Wylie |
རྒྱ་གར་སྐད་དུ། ཌཱ་ཀི་ནི་རཏྣ་མཱ་ལེ་པི་པ་ར་ཏན་ཏྲ་ནཱ་མ། བོད་སྐད་དུ། མཁའ་འགྲོ་མ་ནོར་བུ་འཕྲེང་བ་ཕྱི་མ་བཤད་པའི་རྒྱུད་ཅེས་བྱ་བ། རྡོ་རྗེ་མཁའ་འགྲོ་མ་ལ་ཕྱག་འཚལ་ལོ།། བྲམ་ཟེ་བློ་ལྡན་མཆོག་སྲེད་ཀྱིས། རྡོ་རྗེ་མཁའ་འགྲོ་མ་ལ་འདི་སྐད་ཞུས། ཨེ་མ་ཧོ། རྩ་བའི་རྒྱུད་དུ་གསུངས་པ་ཡི།། འཕྲིན་ལས་རིམ་པར་གསུངས་པ་རྣམས།། རིམ་པ་རྒྱས་པར་བཤད་དུ་གསོལ།། དེ་སྐད་ཞུས་པས་གསན་ནས་ཀྱང། ། ཡེ་ཤེས་མཁའ་འགྲོས་བཀའ་སྩལ་བ།། ཉོན་ཅིག་རིགས་འཛིན་རྡོ་རྗེ་རྩལ།། ཨེ་མ་མཁའ་འགྲོ་གསང་བའི་སྐད།། ཧ་རི་ནི་ས། ར་ཙ་ཧྲི་ཡ། ཡི་གེ་བཞི་པ་མཁའ་འགྲོའི་སྲོག། མ་ཧ་རི་ནི་ས། ཡི་གེ་ལྔ་པ་མཁའ་འགྲོ་ལྔ། ཧྲི་ར་ཙ་ཧྲི་ཡ། ཡི་གེ་ལྔ་པ་དཔའ་བོ་ལྔ།། ཨཱ+ཽཾ་ཨཱཿཧཱུཾ། ཡི་གེ་གསུམ་པ་སྐུ་གསུང་ཐུགས།། ཧྲི་མ། ཡི་གེ་གཉིས་པ་ཡབ་ཡུམ་གཉིས།། ཧཱུཾ་ཡི་གེ་གཅིག་པ་དབང་སྡུད་སྔགས།། ཛཿ་ཡི་གེ་གཅིག་པ་འགུགས་པའི་སྔགས། ། ཧྲི་མ་ཧ་རི་ནི་ས། ཡི་གེ་དྲུག་པ་མཁའ་འགྲོའི་སྔགས།། ར་ཙ་ཧྲི་ཡ་ཧཱུཾ་ཛ་ཕཊ། ཡི་གེ་བདུན་པ་མཐའ་བསྒྱུར་སྔགས།། མཁའ་འགྲོ་མ་ཡི་བརྡ་སྐད་འདི།། ཆོས་དང་ཆོས་མེན་ཐམས་ཅད་འགྲུབ། ། མངོན་པར་སངས་རྒྱའི་ཡི་གེ་ལྔ།། ཕན་གདགས་ལས་ཚོགས་ཡི་གེ་ལྔ།། ཐུན་མོང་དངོས་གྲུབ་ཡི་གེ་ལྔ།། ཚར་གཅད་དགྲ་བགེགས་འདུལ་བའི་ཡི་གེ་ལྔ།། ལྷ་འདྲེ་དཔུང་བསྐྱེད་ཡི་གེ་ལྔ།། འབྱུང་བ་རོ་སྙོམས་ཡི་གེ་ལྔ། ། ཚེ་སྲིང་བར་བྱེད་པའི་ཡི་གེ་ལྔའོ།། ཡི་གེ་རྣམ་པར་འབྱེད་པའི་ལེའུ་སྟེ་དང་པོའོ།།།། དེ་ནས་ཡང་དག་བཤད་བྱ་བ།། མངོན་པར་འཚང་རྒྱ་བའི་ཡི་གེ་ལ། ཞེ་སྡང་སྒོ་ནས་འཚང་རྒྱ་བ།། ཞེ་སྡང་རྡོ་རྗེ་མཁའ་འགྲོ་ཡིན། ། ཞེ་སྡང་སྤངས་ན་རྡོ་རྗེ་མཁའ་འགྲོ་སྤངས།། ཞེ་སྡང་རང་དང་ལྡན་པས་ན།། རིག་པ་ཡེ་ཤེས་རང་དང་ལྡན།། ཞེ་སྡང་གསལ་བ་ཤས་ཆེ་ན།། མེ་ལོང་ཡེ་ཤེས་གསལ་དངས་ཆེ།། ཞེ་སྡང་བསྒྱུར་བ་དཀའ་བས་ན། ། རྡོ་རྗེ་མཁའ་འགྲོ་འགྱུར་བ་མེད།། ཞེ་སྡང་རྡོ་རྗེ་མཁའ་འགྲོ་མ།། མ་སྤངས་རང་འབྱུང་སངས་རྒྱས་སོ།། ཞེ་སྡང་སྒོ་ནས་སངས་རྒྱ་བའི་ལེའུ་སྟེ་གཉིས་པའོ།།།། འདོད་ཆགས་སྒོ་ནས་འཚང་རྒྱ་བ། ། འདོད་ཆགས་པདྨ་མཁའ་འགྲོ་ཡིན།། འདོད་ཆགས་སྤངས་ན་པདྨ་མཁའ་འགྲོ་སྤངས།། འདོད་ཆགས་བདེ་བ་ཆེ་བས་ན།། མ་བཅོས་བདེ་བ་ཆེན་པོ་ཡིན།། འདོད་ཆགས་དགའ་བའི་ཉམས་དང་ལྡན། ། ཀུན་རྟོགས་ཡེ་ཤེས་དགའ་བཞིར་ལྡན།། འདོད་ཆགས་སྤང་བར་དཀའ་བས་ན།། པདྨ་མཁའ་འགྲོ་ཆགས་པས་གྲོལ།། འདོད་ཆགས་པདྨ་མཁའ་འགྲོ་མར།། མ་སྤངས་རང་བྱུང་སངས་རྒྱས་སོ།། འདོད་ཆགས་སྒོ་ནས་སངས་རྒྱ་བའི་ལེའུ་སྟེ་གསུམ་པའོ། །།། གཏི་མུག་སྒོ་ནས་འཚང་རྒྱ་བ་ལ།། གཏི་མུག་ཡེ་ཤེས་མཁའ་འགྲོ་མ།། གཏི་མུག་སྤངས་ན་ཡེ་ཤེས་མཁའ་འགྲོ་སྤངས།། གཏི་མུག་མ་རིག་རང་བཞིན་ཡིན། ། རིག་པའི་རང་བཞིན་ཡེ་ཤེས་གསལ།། གཏི་མུག་མི་རྟོག་ཉམས་དང་ལྡན།། ཆོས་ཉིད་རྣམ་པར་རྟོག་པ་མེད།། གཏི་མུག་མ་རིག་ཡེ་གནས་བས།། ཆོས་དབྱིངས་ཡེ་ཤེས་ཡེ་ནས་གནས།། གཏི་མུག་ཡེ་ཤེས་མཁའ་འགྲོ་མ། ། མ་སྤངས་རང་བྱུང་སངས་རྒྱས་སོ།། གཏི་མུག་སྒོ་ནས་སངས་རྒྱ་བའི་ལེའུ་སྟེ་བཞི་པའོ།།།། གཉིས་དང་བསམ་གཏན་བསྲེ་བ་ནི།། སྲོད་ལ་དབང་པོ་གནས་བསྡུས་ལ།། ཤེས་པ་སྨིན་མཚམས་འཁོར་ལོ་གཏད། ། གཉིད་ཚོགས་ཆེ་ན་དཔྲལ་བར་འཐིབ།། གཉིད་ཀྱི་དབང་པོ་མགོ་ནས་འབབ།། ནམ་ཕྱེད་རྣམ་ཤེས་སྙིང་དུ་གཞུག། གཉིད་ལོག་ཤེས་པ་སྙིང་ཁར་གཏད།། རྣམ་ཤེས་མ་ཟིན་རྨི་ལམ་འོང། ། རྣམ་ཤེས་ཟིན་པས་རྨི་ལམ་མེད།། རྣམ་པར་མི་རྟོག་ཆོས་ཉིད་དང།། གཉིད་དང་བསམ་གཏན་འདྲེས་པ་ཡིན།། ཐོ་རངས་འོད་གསལ་ལམ་དུ་ཁྱེར།། གཉིད་སད་ཤེས་པ་གསལ་མདངས་ཕྱེད།། རང་བྱུང་ཡེ་ཤེས་རང་ལ་ཤར། ། གཉིད་དང་བསམ་གཏན་གཉིས་སུ་མེད།། བྱར་མེད་ཉལ་བའི་འཁོར་ལོ་ཡིན།། གཉིད་དང་བསམ་གཏན་བསྲེ་བའི་ལེའུ་སྟེ་ལྔ་པའོ།།།། མངོན་པར་སངས་རྒྱ་བའི་ཡི་གེའི་སྐབས་ཏེ་དང་པོའོ། །།། དེ་ནས་ཡང་དག་བཤད་བྱ་བ།། ཐུན་མོང་ལས་ཚོགས་ཡི་གེ་ལ།། ཧ་རི་ནི་ས། མཁའ་འགྲོ་བཞི་ཡི་ནོར་སྒྲུབ་ནི།། མཚན་ལྡན་ཐོད་པ་ཁ་སྦྱོར་ལ།། ཕོ་འཁོར་མོ་འཁོར་བྲིས་ནས་ནི།། ཚོན་གྱིས་ལེགས་པར་ཕྱེ་ནས་ནི། ། སྲ་རྩིས་ཆུ་ཡིས་མི་འཇིག་བྱ།། གསེར་དངུལ་ཟངས་ལྕགས་འབྲུ་སྣ་དང།། དར་ཟབ་ལ་སོགས་དཀོར་ཆས་དགང།། དངོས་གྲུབ་ཅི་འདོད་གསོལ་བྱ་ལ།། ཐོད་པ་མཎྜལ་དབུས་སུ་བཞག། རང་ཉིད་ཕག་མོར་བསྒོམ་བྱས་ལ།། ཧ་རི་ནི་ས་ར་ཙ་ཧྲི་ཡ། བྷ་སུ་དྷེ་བ་ན་ཁ་དྷེ་པུཥྟཾ་ཀུ་རུ་སྭཱ་ཧཱ། ཞེས་བཟླས། གྲུབ་རྟགས་ནོར་གྱི་དངོས་གྲུབ་འབྱུང།། ནོར་སྒྲུབ་ལེའུ་སྟེ་དྲུག་པའོ།།།། མཁའ་འགྲོ་མ་ཡི་ཆུ་སྦྱིན་ལ། ། རིན་ཆེན་ཟངས་ཀྱི་གཞོང་པ་རུ།། ཛམ་བྷ་ལ་ཡི་སྐུ་གཟུགས་བཞུགས།། མཁའ་འགྲོ་རིགས་བཞིས་བསྐོར་བར་བསམ།། རིན་ཆེན་བུམ་པར་ཆུ་བླུག་ལ།། བདུད་རྩིར་ཡིག་འབྲུ་གསུམ་གྱིས་བསྒོམ། ། ཧ་རི་ནི་ས་ར་ཙ་ཧྲི་ཡ། ཛམ་བྷ་ལ་ཛ་ལེན་ཏྲཱ་ཡེས་སྭཱ་ཧཱ། ཆུ་དེ་ལག་པ་གཡས་པ་ཡིས།། ཁྱོར་བ་བརྒྱ་དང་བརྒྱད་དབུལ་ལོ།། ཛམ་བྷ་ལ་ནི་མཉེས་པ་དང།། མཁའ་འགྲོ་ཕོ་མོ་ཚིམ་པར་བསམ།། བར་ཆད་སེལ་ཅིང་ནོར་རྣམས་འཕེལ། ། ཆུ་སྦྱིན་ལེའུ་སྟེ་བདུན་པའོ།།།། མཁའ་འགྲོ་མ་ཡི་ཚ་ཚ་ནི།། རང་ཉིད་ཟས་ལ་རོལ་པའི་ཚེ།། ཕུད་ཀྱིས་བླ་མ་དཀོན་མཆོག་མཆོད།། ཡི་དམ་མཁའ་འགྲོ་ཚོགས་ཀྱིས་མཆོད། ། དེ་ནས་ཚ་ཚ་བཏབ་བྱས་ནས།། ཕྱི་ནི་ཚ་ཚ་མཆོད་རྟེན་ལ།། ནང་ནི་མཁའ་འགྲོའི་ལྷ་ཚོགས་གསལ།། ཨཱ+ོཾ་ཨཱ་ཧཱུཾ་ཧ་རི་ནི་ས། ར་ཙ་ཧྲི་ཡ། ཞེས་པ་བཟླས་ལ། ལན་གསུམ་བརྗོད་ལ་རབ་གནས་བྱ།། ཚེ་རིང་ཟས་འདུ་དངོས་གྲུབ་བྱུང། ། ཚ་ཚའི་ལེའུ་སྟེ་བརྒྱད་པའོ།།།། མཁའ་འགྲོ་ཐང་སྐུའི་མཆོད་པ་ནི།། མཁའ་འགྲོའི་ཐང་སྐུ་ལེགས་མཆོད་ལ།། ཕྱི་ནང་མཆོད་པ་ལེགས་བཤམས་ལ། ། བསྟོད་ཅིང་མཆོད་པ་དབུལ་བ་དང།། ཡན་ལག་བདུན་པས་ཚོགས་བསགས་ལ།། ཅི་འདོད་གསོལ་བ་གདབ་པར་བྱ།། ཨཱ+ོཾ་ཨཱ་ཧཱུཾ། ཧ་རི་ནི་ས། ར་ཙ་ཧྲི་ཡ། བཛྲ་སརྦ་བུདྡྷ་ཌཱ་ཀི་ནི་སི་དྷི་ཕ་ལ་ཧཱུཾ། ཞེས་བརྒྱ་རྩ་བརྒྱད་བཟླས་སོ། ། ཅི་འདོད་དངོས་གྲུབ་ཐོབ་པར་འགྱུར།། ཐང་སྐུ་མཆོད་པའི་ལེའུ་སྟེ་དགུ་པའོ།།།། མཁའ་འགྲོ་དཔའ་བོའི་སྟོན་མོ་ནི།། རྣལ་འབྱོར་ཕོ་མོ་འཚོགས་ནས་ནི།། ཞལ་ཟས་སྣ་ཚོགས་འབྱོར་ཚད་བཤམས། ། བདག་ཉིད་རྡོ་རྗེ་ཕག་མོར་བསྒོམ།། མཆེད་རྣམས་དཔའ་བོ་དཔའ་མོར་བསྒོམ།། ཞལ་ཟས་བདུད་རྩི་ཆེན་པོར་བསྒོམ།། ཨཱ+ོཾ་ཨཱཿཧཱུཾ། ཧ་ར་ནི་ས། ར་ཙ་ཧྲི་ཡ། གྷ་ན་པཱུ་ཙ་ཁ་ཧི་ཁ་ཧི། ཞེས་པ་ཡིས། ཕུད་ཀྱིས་བླ་མ་དཀོན་མཆོག་མཆོད།། ཡི་དམ་མཁའ་འགྲོ་མཉེས་པར་བྱས།། བར་པ་རྣལ་འབྱོར་མཆེད་རྣམས་རོལ།། ལྷག་མ་ལས་ཀྱི་མཁའ་འགྲོ་མཆོད།། ཚོགས་སོགས་ལོངས་སྤྱོད་དངོས་གྲུབ་འབྱུང།། དཔའ་བོའི་སྟོན་མོའི་ལེའུ་སྟེ་བཅུ་པའོ། །།། མཁའ་འགྲོ་ག་འུའི་སྦྱོར་བ་ནི།། ཟངས་ཀྱི་གའུ་ཁ་སྦྱར་ལ།། ཆོས་འབྱུང་སྔགས་དང་བཅས་པ་བྲི།། ཕོ་འཁོར་མོ་འཁོར་དབང་སྡུད་སྔགས།། ལྷ་འདྲེ་མི་གསུམ་སྙིང་པོ་བྲི། ། བདག་ཉིད་རྡོ་རྗེ་ཕག་མོར་བསྒོམ།། འཁོར་ལོ་མཆན་ཁུང་བཅུག་བྱས་ལ།། ཧ་རི་ནི་ས་ར་ཙ་ཧྲི་ཡ། ནི་ཨ་བྲི་བ་ཤང་ཀུ་རུ་ཡེ། ལྷ་འདྲེ་མི་གསུམ་དབང་དུ་སྡུས་ཅིག། ཅེས་བཟླས། གྲུབ་རྟགས་ལྷ་འདྲེ་མི་གསུམ་འདུ། ། གའུའི་སྦྱོར་བའི་ལེའུ་སྟེ་བཅུ་གཅིག་པའོ།།།། མཁའ་འགྲོའི་སྔགས་ཀྱི་སྦྱོར་བ་ནི།། རང་ཉིད་རྡོ་རྗེ་ཕག་མོར་བསྒོམ།། སྙིང་ཁར་པདྨ་འདབ་བཞི་ལ།། ཡི་གེ་འབྲུ་བརྒྱད་བཀོད་པར་བསམ།། ཧ་རི་ནི་ས་ར་ཙ་ཧྲི་ཡ་ནི་འགུལ་འགུལ་མ་མ་ཧྲིང་ཧྲིང། མ་མ་ཁ་ཤི། མི་སྙིང་སྒུལ་སྒུལ། མི་འགྲམ་ཆོག་ཆོག། ཧྲི་ཧྲི། བསྡུས་བསྡུས། མ་མ་ཁ་ཤི་བཾ་སྭཱ་ཧཱ། འགྲོ་བ་མི་ཡི་སྙིང་དཀྱིལ་ནས།། རྣམ་ཤེས་ཉ་མིག་ལྟ་བུ་དེ།། འོད་ཟེར་དམར་པོས་དྲངས་ནས་ནི། ། རང་གི་སྙིང་ལ་བསྟིམ་པར་བྱ།། མི་སྙིང་མི་ལག་འགུལ་བར་བྱེད།། སྣང་བ་དབང་དི་འདུ་བར་བྱེད།། སྔགས་ཀྱི་སྦྱོར་བའི་ལེའུ་སྟེ་བཅུ་གཉིས་པའོ།།།། མཁའ་འགྲོ་མའི་དངོས་གྲུབ་ཆང་དགུག་པ་ནི། ། མཎྜལ་ཆོས་འབྱུང་བྲིས་པའི་སྟེང།། ཐོད་པ་མཚན་ལྡན་ཆང་གིས་དགང།། བདག་ཉིད་རྡོ་རྗེ་ཕག་མོར་བསྒོམ།། ཧ་རི་ནི་ས། ར་ཙ་ཧྲི་ཡ། སུ་ར་པ་ནི་སི་དྷི་ཕ་ལ་ཨ་ཧཱུཾ་ཛ། ཞེས་བཟླས་པའི། སྔགས་ཀྱི་འོད་ཟེར་དམར་པོ་ཡིས།། ལྷ་ཡི་བདུད་རྩི་མི་ཡི་ཆང།། ཤིང་ཐོག་མེ་ཏོག་བཅུད་བསྡུས་ནས།། ཐོད་པའི་ཆང་ལ་བསྟིམ་པར་བྱ།། དེ་ནས་འབྲུ་བཙོས་ཕབས་བཏབ་ལ།། ལངས་ནས་ཐོད་པའི་ཆང་གིས་བསིང། ། སྔགས་དང་ཏིང་འཛིན་གོང་ལྟར་བྱ།། འབྲུ་བཅུད་ཆང་དེ་འཛད་མི་འགྱུར།། ཆང་དགུག་པའི་ལེའུ་སྟེ་བཅུ་གསུམ་པའོ།།།། མཁའ་འགྲོའི་ལྷ་མོའི་མཚན་དགུག་པ་ནི།། ལྷ་མོ་མི་མོའི་གཟུགས་བྲིས་ལ། ། བྷ་གའི་ནང་དུ་འཁོར་ལོ་བྲི།། བདག་གི་འདོམས་སུ་བཅུག་ནས་ནི།། ཧ་རི་ནི་ས་ར་ཙ་ཧྲི་ཡ་པདྨ་ཁ་ན་ཁ་ན། ཡེད་ཡེད་དུད་པ་ཁ་ན་ཡེར་ཡེར་ཡུག་ཡུག། ཁད་ཁད་སྭཱ་ཧཱ། གང་ལ་བྱས་པའི་པདྨ་ལ། ། འོད་ཟེར་དམར་པོའི་མེ་ཡིས་བསྐུལ།། བདག་གི་རྡོ་རྗེའི་རྩེ་མོར་དགུག། ཚངས་པའི་བུ་མོ་ཡིན་ཡང་ཁུགས།། ཕྱག་རྒྱ་མ་དགུག་པའི་ལེའུ་སྟེ་བཅུ་བཞི་པའོ།།།། མཁའ་འགྲོ་ཆུ་ལ་མི་བྱིང་བ།། བདག་ཉིད་རྡོ་རྗེ་ཕག་མོར་བསྒོམ། ། ཆུ་ནི་ས་ཡི་སྟེང་དུ་བསམ།། རྐང་པ་རླུང་གི་དཀྱིལ་འཁོར་བསམ།། ཧ་རི་ནི་ས་ར་ཙ་ཧྲི་ཡ་ཡཾ་མ་ལ་ཧྲི་ན་སྭཱ་ཧཱ། ན་མོ་རཏྣ་ཏྲ་ཡ་ཡ་བི་ཏྲི་ཡང་སྭཱ་ཧཱ། སྔགས་དེ་ཤིང་ལ་བྲིས་བྱས་ལ། ། རང་གི་སྐེ་ལ་གདགས་བྱས་ལ།། ཆུ་དང་ས་སྟེང་འགྲོ་བ་འདྲ།། ཆུ་ལ་མི་བྱིང་བའི་ལེའུ་སྟེ་བཅོ་ལྔ་པའོ།།།། མཁའ་འགྲོ་མ་ཡི་མངོན་ཤེས་སྒྲུབ་པ་ལ།། རང་ཉིད་རྡོ་རྗེ་ཕག་མོར་བསྒོམ།། སྙིང་དཀྱིལ་ཟླ་བའི་དཀྱིལ་འཁོར་ལ། ། སྔགས་ཀྱི་འཁོར་ལོ་བསམ་པར་བྱ།། ཧ་རི་ནི་ས་ར་ཙ་ཧྲི་ཡ། ཏདྱ་ཐཱ། གྷི་པ་ཙཀྵུ་སྭཱ་ཧཱ། སྔགས་ཀྱི་འཁོར་ལོའི་འོད་ཟེར་གྱིས།། སྣང་སྲིད་ཐམས་ཅད་གསལ་བར་བསམ།། འཇིག་རྟེན་ཁམས་ཀུན་མཐོང་བ་དང། ། གཞན་གྱི་སེམས་ཀུན་ཤེས་པར་འགྱུར།། མངོན་ཤེས་འོང་བའི་ལེའུ་སྟེ་བཅུ་དྲུག་པའོ།།།། མཁའ་འགྲོའི་འབྱུང་བ་མེས་མི་འཚིག་པ། བདག་ཉིད་རྡོ་རྗེ་ཕག་མོར་བསྒོམ།། སྙིང་ཁར་ཆུ་ཡི་འཁོར་ལོ་བསྒོམ། ། ཧ་རི་ནི་ས་ར་ཙ་ཧྲི་ཡ། མེ་ཤི་དུ་ཤི་སྭཱ་ཧཱ། མེ་ཡི་གནོད་པ་བྱུང་བ་དང།། མེ་ལ་བརྟུལ་ཞུགས་བྱེད་པའི་ཚེ།། ཆུ་ཡིས་མེ་དེ་བསད་པར་བསྒོམ།། འབྱུང་བ་མེ་ཡིས་ཚིག་མི་འགྱུར།། མེས་མི་ཚིག་པའི་ལེའུ་སྟེ་བཅུ་བདུན་པའོ། །།། མཁའ་འགྲོའི་ལུས་ཀྱི་བཅུད་འཕེལ་བ།། བདག་ཉིད་རྡོ་རྗེ་ཕག་མོར་བསྒོམ།། སྲིད་པ་ཕོའི་བཅུད་ཅོང་ཞི་དང།། ད་བྱིད་སྒོ་ང་ཚ་བ་གསུམ།། སྦྲང་རྩིར་སྦྱར་ལ་བཟའ་བར་བྱ།། ཧ་རི་ནི་ས་ར་ཙ་ཧྲི་ཡ་ཤུ་ཏྲ་སྭཱ་ཧཱ། སྟོང་དུ་བཟླས་ཤིང་ཟོས་པ་ན།། བཅུད་འཕེལ་ས་བོན་བུ་ཕོར་འགྱུར།། རྒས་པ་མེད་ཅིང་ཚེ་རིང་འགྱུར།། བཅུད་འཕེལ་བའི་ལེའུ་སྟེ་བཅོ་བརྒྱད་པའོ།།།། མཁའ་འགྲོ་མ་ཡི་རྨ་སྔགས་ལ། ། མི་ལུས་རིན་ཆེན་ལྔ་ཕུང་ལ།། རྡོ་མཚོན་གྲི་དང་དབྱུག་པ་དང།། ཤ་སྣང་རྩ་དང་ཆུ་རྒྱུས་ཆོད།། ཚབས་ཆེན་ཀླད་པ་ལུག་པ་དང།། བརྡབས་དང་རུས་པ་ཆག་པ་དང།། ཁྱི་རྨ་ལ་སོགས་སྔགས་འདི་འཚོ། ། ཧ་རི་ནི་ས། ཁྲེ་བས་ཨན་ལི་སྦལ་ཞི་ཁྲག་ཆོང་སྭཱ་ཧཱ། ཚ་ཚ་ཡི་ཞབས་ཀྱི་ས་དང།། རུས་ཆེན་ཐལ་བ་སྦྱར་ནས་ནི།། བྱིས་པའི་ཆུ་དང་སྦྱར་ལ་བྱུག། རྣལ་འབྱོར་སྤྱོད་པ་བྱེད་པ་ལ།། གཞན་གྱིས་བརྡགས་ཀྱང་འདི་ཡིས་འཚོ། ། ལུས་ཀྱི་རྨ་གསོ་བའི་ལེའུ་སྟེ་བཅུ་དགུ་པའོ།།།། མཁའ་འགྲོ་མའི་མཛེ་གསོ་བ་ནི།། བདག་ཉིད་རྡོ་རྗེ་ཕག་མོར་བསྒོམ།། གུ་གུལ་ནག་པོ་གླ་རྩི་དང།། ཤུ་དག་ནག་པོ་ཤིང་ཀུན་དང། ། བདུད་རྩི་དྲི་ཆེན་མར་ནག་སྦྱར།། ཧ་རི་ནི་ས་ར་ཙ་ཧྲི་ཡ་ནཱ་ག་ནཱ་ག་མཱ་ར་ཡ་ཁུག། ནཱ་ག་མ་ར་ཡ་སོད། སྔགས་དེ་རྫས་ལ་བཏབ་བྱས་ལ། ཁོང་དུ་བཏང་ཅིང་བྱུག་པར་བྱ།། ཕག་སྐད་ངུར་ཞིང་བརྟུལ་ཞུགས་བྱ། ། ཀླུ་རྣམས་ཟས་སུ་ཟ་བར་བསམ།། མཛེ་པོ་རྐང་ལག་ཆད་ཀྱང་འཚོ།། མཛེ་གསོ་བའི་ལེའུ་སྟེ་ཉི་ཤུ་པའོ།།།། མཁའ་འགྲོ་མའི་ཞོ་ཆང་བསྲུང་བ་ནི། རང་ཉིད་རྡོ་རྗེ་ཕག་མོར་བསྒོམ།། རྡེའུ་དཀར་ནག་ཕབས་ལ་ནི། ། ཧ་རི་ནི་ས་ར་ཙ་ཧྲི་ཡ་མ་ཧཱ་མ་ཤི་ཁ་ཉི་སྭཱ་ཧཱ། བརྒྱ་འམ་སྟོང་དུ་བཟླས་ནས་ནི།། ཞོ་འམ་འོ་མའི་སྣོད་དུ་གཞུག། ཆང་ལ་ཕབས་སུ་བཏབ་ལ་བཏང།། ངེས་པར་ཐུབ་པར་ཐེ་ཚོམ་མེད།། ཞོ་ཆང་བསྲུང་བའི་ལེའུ་སྟེ་ཉེར་གཅིག་པའོ། །།། མཁའ་འགྲོ་མའི་སྲིའུ་བསྲུང་བའི་མན་ངག་ལ།། རྡོ་རྗེ་ཕག་མོའི་བསྙེན་པ་རྫོགས་པ་ཡིས།། སྔགས་དང་བསྲུང་བའི་འཁོར་ལོ་ཡིས།། སེང་ལྡེང་ཕུར་པ་སྔགས་བཟླས་པ།། ཕག་མོའི་སྐུ་རུ་བསྒོམས་ལ་གདགས། ། བསྲུང་སྐུད་དམར་པོ་སྔགས་མདུད་ཅན།། གྲི་གུག་རྡོ་རྗེ་འཕྲེང་བར་བསམ།། སྲིའུའི་ལུས་ལ་གདགས་པར་བྱ།། ཧ་རི་ནི་ས་ར་ཙ་ཧྲི་ཡ། པུ་ཏྲ་བུ་ལ་རཀྵ་རཀྵ། ཞེས་བཟླས་པར་བྱ། གཏོར་མ་གཏང་ཞིང་མཁའ་འགྲོ་མཆོད།། ལོ་ཡི་དུས་ན་གཏང་རག་གཏང།། སྲིའུ་སོས་པར་ཐེ་ཚོམ་མེད།། སྲིའུ་གསོ་བའི་ལེའུ་སྟེ་ཉེར་གཉིས་པའོ།།།། མཁའ་འགྲོ་མའི་སེར་བ་བསྲུང་བ་ནི། བདག་ཉིད་རྡོ་རྗེ་ཕག་མོར་བསྒོམ། ། ཁ་ནས་རླུང་དང་འཚུབ་མ་ཡིས།། སྤྲིན་དང་འབྱུང་བ་གཏོར་བར་བསམ།། སྡིགས་མཛུབ་བསྒྲེངས་ལ་མཛུབ་རིགས་བྱ།། ཧ་རི་ནི་ས་ར་ཙ་ཧྲི་ཡ་ཆེར་ཡ་ཆུར་ཡཱ་ར་མ་ནི་མཱ་ར་ཡ་ཤིག་བཟློག། ཅེས་བཟླས། སེར་བ་ཆར་པར་འགྱུར་ནས་འགྲོ།། སེར་བ་བཟློགས་པའི་ལེའུ་སྟེ་ཉེར་གསུམ་པའོ།།།། མཁའ་འགྲོས་འཆི་བ་བཟློག་པ་ནི།། བདག་ལ་ན་ཚ་དྲག་པོ་དང།། འཆི་ལྟས་ལ་སོགས་བྱུང་ཙམ་ན། ། གཏོར་ཚོགས་བཟང་པོས་མཁའ་འགྲོ་བསྐང།། བསྟོད་ཅིང་གསོལ་བ་གདབ་པར་བྱ།། བདག་ཉིད་རྡོ་རྗེ་ཕག་མོར་བསྒོམ།། མཁའ་འགྲོ་དཔའ་བོ་དཔའ་མོ་ཡིས།། བདུད་དང་གཤིན་རྗེའི་ལག་ནས་ནི།། བདག་གི་བླ་ཚེ་བཀུག་ནས་ནི། ། རང་གི་སྙིང་ལ་བསྟིམ་པར་བསམ།། ཧ་རི་ནི་ས་ར་ཙ་ཧྲི་ཡ། ཨ་ཡུ་ཚེ་ཨ་ཡུ་པ་རུ་མི་ཏ་བྲུཾ་སྭཱ་ཧཱ། ཞེས་བཟླས་ཅིང་བསྟིམ།། ཚེ་ཉམས་ཚེ་ཟད་དུས་མིན་འཆི།། བཟློག་པར་འགྱུར་བར་ཐེ་ཙོམ་མེད། ། འཆི་བ་བཟློག་པའི་ལེའུ་སྟེ་ཉེར་བཞི་པའོ།།།། མཁའ་འགྲོས་རྨི་ལམ་ངན་པ་བཟློག་པ་ནི།། བདག་ལ་རྨི་ལམ་ངན་པ་ན།། ལངས་ལ་མཁའ་འགྲོ་མཆོད་པར་བྱ།། བདག་ཉིད་རྡོ་རྗེ་ཕག་མོར་བསྒོམ།། ཧ་རི་ནི་ས་ར་ཙ་ཧྲི་ཡ། པ་ར་ཙ་ཏྲ་ཨ་པ་ན་ཡ་རྨི་ལམ་ངན་པ་བྷྱོ་བཟློག་བྷྱོ། ཞེས་སྟོང་བཟླས་ནས། ཐལ་མོ་ལན་གསུམ་བརྡབ་པར་བྱ།། དེ་ནས་རྨི་ལམ་འཁྲུལ་སྣང་ལ།། ངན་དང་བཟང་བ་མེད་པར་བསྒོམ། ། རྨི་ལམ་ལྟས་ངན་ཐམས་ཅད་བཟློག། རྨི་ལམ་ངན་པ་བཟློག་པའི་ལེའུ་སྟེ་ཉེར་ལྔ་པའོ།།།། མཁའ་འགྲོས་ལམ་གྱི་འཇིགས་པ་བཟློག་པ་ལས།། དགྲ་ལ་སོགས་པ་བཟློག་པ་ནི།། བདག་ཉིད་ལམ་དུ་ཞུགས་པའི་ཚེ། ། བདག་ཉིད་རྡོ་རྗེ་ཕག་མོར་བསྒོམ།། དགྲ་དང་མི་མཐུན་ཐམས་ཅད་ཀུན།། བདག་ཉིད་མདུན་དུ་ལྕགས་ཀྱི་ཕག་མོ་བདུན།། ཐམས་ཅད་ཟ་ཡིན་འགྲོ་བར་བསམ།། ཧ་རི་ནི་ས་ར་ཙ་ཧྲི་ཡ་ཐར་ནུ་ཐར་ནུ་དགྲ་རྐུན་འབྱུང་པོ་ཆིངས། ཆེ་དགྲ་ཆུང་དགྲ་ཆིངས། མཚོན་གྱི་རྩེ་ཆིངས། ཞེས་བརྒྱ་རྩ་བརྒྱད་བཟླས་ལ་འགྲོ།། དགྲ་དང་ཆོམ་རྐུན་ཐམས་ཅད་བཟློག། ལམ་གྱི་འཇིགས་པ་བཟློག་པའི་ལེའུ་སྟེ་ཉེར་དྲུག་པའོ། །།། མཁའ་འགྲོས་ཕྱོགས་ངན་བཟློག་པ་ནི།། རང་ཉིད་གར་འགྲོའི་ཕྱོགས་ཀྱི་སར།། ཐེམ་པའི་ཕྱི་ལོགས་ཐོན་པ་དང།། ས་ལ་མདའ་གཞུའི་གཟུགས་བྱས་ལ།། མཆོག་མ་རྡོག་པས་མནན་ནས་ནི། ། བདག་ཉིད་རྡོ་རྗེ་ཕག་མོར་བསྒོམ།། ལྕགས་ཀྱི་མདའ་གཞུ་བཀང་ནས་ནི།། གར་འགྲོའི་ས་རུ་འཕངས་པ་ཡིས།། ཤུལ་ལམ་སྔོན་ལ་བྱུང་བ་དང།། ཕྱོགས་ངན་ས་རུ་བརྡེག་པར་སྒོམ།། ཧ་རི་ནི་ས་ར་ཙ་ཧྲི་ཡ་མ་ཧཱ་ཐ་ན་ཧཱུཾ་ཕཊ། ཉི་ཤུ་རྩ་གཅིག་བཟླས་ནས་ནི།། ས་རིས་རྡོག་པས་བསུབས་ལ་འགྲོ།། དོན་དང་བསམ་པ་འགྲུབ་པར་འགྱུར།། ཕྱཽགས་ངན་བཟློག་པའི་ལེའུ་སྟེ་ཉེར་བདུན་པའོ།།།། མཁའ་འགྲོ་མའི་མིག་མཐོང་པྲ་དབབ་པ། འུག་པའི་མིག་དང་སྦུག་པོའི་མིག། བྱི་ལའི་མིག་དང་པུ་ཤུད་མིག། ཁྱེའུ་འཐུང་བའི་ནུ་ཞོ་དང།། མེ་ལོང་ནང་དུ་སྦྱར་ནས་ནི།། རང་ཉིད་རྡོ་རྗེ་ཕག་མོར་བསྒོམ།། ཧ་རི་ནི་ས་ར་ཙ་ཧྲི་ཡ་ཙཀྵུ་ཙཀྵུ་མ་ཧཱ་ཧ་ར། བཛྲ་ཙཀྵུ་པྲ་བེ་ཤ་ཕཊ། ཅེས་སུམ་སྟོང་བཟླས་ནས་མིག་ལ་བྱུགས་ན། སྲིད་པ་གསུམ་གྱི་ལྷ་འདྲེ་མཐོང་བར་འགྱུར་རོ།། གཞན་གྱི་མིག་ལ་བྱུགས་ན་ཡང།། ལྷ་འདྲེ་ཐམས་ཅད་མཐོང་བ་དང།། ལེགས་ཉེས་ཐམས་ཅད་མཐོང་བར་འགྱུར། ། མིག་མཐོང་གི་ལེའུ་སྟེ་ཉེར་བརྒྱད་པའོ།།།། མཁའ་འགྲོ་མའི་འགོ་ནད་བཟློག་པ་ལ། བདག་ཉིད་རྡོ་རྗེ་ཕག་མོར་བསྒོམ།། ཤུ་དག་ནག་པོ་ཡུང་བ་དང།། བཙན་དུག་གུ་གུལ་ནག་པོ་བཞི། ། སྦྱར་ལ་སྔགས་འདི་བཟླས་པར་བྱ།། ཧ་རི་ནི་ས་ར་ཙ་ཧྲི་ཡ། བྷར་ཞི་བྷུར་ཞི་ནན། པྲ་མོ་ནན། ཞི་ན་ཡག་མོ་བྷྱོ། དམ་བྷྱོ། སྙིང་གཟེར་བྷྱོ། འབྲམ་གཟེར་བྷྱོ། འབྲུམ་གཟེར་བྷྱོ། རྒྱུག་གཟེར་བྷྱོ། ལྷོག་གཟེར་བྷྱོ། རིགས་གཟེར་བྷྱོ། སོད་སོད་འདྲེ་མཱ་ར་ཡ་འདྲེ་ཁ་ཐམ། ཆེ་གེ་མོ་ལ་སྲུངས་ཤིག་སྲུངས་ཤིག། སྲུངས་ཤིག་སྲུངས་ཤིག། རྫས་དེ་གང་ལ་བཏགས་པ་དེས།། རིམས་ནད་ཆར་ལྟར་བབས་ཀྱང་ཐུབ། ། རིགས་ནད་འགོ་ནད་བཟློག་པའི་ལེའུ་སྟེ་ཉེར་དགུ་པའོ།།།། ལུས་ལ་ཤ་རོ་དབྱུང་བ་ནི།། གནམ་སྲུང་དཀར་པོ། ས་སྲུང་ནག་པོ། བར་སྲུང་ཁྲ་བོ་གསུམ་ལ་ནི།། བདག་ནི་རྡོ་རྗེ་ཕག་མོར་བསྒོམ། ། ཧ་རི་ནི་ས་ར་ཙ་ཧྲི་ཡ། ལ་ནི་ལ་པྲཾ་སྲུཾ། སེང་གེ་ལ་གྱ་གྱུ། ཆུ་སེར་གྱི་བུ་མོ། ཧོར་གལ་གྲོངས་གྲོངས། ཞེས་བཟླས་ནས་ནི། རང་གི་མཆུ་ཡིས་ཆུ་སེར་འཇིབ།། རྫས་གསུམ་ཕག་ཚིལ་སྦྱར་ལ་བྱུག། ཤ་རོ་གར་བྱུང་ཐོན་པར་འགྱུར། ། ཤ་རོ་དབྱུང་བའི་ལེའུ་སྟེ་སུམ་ཅུ་པའོ།།།། ཕན་གདགས་པའི་ལས་ཚོགས་ཀྱི་སྐབས་ཏེ་གཉིས་པའོ།།།། དེ་ནས་ཡང་དག་བཤད་བྱ་བ།། ཡི་དམ་མཁའ་འགྲོའི་ཞལ་ལྟ་ན། ། རབ་ཏུ་དབེན་པའི་གནས་དག་ཏུ།། མཎྜལ་བྱི་དོར་བྱས་ནས་ནི།། བདུད་རྩི་ལྔ་ཡིས་ཆག་ཆག་གདབ།། རྡོ་རྗེ་ཕག་མོའི་སྐུ་གཟུགས་དགྲམ།། ཕྱི་ནང་མཆོད་པས་མཉེས་པར་བྱ།། དང་པོ་སྐུ་གཟུགས་ལ་སེམས་གཟུང་ལ། ། དེ་ལ་གསལ་བར་ཟིན་པ་དང།། བདག་ཉིད་རྡོ་རྗེ་ཕག་མོར་བསྒོམ།། ཧ་རི་ནི་ས་ར་ཙ་ཧྲི་ཡ་ཌཱ་ཀི་ནཱི་ཌཱ་ཀི་ནཱི། ཛྷོ་ཀི་ནི་ཛྷོ་ཀི་ནི། ཕོབ་ཕོབ་སྟོན་སྟོན། ཅེས་བཟླས་པ་འབུམ་ཕྲག་རྫོགས་པ་དང།། མཁའ་འགྲོའི་གཟུགས་རྣམས་མཐོང་བ་དང། ། ལུང་སྟོན་ཆོས་འཆད་བྱེད་པ་འོང།། ཡི་དམ་ལྷའི་ཞལ་ལྟ་བའི་ལེའུ་སྟེ་སོ་གཅིག་པའོ།།།། མཁའ་འགྲོའི་བྱིན་རླབས་དབབ་པ་ནི།། ཕྱི་ནང་མཆོད་པ་བཤམས་ནས་ནི། ། མཁའ་འགྲོ་བསྟོད་མཆོད་མཉེས་པར་བྱ།། སློབ་མ་བདུན་དུ་བཞག་ནས་ནི།། བདག་ཉིད་རྡོ་རྗེ་ཕག་མོར་བསྒོམ།། ཐུགས་ནས་མཁའ་འགྲོ་རྣམ་བཞི་བཏོན།། སློབ་མའི་མདུན་ན་གར་བྱེད་བསམ།། ཧ་རི་ནི་ས་ར་ཙ་ཧྲི་ཡ་ནི་རུ་རི་པ་སྙིང་ནི་སངས་ཧཱུཾ། སྔགས་ཀྱི་འོད་ཟེར་འཕྲོས་པ་ཡིས།། སློབ་མ་འབར་ཅིང་གར་བྱེད་བསམ།། འགྲོ་བ་ཐམས་ཅད་འཕར་བར་བྱེད།། བྱིན་རླབས་དབབ་པའི་ལེའུ་སྟེ་སུམ་ཅུ་གཉིས་པའོ། །།། མཁའ་འགྲོ་མའི་བསྲུང་བ་གདགས་པ་ནི།། བདག་ཉིད་རྡོ་རྗེ་ཕག་མོར་བསྒོམ།། སྔགས་ཀྱི་འཁོར་ལོ་བྲིས་ནས་ནི།། དཔའ་བོ་དཔའ་མོར་བྱིན་བརླབས་ནས།། རང་དང་གཞན་ལ་གདགས་པར་བྱ།། ཧ་རི་ནི་ས་ར་ཙ་ཧྲི་ཡ་ནི་རུ། ཆེ་གེ་མོ་ལ་སྲུངས་ཤིག་སྲུངས་ཤིག། ཅེས་པ་བཟླས། བསྲུང་སྐུད་དམར་པོ་སུམ་སྒྲིལ་ལ།། སྔགས་མདུད་བྱས་ལ་རྡོ་རྗེར་བསམ།། སེང་ལྡེང་ཕུར་པ་སོར་བཞི་ལ།། སྔགས་བཟླས་ཕག་མོར་བསམས་ལ་གདགས། ། གདོན་དང་ནད་ལས་གྲོལ་བར་འགྱུར།། བསྲུང་བའི་ལེའུ་སྟེ་སོ་གསུམ་པའོ།།།། ས་འོག་ས་སྟེང་ས་བླ་ཐམས་ཅད་ལྟ་བར་འདོད་ན། ཤིང་གཅིག་གི་སར་ཕྱིན་ལ། ཞ་ཉེའི་རྐོང་བུ་རུ། རོ་རས་ལ་སྡོང་བུ་བྱ། ། མིའི་ཞུན་ལ་མར་ཁུ་བྱས་ལ་མེ་མར་བཏང། ཐོད་པ་གཅིག་གིས་ཁ་བཅད། ཐོད་པ་གསུམ་ལ་སྒྱེད་བུ་བྱ། རང་རྡོ་རྗེ་ཕག་མོར་བསྒོམ། ཧ་རི་ནི་ས་ར་ཙ་ཧྲི་ཡ། སརྦ་འདོད་སྟོན། ཕེཾ་ཕེཾ་ཕེཾ། སྔགས་འདི་ཁྲི་བཟླས། དེ་ནས་མི་རྐང་གཉིས་ཀྱི་ནང་ནས་མིག་ལྟའོ།། དུད་པ་རང་གི་དྲི་ཆུ་དང་སྦྱར་ལ་མིག་ལ་བསྐུའོ།། དེས་ས་འོག་ས་སྟེངས་ས་བླ་ཐམས་ཅད་སལ་ལེ་མཐོང་ངོ།། མིག་མཐོང་གི་ལེའུ་སྟེ་སོ་བཞི་པའོ། །།། མཁའ་འགྲོ་མས་རྒྱལ་པོ་ཆེན་པོ་དབང་དུ་བསྡུ་བ་ནི། འཁོར་ལོ་ཕོ་འཁོར་མོ་འཁོར་བྲི།། རྒྱལ་པོ་འཁོར་བཅས་མིང་བྲིས་ལ།། འཁོར་ལོ་ཟངས་ཀྱི་གབ་རྩེར་བཞུག། བདག་ཉིད་རྡོ་རྗེ་ཕག་མོར་བསྒོམ། ། ཧ་རི་ནི་ས་ར་ཙ་ཧྲི་ཡ། ར་ཛཱ་ཙཀྲ་ཧྲི་ཏི་པ་ཤང་ཀུ་རུ་སྭཱ་ཧཱ། ཞེས་བཟླས་པ་འབུམ་དུ་བྱ། ཟངས་ཀྱི་གབ་རྩེ་ཚོན་སྐུད་དམར་པོས་ཅིངས། བདག་གི་རྐང་པ་གཡོན་པའི་འོག་ཏུ་གཞུག། སྔགས་བཟླས་རྒྱལ་པོ་འཁོར་བཅས་རྣམས། ། བདག་གི་བཀའ་འོག་གནས་པར་བསམ། ངེས་པར་བདག་གི་དབང་དུ་འདུ།། རྒྱལ་པོ་དབང་དུ་བསྡུ་བའི་ལེའུ་སྟེ་སོ་ལྔ་པའོ།།།། མཁའ་འགྲོས་ཕོ་བྲང་གྲོང་ཁྱེར་གཡོ་བར་བྱ་བ་ནི། འཁོར་ལོ་ཕོ་འཁོར་མོ་འཁོར་བཅའ། ། གྲོང་ཁྱེར་གཙོ་འཁོར་མིང་བྲིས་ལ།། འཁོར་ལོ་ཟངས་ཀྱི་ག་འུར་གཞུག། བདག་ཉིད་རྡོ་རྗེ་ཕག་མོར་བསྒོམ།། ཧ་རི་ནི་ས་ར་ཙ་ཧྲི་ཡ་ནི་སརྦ་མ་ནུ་ཙཀྲ་ཧྲི་ཏི་པ་ཤཾ་ཀུ་རུ་སྭཱ་ཧཱ། གབ་ཙེ་རྐང་པའི་འོག་ཏུ་གཞུག། སྔགས་ཀྱི་འོད་ཟེར་དམར་པོ་ཡིས།། གྲོང་ཁྱེར་འཁོར་བཅས་དབང་བསྡུས་བསམ།། བདག་གི་བྲན་བཞིན་བཀའ་ཉིན་བསམ།། ངེས་པར་དབང་དུ་འདུས་བར་འགྱུར།། གྲོང་ཁྱེར་གཡོ་བའི་ལེའུ་སྟེ་སོ་དྲུག་པའོ། །།། མཁའ་འགྲོས་བཙུན་མོ་དབང་དུ་བསྡུ་བ། འཁོར་ལོ་ཕོ་འཁོར་མོ་འཁོར་བཅས།། བཙུན་མོ་བུད་མེད་མིང་བྲྀས་ལ།། འཁོར་ལོ་ཟངས་ཀྱི་ག་འུར་གཞུག། བདག་ཉིད་རྡོ་རྗེ་ཕག་མོར་བསྒོམ། ། ཧ་རི་ནི་ས་ར་ཙ་ཧྲི་ཡ་པདྨ་མ་ནུ་ཙཀྲ་ཧྲི་ཏི་ཨ་པ་ན་ཡ་པ་ཤང་ཀུ་རུ་སྭཱ་ཧཱ། གབ་རྩེ་རྐང་གཡོན་འོག་ཏུ་གཞུག། ཡང་ན་འདོམས་སུ་བཅུག་ལ་བཟླས།། སྔགས་ཀྱི་འོད་ཟེར་དམར་པོ་ཡིས།། བཙུན་མོ་བུད་མེད་རྣམ་ཤེས་དགུག། དབང་འདུས་དངོས་སུ་འཁྲིས་སུ་ཡོང།། བཙུན་མོ་གཡོ་བའི་ལེའུ་སྟེ་སོ་བདུན་པའོ།།།། མཁའ་འགྲོ་མའི་རྩོད་པ་རྒྱལ་འདོད་ན། བདག་ཉིད་རྡོ་རྗེ་ཕག་མོར་བསྒོམ།། ལྕེ་འོག་མགྲོན་བུ་སྒྲམ་པ་གཞུག། ལྕེ་ནི་གོས་དཀར་མོ་རུ་བསམ།། ཕྱོགས་བཞིར་གོམ་པ་བཞི་བོར་ལ།། ཧ་རི་ནི་ས་ར་ཙ་ཧྲི་ཡ་པ་ཏི་ཀ་སྭཱ་ཧཱ། ཞེས་བཟླས་ན་གཞན་དང་རྩོད་པ་ལས་རྒྱལ་བར་འགྱུར་རོ།། ཧ་རི་ནི་ས་ར་ཙ་ཧྲི་ཡ་རང་ན་ཏ་མི་ན་སྭཱ་ཧཱ། ཀར་ཤ་པ་ཎ་ལ་བརྒྱ་རྩ་བརྒྱད་བཟླས། མཆན་དུ་བཅུག་གམ་བཏགས་ན་རྒྱན་ལས་རྒྱལ་བར་འགྱུར་རོ།། ཧ་རི་ནི་ས་ར་ཙ་ཧྲི་ཡ་པུཥཌི་ཀུ་རུ་ཡ་ན་སྭཱ་ཧཱ། ས་ལ་བཏབ་ལ་མདུན་ནས་གཏོར། ། ཞལ་ཆེ་ལས་ནི་བདག་རྒྱལ་འགྱུར།། གཞན་དང་རྩོད་པ་ལས་རྒྱལ་བའི་ལེའུ་སྟེ་སོ་བརྒྱད་པའོ།།།། མཁའ་འགྲོས་རྟ་ཕྱུགས་ནོར་སྲུང་ན།། རས་སམ་གྲོ་ག་ཤོག་བུ་ལ།། ལྕེ་སྤྱང་ཁ་ཕྱི་ལོགས་སུ་གཟུགས་བྲིས་ལ། ། ཁོང་པར་སྔགས་རྣམས་འཁོར་བར་བྲེ།། དཀྱིལ་དུ་གང་བསྲུང་མི་རྣམས་བྲི།། ཧ་རི་ནི་ས་ར་ཙ་ཧྲི་ཡ། ཨཱ+ོཾ་ཨཱ+ོཾ་ཆོམས་རྐུན་ཆིངས་ཙག་ཁྲུ་མུ་ཁཾ། བན་དྷ་བན་དྷ་སྭཱ་ཧཱ། ནོར་སྲུངས་ཤིག། སྭཱ་ཧཱ། ཨཱ+ོཾ་ཨཱ་ཧཱུཾ། དགྲ་བགེགས་འབྱུང་པོ་ཁ་ཐམ་ཁ་ཐཾ། ཞེས་ཁ་ལ་བྲིས། ཏིང་འཛིན་ལྕེ་སྤྱང་ཁོག་པ་རུ།། ནོར་རྣམས་ཆུད་པར་བསམ་པར་བྱ།། མཛོད་དང་ར་བར་གཟུགས་པར་བྱ།། སྟོར་རླག་རྐུན་མོ་རྒྱུན་ཡང་འཆད། ། མལ་དུ་བཙུགས་ན་བུད་མེད་ཐུབ།། ལུས་ལ་བཅངས་ན་དགྲ་ཡང་ཐུབ།། རྟ་ཕྱུགས་ནོར་སྲུངས་ལེའུ་སྟེ་སོ་དགུ་པའོ།།།། ཐུན་མོང་གི་ལས་མཐའ་དགུའི་སྐབས་ཏེ་གསུམ་པའོ།།།། དེ་ནས་ཡང་དག་བཤད་བྱ་བ། ། མཁའ་འགྲོའི་མཐུ་ཡི་བྱ་ཐབས་ལ།། དབེན་པའི་གནས་སུ་འདུག་ནས་ནི།། དཀྱིལ་འཁོར་མདའ་གང་གྲུ་བཞི་ལ།། དབུས་སུ་གྲུ་གསུམ་ཁྲུ་གང་བརྐོ།། གྲི་བོར་ཤི་བའི་ཐོད་པ་ལ།། འཁོར་ལོ་རྩིབས་བཞི་བྲིས་བྱས་ལ། ། ར་ཙ་ཧྲི་ཡ་བྲི་བར་བྱ།། གྲི་མོར་ཤི་བའི་ཐོད་པ་ལ།། ཧ་རི་ནི་ས་ཞེས་པ་བྲི།། ནང་དུ་གྲི་བོ་གྲི་མོ་ཡི།། སྙིང་གཤགས་ནང་དུ་ལིང་ག་གཞུག། བདག་ཉིད་རྡོ་རྗེ་ཕག་མོར་བསྒོམ།། ཡུངས་ཀར་ཡུངས་ནག་དག་ལ་བསྔགས། ། ཕོ་ཐོད་བསམ་ལ་ཐུན་གྱིས་བྲབ།། ཧ་རི་ནི་ས་ར་ཙ་ཧྲི་ཡ་དགྲ་བོ་ཆེ་གེ་མོ་མཱ་ར་ཡ་ཙིཏྟ་སྙིང་ལ་རྦུད། ཅེས་པ་བཟླས། གྲུབ་རྟགས་ལིང་ག་འཚེག་པ་འོང།། ལིང་ག་བཏོན་ལ་ཕུར་པས་གདབ། ། སྦྱིན་སྲེག་བྱས་ལ་མནན་པ་བྱ།། ཚངས་པའི་ཚེ་དང་ལྡན་ཡང་འཆི།། མཐུའི་ལས་ཀྱི་ལེའུ་སྟེ་བཞི་བཅུ་པའོ།།།། མཁའ་འགྲོ་མའི་གཏད་ཁྲམ་ལ། གྲོ་ག་གཙང་མ་དག་ལ་ནི།། དགྲའི་ལིང་ག་མཚལ་དང་ཀླུ་སྨན་སྦྱར་ལ་བྲི། ། དྲིལ་ལ་ལ་ཆའི་སྦལ་པར་གཞུག། ཡང་ན་གླང་རུའི་ནང་དུ་གཞག། བདག་ཉིད་རྡོ་རྗེ་ཕག་མོར་བསྒོམ།། ཧ་རི་ནི་ས་ར་ཙ་ཧྲི་ཡ་ན་ག་ར་ཙ་ས་མ་ཡ་དགྲ་བོའི་སྙིང་ལ་དམ་ཛ་ཛ། དགྲ་བོའི་ལུས་ལ་སྦྲུལ་གྱིས་ཟ་བར་བསྒོམ། ། ཞག་གསུམ་བསྒྲུབས་ལ་ཀླུ་ལ་གཏད།། གང་ལ་བྱས་པ་མཛེ་ཡིས་འཁྱེར།། ཡང་ན་དགྲ་ཡི་ལིང་ག་དང།། ཟག་པ་རྫས་དང་བཅས་པ་རྣམས།། ཐོད་པ་མཚན་ངན་ནང་དུ་གཞུག། ཧ་རི་ནི་ས་ར་ཙ་ཧྲི་ཡ། ཡ་མ་རག་ཤ་སྟམ་བྷ་ཡ་ནན། དུར་ཁྲོད་ལྷ་འདྲེ་འཚོགས་སར་མནན།། གང་ལ་བྱ་བ་མོད་ལ་འཆི།། གཏད་ཀྱི་ལེའུ་སྟེ་ཞེ་གཅིག་པའོ།།།། མཁའ་འགྲོའི་ཐོག་སེར་དབབ་པ་ནི། ། ཡུངས་ཀར་ཡུངས་ནག་ཐུན་རྫས་ལ།། ཞག་གྲངས་ཉི་ཤུ་རྩ་གཅིག་བཟླས།། བདག་ཉིད་རྡོ་རྗེ་ཕག་མོར་བསྒོམ།། ཧ་རི་ནི་ས་ར་ཙ་ཧྲི་ཡ། ཡ་མ་རཱ་ཛ་གིང་ཀ་ར་ནཱ་ག་རཱ་ཛ་ཤར་ཕོབ། རག་ཤ་ཧ་ལ་ཕྲོཾ་ཕོབ་ཡ། རག་མོ་རྩ་པ་ལ་ཧྲིལ་ཧྲིལ་ཕོབ་ཡ། དུ་པ་ཀ་རི་ཡ་མྱགས་མྱགས། ཕོབ་ཡ། ས་མ་ཡན་ཐུན་བྷྱོ། ཧྲིཾ་ཛ། གྲུབ་རྟགས་སེར་བ་དངོས་སུ་འོང།། གང་འདོད་ས་རུ་ཐུན་གཏོར་བས།། ཆུ་འཁྱག་སེར་བ་གློ་བུར་འབབ། ། སེར་བའི་ལེའུ་སྟེ་ཞེ་གཉིས་པའོ།།།། མཁའ་འགྲོས་སྨྱོ་རུ་གཞུག་པ་ནི།། གྲོ་ག་ཤོག་བུ་དག་ལ་ནི།། རླུང་གི་ཤ་བའི་ཁོག་པ་རུ།། འཁོར་ལོ་བྲིས་ལ་མིང་རུས་བྲི།། སྨྱོ་འབོགས་ཐོད་པར་འཁོར་ལོ་གཞུག། བདག་ཉིད་རྡོ་རྗེ་ཕག་མོར་བསྒོམ།། ཐང་ཕྲོམ་ཐུན་གྱིས་བྲབ་པར་བྱ།། ཧ་རི་ནི་ས་ར་ཙ་ཧྲི་ཡ་ཆེ་གེ་མོ་ཨུན་མ་ཏ་ཡ་ཕཊ། སྨྱོ་བའི་ཤ་ལ་སྦྱིན་སྲེག་བྱ།། དགྲ་དེ་སྨྱོ་ཞིང་འབོག་ཅིང་འཆི།། སྨྱོ་རུ་གཞུག་བའི་ལེའུ་སྟེ་ཞེ་གསུམ་པའོ། །།། མཁའ་འགྲོ་མ་ཡི་ཉེ་འབྱེད་ལ།། བྱ་རོག་འུག་པའི་ལྟོ་བ་རུ།། སྔགས་ཀྱི་འཁོར་ལོ་བྲིས་བྱས་ལ།། དགྲ་བོའི་མིང་རུས་དབུས་སུ་བཞག། བྱ་རོག་འུག་པའི་གུང་རུ་དང། ། ཚོན་སྐུད་སྔོན་པོས་བཅིངས་བྱས་ནས།། ལྷ་དང་འབྱེད་ན་ལྷ་རྟེན་འོག། དགྲ་བོ་ནང་འབྱེད་རྒྱུ་སྲང་འོག། བཟའ་མི་ནང་འབྱེད་ཐེམ་པའི་འོག། ཡུལ་ཁམས་འབྱེད་ན་རླུང་ལ་ཕྱར།། ཧ་རི་ནི་ས་ར་ཙ་ཧྲི་ཡ་ཨ་ནི་ཏྲག་ཤག་ཕྱེ། ཤ་ཏྲུཾ་མཱ་ར་ཡ་ཕྱེ། ནི་ཆེ་གེ་མོའི་ཙིཏྟ་དཀྲུགས་དཀྲུགས། ཤག་ཕྱེ་ཤག་ཕྱེ། ཞེས་བཟླས་ལ་སྦྱར། གང་འདོད་ངེས་པར་འགྲུབ་པར་འགྱུར།། ཉེ་འབྱེད་ཀྱི་ལེའུ་སྟེ་ཞེ་བཞི་པའོ།།།། མཁའ་འགྲོ་མའི་ཟོར་གྱི་བྱ་ཐབས་ནི། ། ཐོད་པ་མཚན་ངན་ནང་དུ་ནི།། དམར་གྱི་གཏོར་མ་ཆེན་པོ་བཤམས།། གང་ལ་བྱ་བའི་ལིང་ག་གཞུག། དམར་གྱི་གཏོར་མས་མཁའ་འགྲོ་མཆོད།། ལིང་ག་དགྲ་བོ་དངོས་སུ་བསམ།། མཁའ་འགྲོས་དངོས་སུ་བསྒྲལ་བར་བསམ། ། ཡུངས་ཀར་ཡུངས་ནག་ཟངས་ཕྱེ་ལ།། དྲག་པོས་ཐུན་རྫས་བྱས་ལ་བརྡེག། བདག་ཉིད་རྡོ་རྗེ་ཕག་མོར་བསྒོམ།། ཐུན་རྫས་མཚོན་ཆའི་ཚོགས་སུ་བསྒོམ།། སྔགས་ནི་མཁའ་འགྲོའི་དམོད་པར་ཡིན། ། ཧ་རི་ནི་ས་ར་ཙ་ཧྲི་ཡ་ཌཱ་ཀི་ནི་རག་མོ་ཁ་ལ་ཁ་ཙེ་དགྲ་བོ་མ་ར་ཡ་ཐུན་བྷྱོ། དགྲ་བོའི་སྙྀང་ཁྲག་ཚལ་པ་ཐུན་བྷྱོ། དགྲ་བོའི་སྙིང་ཁྲག་བཾ་རིལ་ཐུན་བྷྱོ། དགྲ་བོའི་སྙིང་ཁྲག་ཧུར་བུ་ཐུན་བྷྱོ། ཞེས་བརྡེག་གོ། གཏོར་མ་ཁོལ་དང་ལིང་ག་འཚེག། རྟགས་བྱུང་གཏོར་ཐུན་དགྲ་ཕྱོགས་འཕངས།། ཉེ་ན་ཁང་པ་མཁར་ལ་བདེག། མྱུར་དུ་ཕུང་བར་གདོན་མི་ཟ།། ཟོར་ཐུན་གྱི་ལེའུ་སྟེ་ཞེ་ལྔ་པའོ།།།། མཁའ་འགྲོ་མའི་ལྟས་ངན་བཏང་བ་ནི། བདག་ཉིད་རྡོ་རྗེ་ཕག་མོར་བསྒོམ།། རྫས་ནི་ཆུ་གཙང་ཟངས་གཞོང་གང།། བ་བླ་གླ་བའི་ཀླད་པ་དང།། སྙྀང་དང་རྐང་དང་སྤུ་དང་ནི།། འུག་པ་ཝ་སྤྲེའུ་ཁྱི་ནག་གི། ཀླད་པ་སྙིང་དང་རྐང་དང་སྤུ། ། བསྲེས་ལ་ཆུ་ཡི་ནང་དུ་གདབ།། སྔགས་འདི་ཁྲི་རུ་བཟླས་བྱས་ན།། ཆུ་ཡི་ནང་གི་རྫས་ལ་གདབ།། དགྲ་ཡི་ཁང་ཟུར་ནང་དུ་གཏོར།། ཧ་རི་ནི་ས་ར་ཙ་ཧྲི་ཡ། ཧོ་ལ་ཀང་ཤེའུ་རེའུ་ཧཱུཾ། ཏྲ་ཏོ་ཡ་ཤིའུ་རེའུ་ཧཱུཾ། གོ་རི་ཤིའུ་རེའུ་ཧཱུཾ། ཙི་ཏ་ཤིའུ་རེའུ་ཧཱུཾ། ཀས་ཏེ་ཤིའུ་རེའུ་ཧཱུཾ། ཞེས་པའི་སྔགས། བ་བླ་ལས་ནི་འོད་དུ་སྣང།། གླ་བ་འུག་པ་ཝ་སྤྲེའུ་ཁྱི།། སེམས་ཅན་ལྔ་པོ་ཁྱིམ་དུ་འོང།། གང་ལ་བྱ་བ་བྲེད་ཅིང་སྔངས།། ལྟས་ངན་གྱི་ལེའུ་སྟེ་ཞེ་དྲུག་པའོ། །།། མཁའ་འགྲོ་མའི་བྱ་དམག་དབབ་པ་ནི། བདག་ཉིད་རྡོ་རྗེ་ཕག་མོར་བསྒོམ།། བྱ་རོག་སྙིང་ནི་སྙོམ་པར་གཞུག། ཉི་མའི་ཟེར་ལ་ཤར་དུ་ཁ་བལྟས་ལ།། ཧ་རི་ནི་ས་ར་ཙ་ཧྲི་ཡ། བྱ་གྷུ་ལྡི་མ་ཏི་དུན། ཁ་ཁ་གུ་ལིང་མ་ཏི་ཆུམ། ཁ་ཁ་གུ་ལ་མ་ཏི་ཀྵམ། བྱ་གུ་ལིང་མ་ཏི་ཤལ། ཁ་ཁ་སྙིང་དུན་དུན། ཁ་ཁ་མ། སྙིང་དུན་དུན། བྱ་གུ་ལིང་མ་ཏི་ཆུམ། ཞེས་བཟླས། རྫས་ནི་མདའ་ཕོ་རོག་མ། གླ་རྩི་ཁྱི་ཤ་ཁྱི་ཁྲག་དང། ། རྟ་ཁྲག་མུ་ཟི་ཚི་བ་དང།། ཡུངས་ཀར་སྦྱར་ལ་མདའ་ལ་བྱུག། དགྲ་ཡི་ཁྱིམ་གྱི་ཐོག་ཏུ་གཏོར།། སྔགས་ནི་ཁྲི་ཙམ་བཟླས་པ་དང།། བྱ་ནི་སྔོན་དུ་ཁུགས་པ་དང།། ཆང་ཕུད་གཙང་མའི་ནང་དུ་ནི། ། བྱ་སྙིང་བདར་ལ་གཏོར་བར་བྱ།། དགྲ་ལ་བྱ་དམག་ཕོབ་ཅིག་ཅེས་བརྗོད། དགྲ་བོའི་སྟེང་དུ་བྱ་དམག་འབེབས།། བྱ་དམག་དབབ་པའི་ལེའུ་སྟེ་ཞེ་བདུན་པའོ།།།། མཁའ་འགྲོ་མའི་ཁྱི་དམག་དྲང་པ་ལ། ཝ་ཡི་ཤ་ཁྲག་སྤྱང་ཁུའི་ཚིལ།། ཁྱི་ཤ་ཁྱིའི་ཚིལ་ཁྲག་མི་ཤ་དང་ཁྲག་ཚིལ། རྟ་ཤ་རྟ་ཁྲག་རྟའི་ཚིལ།། སྦུར་པ་བྱང་བ་གླ་རྩི་རྣམས།། སྦྱར་ལ་སྔགས་ཀྱིས་གདབ་པར་བྱ།། ཧ་རི་ནི་ས་ར་ཙ་ཧྲི་ཡ་ཀུ་ཀུར་ཙ་ཁ་ཁ་ཁང་ཁང་ཀང་ཀང་ཀྱེང་ཀྱེང་ཟུགས་ཟུགས་དགྲ་བོ་ཆེ་གེ་མོ་ལ་ཁྱི་དམག་ཕོབ། ཅེས་རྡོ་རྗེ་ཕག་མོར་བསྒོམས་ལ་བཟླས་སོ།། རྫས་དེ་དགྲ་བོའི་སྒོ་རེ་བ་ལ་བྱུགས་ལ། རེ་བཞི་ཡ་ཐེམ་ཁར་རྫས་ཀྱི་ཐུམ་པོ་སྦས་ལ་བཞག། ཁྱི་རྣམས་ཐམས་ཅད་འདུས་ནས་ནི།། སྒོ་ལ་ཁ་གཏད་ངུ་ཞིང་ཟའོ།། ཁྱི་དམག་དྲང་བའི་ལེའུ་སྟེ་ཞེ་བརྒྱད་པའོ།།།། མཁའ་འགྲོ་མའི་ཞིང་སེལ་ནི།། རབས་ཆད་ཐོད་པ་མཚན་ངན་དུ།། མཁའ་འགྲོའི་ཕོ་འཁོར་མོ་འཁོར་བྲི། ། ལྷ་འདྲེ་རྣམས་ཀྱི་སྔགས་ཀྱིས་བསྐོར།། བཛྲ་སན་ཏི་ཡ། མ་ཏི་ཡ། ཁ་ཏ་ཡ། ཤན་ཀུ་རུ་ཡ། ཞུང་ཡང། ཏྲི་ཤ་མེ་ཀ་ཡ། བཛྲ་ས་པ་ཡ། བཛྲ་བོང་ཡ། བཛྲ་ར་ཏྲི་ཡ། བཛྲ་མ་ཞུང་ཡ། བཛྲ་ར་ཏྲི་ཡ། ཏྲི་མ་ར་ཡ། ཙུ་ཏ་ནི་ཙ་ཏྲ་ཡ། མཱ་ར་ན་ཏྲི་ཙ་ཡ། ཏྲི་ལན་དུ་ཡ། རུ་ལ་ན་ཏྲི་ཡ། ཞེས་ལྷ་འདྲེའི་སྔགས་ཀྱིས་བསྐོར།། ཐོད་པའི་ནང་དུ་བྲ་བོ་དང།། སྲེན་མ་ཚིགས་མ་སྦང་སྐམ་བླུག། བདག་ཉིད་རྡོ་རྗེ་ཕག་མོར་བསྒོམ། ། ཧ་རི་ནི་ས་ར་ཙ་ཧྲི་ཡ། ཆེ་གེ་མོའི་ཞིང་ལ་ཧབ་ཐོབ་ལེ་ཧོབ་ལེ། སྐམས་སྐམས་ཚིགས་ཚིགས་སྭཱ་ཧཱ། ཞེས་བཟླས་པར་བྱས་ལ། ཐོད་པ་རེ་བས་གྲིལ་ནས་ནི།། ཞིང་གི་དཀྱིལ་དུ་གཞུག་པར་བྱ།། ལོ་ཏོག་སྐྱེ་བའི་རྒྱུན་ཡང་འཆད། ། མུ་ཟི་ཚུར་ནག་བུལ་ཏོག་དང།། ཁྱི་ཡི་འོ་མ་སྦྱར་བྱས་ནས།། ཐག་པ་ལ་ནི་བྱུགས་ནས་སུ།། སྙེ་མའི་ཚིགས་ལ་བྱུགས་པ་ན།། མིག་མིའི་ཆགས་ཤིང་སྙེ་ལོར་འགྲོ།། མཚུར་ནག་དུད་པ་ཚིག་མ་དང། ། ཕ་བ་གོ་གོ་ལ་བོན་དུ་བསྲེ།། རྟ་དང་ཆུ་དང་སྦྱར་ནས་ནི།། ཐག་པ་ལ་ནི་རྫས་བྱུགས་ནས།། བཞར་ནས་སྙེ་མ་བོན་དུད་འགྲོ།། ཨ་ཅང་སྡིག་ཆེ་བྱ་བ་མེད།། ཞིང་སེལ་གྱི་ལེའུ་སྟེ་ཞེ་དགུ་པའོ།།།། མཁའ་འགྲོ་མའི་ཁང་སེལ་ནི། ཞིང་སེལ་བཞིན་དུ་འཁོར་ལོ་བྲི།། རབས་ཆད་ནག་པོའི་ཐོད་པ་རུ།། ལྷ་ཁང་རྙིང་པའི་སྐོར་རྫས་དང།། རྒྱལ་པོ་ཆགས་པའི་རྟེན་རྫས་དང།། ཕུང་ཤུལ་ཁང་པའི་ས་སྣ་དང། ། བཀྲ་མི་ཤིས་པའི་རྫས་སྣ་ཚོགས།། བླུག་ལ་རེ་བས་གྲིལ་ནས་ནི།། བདག་ཉིད་རྡོ་རྗེ་ཕག་མོར་བསྒོམ།། ཧ་རི་ནི་ས་ར་ཙ་ཧྲི་ཡ། ཆེ་གེ་མོ་ཁ་ཕུང་གནམ་སྟིབ་སོད་སོད་རྦད་རྦད་དཀྲུགས་དཀྲུགས། ལིང་ལིང་ཆོམ་ཆོམ་རྦད། ཅེས་པ་ཞག་གསུམ་བྱ། ཐོད་པ་ཁང་པའི་རྨད་དུ་གཞུག། ཁང་པ་རྨད་ནས་འགྱེལ་བ་དང།། ཁྱིམ་ཕུང་བརྡལ་ནག་འཆི་བར་འགྱུར།། ཁང་སེལ་གྱི་ལེའུ་སྟེ་ལྔ་བཅུ་པའོ།།།། མཁའ་འགྲོ་མའི་དུར་སེལ་ནི། འཁོར་ལོ་ཞིང་སེལ་བཞིན་དུ་བྲི།། ཕང་སྲི་ཕག་ཐོད་ཁྱི་ཐོད་གཞུག། རུས་ཤེད་ཐོད་པ་མཚན་ངན་དུ།། དགྲ་བོའི་ཕ་མེས་བུ་ཚ་དང།། མི་རབས་བདུན་རྒྱུད་མིང་བྲིས་གཞུག། རང་ཉིད་རྡོ་རྗེ་ཕག་མོར་བསྒོམ། ། ཧ་རི་ནི་ས་ར་ཙ་ཧྲི་ཡ། ཆེ་གེ་མོ་རོ་ལ་ཁྱི་ཁྱེ། ཤུ་ཏྲུཾ་རོ་ལ་ཁྲག་འཐུངས། དུར་དཀྲུགས་ཕུང་སྲི་སློངས།། བདུན་རྒྱུད་རྩད་ཆོད་དྲུངས་ཕྱུང། ཞེས་བཟླས། ཐོད་པ་དུར་དུ་ཁྱེར་ནས་ནི།། དུར་གྱི་དབུས་སུ་སྒྱེད་ཁར་གཞུག། དུར་སྲི་ཕུང་སྲི་གཤིན་སྲི་ལ།། གཏོར་མ་གཏང་ལ་འཕྲིན་ལས་བཅོལ།། ཕ་ཚན་རྩ་བ་འཆད་པར་འགྱུར།། དུར་སེལ་གྱི་ལེའུ་སྟེ་ང་གཅིག་པའོ།།།། མཁའ་འགྲོ་མའི་ལྐུགས་སུ་གཞུག་པ་ནི། ལྐུགས་པའི་ཐོད་པར་འཁོར་ལོ་བྲི། ། དབུས་སུ་དགྲ་བོའི་ལིང་ག་ལ།། ལྕེ་ཡི་དབང་པོ་ཕྱིར་བཏོན་ལ།། ཆེ་གེ་མོ་ཨ་ཏི་པ་ར་ངག་ནན། ཨ་མུ་ཀམ་ལྐུགས་སུ་ཆུག། ཅེས་བྲི། མུ་ཟི་ནག་པོ་མཚུར་ནག་བྱུག། བདག་ཉིད་རྡོ་རྗེ་ཕག་མོར་བསྒོམ། ། ཧ་རི་ནི་ས་ར་ཙ་ཧྲི་ཡ། གོང་གི་སྔགས་ཀྱི་ཤམ་བུར་གདགས།། སེང་ལྡེང་ཕུར་པ་སོར་བཞི་ལ།། སྔགས་བཟླས་ལྕེ་ལ་གདབ་པར་བྱ།། ས་བདག་ལྐུགས་པ་ཡོད་སར་མནན།། ངེས་པར་དགྲ་བོ་ལྐུགས་པར་འགྱུར། ། ལྐུགས་སུ་གཞུག་པའི་ལེའུ་སྟེ་ང་གཉིས་པའོ།།།། མཁའ་འགྲོས་རེངས་སུ་གཞུག་པ་ནི།། སུག་པ་མུ་ཟི་ལྡོང་རོས་དང།། མཚུར་ནག་བཙན་དུག་དུད་པ་དང།། བསྲེ་འབྲས་སྤྱང་དུག་སྦྱར་བར་བྱ། ། སྦྱོར་ཚེ་རང་གི་སྣ་བུག་ཏུ།། ར་ཚིལ་བ་མར་བསྐུ་བར་བྱ།། རང་གི་ལུས་ལ་མི་འདུལ་བསྲེལ།། རང་ཉིད་རྡོ་རྗེ་ཕག་མོར་བསྒོམ།། ཧ་རི་ནི་ས་ར་ཙ་ཧྲི་ཡ། ཀྱིང་ཀྱིང་རིངས་རེངས། ཧ་ད་ཧ་ད་ཧེད་ཧེད། དུ་ན་མ་ཡ་མཱ་ར་ཡ་ཆིངས། ཞེས་རྫས་ལ་བཟླས་སོ།། རང་གི་སྣ་བུག་རྫས་ཀྱིས་བསྲུང།། དགྲ་ཡི་གདོང་དུ་སྲིབ་ཀྱིས་གདབ།། དགྲ་བོ་རེངས་པར་གདོན་མི་ཟ།། རེངས་སུ་གཞུག་པའི་ལེའུ་སྟེ་ང་གསུམ་པའོ། །།། མཁའ་འགྲོ་མས་རྨུགས་སུ་གཞུག་པ་ནི། གཏི་མུག་ཕག་གི་ཐོད་པ་རུ།། དགྲ་བོའི་ལིང་ག་བཅུག་ནས་ནི།། དུག་སྣ་ཁྲག་སྣ་གུ་གུལ་དང།། ཡུངས་ཀར་ཡུངས་ནག་རྫས་རྣམས་ལ།། བདག་ཉིད་རྡོ་རྗེ་ཕག་མོར་བསྒོམ། ། གཏི་མུག་ཕག་གི་ལྟོ་བ་ན།། དགྲ་བོ་རྨུགས་ཤིང་མྱོས་པར་བསམ།། སྔགས་ཀྱི་འཁོར་ལོ་དྲག་ཏུ་བསྐོར།། ཧ་རི་ནི་ས་ར་ཙ་ཧྲི་ཡ། ཆེ་གེ་མོ་མྱོས་མྱོས། བྱིང་བྱིང་མྱོག་མྱོག་ཐིབ་ཐིབ་ཐུལ་ཐུལ་རྨུགས་རྨུགས། ཞེས་ཐུན་གྱིས་བྲབ་ཅིང་འཁོར་ལོ་བསྐོར། བྲག་ནག་དམུ་ཡི་རྟེན་སར་མནན།། དགྲ་བོ་མྱོས་ཤིང་གཉིས་དུ་འབྱིང།། མྱོས་སུ་གཞུག་པའི་ལེའུ་སྟེ་ང་བཞི་པའོ། །།། མཁའ་འགྲོའི་རྡེབ་པར་བྱ་བ་ནི།། རང་ཉིད་རྡོ་རྗེ་ཕག་མོར་བསྒོམ།། མགོ་ལོ་རྡོ་རྗེ་ཡོད་པར་བསྒོམ།། རླུང་གཟུང། ཧ་རི་ནི་ས་ར་ཙ་ཧྲི་ཡ། ཞེས་བཟླས། མི་དང་སྲོག་ཆགས་ཐམས་ཅད་ལ།། མགོ་ཡི་རྡོ་རྗེས་རྡུངས་བ་ཡིས། ། ཐམས་ཅད་བརྒྱལ་དང་རེངས་པར་འགྱུར།། རྡོ་ཤིང་བེམ་པོ་ཐམས་ཅད་ནི།། འོད་དང་ན་བུན་ལྟ་བུར་བསམ།། དེ་ལ་བརྡུངས་པས་ཐོག་མེད་བསམ།། བྲག་འགས་རྡོ་ཆག་ཐམས་ཅད་འཇོམས། ། བགེགས་གནོད་ནད་པ་ཚབས་ཆེན་ལ།། ཕག་མོའི་ཏིང་འཛིན་གསལ་བ་ཡིས།། ཕག་སྐད་ངུར་ཅིང་བརྡུང་བར་བྱ།། རྒྱལ་འགོང་ལ་སོགས་གདོན་བགེགས་འདུལ།། དབུ་རྡེབ་ཀྱི་ལེའུ་སྟེ་ང་ལྔ་པའོ། །།། ཚར་བཅད་བགེགས་འདུལ་བའི་སྐབས་ཏེ་བཞི་པའོ།།།། དེ་ནས་ཡང་དག་བཤད་བྱ་བ།། ལྷ་འདྲེ་ཕོ་མོ་དཔུང་བསྐྱེད་པའི།། ཡི་གེ་ལ་ནི་ལས་བརྒྱད་དེ།། བརྟུལ་ཞུགས་དྲག་པོས་དཔུང་བསྐྱེད་པ། ། རང་ཉིད་རྡོ་རྗེ་ཕག་མོར་བསྒོམ།། རྩལ་ཆེན་སེང་གེའི་བརྟུལ་ཞུགས་ཀྱིས།། རིག་པའི་རྩལ་བསྐྱེད་གདེང་དང་ལྡན།། ཉམ་ང་མེད་པའི་བརྟུལ་ཞུགས་བྱ།། དཔའ་བ་སྟག་གི་བརྟུལ་ཞུགས་ཀྱིས།། རིག་པ་དཔའ་བསྐྱེད་ང་རྒྱལ་གྱིས། ། དཔའ་གསུམ་རིག་པའི་བརྟུལ་ཞུགས་བྱ།། གཏུམ་པ་དོམ་གྱི་བརྟུལ་ཞུགས་ཀྱིས།། རིག་པ་གཏུམ་ཁྲོས་ཐོགས་མེད་པས།། ཁྲོས་པའི་ཡིད་ཀྱིས་བརྟུལ་ཞུགས་བྱ།། ཟུག་པ་ཁྱི་ཡི་བརྟུལ་ཞུགས་ཀྱིས། ། ཡེངས་མེད་རང་བྱུང་རང་ཤར་བས།། མ་ཡེངས་མེལ་ཚེའི་བརྟུལ་ཞུགས་བྱ།། གདུག་པ་སྦྲུལ་གྱི་བརྟུལ་ཞུགས་ཀྱིས།། ཞེ་སྡང་ཆེན་པོའི་ཡེ་ཤེས་ཀྱིས།། དགྲ་བགེགས་གདུལ་བའི་བརྟུལ་ཞུགས་བྱ། ། བརྟུལ་ཞུགས་དྲག་པོས་སྤྱད་པ་ཡིས།། དགྲ་བགེགས་དུག་ལྔ་གདུལ་བར་བྱ།། བརྟུལ་ཞུགས་ཀྱི་ལེའུ་སྟེ་ང་དྲུག་པའོ།།།། མཁའ་འགྲོས་ལྷ་ཡི་དཔུང་བསྐྱེད་པ།། རང་ཉིད་རྡོ་རྗེ་ཕག་མོར་བསྒོམ།། ཡེ་ཤེས་མཁའ་འགྲོས་ནམ་མཁའ་གང། ། རྡོ་རྗེ་མཁའ་འགྲོ་དཔའ་བོའི་ཚོགས།། རིན་ཆེན་མཁའ་འགྲོ་དཔའ་བོ་དང།། པདྨ་མཁའ་འགྲོ་དཔའ་བོ་དང།། ལས་ཀྱི་མཁའ་འགྲོ་དཔའ་བོ་དང།། སྤྲུལ་པའི་མཁའ་འགྲོ་དཔའ་བོས་བར་སྣང་གང། ། དམ་ཚིག་མཁའ་འགྲོ་དཔའ་བོ་དང།། འཇིག་རྟེན་མཁའ་འགྲོ་དཔའ་བོ་དང།། ཐམས་ཅད་མཁའ་འགྲོ་དཔའ་བོ་དང།། ལོག་འདྲེན་མཁའ་འགྲོ་དཔའ་བོ་དང།། ལས་ཀྱི་མཁའ་འགྲོས་ས་གཞི་གང། ། ཀུན་ཀྱང་མཁའ་འགྲོའི་རང་བཞིན་ལས།། དགྲ་བགེགས་བྱ་བའི་མིང་ཡང་མེད།། ལུས་ནི་ལྷ་ཡི་དཔུང་དང་ལྡན།། ངག་ནི་སྔགས་ཀྱི་དཔུང་དང་ལྡན།། ཡིད་ནི་ཆོས་ཉིད་དཔུང་དང་ལྡན། ། དགྲ་བགེགས་ཉོན་མོངས་འཇོམས་པ་ཡིན།། ལྷའི་དཔུང་བསྐྱེད་པའི་ལེའུ་སྟེ་ལྔ་བཅུ་རྩ་བདུན་པའོ།།།། མཁའ་འགྲོས་གླུ་ཡི་དཔུང་བསྐྱེད་པ།། མཁའ་འགྲོ་མ་ཡི་གླུ་ཚིག་ནི།། ཧཱུཾ། རང་བཞིན་མེད་པའི་རང་བཞིན་ལས། ། སྐྱེས་ལ་མ་སྐྱེས་རྒྱས་བཏབ་པས།། འཁོར་བ་ཟིལ་གྱིས་ནོན་པ་ཉིད།། འདི་ནི་རྣལ་འབྱོར་དམ་པའི་ལམ།། རྡོ་རྗེ་རིགས་ཀྱི་མཁའ་འགྲོའི་གླུ།། ཨཱ+ོཾ་བཛྲ་ཏི་ཏེ་ཧཱུཾ། ཏེ་ན་ཏེ་ཏེ་ཧཱུཾ། ཧཱུཾ། གཉིས་མེད་ཡེ་ཤེས་བདེ་ཆེན་པོ། ། ཉམས་སུ་མྱོང་བ་བྱས་པ་ཉིད།། རོ་རྣམས་སྤྱོད་པ་གསལ་བྱས་ནས།། རི་ཁྲོད་བུ་མོ་འབྱུང་བར་འགྱུར།། རིན་ཆེན་མཁའ་འགྲོ་མ་ཡི་གླུ།། རཏྣ་ཏེ་ཏེ་ཧཱུཾ། ཏེ་ན་ཏེ་ཏེ་ཧཱུཾ། ཧཱུཾ། ཐམས་ཅད་འཁོར་ལོས་བསྐོར་བྱས་ན། ། ལོངས་སྤྱོད་བདེ་ཆེན་བླ་ན་མེད།། དེ་མཐོང་བ་ཡིས་བདག་རྒྱལ་ནས།། སྔོན་ཆད་འཕམ་བྱེད་དགྲ་ལས་རྒྱལ།། པདྨ་མཁའ་འགྲོ་མ་ཡི་གླུ།། པདྨ་ཏེ་ཏེ་ཧཱུཾ། ཏེ་ན་ཏེ་ཏེ་ཧཱུཾ། ཧཱུཾ། རྡོ་རྗེ་རིགས་ལ་སེམས་བསྐྱེད་ཅིང། ། རིན་ཆེན་རིགས་ལ་དབང་མཆོག་ཐོབ།། པདྨ་ཤེས་རབ་བླ་ན་མེད།། ལས་ཀྱི་ཆོས་དབྱིངས་དག་པར་འགྱུར།། ལས་ཀྱི་མཁའ་འགྲོ་མ་ཡི་གླུ།། ཧཱུཾ། ཀརྨ་ཏེ་ཏེ་ཧཱུཾ། ཏེ་ན་ཏེ་ཏེ་ཧཱུཾ། ཧཱུཾ། ལས་ཀྱི་ཕྱག་རྒྱ་བདེ་བ་རྒྱས། ། ཆོས་ཀྱི་ཕྱག་རྒྱ་སྟོང་པ་རྒྱས།། ཕྱག་རྒྱ་ཆེན་པོས་བདག་སངས་རྒྱས།། དམ་ཚིག་ཕྱ་རྒྱ་གཞན་དོན་འབྱུང།། འདི་ནི་ཐམས་ཅད་མཁའ་འགྲོའི་གླུ།། སརྦ་ཏེ་ཏེ་ཧཱུཾ། ཏེ་ན་ཏེ་ཏེ་ཧཱུཾ། ཧཱུཾ། དུར་ཁྲོད་ཆེན་པོའི་གནས་ཉིད་དུ། ། དྲི་ཆེན་དྲི་ཆུ་ཁུ་བ་དང།། ཁྲག་དང་ཤ་ལ་རབ་སྤྱད་ན།། འདི་ནི་དམ་ཚིག་རྒྱལ་པོར་འགྱུར།། དམ་ཚིག་མཁའ་འགྲོ་མ་ཡི་གླུ།། ས་མ་ཡ་ཏེ་ཏེ་ཧཱུཾ། ཏེ་ན་ཏེ་ཏེ་ཧཱུཾ། ཧཱུཾ། རྣལ་འབྱོར་ཕོ་མོ་བདེ་སྤྱོད་ནི། ། འཇིགས་མེད་ངོ་ཚ་མེད་པར་སྤྱོད།། རེ་དོགས་མེད་པར་སྤྱོད་པ་ནི།། ཏིང་འཛིན་ལས་ནི་འབྱུང་བར་འགྱུར།། འཇིག་རྟེན་མཁའ་འགྲོ་མ་ཡི་གླུ།། ལོ་ཀ་ཏེ་ཏེ་ཧཱུཾ། ཏེ་ན་ཏེ་ཏེ་ཧཱུཾ། ཧཱུཾ། ཤ་ཟ་ལྟ་བུའི་སྤྱོད་པས་འགྲོ། ། གདོལ་པ་ལྟ་བུའི་ཟས་ཀྱིས་འཚོ།། རྟེན་མེད་སེམས་ནི་ནམ་མཁའ་འདྲ།། བླ་མ་བཟང་པོ་བརྟེན་ལས་བྱུང།། ལོག་འདྲེན་མཁའ་འགྲོ་མ་ཡི་གླུ།། བི་ཤ་ཏེ་ཏེ་ཧཱུཾ། ཏེ་ན་ཏེ་ཧཱུཾ། ཧཱུཾ། གང་ལ་གང་གིས་རྒྱས་བཏབ་པ། ། དེ་དང་དེ་ཡི་ངོ་བོས་གྲོལ།། རྒྱས་བཏབ་གསུམ་གྱི་བདེ་བ་ཆེ།། དབུགས་དབྱུང་བ་ཡི་མཆོག་ཏུ་གསུངས།། འདི་ནི་སངས་རྒྱས་མཁའ་འགྲོ་གླུ།། བུད་དྷ་ཏེ་ཏེ་ཧཱུཾ། ཏེ་ན་ཏེ་ཏེ་ཧཱུཾ། མཁའ་འགྲོ་མ་ཡི་གླུ་བླངས་པས། ། མ་ལ་བུ་འབོད་བཞིན་དུ་འོང།། གླུའི་དཔུང་གི་ལེའུ་སྟེ་ང་བརྒྱད་པའོ།།།། མཁའ་འགྲོ་མའི་སྔགས་ཀྱི་དཔུང་བསྐྱེད་པ་ནི། ཨཱ+ོཾ་སརྦ་བུད་དྷ་ཌཱ་ཀི་ནི་ཡེ་ཧཱུཾ་ཕཊ། བཛྲ་ཌཱ་ཀི་ནི་ཡཻ་ཧཱུཾ་ཕཊ། རཏྣ་ཌཱ་ཀི་ནི་ཡེ་ཧཱུཾ་ཕཊ། པདྨ་ཌཱ་ཀི་ནི་ཡེ་ཧཱུཾ་ཕཊ། ཀརྨ་ཌཱ་ནི་ཡེ་ཧཱུཾ་ཕཊ། ས་མ་ཡ་ཌཱ་ཀི་ནི་ཡེ་ཧཱུཾ་ཕཊ། སརྦ་ཌཱ་ཀི་ནི་ཡེ་ཧཱུཾ་ཕཊ། བི་ཤ་ཌཱ་ཀི་ནི་ཡེ་ཧཱུཾ་ཕཊ། ལོ་ག་ཌཱ་ཀི་ནི་ཡེ་ཧཱུཾ་ཕཊ། སངས་རྒྱས་མཁའ་འགྲོ་རྡོ་རྗེ་མཁའ་འགྲོ་དང། ། རིན་ཆེན་མཁའ་འགྲོ་པདྨ་མཁའ་འགྲོ་དང།། ལས་ཀྱི་མཁའ་འགྲོ་དམ་ཚིག་མཁའ་འགྲོ་དང།། ཐམས་ཅད་མཁའ་འགྲོ་ལོག་འདྲེན་མཁའ་འགྲོ་དང།། འཇིག་རྟེན་མཁའ་འགྲོ་རྣམས་ཀྱི་དཔུང་བསྐྱེད་ནས། ། འཁའ་འགྲོ་ཐམས་ཅད་བཀའ་བཞིན་ལས་བྱེད་འགྱུར།། སྔགས་ཀྱི་དཔུང་བསྐྱེད་པའི་ལེའུ་སྟེ་ང་དགུ་པའོ།།།། མཁའ་འགྲོས་འབྱུང་བཞི་དཔུང་བསྐྱེད་པ།། ཧ་ནི་ས་སྟེ་སངས་རྒྱས་སྤྱན།། རི་ནི་མེ་སྟེ་གོས་དཀར་མོ། ། ནི་ནི་ཆུ་སྟེ་མ་མ་ཀི། ས་ནི་རླུང་སྟེ་དམ་ཚིག་སྒྲོལ།། ནམ་མཁའ་ཀུན་ཏུ་བཟང་མོའི་དབྱིངས།། ཧ་ནི་རྡོ་རྗེ་མཁའ་འགྲོ་རླུང།། རི་ནི་རིན་ཆེན་མཁའ་འགྲོ་མེ།། ནི་ནི་པདྨ་མཁའ་འགྲོ་ཆུ།། ས་ནི་ལས་ཀྱི་མཁའ་འགྲོ་ས། ། ཧཱུཾ་ནི་དམ་ཚིག་མཁའ་འགྲོ་ཉི་མ།། ཕཊ་ནི་འཇིག་རྟེན་མཁའ་འགྲོ་ཟླ་བ།། ཨཱ+ོཾ་ཧ་རི་ནི་ས་ཧཱུཾ་ཕཊ། ཡི་གེ་བདུན་པ་བཟླས་པ་ཡིས།། འབྱུང་ལྔ་ཡུམ་ལྔ་མཁའ་འགྲོ་རྣམས།། བདག་གི་དབང་འདུས་ལས་རྣམས་བྱེད། ། འབྱུང་བ་བཞི་ཡི་དཔུང་ལ་བཞི།། གཟུགས་སྣང་ཀུན་ཏུ་འདེགས་པའི་ས།། མི་འགྱུར་ཡོངས་སུ་བརྟན་པའི་ས།། ཐམས་ཅད་བསྐྱེད་ཅིང་འབྱུང་བའི་ས།། སྐྱེ་ཤི་མེད་པས་ཅིས་ཀྱང་མི་ཚུགས་པའོ། ། མངོན་པར་དག་པའི་ཆུ་དང་ནི།། དག་པ་ཆོས་ཉིད་ངང་གི་ཆུ།། རླན་པ་སྡུད་པ་གཟུགས་ཀྱི་ཆུ།། འཕོ་བ་སྤྲུལ་པ་ནམ་མཁའི་ཆུ།། ཐུགས་རྗེ་ཆེན་པོ་ཡེ་ཤེས་མེ།། བྱམས་པ་ཆེན་པོ་དྲོད་འབེབས་མེ།། ཡེ་ཤེས་ཆེན་པོ་རླུང་གི་མེ། ། སྲིད་པ་འཇིག་རྟེན་སྲེག་བྱེད་མེའོ།། མི་གཡོ་ཆོས་ཉིད་རླུང་དང་ནི།། གཡོ་བར་བྱེད་པ་ཉོན་མོངས་རླུང།། འདེགས་པར་བྱེད་པ་ལས་ཀྱི་རླུང།། འཛིན་པར་བྱེད་པ་སྐྱེ་གནས་རླུང་ངོ།། འབྱུང་བཞི་དབང་དུ་འདུས་པ་ཡིས། ། མཁའ་འགྲོ་སྡེ་བཞི་དབང་དུ་འདུས།། ས་ཆུ་མེ་རླུང་འབྱུང་བ་བཞིའི་དཔུང་བསྐྱེད་པའི་ལེའུ་སྟེ་དྲུག་ཅུ་པའོ།།།། མཁའ་འགྲོས་སྦྱིན་སྲེག་དཔུང་བསྐྱེད་ལ།། བསོད་ནམས་ཚོགས་བསྐྱེད་མེ་ཚོགས་བྱ། ། མེ་ཚོགས་སྣོད་ཚོགས་གོས་ཚོགས་དང།། ཟས་ཚོགས་གཏོང་ཚོགས་བྱ་བའོ།། མེ་ཚོགས་རྒྱ་ཤུག་ལ་སོགས་ལ།། གྲུ་བཞི་བརྩིགས་ལ་མེ་སྦར་རོ།། མེ་ཡི་ནང་དུ་རྡོ་རྗེ་ཕག་མོ་བསྒོམ།། མཁའ་འགྲོའི་ཚོགས་ཀྱིས་བསྐོར་བར་བསམ། ། ཕྱེ་དང་མར་གྱིས་མཆོད་བྱའོ།། ཧ་རི་ནི་ས་ར་ཙ་ཧྲི་ཡ་ཛྭ་ལ་རམ་ཁ་ཧི། བུད་དྷ་ཌཱ་ཀི་ནི་ཛྭ་ལ་རམ་ཁ་ཧི། བཛྲ་ཌཱ་ཀི་ནི་ཛྭ་ལ་རམ་ཁ་ཧི། རདན་ཌཱ་ཀི་ནི་ཛྭ་ལ་རམ་ཁ་ཧི། པདྨ་ཌཱ་ཀི་ནི་ཛྭ་ལ་རམ་ཁ་ཧི། ཀརྨ་ཌཱ་ཀི་ནི་ཛ་ལ་རམ་ཁ་ཧི། ཞེས་པས་དབུལ་ལོ།། ཕྱེ་མར་འདོད་ཡོན་ཆར་དུ་བསམ།། ཟས་ཚོགས་ཟས་སྣ་ཐམས་ཅད་བསྲེག། གོས་ཚོགས་གོས་དང་དར་ཟབ་བསྲེག། སྣོད་ཚོགས་འབོད་ཅོག་བརྡབས་ལ་བསྲེག། ནད་པ་ལ་སོགས་འདྲེ་གདོན་ལ།། དྲག་པོའི་ཤིང་ལ་མེ་སྤར་ལ།། བྲ་ཕྱེ་མུ་ཟི་ཚ་བ་གསུམ།། ལྕགས་ཕྱེ་སྦམ་སྐམ་ཚིག་ཕྱེ་དང།། ནད་པའི་སྐྲ་ཡང་སྲེག་པར་བྱེད། ། རྫས་ཀྱིས་མེ་དང་ནད་པ་ལ་བརྡེག། འདྲེ་ལ་གང་དམིགས་ལིང་ག་བསྲེག། ནད་དང་གདོན་ཡང་ཐུབ་པར་འགྱུར།། སྦྱིན་སྲེག་དཔུང་གི་ལེའུ་སྟེ་རེ་གཅིག་པའོ།།།། མཁའ་འགྲོའི་རྫས་དང་སྔགས་ཀྱི་མཆོད་པའི་དཔུང་ནི། ཐོད་པ་མཚན་ལྡན་ཀ་པཱ་ལར།། དམ་རྫས་གཏོར་མ་བཤམས་ནས་ནི།། ཕྱི་ལྟར་སྤོས་དང་མེ་ཏོག་དང།། དྲི་ཆབ་བཤོས་གཙང་མར་མེ་རྣམས།། མཁའ་འགྲོ་རྣམས་ལ་ལྷ་མོས་དབུལ།། ནང་ལྟར་ཚིལ་ཆེན་སྤོས་ཆེན་དང། ། དབང་པོ་ལྔ་ཡི་མེ་ཏོག་དང།། རཀྟའི་ཨ་རྒཾ་དྲི་ཆུའི་ཆབ།། ཚིལ་ཆེན་མར་མེ་གཏོར་མར་འབུལ།། གསང་བ་དྲི་ཆེན་དྲི་ཆུ་དང།། བྱང་སེམས་དཀར་དམར་ཤ་ཆེན་དང།། བདུད་རྩི་རྣམ་ལྔས་མཁའ་འགྲོ་མཆོད། ། སྦྲང་རྩི་ཀླད་པ་རཀྟ་སྦྱར།། ནི་མ་ཁྱི་ཡི་ཚིལ་བུ་དང།། གླང་པོའི་མཁྲིས་པ་ལྕེ་སྤྱང་ཤ།། སྣ་ཚོགས་ཤ་སྐམ་གུ་གུལ་སྤོས།། མཁའ་འགྲོ་དམ་རྫས་རྣམས་ཀྱིས་མཆོད།། ཨཱ+ོཾ་བྷུད་དྷ་ཌཱ་ཀི་ནི། བཛྲ་ཌཱ་ཀི་ནི། རད་ན་ཌཱ་ཀི་ནི། པདྨ་ཌཱ་ཀི་ནི། ཀརྨ་ཌཱ་ཀི་ནི། ཧ་རི་ནི་ས་ར་ཙ་ཧྲི་ཡ། མ་ཧཱ་པཱུ་ཙ་ས་མ་ཡ། ཨཱ+ོཾ་ཨཿཧཱུཾ་ཁ་ཧི་ཁ་ཧི། ཞེས་ཕུལ་བ་ཡིས། མཁའ་འགྲོ་མཉེས་ཅིང་དངོས་གྲུབ་ཐོབ།། རྫས་དང་སྔགས་ཀྱི་མཆོད་པའི་དཔུང་བསྐྱེད་པའི་ལེའུ་སྟེ་དྲུག་ཅུ་རྩ་གཉིས་པའོ། །།། མཁའ་འགྲོ་མའི་རིག་པ་ཡེ་ཤེས་ཀྱི་དཔུང་བསྐྱེད་པ་ནི། རིག་པ་རང་བྱུང་རང་གནས་པ།། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཏེ།། སངས་རྒྱས་མཁའ་འགྲོའི་ངོ་བོར་གནས། ། རིག་པ་གསལ་ལ་མ་འགགས་པ།། མེ་ལོང་ལྟ་བུའི་ཡེ་ཤེས་ཏེ།། རྡོ་རྗེ་མཁའ་འགྲོའི་ངོ་བོར་གནས།། རིག་པ་མཉམ་ལ་མ་འདྲེས་པ།། མཉམ་པ་ཉིད་ཀྱི་ཡེ་ཤེས་ཏེ།། རིན་ཆེན་མཁའ་འགྲོའི་ངོ་བོར་གནས། ། རིག་པ་གསལ་ལ་མ་འདྲེས་པ།། སོ་སོར་རྟོགས་པའི་ཡེ་ཤེས་ཏེ།། པདྨ་མཁའ་འགྲོའི་ངོ་བོར་གནས།། རིག་པ་རང་ལ་ཡེ་ཤེས་གནས།། བྱ་བ་ནན་ཏན་ཡེ་ཤེས་ཏེ།། ལས་ཀྱི་མཁའ་འགྲོའི་ངོ་བོར་གནས། ། རིག་པ་ཡེ་ཤེས་རྣམ་པ་ལྔ།། མཁའ་འགྲོའི་ངོ་བོར་རྟོགས་ཙམ་ན།། ཉོན་མོངས་རྣམ་དག་ཀ་ནས་དག། རིག་པ་ཡེ་ཤེས་དཔུང་གི་ལེའུ་སྟེ་རེ་གསུམ་པའོ།།།། ལྷ་འདྲེ་ཕོ་མོ་དཔུང་བསྐྱེད་པའི་སྐབས་ཏེ་ལྔ་པའོ། །།། དེ་ནས་ཡང་དག་བཤད་བྱ་བ།། མཁའ་འགྲོས་འབྱུང་བཞིའི་རོ་སྙོམས་པ།། དེ་ལ་དྲུག་གིས་བསྟན་པ་ལ།། འཁོར་ལོ་བཞི་ལ་བརྟེན་པའི་ཡི་གེ་བཞི།། སྤྱི་གཙུག་བདེ་བའི་འཁོར་ལོ་ན།། རྩ་འདབ་སུམ་ཅུ་རྩ་གཉིས་ན། ། ཧ་ནི་རླུང་གི་རང་བཞིན་གནས།། མགྲིན་པ་ལོངས་སྤྱོད་འཁོར་ལོ་ན།། རྩ་འདབ་བཅུ་དྲུག་ཡོད་པ་ན།། རི་ནི་མེ་ཡི་རང་བཞིན་ཡིན།། སྙིང་ཁ་ཆོས་ཀྱི་འཁོར་ལོ་ན།། རྩ་འདབ་བརྒྱད་ནི་ཡོད་པ་ན། ། ནི་ནི་ཆུ་ཡི་ངོ་བོར་གནས།། ལྟེ་བ་སྤྲུལ་པའི་འཁོར་ལོ་ན།། རྩ་འདབ་དྲུག་ཅུ་རྩ་བཞི་ཡོད།། ས་ནི་ས་ཡི་ངོ་བོར་གནས།། ཡི་གེ་བཞི་ལ་འབྱུང་བཞུ་གནས།། ལུས་ཀྱི་འབྱུང་བ་ཆ་སྙོམས་བྱེད། ། འཁོར་ལོ་བཞི་ལ་བརྟེན་པའི་ཡི་གེ་བཞིའི་ལེའུ་སྟེ་རེ་བཞི་པའོ།།།། ལྷ་མོ་བསྐྱེད་པའི་ཡི་གེ་བཞི།། རང་ཉིད་རྡོ་རྗེ་ཕག་མོར་བསྒོམ།། སྤྱི་གཙུག་བདེ་ཆེན་འཁོར་ལོ་ན།། རྡོ་རྗེ་མཁའ་འགྲོ་སྐུ་མདོག་མཐིང། ། མགྲིན་པ་ལོངས་སྤྱོད་འཁོར་ལོ་ན།། རིན་ཆེན་མཁའ་འགྲོ་སྐུ་མདོག་སེར།། སྙིང་ཁ་ཆོས་ཀྱི་འཁོར་ལོ་ན།། པདྨ་མཁའ་འགྲོ་སྐུ་མདོག་དམར།། ལྟེ་བ་སྤྲུལ་བའི་འཁོར་ལོ་ན།། ལས་ཀྱི་མཁའ་འགྲོ་སྐུ་མདོག་ལྗང། ། ཕྱག་མཚན་རིགས་ཀྱི་ཕྱག་རྒྱ་འཛིན།། སྣང་ལ་རང་བཞིན་མེད་པར་བསྒོམ།། ལྷ་མོ་བསྐྱེད་པའི་ཡི་གེ་བཞིའི་ལེའུ་སྟེ་རེ་ལྔ་པའོ།།།། ལྟ་སྒོམ་བཞི་ཡི་ཡི་གེ་བཞི།། ཧ་ནི་ཕྱད་པོ་ལྟ་བའོ།། རི་ནི་འགྱུར་མེད་སྒོམ་པའོ། ། ནི་ནི་དབང་སྡུད་སྤྱོད་པ་ལ།། ས་ནི་སྲ་བརྟན་འབྲས་བུ་འོ།། ལྟ་བ་བལྟར་མེད་བྱ་འཕུར་རྗེས་མེད་འདྲ།། སྒོམ་པ་ཡེངས་མེད་ཆུ་བོ་རྒྱུན་པ་འདྲ།། སྤྱོད་པ་ཉམས་མྱོང་ཕྱིར་ཤོག་མཚོ་རྡོལ་འདྲ། ། འབྲས་བུ་སྤྱད་པས་མི་འཛད་ས་དང་འདྲ།། ལྟ་བ་གསེར་ཕུར་བཏབ་པ་འདྲ།། སྒོམ་པ་གླང་ཆེན་སྨྱཽན་པ་འདྲ།། སྤྱོད་པ་གསེར་འགྱུར་རྩི་དང་འདྲ།། འབྲས་བུ་གསེར་ཁུང་རྡོལ་བ་འདྲ།། ལྟ་བ་ཕུབ་དང་གོ་ཆ་འདྲ། ། སྒོམ་པ་མདའ་མོ་འཕེན་པ་འདྲ།། སྤྱོད་པ་འཁྲུག་པ་བྱེད་པའི་དཔའ་བོ་འདྲ།། འབྲས་བུ་མཐར་ཕྱིན་པ་རལ་གྲི་བཏབ་པ་འདྲའོ།། ལྟ་བ་རྡོ་རྗེ་ཕ་ལམ་འདྲ།། སྒོམ་པ་བུ་རམ་རོ་དང་འདྲ།། སྤྱོད་པ་གླུ་བླངས་པ་དང་འདྲ། ། འབྲས་བུ་སྨན་གྱི་སྡོང་པོ་འདྲ།། ལྟ་སྒོམ་བཞི་ཡི་ལེའུ་སྟེ་རེ་དྲུག་པའོ།།།། ཡི་གེ་འགྲོ་ལྡོག་གི་ཡི་གེ་བཞི་ནི། རང་ཉིད་རྡོ་རྗེ་ཕག་མོར་བསྒོམ།། སྤྱི་བོར་ཧ། མགྲིན་པར་རི། སྙིང་ཁར་ནི། ལྟེ་བར་ས། རྐང་མཐིལ་དུ་ཡཾ་ལས་རླུང་གི་དཀྱིལ་འཁོར། གསང་བར་མེའི་དཀྱིལ་འཁོར། རླུང་གིས་མེ་རྦར། མེ་ཡི་ཡི་གེ་བཞི་པོ་ལས། འོད་ཟེར་མེ་ལྟ་བུ་ཕྱིར་ཕོག་པས་གང་ལ་བྱ་བའི་ལུས་སེམས་འདར་ཕྲི་ལི་ལི་འདུག་པར་བསམ། འོད་ཟེར་ཚུར་འདུས་པས། ལྷ་འདྲེ་མི་གསུམ་གྱི་ལུས་ངག་ཡིད་གསུམ་དབང་དུ་འདུས་པར་བསམ་མོ།། ཡི་གེ་འགྲོ་ལྡོག་གི་ལེའུ་སྟེ་རེ་བདུན་པའོ།།།། འབྱུང་བ་རོ་སྙོམས་པའི་ཡི་གེ་བཞི་ནི། སྤྱི་བོར་ཧ་ནི་རླུང་ཡང་སྙོམས། ། མགྲིན་པར་རི་ནི་མེ་ཡང་སྙོམས།། སྙིང་ཁར་ནི་ནི་ཆུ་ཡང་སྙོམས།། ལྟེ་བར་ས་ནི་ས་ཡང་སྙོམས།། ཡི་གེ་བཞི་ལ་སེམས་གཏད་ལ།། ངག་ཏུ་ཡི་གེ་བཞི་པ་བགྲང།། འབྱུང་བཞི་སྟོད་ལ་ནོན་པ་ཡིན། ། ཕྱི་ཡི་གནོད་སྦྱིན་ཕོ་མོ་ཞི།། བར་ན་ཚ་གྲང་སྡུག་བསྔལ་ཞི།། ནང་ན་དུག་ལྔ་རྣམ་རྟོག་ཞི།། འབྱུང་བ་རོ་སྙོམས་ཀྱི་ལེའུ་སྟེ་རེ་བརྒྱད་པའོ།།།། མངོན་ཤེས་འཆར་བའི་ཡི་གེ་བཞི་ནི།། རང་ཉིད་རྡོ་རྗེ་ཕག་མོར་བསྒོམ། ། སྙིང་ནི་ཁོག་སྟོད་འོད་གསལ་ན།། མདུན་དུ་ཧ་ནི་དཀར་པོར་བསམ།། གཡས་སུ་རི་ནི་སེར་པོར་བསྒོམ།། གཡོན་དུ་ནི་ནྀ་དམར་པོར་བསྒོམ།། རྒྱབ་ཏུ་ས་ནི་ལྗང་ཁུར་བསྒོམ།། ལུས་ནི་མི་དལ་བསྒུལ་བསྐྱོད་བྱ། ། ངག་ནི་ཡི་གེ་བཞི་པ་བཟླས།། སེམས་ནི་གསལ་སྟོང་ངང་ལ་བཞག། མངོན་པར་ཤེས་པ་སེམས་ལ་འཆར།། ཉིན་མོ་མི་ཡི་ཚོགས་རྣམས་འདུ།། མཚན་མོ་མཁའ་འགྲོའི་ཚོགས་རྣམས་འདུ། ། ནང་ནུབ་ཟས་དང་ལོངས་སྤྱོད་འདུ།། ལུས་ལ་བྱིན་རླབས་ཞུགས་པས་དྲོད་སྐྱེ། ངག་ལ་བྱིན་རླབས་ཞུགས་པས་ནུས་པ་ཐོན། སེམས་ལ་བྱིན་རླབས་ཞུགས་པས་བདེ་གསལ་འཆར་རོ།། མངོན་ཤེས་འཆར་བའི་ལེའུ་སྟེ་རེ་དགུ་པའོ། །།། འབྱུང་བ་རོ་སྙོམས་པའི་སྐབས་ཏེ་དྲུག་པའོ།།།། དེ་ནས་ཡང་དག་བཤད་བྱ་བ།། ཚེ་རིང་བར་བྱེད་བའི་ཡི་གེ་བཞི།། ཕྱི་ནང་གསང་བའི་བཅུད་ལེན་ལ།། དང་པོ་ཕྱི་ཡི་བཅུད་ལེན་བཤད། ། བདུད་རྩི་ཅོང་ཞི་ཞེས་བྱ་བ།། སྲིད་པ་ཕོ་ཡི་ས་བོན་ཡིན།། དེ་ཡི་མཚན་ཉིད་བསྟན་པ་ནི།། རབ་ནི་དུང་དང་ཤེལ་ལྟར་མཁྲེགས།། འབྲིང་ནི་བ་སོའི་མདོག་འདྲ་ལ།། འབྲི་ཡི་ནུ་མའི་ཚུལ་དུ་ཡོད།། ཐ་མ་ཁ་དོག་གཟི་བ་འདྲ། ། ས་འཚམས་དག་ཏུ་བརྡལ་ནས་སྐྱེས།། དེ་ནི་བཅུད་ལེན་རྒྱུ་རུ་བཤད།། ཅོང་ཞི་ལེགས་པར་བརྡུངས་ནས་ནི།། ཨ་རུ་ར་ནི་གསེར་མདོག་དང།། ཚ་བ་གསུམ་གྱི་ཞད་རེ་བཏང།། སྦྲང་དང་བུ་རམ་སྦྱར་བྱས་ནས། ། ལྕགས་ལ་བྱས་པའི་སྣོད་དུ་བླུག། ཡང་ན་རྫ་ཡི་ནང་དུ་བླུག། དཀྱིལ་འཁོར་པདྨ་འདབ་བཞི་བྲི།། དེ་ཡི་དབུས་སུ་བདུད་རྩི་བཞག། རང་ཉིད་རྡོ་རྗེ་ཕག་མོར་བསྒོམ།། ཐུགས་ཁར་མགོན་པོ་ཚེ་དཔག་མེད། ། ཕྱག་ན་ཚེ་ཡི་བུམ་པ་འཛིན།། སྐུ་མདོག་དཀར་པོ་བསྒོམ་པར་བྱ།། བྱིན་གྱི་བརླབས་པའི་སྔགས་འདི་བཟླས།། ཧ་རི་ནི་ས་ར་ཙ་ཧྲི་ཡ་བཛྲ་སི་དྷི་ཨ་མྲི་ཏ་སི་དྷི་པེ་ལ་ལི། ཙན་དྷ་ལི་སྭཱ་ཧཱ། ཨ་མྲི་ཏ་སི་དྷི་ཙུར་སྣ་ཡ་སྭཱ་ཧཱ། སུ་ལ་ཧ་ཀ་ན། ཞེས་བཟླས་པས། ཚེ་དཔག་མེད་ཀྱི་བུམ་པ་ནས།། བདུད་རྩི་བབས་ནས་འཁྱིལ་བར་བསམ།། གྲུབ་རྟགས་རོ་མཆོག་སྣ་ཚོགས་ལྡན།། ཟོས་བས་ཚེ་ཡི་རིགས་འཛིན་ཐོབ།། སྟོབས་ནི་གླང་ཆེན་འདྲ་བ་དང། ། བུད་མེད་སྟོང་ལ་སྦྱོར་ནུས་དང།། ཟག་པ་ཟད་པས་ནམ་མཁའ་འཕུར།། ནད་དང་གདོན་ལས་ཐར་པར་འགྱུར།། ཅོང་ཞིའི་བཅུད་ལེན་གྱི་ལེའུ་སྟེ་བདུན་ཅུ་པའོ།།།། དེ་ནས་བྲག་ཞུན་བཅུད་ལེན་བསྟན། ། བདུད་རྩི་བྲག་ཞུན་ཅེས་བྱ་བ།། སྲིད་པ་མོ་ཡི་ས་བོན་ཡིན།། བྲག་ཞུན་མཚན་ཉིད་བསྟན་པ་ལ།། བྲག་ལ་ཁུ་བྲག་བཞིན་དུ་འབབ།། ཟླ་སྨད་ལ་ནི་མང་བར་འཛག། སྦྱོར་བའི་རྩི་ནི་སྦྲང་རྩི་འདྲ། ། མདོག་ནི་དམར་ལ་སྨུག་པར་འབབ།། བྲག་བྱི་མཇུག་སྡུམ་རྟག་ཏུ་ཟ།། དེ་ཡི་བཅུད་ལེན་བསྟན་པ་ནི།། བྲག་ཞུན་ཞུན་མ་རྙེད་ན་ལེགས།། དེ་ཡང་རབ་ཏུ་དཀོན་པ་ཡིན།། ཕལ་ཆེར་བྲག་བྱིའི་བྲུན་དང་འདྲེས། ། དེ་ལ་དབྱེ་བའི་མན་ངག་ནི།། བྲག་ཞུན་རྙེད་ཚད་ཆུ་ནང་བསྲིང།། དངས་མ་ཡང་ཡང་བཞུར་ནས་ནི།། ཆུ་དེ་བསྡུས་ལ་གར་སླ་ནི།། ལུག་ཞོ་ཙམ་དུ་རེད་པ་དང།། བུ་རམ་འོ་མ་སྦྲང་རྩི་དང། ། ཨ་རུ་ར་ནི་ནག་པོ་དང།། བུད་མེད་མཚན་ལྡན་པདྨའི་ཁྲག། དེ་རྣམས་སྦྱར་ལ་ཀ་པཱ་ལ།། མཚན་ལྡན་དག་ཏུ་བླུག་པར་བྱ།། མཎྜལ་པདྨ་འདབ་བཞི་བྲི།། མཎྜལ་དབུས་སུ་བཞག་ནས་ཀྱང།། རང་ཉིད་རྡོ་རྗེ་ཕག་མོ་ནི། ། སྐུ་མདོག་དམར་མོ་བསྒོམ་པར་བྱ།། སྔགས་འདིས་བདུད་རྩིར་བྱིན་གྱིས་བརླབས།། ཧ་རི་ནི་ས་ར་ཙ་ཧྲི་ཡ་ཨཱ+ོཾ་ཨཱཿཧཱུཾ། ཨ་མྲི་ཏ་ཨི་ཧཱུཾ་ཤུར་དྷེ་སརྦ་ཤོ་དྷ་ཡ། ཨ་མྲི་ཏ་སིདྷི་ཧཱུཾ། ཉི་ཤུ་རྩ་གཅིག་རབ་ཏུ་བསྒྲུབ། ། དུ་བ་རླངས་པ་ཐོན་པ་དང།། ལྷ་མོའི་གཟུགས་ནི་མཐོང་བ་དང།། མང་དུ་འཕེལ་ན་འགྲུབ་པ་ཡིན།། དེ་ཟོས་ཡོན་ཏན་བསམ་ལས་འདས།། ཚེ་རིང་ནད་མེད་བདེ་བ་རྒྱས།། མཁའ་འགྲོ་དབང་དུ་འདུ་བ་དང། ། འགྲོ་བ་བུད་མེད་དབང་དུ་འདུས།། བཀྲག་མདང་གཟི་མདངས་རྒྱས་པ་དང།། མཁའ་སྤྱོད་དག་ནི་འགྲུབ་པ་དང།། ཚེ་ཡི་རིགས་འཛིན་ཐོབ་པར་འགྱུར།། བྲག་ཞུན་བཅུད་ལེན་གྱི་ལེའུ་སྟེ་བདུན་ཅུ་རྩ་གཅིག་པའོ། །།། བདུད་རྩི་ཆུ་ཡི་བཅུད་ལེན་བསྟན།། བདུད་རྩི་ཆུ་ཞེས་བྱ་པ་ནི།། སེམས་ཅན་ཀུན་གྱི་གསོས་ཡིན་ཏེ།། འབྱུང་བ་ཕོ་ཡི་བཅུད་ཀྱི་ས་བོན་ཡིན།། ཆུ་ལ་དབྱེ་ན་རྣམ་པ་གསུམ།། སྨན་ཆུ་རྡོ་ཆུ་ཆུ་རང་གསུམ། ། སྨན་ཆུ་ཆུ་ཚན་ཡིན་པས་ཏེ།། རྡོ་སོལ་ཁ་རུ་ཚ་ཡི་ཆུ།། དེ་རྟགས་ཚན་མོ་ཀོ་རུལ་བྲོ།། རྡོ་ཆུ་ཅོང་ཞིའི་ཆུ་ཡིན་ཏེ།། དེ་རྟགས་རྡོ་ལ་ཅོང་ཞི་ཆགས།། གྲང་ལ་མངར་བའི་རོ་མཆོག་བྲོ།། ཆུ་རང་གང་ས་གཡའ་ཆུ་ཡིན། ། ཤིང་ཆུ་མཚུར་ཆུ་ལུ་མ་ཆུ།། གཙང་ཆུ་ཁྲོན་པའི་ཆུ་ལ་སོགས།། ཆུ་ངན་ཡིན་པས་སྤང་བར་བྱ།། ཆུ་སྣ་མང་པོ་བསྡུས་ནས་ནི།། ལྕགས་ཀྱི་སྣོད་དམ་རྫ་ཡང་ཤིས།། ཆུ་ནི་བསྐོལ་ལ་བཏུང་བར་བྱ།། རྩམ་པ་བཅད་ནས་ཆུ་ལ་བརྟེན། ། ནས་འགའ་ཙམ་ནི་བསྡུས་ཤིང་བཏང།། རང་ཉིད་རྡོ་རྗེ་ཕག་མོ་ནི།། སྔོན་མོའི་སྐུ་རུ་བསྒོམ་པར་བྱ།། ཆུ་ནི་སྔགས་འདིས་བྱིན་གྱིས་བརླབས།། ཧ་རི་ནི་ས་ར་ཙ་ཧྲི་ཡ། ཨཱ+ོཾ་ཨཿཧཱུཾ་སརྦ་ཨི་ཧོ་ཤུད་དྷེ་ཤོ་དྷ་ཡ། ཨ་མྲི་ཏ་བི་ཤོ་དྷེ་སིད་དྷི་ཧཱུཾ། ཞེས་བརྒྱ་རྩ་བརྒྱད་བཟླས་ལ་བཏུང།། རུས་པ་ཚོན་པོ་སྐབས་སུ་མུར།། འབྲི་མར་བུ་རམ་སྦྱར་ལ་བཟའ།། ཆུ་ཡི་དཀའ་ཐུབ་ཡོན་ཏན་ནི།། གཟུང་འཛིན་གཉིས་ལས་གྲོལ་བ་དང། ། ཕྱི་ནང་སྲིན་བུ་དག་པ་དང།། ལུས་ནི་ཡང་ལ་རྟ་བས་མགྱོགས།། གཉིད་ཆུང་འབྱུང་བ་སྙོམས་པ་དང།། ཤ་དཀར་གཉེར་མ་མི་ཡོང་དང།། མུ་གེའི་བསྐལ་པ་མི་འབྱུང་དང།། དུག་གསུམ་རྩ་བ་འཆད་པ་དང། ། ཏིང་འཛིན་ལས་སུ་རུང་བ་དང།། ཚེ་ནི་ཉི་ཟླ་དག་དང་མཉམ།། ཆུའི་བཅུད་ལེན་གྱི་ལེའུ་སྟེ་དོན་གཉིས་པའོ།།།། ནོར་འཛིན་ས་ཡི་བཅུད་ལེན་བསྟན།། ས་ལ་རིགས་ནི་རྣམ་པ་གསུམ།། ས་ཡི་ཞག་དང་ས་ཡི་ཚིལ། ། ས་ཡི་ཤ་དང་རྣམ་པ་གསུམ།། ས་ནི་སྲིད་པ་མོ་ཡི་གཞི།། ཐམས་ཅད་ས་ལས་སྐྱེད་པར་བྱེད།། ས་ཞག་མངར་ལ་ས་མདོག་དཀར།། ལྕེ་ཡི་སྟེང་དུ་བཞག་པས་འཇུ།། ས་ཚིལ་སེར་པོ་རོ་མཆོག་བསྐ། ། ས་ཡི་ཤ་ནི་སྔོ་ལ་འཕྱག། དེ་རྣམས་རབ་འབྲིང་ཐ་མ་ཡིན།། ཐོག་མར་ས་ནི་ལེན་པའི་ཚེ།། ས་ཡི་བདག་པོ་གཏོར་མས་མཆོད།། ས་དེ་སྐྱོ་མར་བྱས་པ་ལ།། རྫ་སོགས་སྣོད་དུ་བླུག་ནས་ནི།། ཚ་བ་གསུམ་པོ་ཞད་རེ་གདབ། ། ནས་ཀྱི་ཕྱེ་ཡང་ཟི་གཅིག་གདབ།། མང་བར་གྱུར་ཀྱང་སྐྱོན་མེད་འགྱུར།། དེ་རྣམས་མཆོད་པར་དཀྲུགས་པ་དང།། བདག་ཉིད་རྡོ་རྗེ་ཕག་མོ་ནི།། སེར་མོའི་སྐུ་རུ་གསལ་བར་བསྒོམ། ། སྔགས་འདིས་ས་ཡང་གདུལ་བར་བྱ།། ཧ་རི་ནི་ས་ར་ཙ་ཧྲི་ཡ། ཨོཾ་ཨཱཿཧཱུཾ། རུ་ཧ་རི་ཡ། ཙུ་ཆུ་སྐུམ་པ་ཀེའུ་རི། བྷ་རི་མཾ། ཛྷ་བ་བྷཽཾ། ཧ་རི་ཡ། ཀཾ་ག་རི་མ་ག། བ་རི་བ་ཌི། གྷ་ཏི་བྷ་ཏི། ཡེ་དམ་མ་དྷེ། སིད་དྷི་སིད་དྷུ། ཀུ་རུ་བ་ས་ན། ཞེས་ལན་བདུན་བཟླས། དེ་ནས་ས་དེ་བདུན་རྩིར་བསམ།། ཟོས་རྗེས་ལུས་ནི་ཙོག་པུར་བསྡད།། སྟེང་རླུང་འོག་རླུང་མནན་ནས་ནི།། ཕོ་བ་རྡེབ་ཐེར་རྡེབ་ཐེར་བྱ།། དྲི་མ་གདོན་པ་དཀའ་བ་ན། ། ཆུ་གྲང་བཏང་བས་གདོན་པ་སླ།། འདི་ཡི་ཡོན་ཏན་བསྟན་པ་ནི།། ལུས་པོ་མཁྲང་ཞིང་ལྟོགས་པ་སེལ།། ལྟོགས་པ་མེད་ཅིང་ནད་རྣམས་སེལ།། གདོན་གྱིས་མི་ཚུགས་བར་ཆད་མེད།། ཤ་དཀར་གཉེར་མ་མེད་པ་དང། ། ཚེ་རིང་དགེ་སྦྱོར་གྲོགས་སུ་འགྲོ།། རིགས་འཛིན་ས་ལ་འགྲོ་བར་འགྱུར།། སའི་བཅུར་ལེན་གྱི་ལེའུ་སྟེ་དོན་གསུམ་པའོ།།།། དེ་ནས་ནང་གི་བཅུད་ལེན་བསྟན།། རྣལ་འབྱོར་རིག་པ་སྟོབས་ལྡན་པས། ། སྙིང་པོ་ལྔ་ལ་རྟག་སྤྱད་ན།། མཁའ་འགྲོ་སྐུ་ལྔའི་བདག་གཉིད་ཐོབ།། སྙིང་པོ་ལྔ་ནི་བདུད་རྩིའི་གཏེར།། དྲི་ཆེན་དྲི་ཆུ་ཤ་ཆེན་དང།། བྱང་སེམས་དཀར་དམར་རྩ་བ་ལྔ།། ཅུ་གང་གླ་རྩི་གུར་ཀུམ་དང།། ཤིང་ཀུན་གོ་སྙོད་སྤོས་ཆེན་པོ། ། བདུད་རྩི་ལྔ་ཡི་སྐྱོབས་ལྔ་ཡིན།། གཞི་ནི་དཀར་གསུམ་མངར་གསུམ་དང།། ཡང་ན་སྨན་མར་སྦྱར་བའོ།། དུར་ཁྲོད་ལྟ་བུའི་དབེན་གནས་སུ།། མཎྜལ་པདྨ་འདབ་བཞིར་བྲི།། བདུད་རྩི་རྣམ་ལྔ་ཐོད་པ་བླུག། མཎྜལ་དབུས་སུ་བཞག་ནས་ནི།། རང་ཉིད་རྡོ་རྗེ་ཕག་མོར་བསྒོམ།། དཔའ་བོ་དཔའ་མོ་འཁོར་དུ་བསྐྱེད།། གསང་སྔགས་འདི་ཡིས་བྱིན་གྱིས་བརླབ།། ཧ་རི་ནི་ས་ར་ཙ་ཧྲི་ཡ། ཨོཾ་ཨཱཿཧཱུཾ། སརྦ་པཉྩ་ཨ་མྲི་ཏ་ཧཱུཾ་ཧྲི་ཐཱུ། ཞེས་བཟླས་པ་ཡིས།། དམ་རྫས་བདུད་རྩི་འོད་དུ་ཞུ།། འོ་མ་ཟངས་སུ་ལུད་པ་ལྟར།། ཁོལ་ནས་དཀར་ནི་ལྷུད་ལྷུང་བསམ།། གང་ཟོས་ཐོགས་མེད་མཐུ་དང་ལྡན།། དེས་ནི་གྲོལ་བའི་ལམ་ཐོབ་ནས། ། ཚེ་འདིར་བདེ་བ་ཕུན་སུམ་ཚོགས།། རྐང་མགྱོགས་རྟ་དང་འདྲ་བ་དང།། ཚེ་ནི་ཉི་ཟླ་གནས་དང་མཉམ།། བདེ་གཤེགས་རྣམས་ཀྱིས་བྱིན་གྱིས་རློབ།། མཁའ་འགྲོ་རྣམས་ཀྱིས་རྟག་ཏུ་མཆོད།། མཁའ་འགྲོ་སྐུ་ལྔ་ལྷུན་གྲུབ་པའི། ། ཕྱག་རྒྱ་ཆེན་པོ་ཐོབ་པར་འགྱུར།། ནང་བདུད་རྩི་ལྔའི་བཅུད་ལེན་གྱི་ལེའུ་སྟེ་དོན་བཞི་པའོ།།།། གསང་བའི་བཅུད་ལེན་བསྟན་པ་ནི།། མཚན་ལྡན་མི་མོ་བཀྲ་ཤིས་མ།། སྨིན་དཀྱུས་རིང་ལ་ལག་སོར་ཕྲ། ། ཚིགས་མིག་ཟླུམ་ལ་འགྱིང་ཞིང་སྤྱོད།། ཁ་ནས་ཨུཏྤལ་ངད་བསྣམ་པ།། ལུས་ལ་ཙན་དན་ག་པུར་དྲི།། རོ་སྟོད་རོ་སྨད་སྐེད་སྐབས་ཕྱེད།། སྐྲ་འཇམ་མཐོན་མཐིང་གཡས་སུ་འཁྱིལ།། སོ་དཀར་ཚགས་དམ་སྙིང་ཐུང་དམར། ། སྨིན་དཀྱུས་རིང་ཞིང་ཟར་མའི་མེ་ཏོག་འདྲ།། དཔྲལ་བའི་དབྱེས་ཆེ་སྐྲ་མཚམས་ཟླ་གམ་འདྲ།། སྣ་བཟུར་མདོག་གསལ་པདྨའི་མདོག་འདྲ་མ།། ལུས་དང་སྐྱེ་རིང་བྱང་ཆུབ་སེམས་དང་ལྡན། ། འདི་ནི་མི་མོ་མཚན་ལྡན་བཀྲ་ཤིས་ཡིན།། དེ་ལྟ་བུ་ཡི་མི་མོ་ལ།། རྡོ་རྗེ་ཕག་མོར་བྱིན་བརླབས་ལ།། བདེ་གཤེགས་ལྔ་ཡི་ས་བོན་དགོད།། ཨཱ+ོཾ་ཨཱཿཧཱུཾ་སྭཱ་ཧཱ། སྤྱི་གཙུག་མགྲིན་པ་སྙིང་ཁ་དང།། ལྟེ་བ་གསང་བར་རིམ་པར་དགོད། ། རིགས་ལྔ་ཡབ་ཡུམ་རྒྱས་བཏབ་སྟེ།། བདག་ཉིད་ལྷ་ཡི་སྐུར་གསལ་ཏེ།། མཚན་ལྡན་པདྨ་རྡོ་རྗེ་གཞུག། བྱང་ཆུབ་སེམས་ནི་དབབ་ཅིང་བསྐྱིལ།། སྟེང་རླུང་མནན་ཅིང་འོག་རླུང་འཐེན།། ཆུ་མིག་གྱེན་ལ་ལོག་པ་དང། ། རྒྱ་མཚོ་རི་རབ་དག་ལ་བརྡབ།། གསང་བ་རྡོ་རྗེའི་རྩེ་མོ་རུ།། བྱང་སེམས་ཕེབས་པར་གྱུར་པ་དང།། ཧིག་དང་ཧཱུཾ་གིས་དྲག་ཏུ་འཐེན།། དེ་ལ་གོམས་པར་གྱུར་པ་དང།། པདྨའི་ནང་ནས་བཅུད་བླངས་ཏེ། ། བྱང་སེམས་དཀར་དམར་མ་ཤར་བླང།། བདག་ཉིད་རྩ་ལ་དགྲམ་ཅིང་དགང།། ལུས་ནི་སྤྲུག་ཅིང་གསིག་པར་བྱ།། དེ་ལྟར་བཅུད་ལེན་བྱས་པ་ན།། ཚེ་རིང་བཀྲ་ཤིས་ཕུན་སུམ་ཚོགས།། མདོག་ལོག་སྐྲ་དཀར་གཉེར་མ་མེད། ། ཆགས་པ་སྤྱད་པས་ཐར་པ་ཐོབ།། འདི་ནི་ཤིན་ཏུ་གསང་བར་བྱ།། གསང་བའི་བཅུད་ལེན་བསྟན་པའི་ལེའུ་སྟེ་དོན་ལྔ་པའོ།།།། དེ་ཁོ་ན་ཉིད་ཀྱི་བཅུད་ལེན་ནི། འདི་ལྟར་ཉམས་སུ་བླང་བར་བྱ། ལྟ་བ་ཆོས་ཉིད་རང་ལུགས་ཆེན་པོ། མ་བཅོས་ཐ་མལ་གྱི་ཡེ་ཤེས་ཆེན་པོ་ངོ་ཤེས། སྒོམ་པ་རྩོམ་བྲལ་བདེ་བ་ཆེན་པོ་རང་བྱུང་ལྷུག་པར་གནས། སྤྱོད་པ་མ་བཅོས་མཉམ་པ་ཆེན་པོ། རང་ཤེས་དང་རང་གྲོལ་རྩོལ་བ་དང་བྲལ་བར་སྤྱོད། འབྲས་བུ་རང་གནས་ཆོས་སྐུ་ཆེན་པོ། མ་གྲུབ་ཡེ་གནས་སུ་གྲུབ། འདས་པའི་རྗེས་མ་རྗེས་མ་བཅད། སྔར་ཞེན་གྱི་བག་ཆགས་དང་བྲལ། མ་འོངས་པའི་སྔོན་མི་བསུ། ཕྱིས་ཞེན་གྱིས་བག་ཆགས་སོགས་མི་ནུས། ད་ལྟར་བ་རྐྱེན་ཁར་མ་ཤོར། སྡུག་བསྔལ་ཆོས་ཉིད་དུ་གྲོལ། རང་གི་སོ་རུ་བཞག་པས། དགག་སྒྲུབ་དབྱེ་བསམ་མེད། ཤེས་མེད་གསལ་དངས་ངོ་བོ་རྩིས་བཏབ་མེད་པར་རྟོགས། ཕྱོགས་རིས་རྩིས་གདབ་མེད་པས། ཞེན་འདོད་མེད་པའི་དགོངས་པ། གང་ནས་ཀྱང་མི་སྐྱེ་བར་རིག་པ་སྐྱེ་མེད། ཡིད་ལ་བྱས་པ་ཉམས་མྱོང་མེད་པས། བློའི་ཉམས་དང་བྲལ། ལྟ་བ་ཞེན་འདོད་དང་བྲལ་བས། དེས་འཁྲུལ་པ་ཆོས་སྐུར་ཤེས། འཁྲུལ་པ་ལོག་པས་ལྟ་བ་རྒྱུད་ལ་ཤར། གཞི་ངོ་ཤེས་པས་ཆོས་ཉིད་མ་དང་ཕྲད། ཕྱིས་མི་འཁྲུལ་པས་ཡེ་ཤེས་རང་ས་ཟིན། སྙིང་པོ་རིག་པ། ཆོས་ཉིད་ཀློང་ནས་འཆར། ཡེ་ཤེས་ངོ་ཤེས་ཤིང་གཏི་མུག་སངས་པས། བར་དོར་བག་ཆགས་ཀྱི་གནས་ཆོད། ཕྱིས་ལུས་མི་ལེན་པས། སྐྱེ་ཤི་མེད་པའི་གདེངས་རྙེད། རྨི་ལམ་གྱི་སྤྲོས་པ་ཆོད་དེ་ལམ་ལུགས་ཐེབས། ཕྱི་རོལ་གྱི་སྣང་བ་སེམས་སུ་ཤེས་པས། བདེ་བར་གཤེགས་པའི་ཞིང་ཁམས་དང་གཞལ་ཡས་ཁང་དི་འཆར། ཕྱི་དགྲ་དང་ནང་དགྲ། ཉོན་མོངས་པ་དུག་ལྔ་དང། གསང་བ་གཟུང་འཛིན་ལས་གྲོལ་བས་གསང་བའི་དགྲ་གསུམ་གསོད། ཕུང་པོ་ལ་རྒས་པ་མེད་པས་ཕུང་པོའི་བདུད་བཅོམ། ཉོན་མོངས་པའི་རོ་མོ་ལྡང་བས་ཉོན་མོངས་པའི་བདུད་བཅོམ། བར་ཆོད་རྐྱེན་ངན་གྲོགས་སུ་ཤར་བས་ལྷའི་བདུད་བཅོམ། སེམས་སྐྱེ་འཆི་མེད་པའི་དོན་སྐྱེ་མེད་རྟོགས་པས། འཆི་བདག་གི་བདུད་བཅོམ། འཇིགས་པའི་བདུད་བཞི་བཅོམ། སེམས་ལ་རང་དབང་ཐོབ། སྐྱེ་མེད་ཆོས་སྐུ་རྟོགས་པས། འགྲོ་དྲུག་གཡང་ས་ཆོད། སེམས་སངས་རྒྱས་སུ་ཤེས་པས། གཞན་ལ་རེ་མི་ཆེ། རང་བྱུང་ཡེ་ཤེས་གདེང་རྙེད་པས། འཁོར་བ་ལ་དོགས་མི་ཚ། རེ་དོགས་བདུད་ལས་གྲོལ་བས། སྒྲིབ་པ་རྣམ་གཉིས་མ་སྤངས་པར་དག། ཚོགས་གཉིས་མ་བསགས་པར་རྫོགས། ས་རྣམས་མ་བགྲོད་པར་ནོན་ཏོ།། དེ་ཁོ་ན་ཉིད་ཀྱི་བཅུད་ལེན་གྱི་ལེའུ་སྟེ་དོན་དྲུག་པའོ། །།། བཅུད་ལེན་ཕྱི་ནང་གསང་བ་དེ། ཁོ་ན་ཉིད་ཀྱི་སྐབས་ཏེ་བདུན་པའོ།།།། དེ་ནས་ཌཱ་ཀི་རྡོ་རྗེ་ཕག་མོས། བྲམ་ཟེ་བློ་ལྡན་མཆོག་སྲེད་ལ་རྒྱུད་གཏད་དེ། ཨེ་མ་ཧོ། རིགས་འཛིན་དཔའ་བོ་གྲུབ་ཐོབ་ཁྱེད། མཁའ་འགྲོ་མའི་རང་སྲོག། ཡིད་བཞིན་ནོར་བུ་དགོས་འདོད་འབྱུང་བའི་རྒྱུད་འདི་ཆོངས་ཤིག། སྒྲུབས་ཤིག། གང་བསམས་པ་འགྲུབ་པར་འགྱུར་རོ།། ཞེས་གསུངས་ནས་མི་སྣང་བ་ཆོས་ཀྱི་དབྱིངས་སུ་ཐིམ་མོ། ། རྒྱུད་ཡོངས་སུ་གཏད་པའི་ལེའུ་སྟེ་བདུན་ཅུ་རྩ་བདུན་པའོ།།།། རྒྱུད་གཏད་པའི་སྐབས་ཏེ་བརྒྱད་པའོ།།།། མཁའ་འགྲོ་མ་ནོར་བུ་འཕྲེང་བའི་བཤད་པའི་རྒྱུད་ཕྱི་མ་ལེའུ་བདུན་ཅུ་རྩ་བདུན་པ་སྐབས་བརྒྱད་པ་རྫོགས་སཧོ། །།། སློབ་དཔོན་པདྨས་ཇོ་མོ་མཚོ་རྒྱལ་ལ། མཁའ་འགྲོ་དཔང་དུ་བཙུགས་ནས་གཏད་དོ། གཏེར་རྒྱ། སྦས་རྒྱ། གཏད་རྒྱ།།།།
CLOSE WINDOW