེངས་དང་ལྡན་པའི་རྣལ་འབྱོར་པས།། ཚོགས་གཉིས་རྫོགས་པར་བྱ་བའི་ཕྱིར།། དུར་ཁྲོད་བདག་མོ་བསྒྲུབ་པར་བྱ།། འཇིག་རྟེན་བྱ་བ་བློས་བཏང་སྟེ། ། དུར་ཁྲོད་གནས་སམ་ཆུ་གླིང་དུ།། གྲོགས་བཟངས་བཙལ་ལ་བསྙེན་པ་བརྩམ།། ཞིང་གི་སྟན་ལ་འདུག་ནས་ནི།། མཁའ་འགྲོ་སྡེ་བཞིའི་སྙིང་པོ་བཟླས།། ཧ་རི་ནི་ས། རིས་སུ་མ་ཆད་ཐོད་པའི་ནང། ། ཤེས་རབ་མ་ཡི་མཚལ་ཐིགས་ཀྱིས།། ཆོས་འབྱུང་བསྣོལ་མར་བྲི་བར་བྱ།། ས་དང་ཆུ་དང་མེ་དང་རླུང།། སྐྱེད་པར་བྱེད་པའི་ས་བོན་ལས།། འདོད་ཆགས་བྱ་དང་ཞེ་སྡང་སྦྲུལ།། གཏི་མུག་ཕག་གི་གདན་སྟེངས་སུ། ། བདུད་བཞི་ལས་རྒྱལ་ཁྲོ་མོ་ནི།། སྐུ་མདོག་སེར་མོ་གསེར་བཙོ་འདྲ།། གྲི་གུག་ཐོད་པ་ཁ་ཌཱཾ་འཛིན།། བརྐྱང་བསྐུམ་ཞབས་ཀྱིས་གདན་ལ་བཞུགས།། ཡུལ་གསུམ་གསལ་བར་གྱུར་པ་དང།། ཡིག་འབྲུ་གསུམ་གྱིས་རང་ལ་བསྡུ། ། ཨཱ+ོཾ་ཨཱཿཧཱུཾ:་བདེ་བ་ལོངས་སྤྱོད་རྣམ་གཉིས་ཏེ།། ཆོས་དང་སྤྲུལ་པའི་གནས་རྣམས་སུ།། འཁོར་ལོ་རིམ་པ་བཞི་བསྐྱེད་ནས།། ཧ་རི་ནི་ས་ཞེས་བྱ་བ།། རིགས་ལྔ་རྒྱལ་པོ་འབྲུ་བཞི་བསྐུལ། ། གྷི་ཧང་དག་གི་འཁོར་ལོ་རྩིབས།། སྨིན་མའི་མཚམས་སུ་བྱུག་གྱུར་ན།། དེ་མཐོང་འཇིག་རྟེན་གསུམ་ལ་དབང།། ཕག་པ་ནག་པོའི་རྩིཏྟ་ལ།། ཤ་བའི་ཁྲག་དང་གཅིན་རྣམས་བྱུག། རིགས་བཞི་ལྷ་ཡི་ཕྱག་མཚན་དང། ། རྩ་བའི་སྙིང་པོ་གསེར་གྱིས་བྲི།། སྟག་གི་སྦར་བའི་ནང་བཙུད་ནས།། སྒྲུབ་པ་པོ་ཡི་ལུས་ལ་བཅང།། རྟེན་འབྲེལ་འདི་ཡི་བྱིན་བརླབས་ནི།། མཁའ་སྡིང་གཙུག་གི་ནོར་བུ་འདྲ།། གྲངས་ཀྱི་བསྙེན་པ་འབུམ་ཚོ་བཞི། ། ཐ་མལ་ཤེས་པ་ཟློག་པར་བྱེད།། ཟླ་དྲུག་ཉམས་ཀྱི་སྦྱོར་པ་ཡིས།། སྐྱེས་བུ་རྟོག་པ་ཟད་པར་བྱེད།། རྣལ་འབྱོར་མིང་ཡང་དེ་དུས་ཐོབ།། ཨཱ་ལི་ཀཱ་ལི་ལས་བྱུང་བའི།། སྔགས་གཅིག་གིས་ནི་དོན་ཀུན་འགྲུབ། ། ཨེ་མ་མཁའ་འགྲོ་གསང་བའི་གནད།། རྟོག་གེ་བ་ཡི་སྤྱོད་ཡུལ་མེན།། དུར་ཁྲོད་བདག་མོ་བསྒྲུབ་པ་ཡི།། ཚོགས་གཉིས་ཡོངས་སུ་རྫོགས་པའི་ཐབས།། ནུས་པ་སྔགས་ཀྱི་མན་ངག་གོ། ཡོན་ཏན་གྱི་ཕག་མོ་སེར་མོ་འཁོར་མཁའ་འགྲོ་སྡེ་བཞི་དང་བཅས་པ་བསྒྲུབ་པའི་ལེའུ་སྟེ་ལྔ་པའོ། །།། དེ་ནས་ཡང་དག་བཤད་བྱ་བ།། འཕྲིན་ལས་རྒྱ་མཚོ་ལས་ཀུན་རྫོགས་པ་ཡི།། རྡོ་རྗེ་མཁའ་འགྲོ་མ་ལ་ཕྱག་འཚལ་ལོ།། ཉམས་སུ་དགའ་བའི་གནས་དག་ཏུ། ། འབོལ་བའི་གདན་ལ་འདུག་ནས་ནི།། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དེ།། སྟོང་པ་ཉིད་དུ་གསལ་བྱས་ནས།། འབྱུང་བ་བཞི་ཡི་ཡི་གེ་ལས།། རྡོ་རྗེ་རྣལ་འབྱོར་མ་རུ་སྒོམ། ། ཧ་རི་ནི་ས། སྐུ་མདོག་སྔོན་མོ་གཅེར་བུ་ལ།། མཆེ་གཙིགས་རུས་པའི་རྒྱན་ཆས་ཅན།། གཡས་གཡོན་ཁ་ཊཱཾ་ཐོད་པ་བསྣམས།། ཞབས་ནི་གཡས་བརྐྱང་གཡོན་པ་བསྐུམ།། དབུ་སྐྲ་གྱེན་བརྗེས་ཐུར་ལ་འཕྱང། ། གཞོན་ཤ་ཅན་དེ་ཧ་ལས་བསྐྱེད།། སྙིང་ཁར་པདྨ་དཀར་པོ་ལ།། ཧ་རི་ནི་ས་བཞི་པོ་བསམ།། དེ་ལས་འོད་ཟེར་འཕྲོས་པ་ལས།། བླ་མ་བདེ་གཤེགས་ཌཱ་ཀི་དགུག། དེ་ལ་མཆོད་བསྟོད་ཚུལ་བཞིན་བྱ།། ཡི་གེ་གསུམ་གྱིས་བྱིན་གྱིས་བརླབས། ། གནས་བཞིར་ཡི་གེ་ཌཱ་ཀི་བཞི།། ལུས་ལ་མཁའ་འགྲོས་གང་བ་ཡི།། ཌཱ་ཀིའི་འཁོར་ནི་མང་པོ་ཡིས།། ལོངས་སྤྱོད་འདོད་ཡོན་མང་པོ་འབྱུང།། སྟེང་རླུང་མནན་ཅིང་འོག་རླུང་བསྡམ། ། ལུས་ལ་བདེ་བ་འབར་བ་དང།། ངག་ལ་བྱིན་རླབས་འབར་བ་དང།། སེམས་ལ་ཡེ་ཤེས་འབར་བ་འོ།། འཁོར་ལོ་བཞི་ལ་གནས་པ་ཡི།། ཡི་གེ་བཞི་ཡི་སྤྲོ་བསྡུ་ཡིས།། དྲོད་དང་ཡེ་ཤེས་སྐྱེད་པར་བྱེད། ། བདེ་བ་ཡེ་ཤེས་མི་རྟོག་པ།། འདོད་ཡོན་ལྔ་སོགས་ཡེ་ཤེས་གྲོགས།། བརྟུལ་ཞུགས་ཅི་བྱས་ཡེ་ཤེས་གྲོགས།། ཌཱ་ཀི་མ་རྟེན་ཡེ་ཤེས་གྲོགས།། ནུས་པ་བྱུང་བས་བར་ཆོད་སོལ།། བྱང་ཆུབ་ལམ་དུ་གྱུར་པ་ཡིན། ། གང་ཞིག་འདི་ལ་སུས་སྤྱོད་པ།། ཚེ་དང་འབྲས་བུ་ཐོབ་པར་ངེས།། འཕྲིན་ལས་གསང་བའི་མན་ངག་གོ། འཕྲིན་ལས་ཀྱི་ཕག་མོ་སྔོན་མོ་འཁོར་ཌཱ་ཀི་མ་སྡེ་བཞི་དང་བཅས་པ་བསྒྲུབ་པའི་ལེའུ་སྟེ་དྲུག་པའོ། །།། དེ་ནས་ཡང་དག་བཤད་བྱ་བ།། ལེགས་བྱིན་སློབ་པའི་ཌཱ་ཀི་མ།། མཁའ་འགྲོ་མ་ལ་ཕྱག་འཚལ་ལོ།། ཤར་དུ་ཁ་བལྟས་ཟངས་ཀྱི་མདོག། སྐད་ཀྱིས་མི་ཐོས་བྲག་སྐྱིབས་སུ།། དཔའ་བོ་བརྟུལ་ཞུགས་ལྡན་པ་ཡིས། ། རྟོག་པ་ལེ་ལོ་ཐེ་ཚོམ་སྤང།། ནན་ཏན་སྙིང་རུས་མོས་པས་སྒྲུབ།། རྡོ་རྗེ་རིན་ཆེན་པདྨ་ལས།། སྐུ་གསུང་ཐུགས་དང་ཡོན་ཏན་དང།། འཕྲིན་ལས་རྣམས་ཀྱི་སྒྲུབ་པའི་ཐབས།། ཨཱ+ོཾ་ཨཱཿ་ཧཱུཾ་མ་ཧ་རི་ནི་ས། ཡི་གེ་འབྲུ་བརྒྱད་མཁའ་འགྲོའི་གནད།། མ་ལ་བུ་འབོད་ཅེས་བྱ་ཡིན།། སྤུ་གྲི་ལྟ་བུའི་གསང་སྔགས་འདི།། སྲེད་བྱེད་རྒྱུན་ལྡོག་དཔའ་མིན་གྲུབ།། ནམ་དུ་ཡང་ནི་བརྗོད་མི་བྱ།། སྐྱོ་བར་གྱུར་ན་ཡིད་བཟླས་སོ། ། གནད་ཀྱི་སྙིང་པོ་འབྲུ་བཞི་དང།། རྩ་བའི་ཡི་གེ་འབྲུ་བཞི་ཡིས།། ལ་སོགས་གོང་འོག་སྤེལ་བས་འགྲུབ།། ཡི་གེ་སྤྱན་གྱི་ཙ་ཀྲ་ཡིས།། མ་རུངས་རྣམ་བཞི་ཟིལ་གྱིས་གནོན།། སྔགས་དྲུག་མེ་ཡི་འཁོར་ལོ་ཡིས། ། བར་དུ་གཅོད་པ་རྣམ་བཞི་བཟློག། རྣམ་པར་ཤེས་པའི་ཡི་གེ་ནི།། ཟླ་དྲུག་ཉམས་ཀྱི་སྦྱོར་བ་ཡིས།། འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད།། དེ་ནས་རྣལ་འབྱོར་བློ་ལྡན་གྱིས།། སྐྱེ་བོ་ལས་འཕགས་རི་བོ་ནི། ། སོག་པོ་ཁྲོས་པའི་སྨིན་ཕྲག་ཏུ།། བདེ་བའི་གདན་ལ་འདུག་བྱས་ཏེ།། ཡིད་ཀྱི་ཚེར་མ་དབྱུང་བྱའི་ཕྱིར།། འདོད་ཡོན་སྤངས་ལ་འཁྲི་བ་བཅད།། འཁོར་བའི་སྐྱོན་ཀུན་ཤེས་པར་བྱ།། མཛེས་པའི་མཎྜལ་ཟླུམ་པོ་ཡིས། ། པདྨ་འདབ་བརྒྱད་ལེགས་བྲིས་ཏེ།། ཁ་དོག་མཛེས་པའི་ཚོན་རྩིས་བསྒྱུར།། དེ་དབུས་ལྟེ་བ་ལ་ནི་ཞི་རྒྱས་དང།། དབང་དང་མངོན་སྤྱོད་གང་བྱེད་པའི།། ཤིས་པའི་ཤིང་རྣམས་གྲུ་བཞིར་བརྩིག། བྲམ་ཟེའི་ཁྱིམ་ནས་མེ་བླངས་ལ།། སྨན་དང་རིན་ཆེན་འབྲུ་ལྔའི་ཕྱེ།། གསང་སྔགས་འདི་ཡིས་དབུལ་བར་བྱ།། ཨཱ+ོཾ་ཨཱཿཧཱུཾ། ཧ་རི་ནི་ས། རྣམ་བཞི་གང་བུ་གང་གང་གིས་ནི།། གཟུང་འཛིན་རྣམ་གཉིས་རང་སར་དག། ཡུལ་འཁོར་སྲུང་གི་བུ་ཡིས་ནི།། དངོས་གྲུབ་རྣམ་གཉིས་རྫོགས་པར་འགྱུར།། གྲོ་ག་རས་སམ་ཤིང་ཤུན་ལ།། གུར་ཀུམ་ཆུ་ཡིས་འཁོར་ལོ་ནི།། རྩིབས་དྲུག་མཐའ་མ་མུ་ཁྱུད་ལྡན།། ནང་དུ་ཡི་གེ་འབྲུ་གསུམ་དགོད། ། རྣལ་འབྱོར་མགུལ་དུ་བཏགས་གྱུར་ན།། བར་ཆོད་རྣམ་བཞིས་ཚུགས་མི་འགྱུར།། སྐྱེ་གནས་དུད་འགྲོར་སྐད་བཞི་ཡིས།། འདུ་བ་རྣམ་བཞི་འཇོམས་པར་བྱེད།། འཁོར་ལོ་བཞི་ལ་གནས་པ་ཡི།། ཡི་གེ་བཞི་ཡི་སྤྲོ་བསྡུ་ཡིས། ། ཐ་མལ་ཤེས་པ་འགྱུར་བར་ནུས།། ཡི་གེ་གཅིག་ནས་བརྒྱད་ཀྱི་བར།། ལས་ཚོགས་ཐམས་ཅད་འགྲུབ་པར་འགྱུར།། མཁའ་འགྲོ་མ་ལ་བུ་འབོད་འོང།། སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ལྔ་གཅིག་ཏུ་གྲོལ་བའི་ལེའུ་སྟེ་བདུན་པའོ། །།། དེ་ནས་ཡང་དག་བཤད་བྱ་བ།། མཁའ་འགྲོ་སྤྱི་རུ་སྒྲུབ་པའི་ཐབས།། དུར་ཁྲོད་ཌཱ་ཀི་འདུག་གནས་སུ།། ཤིས་པའི་ས་ལ་མཎྜལ་བྱ།། བདུད་རྩི་ལྔ་ཡིས་ཆག་ཆག་གདབ། ། ཚོན་སྣ་ལྔ་ཡི་སྲད་བུ་ཡིས།། དཀྱིལ་འཁོར་ལེགས་པར་ཐིག་བཏབ་ལ།། ཡེ་ཤེས་ལྔ་ལྡན་ས་ཚོན་གྱིས།། པདྨ་འདབ་བཞི་མུ་ཁྱུད་དང།། གྲུ་ཆད་སྒོ་དང་སྒོ་རྒྱན་དང།། འཁོར་ཡུག་བཅས་པ་བྲི་བར་བྱ། ། དེ་ལ་བསྒྲུབ་པའི་དམ་རྫས་ནི།། ཐོད་པ་མཁའ་འགྲོ་བྲིས་པ་དང།། གཏོར་མ་རཀྟ་བདུད་རྩི་དང།། ལྟག་སྤྲོད་རྔ་དང་རྐང་གི་དུང།། ཚིལ་ཆེན་གསུར་གྱི་སྦོས་དུད་བཏང།། མཚན་ལྡན་དུམ་བུ་གཅིག་པ་ལ། ། འཁོར་ལོ་སྔགས་དང་བཅས་པ་བྲི།། དངོས་གྲུབ་སྣ་ཚོགས་རྫས་ཀྱིས་དགང།། མཆོག་དང་ཐུན་མོང་བསྒྲུབ་པར་བྱ།། དེ་ནས་ཏིང་འཛིན་རིམ་པ་ནི།། དང་པོ་སྟོང་པ་ཉིད་ཀྱི་ངང། ཁྱབ་པ་སྙིང་རྗེ་ཆེན་པོ་དང།། རང་སེམས་ཧྲི་ཡི་བྱིན་རླབས་ལས། ། འབྱུང་བ་དབང་ཆེན་གཞལ་ཡས་ཁང།། རོ་དང་ཉི་ཟླ་པདྨའི་སྟེང།། ཧྲི་ལས་སྤྲོས་དང་བསྡུས་བ་ཡིས།། བདག་ཉིད་དཔའ་བོ་རྟ་མགྲིན་སྐུ།། དམར་ནག་ཞལ་གཅིག་ཕྱག་གཉིས་པ། ། གཡས་པ་གྲི་གུག་གཡོན་པ་ཐོད་ཁྲག་བསྣམས།། ཞབས་གཉིས་རོ་དང་ཉི་མའི་སྟེང།། དབུ་གཙུག་རྟ་མགོ་རྟ་སྐད་འཚེར།། དཔའ་བོ་རུས་པའི་རྒྱན་གྱིས་བརྒྱན།། དཔའ་མོ་རྡོ་རྗེ་ཕག་མོར་འཁྲིལ། ། གཡས་པ་གྲི་གུག་ཡབ་ལ་འཁྱུད།། གཡོན་པ་ཐོད་ཁྲག་ཡབ་ལ་སྟོབ།། སྤྱི་གཙུག་ཕག་གདོང་ངུར་སྒྲ་འདོན།། སྐུ་མདོག་དམར་མོ་རུས་པས་བརྒྱན།། ཞབས་གཉིས་གཙོ་ལ་འཁྲིལ་ནས་སྤྱོར། ། ཡབ་ཡུམ་ཐུགས་ཀྱི་སྤྲུལ་པ་ལས།། ཧ་རི་ནི་ས་ར་ཙ་ཧྲི་ཡ།། ཡིག་འབྲུ་བརྒྱད་པ་པདྨའི་སྟེང།། སྤྲོས་བསྡུས་མཁའ་འགྲོ་ཡབ་ཡུམ་བཞི།། ཀུན་ཀྱང་སྐུ་མདོག་དམར་མོ་ལ།། ཕྱག་མཚན་རྒྱན་དང་ཆ་བྱད་ཡབ་ཡུམ་ཀུན་དང་འདྲ། ། སྐད་ཅིག་རྫོགས་པའི་ཚུལ་དུ་ནི།། དམ་ཚིག་ཡེ་ཤེས་གཉིས་མེད་བསྒོམ།། ཨཱ+ོཾ་ཨཱཿཧཱུཾ། ཧྲི་མ་ཧ་རི་ནི་ས་ར་ཙ་ཧྲི་ཡ་ཧཱུཾ་ཛ། ཡིག་འབྲུ་བཅོ་ལྔ་ཌཱ་ཀིའི་སྲོག། དབང་སྡུད་ཟིལ་གནོན་འགུགས་པ་ཡིན། ། རང་སྔགས་སྒྲ་རུ་སྒྲོགས་པར་བསྒོམ།། མཁའ་འགྲོ་མ་ལ་བུ་འབོད་ཀྱིས།། རབ་ནི་མཁའ་འགྲོ་དངོས་སུ་ཡོང།། འབྲིང་ནི་ཉམས་སྣང་འོང་བ་ཡིན།། ཐ་མ་རྨི་ལམ་གྲུབ་རྟགས་སྟོན།། རབ་ཀྱིས་ཕྱག་རྒྱ་ཆེན་པོ་ཐོབ། ། འབྲིང་གིས་མཁའ་སྤྱོད་གནས་སུ་འགྲོ།། ཐ་མ་བར་དོར་ལུང་སྟོན་བྱེད།། ཐུན་མོང་ཟས་ནོར་མི་གསུམ་འདུ།། མཁའ་འགྲོ་སྤྱིའི་གསང་བསྒྲུབ་ཀྱི་ལེའུ་སྟེ་བརྒྱད་པའོ།།།། མཁའ་འགྲོ་རྡོ་རྗེ་ཕག་མོ་ཡིས། ། ཆོས་སྐུ་རྣམ་པར་མི་རྟོག་ལས།། མ་འགགས་ལོངས་སྤྱོད་རྫོགས་སྐུར་བཞེངས།། སྤྲུལ་སྐུ་སྐུ་གསུང་ཐུགས་དང་ནི།། ཡོན་ཏན་འཕྲིན་ལས་ལྔར་བསྟན་ནས།། མཁའ་འགྲོ་རྒྱུད་ཀྱི་རྒྱལ་པོར་བཤད།། བྲམ་ཟེ་མཆོག་སྲེད་ཡི་རངས་ནས། ། ཨེ་མ་མཁའ་འགྲོ་གསང་བའི་གནས།། སྤྲུལ་སྐུ་འགྲོ་བའི་དོན་མཛད་མ།། སྣ་ཚོགས་གཅིག་ལ་ཐ་དད་སྣང།། ཆོས་དབྱིངས་སྐྱེ་མེད་མ་ལ་བསྟོད།། ཅེས་ཡུམ་ཆོས་ཉིད་ལ་གནས་སོ།། མཁའ་འགྲོ་རིན་པོ་ཆེ་འཕྲེང་བ་ཞེས་བྱ་བའི་རྒྱུད་ཡོངས་སུ་གཏད་པའི་ལེའུ་སྟེ་དགུ་པའོ། །།། མཁའ་འགྲོ་མ་རིན་པོ་ཆེ་འཕྲེང་བའི་རྒྱུད་རྫོགས་སཧོ།།།། རྒྱ་རྒྱ་རྒྱ། འགུ་རུ་བློ་ལྡན་མཆོག་སྲེད་ཀྱིས། ཇོ་མོ་མཁར་ཆེན་བཟའ་ལ་ཐུགས་དམ་དུ་གཏད་པའོ། །།། རྫོགས་སོ།། མཁའ་འགྲོའི་རྒྱུད་བཞུགས་པ་ཙམ་གྱིས་མཁའ་འགྲོ་འདུ་བར་འགྱུར་གསུངས་སཧོ།།།། རྒྱ་གར་སྐད་དུ།། ཌཱ་ཀི་ནི་ཙ་ཀྲུ་ཏན་མ་ཏན་ཏྲ་ནཱ་མ།

CLOSE WINDOW