Wylie |
།།། རྒྱ་གར་སྐད་དུ། ཨཱརྱ་ཙིཏྟ་མ་ཧཱ་ཀ་ལ་ཙ་ར་པ་ཐ་ཏ་ཏནྟྲ། ཙིཏྟ་མ་ཧཱ་དུ་ཁ་སརྦ་ས་ཧ་ལ་ན་མོ།། བོད་སྐད་དུ།། འཕགས་པ་ཐུགས་རྗེ་ཆེན་པོ་མགོན་པོ་འཁོར་བ་དོང་སྤྲུག་གི་རྒྱུད། ། ཐུགས་རྗེ་ཆེན་པོ་སྡུག་བསྔལ་ཐམ་ཅད་ཞི་བར་བྱེད་པ་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་འོད་དཔག་ཏུ་མེད་པ་བདེ་བ་ཅན་གྱི་ཞིང་ཁམས་ཟ་མ་ཏོག་བཀོད་པའི་གཞལ་ཡས་ཁང་ན། འཁོར་ལྷ་དང། ཀླུ་དང། གཟའ་དང། རྒྱལ་པོ་ཆཻན་པོ་བཞི་དང། ཕྱོགས་སྐྱོང་བ་བཅུ་དང། བྱང་ཆུབ་སེམས་དཔའ་སའི་སྙིང་པོ་ལ་སོགས་ཏེ་བྱེ་བ་ཕྲག་ཉིས་བརྒྱ་དང། མཁའ་འགྲོ་མ་པདྨ་གར་གྱི་དབང་མོ་ལ་སོགས་ཏེ། མཁའ་འགྲོ་དྲུག་ཅུ་རྩ་གཉིས་ཀྱིས་བསྐོར་ནས་ཐབས་ཅིག་ཏུ་བཞུགས་སོ།། དེའི་ཚེ་མཁའ་འགྲོ་པདྨ་གར་གྱི་དབང་མོས།། སངས་རྒྱས་འོད་དཔག་ཏུ་མེད་པ་ལ་འདི་སྐད་ཅེས་གསོལ་ཏོ། ། ཀྱེ་སངས་རྒྱས་འོད་དཔག་མེད་ལགས།། འགྲོ་དོན་འཕྲྀན་ལས་ཛད་པའི་ཕྱིར་ཐུགས་རྗེ་ཆཻན་པོའི་གནས་དང་རང་བཞིན་བསྟན་དུ་གསོལ་ཅེས་ཞུས་པས། པདྨ་གར་གྱི་དབང་མོ་རྣ་བའི་དབང་པོ་སྒྲ་ལ་ཉོན་ཅིག། ཅེས་འོད་དཔག་ཏུ་མེད་པས་བཀའ་སྩལ་ཏོ།། དེ་ནས་ཡང་པདྨ་གར་གྱི་དབང་མོས་ཡེངས་པ་མེད་པའི་བསམ་གཏན་ལ་ཞུགས་ཏེ། དེ་ནས་སངས་རྒྱས་འོད་དཔག་ཏུ་མེད་པས་བཀའ་སྩལ་པ། ཐུགས་རྗེ་ཆེན་པོ་བཞུག་པའི་གནས་ནི་རི་པོ་ཏ་ལའི་རྩེ་མོ་ལ། བྲག་ཐམས་ཅད་པདྨ་སྣ་ཚོགས་ཁ་བྱེ་བ་འདྲ་བ། དབྱར་དགུན་སྟོན་དཔྱིད་ནམ་ལ་དུས་བཞིར་མེ་ཏོག་དང་འབྲས་བུ་སྐམ་པ་མེད་པ། མེ་ཏོག་པདྨ་དང། པདྨ་སྟོང་ལྡན་དང། པདྨ་ཆེན་པོ་དང། མེ་ཏོག་སྣ་ཚོགས་པས་བརྒྱན་པ། བྲག་ཐམས་ཅད་ལ་ཐུགས་རྗེ་ཆེན་པོ་རིགས་ཕྱག་སྟོང་སྤྱན་སྟོང་བཾ་དང། སྤྱན་རས་གཟིགས་དང། མཁར་ས་པ་ཎི་དང། སེང་གེ་སྒྲ་དང། དོན་ཡོད་ཞགས་པ་དང། འཁོར་བ་དོང་སྤྲུགས་དང། ཧ་ཡ་གྲི་བ་ལ་སོགས་པ་བསམ་གྱིས་མི་ཁྱབ་པས་རྩེ་ཞིང། ནགས་ཚལ་རི་བྲག་ཐམས་ཅད་སྐུ་རང་བྱུང་དུ་བཞུགས་སོ།། སྒྲ་ཆུ་སྒྲ་རླུང་སྒྲ་ལ་སོགས་པ་ཐམས་ཅད་ཡིག་འབྲུ་བདུན་པའི་སྒྲའོ། ། གནས་པའི་སྲོག་ཆགས་ཕག་མོ་དང། ཕུག་རོན་དང། རྔོན་པ་དང། བྲམ་ཟེ་ཕོ་མོ་དང། ཚེར་མ་འདོན་པ་དང། པདྨའི་སྡོང་པོ་ལ་ལོ་མ་དང་འབྲས་བུ་སྣ་ཚོགས་སྨིན་པ། ཉི་ཟླའི་འོད་ཀུན་ཏུ་ཁྱབ་པའོ། ། རང་བཞིན་ནི་དུས་གསུམ་སངས་རྒྱས་བདེ་བར་གཤེགས་པ་ཐམས་ཅད་ཀྱི་གསུང་གི་རང་བཞིན། གསུང་དབྱངས་ཡན་ལག་དྲུག་ཅུ་དང་ལྡན་པས་འགྲོ་དྲུག་འཁོར་བ་མ་སྟོངས་ཀྱི་བར་དུ་དོན་བྱེད་པས་བྱང་ཆུབ་སེམས་དཔའི་རང་བཞིན། མཐོ་སྲིད་པའི་རྩེ་མོ་ནས་དམའ་འཇག་མའི་སྲིན་བུ་ཡན་ཆད་ལ་ཁྱབ་པས་ཐེག་པ་ཆེན་པོའི་རང་བཞིན། གཙང་སྨྲེ་གཙང་དང་གཟེམ་རྟོག་མེད་པར་དོན་བྱེད་པས་སངས་རྒྱས་ཀྱི་རང་བཞིན་འཁོར་བར་དོན་མཛད་ཀྱང་འཁོར་བའི་སྐྱོན་ཀྱིས་མ་གོས་ཏེ། མྱ་ངན་འདས་པའི་རང་བཞིན་ནོ་ཞེས་གསུངས་སོ།། འཁོར་བ་དོང་སྤྲུགས་ཀྱི་རྒྱུད་ལས། གླེང་གཞི་བསྟན་པའི་ལེའུ་སྟེ་དང་པོའོ། །།། ཡང་པདྨ་གར་གྱི་དབང་མོ་ཞུས་པ། ཀྱེ་སངས་རྒྱས་འོད་དཔག་མེད།། འགྲོ་དོན་འཕྲིན་ལས་མཛད་པའི་ཕྱིར།། ཕྱི་བསྒྲུབ་འགྲོ་དོན་བཅས་པ་ཅིག། བདག་ཅག་རྣམས་ལ་བཤད་དུ་གསོལ། ། ཞེས་ཞུས་པས། གར་གྱི་དབང་མོ་ཉོན་ཅིག། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས། ཚད་མེད་རྣམས་བཞི་བསྒཽམ་པར་བྱ།། བདུན་ནི་རྣམ་དག་ཚོགས་བསགས་ལ།། དང་པོ་སྟོང་པ་ཉིད་དུ་བསྒཽམ།། རང་སེམས་ཡི་གེ་ཧྲིཿལས་ནི། ། བཾ་ལས་སྣ་ཚོགས་པདྨ་ལས།། དེ་སྟེང་བྷཱུཾ་ལས་གཞལ་ཡས་ཁང།། པདྨ་འདབ་དྲུག་མུ་ཁྱུད་ལྡན།། གྲུ་ཆད་སྒོ་དང་བཅས་པ་ལ།། རིན་ཆེན་རྒྱན་གྱིས་བརྒྱན་པ་བསྐྱེད།། དེ་དབུས་ཉི་ཟླ་པདྨའི་གདན། ། དེ་སྟེངས་ཧྲཱིཿཡི་འཕྲོ་འདུ་ལས།། མགོན་པོ་འཁོར་བ་དོང་སྤྲུགས་ནི།། ཞལ་གཅིག་ཕྱག་གཉིས་སྐུ་མདོག་དམར།། གཡས་པ་ཤེས་རབ་རལ་གྲི་བསྣམས།། གཡོན་པ་བདུད་རྩིའི་བུམ་པ་བསྣམས། ། རིགས་ཀྱི་བདག་པོས་དབུ་ལ་བརྒྱན།། རྟ་མགྲིན་རྒྱལ་པོ་ཐུགས་ཀར་གསལ།། ཤེལ་འཕྲེང་བརྒྱ་རྩ་དོ་ཤལ་བརྒྱན།། རིན་པོ་ཆེ་ཡི་རྒྱན་དང་ལྡན།། འཛུམ་ཞལ་བཅས་བཞུགས་ཐུགས་ཁ་ནས།། པདྨ་འདབ་དྲུག་ཧྲིཿཡིག་ལས། ། ཡི་གེ་དྲུག་པའི་འཕྲེང་བར་བསམ།། ཧྲཱིཿ་འཕྲོས་ཡི་གེ་དྲུག་པ་ལས།། བཅོམ་ལྡན་སྤྲུལ་སྐུ་ཐུབ་པ་དྲུག། སྐུ་མདོག་ཕྱག་རྟགས་ཕྱག་མཚན་འཛིན།། རིགས་དྲུག་སོ་སོ་འདུལ་ཕྱིར་སྒོམ། ། དམ་ཚིག་སེམས་དཔའ་བསྐྱེད་པ་དང།། སྐུ་གསུང་ཐུགས་སུ་བྱིན་བརླབ་ཅིང།། དབང་བསྐུར་རྒྱས་གདབ་བྱས་ནས་ནི།། སྙིང་ཁའི་ཧྲིཿལས་འོད་འཕྲོས་ནས།། ཡེ་ཤེས་སེམས་དཔའ་སྤྱན་དྲས་ལ།། མདུན་གྱི་མཁའ་ལ་བཞུགས་སུ་སོལ། ། ཕྱག་བཙལ་མཆོད་པ་དབུལ་ལགས་ཀྱི། དེ་ནས་འདས་པའི་རིམ་པ་ཡི།། བདག་དང་ཡེ་ཤེས་སེམ་དཔའ་གཉིས།། ཉི་ཟླ་པདྨའི་དཀྱིལ་འཁོར་ཧྲཱིཿཡིག་ལ།། འོད་ཟེར་བསྣཽལ་མར་སྔགས་བརྗོད་པས། ། ཕར་འཕྲོས་ཡེ་ཤེས་སེམས་དཔའ་མཉེས། ཚུར་འདུས་སྒོ་གསུམ་སྒྲིབ་པ་སྦྱངས།། གང་འདོད་དོན་དུ་བཟླས་པ་བྱ།། སྐུ་གསུང་ཐུགས་ཀྱི་ས་བོན་དང། འབྲུ་བདུན་སྐྱོན་རྣམས་སྤངས་ལ་བཟླས་པ་བྱ། ། དེ་ནས་བསྐྱེད་རིམ་གཏོང་འདོད་ན།། ཡེ་ཤེས་སེམས་དཔའ་གཤེགས་སུ་གསོལ།། དམ་ཚིག་སེམས་དཔའ་ཧྲཱིཿལ་བསྡུས།། ཧྲཱི་ལས་མི་དམིག་གསལ་སྟོང་བསྒོམ།། དེ་ལས་ལངས་ཏེ་ཆོས་སྤྱོད་ཅི་རིག་བྱ། དགེ་བ་སེམས་ཅན་དོན་དུ་བསྔོ།། འགྲོ་དྲུག་སེམས་ཅན་ཐམས་ཅད་ལ།། ཆོས་ཀྱི་འཁོར་ལོ་བསྐོར་ཅིང་དབང་བསྐུར་བྱ།། སྦྱིན་སྲེག་བྱ་ཞིང་སྒྲིབ་པ་སྦྱངས། ཁྲུས་གསོལ་འཁོར་བ་དོང་ནས་སྤྲུག། གཏོར་མ་ཆབ་གཏོར་བཏང་བ་དང།། སྦྱིན་པ་བཏང་ཞིང་སྐྱེ་སྒོ་དགག། བྱང་ཆུབ་ལམ་སྣ་དྲང་བར་བྱ།། ཞེས་གསུངས་སོ།། འཁོར་བ་དོང་སྤྲུགས་ཀྱི་རྒྱུད་ལས། ཕྱི་བསྒྲུབ་འགྲོ་དོན་དང་བཅས་པ་བསྟན་པའི་ལེའུ་སྟེ་གཉིས་པའོ། །།། ཡང་པདྨ་གར་གྱི་དབང་མོས་ཞུས་པ།། ཀྱེ་སངས་རྒྱས་འོད་དཔག་མེད།། ནང་བསྒྲུབ་དངོས་གྲུབ་བཅས་པ་ཅིག། བདག་ཅག་རྣམས་ལ་བཤད་དུ་སོལ།། ཞེས་ཞུས་པས།། གར་གྱི་དབང་མོ་ཉོན་ཅིག། བདེ་གཤེགས་ཀུན་འདུས་སངས་རྒྱས་ཀྱིས།། ཐུགས་རྗེ་ཆེན་པོར་དབང་བསྐུར་བའི།། འཁོར་བ་དོང་སྤྲུགས་དཀྱིལ་འཁོར་བསྟན།། ཐུགས་རྗེ་ཆེན་པོ་ལྷ་ཡི་ལྷ།། དཀྱིལ་ཁོར་ཀུན་གྱི་བྱེད་པ་པོ། ། བཀྲ་ཤིས་བྱིན་ཆགས་ཉམས་དགའ་བར།། ཡིད་འོང་དབེན་པའི་གནས་དག་ཏུ།། ས་བརྟག་ས་ཡི་ཆོ་ག་བྱ། ཆག་ཆག་གདབ་ཅིག་སྔོན་འགྲོ་ཡན་ལག་གཟུང།། ཐིག་གདབ་ས་ཚོན་བྱིན་གྱིས་བརླབས།། ལེགས་པར་བྲི་ཞིང་རྒྱན་རྣམས་དགོད། ། དཀྱིལ་འཁོར་ཚོན་སྐུད་དྲ་བར་གཞུག། བུམ་པ་དབང་རྫས་གཏོར་མ་དང། བདུད་རྩི་རག་ཏ་ཚོགས་འཁོར་བཤམས།། མཆོད་པ་རྣམ་ལྔ་འབྱོར་ཚད་བསྟར།། དེ་ནས་སྐུ་གསུང་ཐུགས་ཀྱི་རྟེན། ། ཙ་ཀ་ལི་དང་ཡིག་འབྲུ་དང། ཕྱག་འཚན་ལ་སོགས་དགོད་པར་བྱ། སྤྱན་དྲངས་བཞུགས་གསོལ་ཕྱག་དང་མཆོད་པ་ལ། གཉིས་སུ་མེད་པར་བསྟིམ་པར་བྱ།། མཆོད་ཅིང་གསོལ་བ་གདབ་པ་དང། ཚོགས་དང་གཏོར་མས་དུས་བཞིར་བསྐང། བདུད་རྩི་བྱིན་རླབས་སྨན་མཆོད་བྱ།། དངོས་གྲུབ་བླང་དང་གཏོར་མ་རཀྟ་ཚཽགས་ཀྱིས་བསྐང།། མར་མེ་ཚེ་དབུལ་འཛབ་བཟླས་བྱ།། ལྷ་བཀོད་དབང་དང་དངོས་གྲུབ་བླང། ། དུས་བཞིར་མཆོད་ཅིང་བཟླས་པ་བྱ།། དུས་གྲངས་མཚན་རྟག་བྱུང་ནས་ནི།། དངོས་གྲུབ་རྫས་རྣམས་འབྱོར་ཚད་བཤམ།། ལྷ་ལ་བསྐུལ་ཅིང་དངོས་གྲུབ་བླང།། དངོས་གྲུབ་རྫས་ཀྱི་དབང་བསྐུར་བྱ། ། ཕུད་ཀྱིས་དཀྱིལ་འཁོར་ལྷ་ཚོགས་མཆོད།། གཏོད་མས་ཆོས་སྐྱོང་སྲུང་མ་བསྐང།། རྡོ་རྗེ་སློབ་དཔོན་མཆེད་ལྕམ་རོལ།། ལྷག་མས་བཀྲ་ཤིས་ཀླུ་བྲོ་བྱ།། གཏོར་མ་ཕྱིར་གཏང་གཏོར་གཞོང་མནན། ཡེ་ཤེས་སེམས་དཔའ་གཤེགས་སུ་གསོལ། ། དམ་ཚིག་སེམས་དཔའ་རིམ་པས་བསྡུ། དལ་བསྡུ་སྤྱོ་ལམ་ཅི་བདེར་བྱ།། ཞེས་གསུངས་སོ།། འཁོར་བ་དོང་སྤྲུགས་ཀྱི་རྒྱུ་ལས། ནང་བསྙེན་བསྒྲུབ་རྣམ་བཞིས་བསྟན་པའི་ལེའུ་སྟེ་གསུམ་པའོ། །།། ཡང་པདྨ་གར་གྱི་དབང་མོས་ཞུས་པ། ཀྱེ་སངས་རྒྱས་འོད་དཔག་མེད། ནང་བསྐོར་ཐིག་ལེ་གཅིག་ཏུ་བསྒྲུབ་པ་ཅིག། བདག་ཅག་རྣམས་ལ་བཤད་དུ་གསོལ།། ཞེས་ཞུས་པས།། གར་གྱི་དབང་མོ་ཉོན་ཅིག་དང་པོ་སྐྱབས་འགྲོ་སེམས་བསྐྱེད་བྱ། ། ཚད་མེད་བཞི་ལྡན་ཏིང་འཛིན་རྣམ་གསུམ་བསྒོམ།། བསྐྱེད་རྫོགས་རིམ་པ་བཞིན་དུ་བསྒོམ།། ཧྲཱིཿཡི་འཕྲོ་འདུའི་ཏིང་འཛིན་གྱི།། ཕྱི་ནང་ཉོན་མོངས་སྒྲིབ་ཀུན་སྦྱངས། ། བསོད་ནམས་ཚོག་བསགས་མཆོད་པ་དབུལ།། བསོད་ནསམ་ཚོགས་ནི་བསགས་པའོ།། སྡིག་སྒྲིབ་མ་ལུས་སྦྱོང་བའོ།། དགེ་བ་བཅུ་ཡི་ལམ་བརྟེན་ནས།། མཐའ་ཡས་སེམས་ཅན་ཐམས་ཅད་ཀྱི། ། སྒྲིབ་གཉིས་མ་ལུས་སེལ་བར་བྱེད།། འབྲུ་བདུན་སངས་རྒྱས་ཀུན་གྱིས་གསུངས།། བྱང་ཆུབ་མཐར་ཕྱིན་བསྒྲུབ་པའི་ལམ།། རྫོགས་པའི་སངས་རྒྱས་ཀུན་གྱི་གསུང།། འཁོར་བ་དོང་སྤྲུགས་ཀྱི་རྒྱུད་ལས། ཐིག་ལེ་ཆིག་རྫོགས་སུ་བསྒྲུབ་པའི་ལེའུ་སྟེ་བཞི་པའོ། །།། དེ་ནས་ཡང་དག་བཤད་པར་བྱ།། མི་རྟོག་གཉིས་མེད་ནམ་མཁའི་ངང།། རང་བྱུང་རང་ཤར་ཆོས་ཀྱི་སྐུ།། གསལ་འགྲིབ་མེད་པར་ལོངས་སྤྱོད་རྫོགས།། ཀུན་སྣང་སྤྲུལ་པའི་སྐུ་ལ་བསྟོད། ། ཨོཾ་ནི་བརྡལ་ཁྱབ་ཀུན་གཞི་བྱང་ཆུབ་སེམས།། འཁོར་འདས་འབྱུང་ཁུངས་རྒྱུ་འབྲས་ལམ་གྱི་མཆོག། གདོད་ནས་སྐྱེ་མེད་འོད་གསལ་ཀུན་འབྱུང་རིག་པའི་གཏེར།། མ་ཡེངས་འགྲོ་དོན་ཉི་མའི་འོད། ། ཐིག་ལེ་སྟོང་པ་ཀུན་ལྡན་སྤྲོ་བསྡུ་བྲལ།། མ་ནོར་རང་བྱུང་ཉེས་པའི་སྐྱོན་དང་བྲལ།། དྲི་མེད་ཟུང་འཇུག་ཉོན་མོངས་སྐྱོན་བྲལ་ཚོགས་གཉིས་རྫོགས།། པདྨའི་སྤྱན་ལྡན་གསལ་བྱེད་སྒྲོལ་མའི་ངང།། ཡེ་ཤེས་སྣང་གསལ་གཟུང་འཛིན་མཚན་མ་བསྲེག། མཐར་ཕྱིན་དགོངས་པ་མ་རྩལ་ལྷུན་གྱིས་གྲུབ།། དགག་བསྒྲུབ་དབྱེར་མེད་སྙིང་པོའི་དོན་ལ་བསྟོད།། སྣང་བ་དག་པས་སྤྱན་འདྲེན་གཉིས་མེད་བཞུགས།། སྒོ་གསུམ་རྣམ་དག་གུས་པས་བདག་ཕྱག་འཚལ། ། སྡིག་སྒྲིབ་དམ་ཚིག་ཉམས་ཆག་སྐོང།། གཉིས་མེད་མཆོད་འབུལ་སྡིག་སྒྲིབ་བཤགས།། རྗེས་སུ་ཡི་རང་ཆོས་ཀྱི་འཁོར་ལོ་བསྐོར། མྱ་ངན་མི་འདའ་རྗེས་སུ་བཞུགས།། མི་དགེ་སྡིག་སྦྱང་སྐྱེ་འགྲོ་ཐུགས་རྗེས་ཟུང། ། ཞབས་དྲུང་སྐྱེ་བར་སྨོན་ཅིང་སེམས་ཅན་དོན་དུ་བསྔོ།། རིན་ཆེན་མཎྜལ་མེ་ཏོག་མཛེས་པས་བརྒྱན།། གླིང་བཞི་གླིང་འཕྲན་དག་པ་ཡི།། རི་རབ་ཉི་ཟླ་སྐར་མས་བརྒྱན། ། རིན་ཆེན་སྣ་བདུན་གཏེར་ཆེན་བརྒྱད་ཀྱིས་བརྒྱན།། རྣམ་དག་མཎྜལ་མཆོད་པའི་མཆོག། བརྡལ་བ་ཆེན་པོ་རྒྱ་ཆབ་དུས་གསུམ་སངས་རྒྱས་མཉན་བྱེད་པ།། བསམ་མི་ཁྱབ་ཀྱི་མཎྜལ་དུ།། སྤང་བླང་མེད་པའི་རྒྱན་གྱིས་བརྒྱན། རྣམ་དག་ཆེན་པོའི་མཎྜལ་འབུལ།། ཞེས་གསུངས་སོ།། འཁོར་བ་དོངས་སྤྲུགས་ཀྱི་རྒྱུད་ལས། བསྟོད་བཤགས་མཎྜལ་དབུལ་བའི་ལེའུ་སྟེ་ལྔ་པའོ།།།། ཡང་གར་གྱི་དབང་མོས་ཞུས་པ། ཀྱེ་སངས་རྒྱས་འོད་དཔག་མེད། ། ཐུགས་རྗེ་ཆེན་པོའི་མཚན་ཉིད་ཅིག། བདག་ཅག་རྣམས་ལ་བཤད་དུ་གསོལ།། ཞེས་ཞུས་པས། གར་གྱི་དབང་མོ་སྒྲ་ཉོན་ཅིག། ཐུགས་རྗེ་ཆེན་པོའི་མཚན་ཉིད་ནི།། ཐུགས་ནི་ཡང་དག་གོང་ན་མེད། ། རྗེ་ནི་དེ་སྐྱེས་བྱེད་པའོ།། ཐུགས་ནི་ཆོས་ཉིད་མི་འགྱུར་བ།། རྗེ་ནི་འགག་པ་མེད་པའི་དོན།། ནམ་མཁའི་མཐའ་མཉམ་སེམ་ཅན་ལ།། ཐེག་ཆེན་འགྲཽ་བའི་དོན་མཛད་པ།། འཕྲིན་ལས་འབྲས་བུའི་དོན་སྟོན་པ། ཁྱབ་བརྡལ་ཐེག་པ་ཆེན་པོ་ལ།། གསུང་སྒྲགས་སྙན་པ་ཆེན་པོ་སྒྲོགས།། གྲག་སྟོང་གསུང་གི་མཚན་འཛིན་པ།། གསུང་མཆོག་ཆེན་པོ་སྒྲ་ཡིས་རྒྱལ།། སྒྲ་དོན་འབྲུ་བདུན་མཐར་ཕྱིན་ལམ། ། སྐུ་མཆོག་རྒྱས་པའི་འོད་ཟེར་ཅན།། ཤིན་ཏུ་མཛེས་ཤིང་བལྟ་ན་སྡུག། མཚན་དང་དཔེ་བྱད་ལོངས་སྤྱོད་རྫོགས།། བཞིན་བཟང་ཉོན་མོང་ཟིལ་གྱིས་གནོན།། ཐབས་དང་ཤེས་རབ་འདུ་འབྲལ་མེད།། འདོད་ཆགས་ཆུ་བོ་སྐེམས་པར་བྱེད། ། བདེ་གཤེག་རིགས་དྲུག་འཁོར་དུ་བསྐོར།། ཕ་རོལ་ཕྱིན་དྲུག་ལམ་བགྲོད་ན།། སྐུ་དྲུག་ཡེ་ཤེས་དྲུག་ལྡན་པ།། སྐུ་དྲུག་བདེ་གཤེགས་ཐུགས་རྗེའི་ངང།། དབྱིངས་དང་ཡེ་ཤེས་གཉིས་མེད་པས། ། དགོས་འདོད་རེ་སྐོང་རིགས་ལྔ་འབྲས་བུ་སྦྱིན།། འཁོར་བའི་གཅོད་རྙིང་མཐར་དབྱུང་བ།། ཐུགས་རྗེ་འཁོར་བའི་རྒྱ་མཚོ་བསྒྲལ།། འཁོར་བ་མྱ་ངན་འདས་པ་པོ།། ཡང་དག་དོན་ལ་རྣམ་པར་གནས། ། རྣམ་དག་ཆེན་པོའི་ལམ་གྱི་མཆོག། ཐུགས་རྗེའི་མཐའ་སྟེ་ཀུན་ཏུ་ཁྱབ།། ཡེ་ཤེས་བདེ་བ་རྒྱུན་ཆད་མེད།། སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན།། དུས་གསུམ་བདེ་གཤེག་ཐམས་ཅད་ཀྱིས།། ཐུག་རྗེ་ཆེན་པོར་དབང་བསྐུར་ཏེ། ། ཐུགས་རྗེས་བསྟན་པའི་མངའ་བདག་པོས།། སྐྱེ་མེད་ཡང་དག་མཐའ་ལས་རྒྱལ།། འབྲུ་བདུན་ཚངས་པའི་གསུང་དང་ལྡན།། ཡེ་ཤེས་སྐུ་སྟེ་འོད་དང་ལྡན།། བཅུ་གཅིག་ཞལ་ནི་སོ་སོར་མཚོན། ། མོས་པ་ཐ་དད་སེམས་ཅན་ཀུན།། དབྱེར་མེད་མཚན་ནི་སོ་སོར་གཟུང། ཕྱག་སྟོང་འཁོར་ལོ་སྒྱུར་བ་དེ།། འཁོར་ལོ་སྒྱུར་བའི་སྟོབས་པོ་ཆེ།། སྤྱན་སྟོང་རྣམ་པར་དག་པར་གཟིགས།། དྲི་མེད་པདྨའི་སྤྱན་དང་ལྡན། ། ཞལ་གཅིག་ཕྱག་བཞིས་རྣམ་པར་བརྒྱན།། འཕྲིན་ལས་བཞི་ཡི་དོན་དང་ལྡན།། ཕྱག་གཉིས་ཤེས་རབ་ཐབས་ཀྱི་འགྲོ་བ་འདྲེན།། དཔའ་བོ་འཁོར་བའི་གཉེན་གཅིག་པོ།། འཛུམ་ཞལ་སྡུག་བསྔལ་ཞི་བར་བྱེད། ། འཇམ་ཞིང་མཛེས་པའི་སྐུ་སྟོན་པ།། ཉོན་མོངས་དུག་ལྔ་ཞི་བར་བྱེད།། མ་ནོར་ལམ་སྟོན་ལྷ་ཡི་མཆོག། སྐུ་དོག་ལེ་བརྒན་དབང་གི་མདངས།། ཡང་དག་དོན་ལ་སྐྱེ་བ་མེད།། དཀོན་མཆོག་གཙོ་སྟེ་ཐུབ་པ་དྲུག། རྒྱུད་དྲུག་ལམ་གཅོད་དཔའ་བོ་ཆེ།། ཐུབ་དྲུག་སངས་རྒྱས་ལས་བྱུང་བ།། རྒྱན་མེད་སྤྲུལ་པའི་རང་བཞིན་ལས།། དགྲ་བཅོམ་རྒྱལ་པོ་ཟག་པ་ཟད།། སྲིད་པའི་དྲ་བ་རྒྱ་མཚོ་འཇོམས།། ཡེ་ཤེས་མེ་འོད་ཉོན་མོངས་དགྲ་ཆེན་ཀུན་འདུལ་བ། ། མ་རིག་མུན་པ་སེལ་བར་བྱེད།། ས་བཅུ་ཕ་རོལ་ཕྱིན་བཅུ་ལྡན།། ཕ་རོལ་ཕྱིན་དྲུག་ལམ་རྟེན་པ།། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱིས།། ལམ་རྣམས་བགྲོད་པའི་ཐབས་སུ་གསུངས། ། ཞེས་པས། འཁོར་བ་དོང་སྤྲུགས་ཀྱི་རྒྱུད་ལས། ཐུག་རྗེ་ཆེན་པོའི་མཚན་ཉིད་བསྟན་པའི་ལེའུ་སྟེ་དྲུག་པའོ།།།། ཡང་གར་གྱི་དབང་མོས་ཞུས་པ།། ཀྱེ་སངས་རྒྱས་འོད་དཔག་མེད། ཐུགས་རྗེ་ཆེན་པོའི་འཕྲིན་ལས་ཅིག། བདག་ཅག་རྣམས་ལ་བསྟན་ཅིང་བཤད་དུ་གསོལ།། ཞེས་ཞུས་སོ།། གར་གྱི་དབང་མོ་སྒྲ་ལ་ཉོན་ཅིག། ཞི་རྒྱས་དབང་དྲག་བཞི་ཡི་འཕྲྀན་ལས་ནི།། དང་པོ་སྔོན་འགྲོ་ལགས་བྱས་ལ། ། ངན་སོང་སྦྱང་དང་དབང་དུ་བསྡུ།། དྲག་པོ་འདུལ་དང་ལ་སོགས་པ།། ཀུན་ལ་སེམས་བསྐྱེད་དྲག་པོས་གཟུང།། དད་པས་ལཽག་པའི་ལྟ་བ་ཞི།། བྱམས་པས་ཞེ་སྡང་དྲག་པོ་ཞི།། སྙིང་རྗེ་ཕྲག་དོག་རྩུབ་མོ་ཞི། དགའ་བས་བདག་ཏུ་ལྟ་བ་ཞི།། བཏང་སྙོམས་མཐའ་དང་རྟོག་པ་ཞི།། ཚད་མེད་བཞི་ཡི་ངང་ལ་གནས།། མཐར་ཐུག་བྱམས་པའི་སེམས་དང་ལྡན།། སྙི་རྗེའི་ཐབས་ཀྱི་འཛིན་པར་བྱེད།། སེམས་ཅན་དོན་ལ་ཕྱོགས་མེད་དགའ། ། ཐུགས་རྗེ་མཁའ་དང་མཉམ་པར་ཁྱབ།། ཡང་དག་ཞི་བའི་མཐུ་དང་ལྡན།། རིན་ཆེན་རྒྱས་པའི་ལས་ལ་འཇུག། ཏིང་འཛིན་རྒྱས་པར་དོན་བྱེད་པ།། རིག་པའི་དབང་གི་ཡེ་ཤེས་རྒྱས།། སེམས་ཀྱི་རང་བཞིན་སྐྱེ་མེད་ལས། ། སྐྱེ་བ་མེད་པའི་ཆོ་འཕྲུལ་སེམས།། རིག་པའི་ངོ་བོ་ཐིག་ལེ་བྱང་ཆུབ་སེམས།། གསང་བའི་དབང་གི་བདེ་བ་རྒྱས།། ཐིག་ལེ་བྱང་ཆུབ་སེམས་ལས་འདུ་འབྲལ་མེད།། བདེ་བ་ཆེན་པོར་སྐྱེ་མེད་དབྱིངས། ། ཐིག་ལེ་འོད་གསལ་ངང་ལ་གནས།། གསུམ་པའི་དབང་གི་མི་རྟོག་རྒྱས།། མི་རྟོག་སྤྲོས་མེད་ཆོས་ཀྱི་དབྱིངས།། ཆོས་དབྱིངས་དོན་ལ་སྐྱེ་བ་མེད།། སྐྱེ་མེད་གནས་ལུགས་ཆེན་པོའི་ངང།། བཞི་པའི་དབང་གི་ཟག་མེད་རྒྱས། ། ཆོས་སྐུ་སྐྱེ་མེད་ཟག་པ་མེད།། ཟག་མེད་བདེ་བ་ཆེན་པོའི་སྐུ།། གཟུང་འཛིན་དྲི་མ་ཀུན་དང་བྲལ།། ལམ་དུ་ཁྱེར་བས་ཆོས་སྐུ་རྒྱས།། ཆོས་ཀྱི་སྐུ་སྟེ་འོད་གསལ་དོན།། མ་བཅོས་མ་བསླད་རང་ལ་གནས། ། འོད་གསལ་སྐྱེ་མེད་དོན་དང་ལྡན།། སེམས་ཀྱི་སྣང་བ་དབང་དུ་བྱས། སྣང་བ་ཐམས་ཅད་རང་གི་སེམས།། སེམས་ཀྱི་ཆོ་འཕྲུལ་སྣང་བ་ཡང།། སྐད་ཅིག་ཐིག་ལེ་དོན་དུ་གཅིག། མོས་པས་བྱིན་རླབས་དབང་དུ་བྱས། ། མོས་གུས་དོན་དག་གཉིས་མེད་དོན།། སྐད་ཅིག་མོས་པས་དོན་རྣམས་རྟོགས།། གཉིས་སྣང་རྟོག་པའི་འགྱུ་བ་ཆད།། འབད་པས་དངོས་གྲུབ་དབང་དུ་བྱས།། འབད་རྩོལ་སེམས་ཉིད་གནད་ལ་དབབ། ། རྩོལ་བྲལ་སྐྱེ་མེད་རྟོགས་པའི་དོན།། རྟོག་བྲལ་དངོས་གྲུབ་ཐོབ་པར་ངེས།། གུས་པས་གདམས་ངག་དབང་དུ་བྱས།། གུས་སྟོབས་གདམ་ངག་རྩ་བ་སྟེ།། ཐེ་ཚོམ་མེད་པ་གདམས་ངག་མཆོག། ཡིད་ཆེས་རྟོགས་པས་དོན་ལ་སྐྱོབ། ། རྟོག་པས་འབྲས་བུ་དབང་དུ་བྱས།། འགྲོ་དྲུག་སྣང་བ་རང་གི་སེམས།། རང་སེམས་རྟོགས་པའི་རྣལ་འབྱོར་པ།། འཁོར་བ་ཡེ་ནས་དག་པར་གྲོལ།། བདེ་བ་ཆེན་པོ་རལ་གྲི་ཡིས།། ཆགས་སྡང་ཞེ་སྡང་གཉིས་སྣང་བསྒྲལ། ། ཕྲག་དཽག་ཚེར་མ་བཅད་དེ་བཞག། བྱམས་པ་ཆེན་པོའི་བདུད་རྩི་ཡིས།། གཉིས་སུ་མེད་པའི་ནད་པ་སོས།། འདོད་ཆགས་དྲག་པོ་གསད་དེ་བཞག། ཤེས་རབ་ཆེན་པོའི་ཉི་མ་ཡིས། ། གཏི་མུག་མུན་པའི་མཐོ་ཁུངས་ཕྱེ།། མ་རིག་མུན་པ་གསལ་བར་བྱེད།། ཡེ་ཤེས་ཆེན་པོའི་ཐོ་བ་ཡིས།། ང་རྒྱལ་ཆེན་པོ་སྦྱིན་ནས་བཅོམ།། ཚོགས་དྲུག་ཡུལ་གྱི་གྲས་ཐག་བཅད།། ཅེས་སུངས་སོ། ། འཁོར་བ་དོང་སྤྲུགས་ཀྱི་རྒྱུད་ལས། འཕྲིན་ལས་ཞི་རྒྱས་དབང་དྲག་བཞིས་བསྟན་པའི་ལེའུ་སྟེབདུན་པའོ།།།། ཡང་གར་གྱི་དབང་མོས་ཞུས་པ།། ཀྱེ་སངས་རྒྱས་འོད་དཔག་མེད།། འཕྲིན་ལས་ལ་སྦྱར་བའི་ཕྱིར། ། འགྲོ་དོན་ལ་སོགས་བཅས་པ་ཅིག། བདག་ཅག་རྣམས་ལ་བཤད་དུ་གསོལ།། ཞེས་ཞུས་པས།། གར་གྱི་དབང་མོ་ཉོན་ཅིག། དང་པོ་མཎྜལ་བྱི་དོར་བྱ།། སྔོན་འགྲོ་ཡན་ལག་གཟུང་བར་བྱ།། ཐུགས་རྗེ་ཆེན་པོར་བསྒོམ་བྱས་ལ། ། ཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱིཿ་ར་ལ་ར་ལ་ཧྲིཿཧྲཱིཿཱ་ཨཱི་པྲཛྙཱ་བོ་དྷི་ས་ར་ས་ར། དྷ་ར་དྷ་ར། མ་ཎི་མ་ཎི། ཧྲིཾ་ཧྲིཾ་སྭཱཧཱ། འདི་ནི་འབུམ་ཕྲག་ལྔ་བཟླས་ན།། ཞལ་མཐོང་ཕྱི་མ་བྱང་ཆུབ་ཐཽབ།། སྙིང་པོ་བཟླས་ཞིང་ཚ་ཚ་གདབ། ། ཤེས་རབ་ཐབས་དང་མཚོན་སྦྱོར་ལ།། སྣང་བ་སྐུ་ཡི་རང་བཞིན་གནས།། སྣང་བའི་རང་བཞིན་ཆོས་སྐུ་ལ།། ཡེ་ཤེས་སྐུ་སྟེ་རང་བྱུང་བ།། སྒྲ་དབྱངས་ཆེན་པོ་དོན་དང་ལྡན། ཁྱད་པར་བསམ་པ་ཇི་བཞིན་དུ། ། སེམས་ཅན་རྣམ་ལ་བཤད་པར་འཚལ།། ཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱིཿ་ཨུཥྞི་ཥ་ཏྲ་སྭ་རོ་ནཾ་དྷརྨ་སིདྷི། བཛྲ་ས་ཏྭ་ཏྲེ་ལོ་ཀྱ་རཏྣ་ཏྲ་ཡཱ་ཡ།། པ་ཤི་པདྨོ་ཨུ་ཏ་པ་ནེ་མེ་སྭ་ཧཱ། ལྷ་དགོད་དམིགས་གཏད་མཆོད་རྟེན་བཞེངས། ། གང་དག་སེམས་ཅན་མཐོང་བ་རྣམས།། གྲོལ་ཏེ་བདེ་བར་གནས་པའོ།། འབྲུ་བདུན་འཆང་བའི་སྐྱེས་བུ་ནི།། སངས་རྒྱས་ས་ལམ་བགྲོད་པར་བྱེད།། ཨོཾ་གྱི་རང་ལུས་ཚགས་སུ་གཞུག། ཨོཾ་གྱིས་འགྲོ་དོན་ཕྱོགས་མེད་དུ། ། སྒྲིབ་སྦྱངས་ཉི་བསྒྲུབས་སིདྡྷི་བླང།། གང་ལ་གང་འདུལ་འགྲོ་དོན་དུ།། སེམས་ཅན་མོས་པ་ཐ་དད་པས།། སངས་རྒྱས་མཚན་ཡང་སོ་སོར་བཏགས།། ཐེག་པ་རིམ་དགུ་དོན་ལ་གཅིག། ཡིག་བྲུ་བཅུ་དགུའི་དངོས་གྲུབ་བླང། ། ཆོས་རྣམས་མཇུག་བསྡུ་དངོས་གྲུབ་བླང།། རྫས་སྣ་དྲུག་ལ་སྔགས་བཏབ་ལ།། མེ་མར་ཆུ་ནི་མི་ཟད་འབར།། རྫས་བཞིའི་རེང་བུའི་ཧོཾ་ཡང་བྱ།། རྣལ་འབྱོར་བསྒྲུབ་ལ་གཉིད་ཆེ་ན། ། རྫས་བཞིས་གཉིས་བསྲུངས་དུད་པས་བདུག། ཏདྱཐཱ།། བཛྲེ་བཛྲ་མ་མ་བཛྲེ།། མ་ཧཱ་བྱ་ཏི་ཧ་ན་ཧ་ན། བཛྲ་པེ་ནེ་སྭཱཧཱ། བརྒྱ་རྩ་བཟླས་པས་ནད་རྣམས་ཐུབ། ཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱིཿ་ཨོཾ་ཙ་ཏྲ་རྦད། དུཾ་དུཾ་ཆིལ་ཆིལ་ཧཱུཾ་ཧཱུཾ་ཕཊ་ཕཊ། བརྒྱ་རྩ་བཏབ་པས་ཁ་ཆར་ཆོད།། ཨོཾ་པདྨོ་ཛ་དུ་མ་ལེ་བཛྲ་ལེ་ཧཱུཾ་ཕཊ།། བརྒྱ་རྩ་བཏབ་པ་མིག་ནད་སེལ།། ཨོཾ་ནི་སེལ་ཛ་ཆོད་སྭཱཧཱ། བརྒྱ་རྩ་བཏབ་པས་མཛེས་པ་ཆོད།། ཨོཾ་པ་ཁྲི་སྭཱཧཱ། བརྒྱ་རྩ་བཏབ་པས་དུག་ནད་སེལ། ། ཨོཾ་ཨ་ལ་ལེ། བི་ལ་ལེ། བཛྲ་རྩ་ལེ། བྷ་ག་བན། སརྦ་མ་ཧཱ་བན་དྷ་སྭ་ཧཱ། བརྒྱ་རྩ་བཟླས་པས་འཇིགས་པ་ཐུབ། ཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱིཿ་ཨོཾ་ཧ་ར་ཧ་ར། ཤུ་ཏྲ་དྷ་ནི་སི་ཏ་ར་ཡེ་སྭཱ་ཧཱ། བསྔགས་མདུད་བོར་བས་འདྲེ་གདོན་ཐུབ།། བསྔགས་བཏབ་རྫས་རྣམས་བྱུགས་པས་དགྲ་རྐུན་ཐུབ།། ཨོཾ་སརྦ་ག་རི་སརྦ་སིདྡྷི་ཛ་བྷ་ལ་དྷ་ཡེ་སྭཱཧཱ། བྱིན་རླབས་སྤྱན་དྲངས་དག་པ་སྤེལ།། མགྲོན་བཞིས་ཐམས་ཅད་ཚིམ་པར་བསམ། ། ཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱིཿ་མེ་ལོང་གཡའ་དག་ངོས་ལ་བྲི།། རྒྱལ་མཚན་རྩེ་འམ་ལུས་ལ་བཅང།། འོད་ཕོག་སེམས་ཅན་གྲོལ་བར་འགྱུར།། མཐའ་ཡོད་མེ་ལོང་ནང་དུ་བྲི།། ཨོཾ་པདྨོཤྞི་ཥ་དྷརྨ་སི་ཤ་དྷརྨ་པ་ལ་རུ་པ་ལ། ཨོཾ་མི་དྷ་ར་བུདྡྷ་ཡ་དགེ། ཨ་ནུ་དྷ་ར་ཡ། ལང་ག་དྷེ་ཡ། དྷརྨ་དྷེ་ཡ། མི་དེ་པ་ལ་ཨ་ཨ། མཐའ་ལ་ཐུགས་པས་འཁོར་བར་འཁོར།། སངས་རྒྱས་མཐའ་མེད་ཟང་ཐལ་ཆོས་དབྱིངས་སོ།། ཁམས་གསུམ་འཁོར་བའི་མཐར་ཐུག་ནི། ། ཉོན་མོང་ལྔ་ལ་གཞི་བླངས་ནས།། འགྲོ་བ་དྲུག་ཏུ་འཁོར་འདས་མེད།། འཁོར་བ་འདས་ནས་སྐྱེ་མེད་དབྱིངས།། རྟག་ཏུ་སྡུག་བསྔལ་མཐའ་དག་བྲལ།། ཆོས་ཉིད་ཆེན་པོའི་ངང་ལ་གནས། ། ཞེས་གསུངས་སོ།། འཁོར་བ་དོང་སྤྲུགས་ཀྱི་རྒྱུད་ལས། འགྲོ་དོན་ལས་ཚོགས་བསྟན་པའི་ལེའུ་སྟེ་བརྒྱད་པའོ།།།། ཡང་གར་གྱི་དབང་མོས་ཞུས་པ། ཀྱེ་སངས་རྒྱས་འོད་དཔག་མེད། དབང་པོ་ཐ་མའི་ལམ་ཁྱེར་དང། ། དབང་པོ་འབྲིང་གི་ལམ་ཁྱེར་དང།། དབང་པོ་རབ་ཀྱི་ལམ་ཁྱེར་གསུམ།། བདག་ཅག་རྣམས་ལ་བཤད་དུ་གསོལ།། གར་གྱི་དབང་མོ་ཉོན་ཅིག། དལ་འབྱོར་རྙེད་དཀའ་རྒྱུ་འབྲས་ལས་ལ་འཛེམ། ། མྱུར་དུ་འཆི་བ་རྟག་ཅིག་དད་པ་བསྐྱཻད།། ཕྱི་ཡི་མི་ཁོམ་གསུམ་ལ་བཟོད་གླག་མེད།། དམྱལ་བ་ཡི་དགས་བྱོལ་སོང་ལ།། ཚ་གྲང་བཀྲེས་སྐོམ་བཀོལ་སྤྱད་བཟོད་པ་མེད།། ནང་གི་མི་ཁོམ་གསུམ་ལ་བསྲན་དུ་མེད། ། མཐའ་ཁོབ་ཀླ་ཀློ་དབང་པོ་མ་ཚང་བ།། ཚེ་རིངས་ལྟ་ལོག་རིགས་ཆད་བསྲན་གླགས་མེད།། ཉམས་དགའི་ཡུལ་སྐྱེས་དབང་ཐང་ཆཻ།། ཉན་བཤད་བསྒོམ་དང་དབང་པོ་ཚང།། དད་ལྡན་བྱེད་པ་རྣམ་སྨིན་ཤེས། ། ནམ་འཆི་ཆ་མེད་མི་རྟག་གྲོགས་སུ་བརྟེན།། འདུས་བྱས་མི་རྟག་སྔར་གྱི་མི་རྣམས་ཟད།། ལོ་ཟླ་བཟླས་ཤིང་ཤི་དང་ཉེ།། རང་ཉིད་གཅིག་པུར་ཉལ་ཏེ་འདུག། ནོར་རྫས་བུ་ཚ་འཁོར་གཡོག་ཀུན་དང་བྲལ། ། འཆི་བ་སླུར་མེད་སྡྀག་ཕྱོགས་ནོར་མི་བསག། སྐར་མ་རབ་རིབ་མར་མེ་དང།། སྒྱུ་མ་ཟིལ་པའི་ཆུ་པུར་དང།། རྨི་ལམ་གློག་དང་སྤྲིན་ལྟ་བུ།། སྲོག་གཅོད་མ་བྱིན་ལེན་པ་དང།། མི་ཚངས་སྤྱོད་དང་བརྫུན་དུ་སྨྲ། ། ཕྲ་མ་ངག་འཁྱལ་ཚིག་རྩུབ་དང།། གནོད་སེམས་བརྣབ་སེམས་ལོག་པར་ལྟ།། མི་དགེ་བཅུ་སྤྱོད་ངན་སོང་གསུམ་དུ་སྐྱེ།། མཚམས་མེད་ལྔ་དང་ཉེ་བ་ལྔ།། ལྕི་བཞི་ལོག་བརྒྱད་ཁ་ན་མ་ཐོ་གསུམ།། འདི་གསུམ་སྤྱོད་པས་ངན་སོང་གསུམ་དུ་ལྟུང། ། དེ་བས་རྒྱུ་འབྲས་ཆོས་ལ་ཞེན་པ་བཟློག། སྐྱབས་འགྲོ་སེམས་བསྐྱེད་ཚད་མེད་བསྒོམ།། ཕ་རོལ་ཕྱིན་དྲུག་ལྔ་ཡི་སྒོ་ནས་འཇུག། སྐུ་གསུམ་ལམ་ཁྱེར་སྙིང་པོ་བཟླས། ། ཞེས་པས། འཁོར་བ་དོང་སྤྲུགས་ཀྱི་རྒྱུད་ལས། དབང་པོ་ཐ་མ་ལ་གདམས་པའི་ལམ་ཁྱེར་བསྟན་པའི་ལེའུ་སྟེ་དགུ་པའོ།།།། དད་དང་བརྩོན་འགྲུས་དམ་ཚིག་དང།། བླ་མ་སློབ་མ་གདམས་ངག་དང། ། ལེགས་པར་བརྟག་ཅིང་ཡིད་ཆེས་བྱ།། དགོན་པ་རྟེན་ལ་འདུ་འཛི་སྤང།། བྱང་ཆུབ་བསྒྲུབ་ལ་བརྩོན་པར་བྱ།། ཕྱིན་ཅི་མ་ལོག་ཡང་དག་དོན།། ཡང་དག་སྨྲ་བསམ་བརྗོད་ལས་འདས།། ཞི་གནས་ལྷག་མཐོང་གསལ་སྟོང་ཉམས། ། སྒོ་གསུམ་མ་བཅོས་ཐོགས་མེད་སེར་བུ་ལྟ།། ཞེན་མེད་བུ་ཆུང་གཡུ་རྡོ་ལྟར་རམ་ལྷ་མཆོད་ལྟ། གཟུང་འཛིན་ཆགས་ཞེན་མེད་པར་སྤྱོད།། བཅོས་མེད་ལྷུག་པར་ལམ་ཁྱེར་བྱ།། ཞེས་པས། འཁོར་བ་དོང་སྤྲུགས་ཀྱི་རྒྱུད་ལས། དབང་པོ་འབྲིང་གི་ལམ་ཁྱེར་བསྟན་པའི་ལེའུ་སྟེ་བཅུ་པོ།།།། མཁའ་ལ་ཉི་ཤར་རང་བྱུང་རིག་པའི་རྩལ།། རང་གསལ་ཆུ་དང་འོ་མའི་ཚུལ།། འབྲས་བུ་ཐིག་ལེ་གཅིག་ཏུ་དབྱེར་མི་ཕྱེད། ། རང་ལ་གནས་ཀྱང་བསྒྲིབས་ཏེ་ངོ་མ་ཤེས།། དཔེར་ན་དམུས་ལོང་མིག་ཕྱེ་བཞིན།། ཕྱི་གཟུང་ཡུལ་གྱིས་བསྒྲིབས་ཏེ་ངོ་མ་ཤེས།། མེ་ལོང་གསལ་བའི་བཞིན་ལྟ་བུ།། ཡིད་ལས་བསྒྲིབས་པས་ངོ་མ་ཤེས། ། རིན་ཆེན་འདམ་ནས་ཐོན་པ་ལྟ།། མ་རིག་མུན་སེལ་གདམས་ངག་མཆོག། གཉུག་མ་གླང་པོ་ཤེལ་ལྟ་བུ། དྲང་པོ་བཅོས་བསྒྱུར་མེད་པས་ཟང་ཐལ་འདུག། ཕྱི་རིས་དང་ཤེས་པ་ལས་སུ་རུང།། འབྲས་བུ་གཞན་ལ་རེ་བ་མེད། ། དམྱལ་བར་ལྟུང་མེད་རིག་པ་ཡི།། ཆོ་འཕྲུལ་ཅི་ཡང་འཆར་བ་སྟེ།། མཐོངས་ཕྱེ་ཤེས་པ་རྣལ་དུ་ཕོབ།། སྤྱོད་ཡུལ་གང་ལའང་ཞེན་འདོད་མེད།། ཟང་ཐལ་ལུས་ཡོད་སྙམ་པ་མེད།། གཉིས་མེད་རང་གྲོལ་ཆེན་པོའི་ངང། ། ནམ་མཁའ་སྤྲིན་དང་འཇའ་ཚོན་དང།། ཆོས་ཉིད་རོལ་པས་མ་འགགས་འབྱུང། དབང་དུ་མ་གྱུར་རང་སར་གྲོལ།། འབྲས་བུ་ཐོབ་ཟིན་བཙལ་མི་དགོས།། རིག་པ་རང་སར་གཡོ་འགུལ་མེད། ། ཟབ་ཅིང་རིག་ལ་མིང་མི་ཐོགས།། རྗེས་མེད་མཁའ་ལ་འཕུར་བ་ལྟར།། ཡིད་ཆེས་ཞེན་ལོག་འཛིན་པ་བྲལ།། ཆུ་ལ་གྲི་བཏབ་གྲས་ཐག་ཆོད།། རྒྱང་མིག་བལྟས་དང་ཁང་སྟོང་ཉལ།། ཆུ་བཞག་དབྱེར་མེད་འབྲས་བུ་ཐིག་ལེ་གཅིག། མཉམ་ཉིད་རྒྱུད་ལ་ཁོང་ཁྲོ་མེད།། སྒོ་གསུམ་སྤྱོད་པ་ལྷུག་པར་འཆར།། མི་གནས་འཁོར་བའི་ཆོས་ལ་ཞེན་པ་བཟློག། སྐྱོན་གྱིས་མི་གོས་སྒོ་གསུམ་རྗེས་མེད་འཆར།། སེམས་བཟུང་བུང་བ་མེ་ཏོག་བཅུད་འཐུངས་པ། ། བུ་ཆུང་འཛུག་ཁྲིད་ཁྱུང་ཕྲུག་སྒོང་ནས་འཐོན།། གསེར་གླིང་རྡོ་མེད་གཉེན་པོ་རྟེན་མི་དགོས།། རྒྱུད་ཡོད་ངོ་ཤེས་སྤྲོས་པ་ཐེ་ཚོམ་ཆོད།། རལ་གྲི་ཁམ་མངས་ཀུན་བཅད་ཅིག་ཤེས་གྲོལ། ། མི་རྟོག་གསལ་བ་ཆུ་བོའི་ཞུང་བཞིན་ཉམས་སུ་བླང།། ནམ་མཁའ་ས་མེ་རླུང་ཆུ་ལྔ།། འདོད་ཡོན་ལྔ་ལ་རོལ་མཉམ་ལོངས་སྤྱོད་ཤེས།། ཕྱོགས་མེད་རང་གྲོལ་འཕེལ་འགྲིབ་མེད།། ལྷུན་འགྲུབ་འབྲས་བུ་ཕྱག་རྒྱ་ཆེ། ། ཨོཾ་ནི་ལྟ་བ་མཐའ་དང་བྲལ།། མ་ནི་སྒོམ་པར་གསལ་འགྲིབ་མེད།། ཎི་ནི་སྣང་བ་སྐྱོན་མི་ལྟ། པད་ནི་སྤྱོད་པ་བླང་དོར་མེད།། མེ་ནི་མི་མཐུན་ཕྱོགས་དང་བྲལ།། ཧཱུཾ་ནི་འབྲས་བུ་རང་ལ་གནས། ། ཧྲིཿནི་གསལ་ལ་མི་རྟོག་ཡོན་ཏན་ལྡན།། སྐྱོན་བྲལ་ཚང་པའི་གསུང་དང་ལྡན།། ཞེས་གསུང་སོ།། འཁོར་བ་དོང་སྤྲུགས་ཀྱི་རྒྱུད་ལས། དབང་པོ་རབ་ཀྱི་ལམ་ཁྱེར་བསྟན་པའི་ལེའུ་སྟེ་བཅུ་གཅིག་པའོ། །།། ཡང་གར་གྱི་དབང་མོས་ཞུས་པ། ཀྱེ་སངས་རྒྱས་འོད་དཔག་མེད། ཡར་ལྟ་བ་ལ་མི་འབྱམས་པའི།། བར་འཇིན་རྟེན་ཐ་མ་ལ་དུ་མི་ལྟས་པ།། ཐ་མལ་རྒྱུ་འབྲས་ལ་མི་ཟག་པ་ཅིག་བདག་ཅག་རྣམས་ལ་བཤད་དུ་གསོལ། ། ཞེས་ཞུས་པས།། སངས་རྒྱས་འོད་དཔག་མེད་ཀྱིས་བཀའ་སྩལ་པ། གར་གྱི་དབང་མོ་ཉོན་ཅིག། སྟོན་པ་བླ་མེད་སངས་རྒྱས་རིན་པོ་ཆེ།། སྐྱོབ་པ་བླ་མེད་དམ་ཆོས་རིན་པོ་ཆེ།། འདྲེན་པ་བླ་མེད་དགེ་འདུན་རིན་པོ་ཆེ། ། སྐྱབས་ཀྱི་དམ་པ་སྐྱབས་སུ་འོས།། རང་སེམས་སྟོང་པ་ཆོས་ཀྱི་སྐུ།། དོན་དམ་ཐུགས་རྗེ་ཆེན་པོ་རྟོགས་གྱུར་ན།། ཐུགས་རྗེ་ཆེན་པོ་ལོགས་ན་མེད་དེ། སྙིང་རྗེའི་སེམས་ནི་ཀུན་ལ་བསྐྱེད། ། སྨོན་པའི་སེམས་ནི་ཀུན་རྫོབ་ལ།། འཇུག་པ་སེམས་ནི་དོན་དམ་ལ།། དོན་དམ་ཀུན་རྫོབ་དབྱེར་མེད་དེ།། སེམས་ཀྱི་ངོ་བོ་ཅིར་ཡང་མ་གྲུབ་སྟོང་པར་འདུག། སྙིང་རྗེ་སེམས་ཅན་ཀུན་ལ་བུ་བཞིན་བརྩེ། ། བྱམས་པ་བུ་གཅིག་ཕས་མཐོང་ལྟར་དུ་གཞན་གཅེས་ཀྱང།། དགའ་བས་ཕ་མ་བུ་ཚ་སྐྱོ་དུབ་མེད།། བཏང་སྙོམས་ཀུན་ལ་བྱམས་པས་མཉམ་པ་རིས་མེད་དང།། དཔེར་ན་རྩིག་པའི་འགྲམ་ལེགས་ཁང་བ་ཚད་འབྱོངས་ལྟར། ། ཆོ་ག་དག་པས་སངས་རྒྱས་འབྲས་བུའི་ས་ལམ་བགྲོད།། ཅེས་པས། འཁོར་བ་དོང་སྤྲུགས་ཀྱི་རྒྱུད་ལས། ཡར་ལྟ་བ་ལ་འབྱམས་སུ་མི་བཞུགས་པར་བསྟན་པའི་ལེའུ་སྟེ་བཅུ་གཉིས་པའོ།།།། ཆུད་ཟོས་གསུམ་དུ་མི་གཏོང་བར། ། སྲོག་གཅོད་མ་བྱིན་ལེན་དང་མི་ཚང་སྤྱོད།། མི་དགེ་སྤང་ཞིང་ལྷ་སྐུ་བསྒཽམ།། ཚིག་རྩུབ་ངག་འཁྱལ་དབྱེས་བརྫུན་ཕྲ་མ་ལ་སོགས་པ།། སྤང་ཞིང་འབྲུ་བདུན་བཟླས་ཤིང་འགྲོ་དྲུག་སྐྱེ་སྒོ་གཅད། ། ང་ཡི་ལུས་ལ་འོད་བྱུང་བ།། འོད་འོད་ཡི་དམ་ལྷ་ཡི་འོད།། ཕྱི་ནང་རྣམ་རྟོག་སྤྱང་པའི་ཕྱིར།། ཡི་དམ་ལྷ་དང་འབྲལ་མི་བྱ།། འགྲོ་དྲུག་སྣང་བ་རང་གི་སེམས།། སེམས་ལས་སངས་རྒྱས་གཞན་ན་མེད། ། རང་སེམས་སངས་རྒྱས་ཡིན་པར་བཤད།། བརྣབ་སེམས་གནོད་སེམས་ལཽག་ལྟ་དང།། མི་དྲན་དགུ་དྲན་སྤང་ཞིང་ཆོས་ཉིད་སྟོང་པའི་ངང་ལ་གཞག་ཁྱེར་སོ་རྣམ་གསུམ་དབྱེར་མེད་པ།། མ་བཅོས་མ་བསླད་གསལ་སྟོང་ངང་ལ་བཞག། སྐུ་མདོག་ཕྱག་མཚན་སྣ་ཚོགས་ཀྱང།། བརྡ་ཙམ་ཐབས་ཀྱིས་བསྟན་པ་ལས།། སེམས་ཉིད་ཕྱི་ནང་མེད་པ་ལ།། གཟུགས་དང་རྫས་སུ་གྲུབ་པ་མེད།། གསལ་སྟོང་འདུག་པ་དེ་ཁོ་ནའོ། ། ཡང་དག་དོན་གྱི་ཐུགས་རྗེ་ཆེན་པོའོ།། ཞེས་པས།། འཁོར་བ་དོང་སྤྲུགས་ཀྱི་རྒྱུད་ལས། པར་འཇིག་རྟེན་བྱ་བ་ལ་ཡེངས་སུ་མི་གཞུག་པར་བསྟན་པའི་ལེའུ་སྟེ་བཅུ་གསུམ་པའོ།།།། ཕྱི་ནང་མེད་པ་སེམས་སུ་འདུས། ། སྣང་བའི་ཕྱིར་འབྲེང་བའི་མཁན་པོ་ལྟ།། སེམས་ལས་འཁྲུལ་པ་གཞན་ན་མེད།། མ་མཐོང་མ་ཤེས་ལྟ་བའོ།། མ་བསྒཽམས་རང་གསལ་སྒོམ་པའི་མཆོག། མི་རྟོག་མཉམ་ཉིད་ཆོས་ཀྱི་སྐུ།། གཉེན་པོ་མ་བཅོས་རང་ཤུགས་ལ། ། འཛིན་མེད་ཤེས་པ་རང་གྲོལ་བཞག། བྱིང་ན་གསལ་གདབ་རྒོད་ན་གློད།། མི་སྤྲོ་མི་བསྡུ་ཤེས་པ་རང་སོར་བཞག། འབད་རྩོལ་བྱ་རྒྱུ་མེད་པས་རྩོལ་བསྒྲུབ་དཀའ་ཐུབ་བྲལ།། བྱ་བཙལ་ཐམས་ཅད་མཚན་མར་ངོས་གཟུང་ཡང་དག་དོན་ལ་བྱ་རྒྱུ་མེད། ། དད་པ་གཏིང་ནས་མ་སྐྱེས་ཁེང་གྲགས་ཀྱིས།། སྦྱིན་པ་བཏང་བས་དོན་མེད་ཅི་ཞིག་ཕན།། བསྔོ་བ་ལོག་པ་ཡི་དགས་གནས་སུ་སྐྱེ།། སེམས་ཉིད་ཡེ་ནས་སངས་རྒྱས་ལ། ། དགེ་སྡིག་རང་བཞིན་སྟོང་པའི་ངང་དུ་གྲུབ།། སྔར་རྗེས་བཤགས་ཤིང་ཕྱིས་ཀྱི་དམ་བཅས་བླང།། འཁོར་བའི་རང་བཞིན་རེ་མོས་ཕ་མ་བུ་ཚ་འདྲ།། ནོར་རྫས་འཛིན་ཆགས་ཞེན་པ་ལ། འཛིན་ཆགས་མཁན་པོ་སེམས་ཡིན་པས།། ཆགས་ཞེན་མཁན་པོ་དེ་ལ་ལྟ།། སེམས་ཉིད་ཡེ་སྟོང་དྲི་མ་མེད་པས་སྦྱང།། སྟོང་གསལ་ཡེ་ནས་ཡོད་པས་ཆུབ།། ཚོགས་བསགས་སྒྲིབ་པ་སྦྱང་མི་དགོས།། སངས་རྒྱས་ལོག་ན་བསྒྲུབ་ཏུ་མེད། ། ཡེ་ནས་སངས་རྒྱས་ཡིན་པ་ལ།། རང་སེམས་རྟོགས་པ་སངས་རྒྱས་ལ།། སངས་རྒྱས་གཞན་ལ་རེ་བ་མེད།། ཡེ་ནས་ལྷ་སྐུའི་རང་བཞིན་ལ།། དེ་ལ་དབང་བསྐུར་བྱ་མི་དགོས།། རིག་པའི་རྒྱལ་པོ་སེམས་ལ་དབང། ། ཏིང་འཛིན་སེམས་ལ་དབང་བསྐུར་ན།། ཀུན་ལ་དབང་གྱུར་དབང་གི་མཆོག། རང་སེམས་དག་པའི་དམ་ཚིག་ལ།། གཡོ་སྒྱུ་རང་གིས་མ་ཁྲེལ་བར།། ལུས་ངག་ཡིད་གསུམ་ཉམས་སྒྲིབ་དག། ཉམས་སྒྲིབ་མི་གཙང་སེམས་ཀྱི་ངན་རྟོག་ཡིན།། རང་སེམས་རྟོག་མེད་ཆོས་སྐུ་ལ།། ཡེ་དག་ཡེ་སྟོང་ཡེ་སངས་ཆེན་པོ་སྟེ།། མི་གཙང་ཉམས་སྒྲིབ་གང་ཡང་མེད་ཅིང་གྲོལ།། སྣང་སྟོང་སྐུ་ཡི་རང་གཞིན་ལ། སྣང་ཚད་ཐུགས་རྗེ་ཆེན་པོའི་སྐུ། ། གྲག་སྟོང་གསུང་གི་རང་ཞིན་ལས།། ཉེ་བར་བསྒྲུབ་པ་ཡིག་འབྲུ་ཧྲིཿ་ཐུན་མོང་འབྲུ་དྲུག་འགྲོ་དྲུག་སྐྱེ་སྒོ་གཅོད།། སེམས་ཀྱི་དམ་ཚིག་རང་གིས་བསྲུང། ཧྲཱིཿའདི་ཐུགས་ཀྱི་ས་བོན་ཏེ། ། ཆོས་ཀུན་མ་ནོར་བྱང་ཆུབ་སེམས་སུ་གཅིག། སྙིང་པོ་མ་ནོར་དོན་གྱི་ཡིག་འབྲུ་ཧྲིཿ། མངོན་ཤེས་རྫུལ་འཕྲུལ་སྟོབས་དང་ལུང་སྟོན་སེམས་ལས་བྱུང།། ཐིག་ལེ་གཅིག་ལ་རྫོགས་པས་བསྒྲུབ་ཏུ་མེད།། བདེ་གསལ་མ་འགགས་འཛིན་པའི་བློ་དང་བྲལ། ། མཐར་ཐུག་འབྲས་བུའི་བསྒྲུབ་པའོ།། འདི་ནི་དོང་སྤྲུགས་རང་བཞིན་ལ། ཆོས་སྐུ་གཏན་ལ་འབེབས་པའི་ཕྱིར།། འཁོར་འདས་གཉིས་ཀར་གདགས་བྱ་བྲལ། ། སངས་རྒྱས་སེམས་ཅན་གཉིས་སུ་མེད།། རང་སེམས་རྟོགས་ན་དོང་སྤྲུགས་རིན་ཆེན་དཀྱིལ།། ཕྱོགས་སུ་ལྷུང་མེད་ལྷུན་གྱིས་གྲུབ།། རྒྱུ་ཡིས་ནམ་མཁའ་འདྲ་སྟེ་བསྐྱེད་པ་མེད།། རྒྱུ་ལས་མ་མཆིས་སྐྱེ་བ་མེད། ། འདུས་མ་བྱས་ཀྱི་སེམས་ཉིད་ལ།། ཡེ་ཤེས་ཉི་མའི་ཟེར་འདྲ་བ།། བཀག་པས་མི་ཁེགས་རང་ཤར་ཡིན།། གསལ་བྱེད་རིག་པ་འོད་དང་གསུམ། ཆོས་ཉིད་དབྱིངས་ཀྱི་ཆ་ལ་ཟེར། ནམ་མཁའ་རླུང་འོད་རིག་དྲན་བཞི། ། མ་ངེས་པོ་ན་སོ་སོ་འཆར། ཞེས་པས། འཁོར་བ་དོང་སྤྲུགས་ཀྱི་རྒྱུད་ལས། མར་ལས་རྒྱུ་འབྲས་ལ་ཟག་སུ་མི་གཞུག་པར་བསྟན་པའི་ལེའུ་སྟེ་བཅུ་བཞི་པའོ།།།། ཡང་གར་གྱི་དབང་མོས་ཞུས་པ། ཀྱེ་སངས་རྒྱས་འོད་དཔག་མེད། ལྟ་སྒོམ་སྤྱོད་གསུམ་འབྲས་བུའི་དོན་ཅིག། བདག་ཅག་རྣམ་ལ་བཤད་དུ་གསོལ།། ཞེས་ཞུས་པས། གར་གྱི་དབང་མོ་ཉོན་ཅིག། ལྟ་སྒོམ་སྤྱོ་འབྲས་འདྲ་ལུགས་བསྟན།། དང་པོ་ལུས་གནད་དབུག་ས་བཅོས་སེམས་བཞག། སེམས་ཀྱི་གསུང་ཐབས་ཟས་ཚད་བསྟན།། ལུས་གནད་རྣམ་སྣང་ཆོས་བདུན་ལྡན།། བདེ་ལ་བསྟེན་ནས་མི་རྟོག་ཏེ།། སྐྱེས་དགུ་ཐམས་མལ་ཆོས་ཡིན་ནོ།། དྲན་མེད་ཡིད་ལ་བྱར་མེད་བཞག། ཀུན་རྫོབ་ངོ་བོ་བདེན་པར་གཟུངས།། བདེན་གཟུང་ཐམསཅད་འཁྲུལ་པ་ཡིན།། སྟོང་པའི་རིག་པ་གྱ་གྱུ་ཆཻ།། སྟོང་པའི་ཆོ་འཕྲུལ་བསམ་མི་ཁྱབ།། འབྱུང་བ་ལྔ་པོ་བསྟན་པ་ཡང།། བྱང་ཆུབ་སེམས་ཀྱི་ངོ་བོར་བསྟན། དབུགས་ལ་ལྡང་འཇུག་གཉིས་ཡོད་དེ།། ལྡང་ནི་དྲོ་བའི་རང་བཞིན་ནོ།། འཇུག་ནི་དྲང་བའི་རང་བཞིན་ནོ།། དབུགས་ནི་དགང་དང་བཅད་དང་རྔུབ་དང་དབྱུང། འཁོར་ལོ་མེ་ལོང་སེམས་གཏད་བཟུང། ལུས་འདར་གཡང་ས་ཤེས་པ་འདར།། རྗེས་དྲན་གསུམ་གྱི་འཇུག་པར་བྱ།། བགོ་བ་ཟས་སྒོམ་ཚོད་ཟིན་བྱ།། བཅུ་གསུམ་ཚིག་གིས་དམར་ཐག་བཅད།། སྐྱེ་ཙམ་ཉིད་ན་སྐྱེ་བ་མེད།། མཐོང་བའི་ཡུལ་མེད་དེ་ལས་ཐོང། ། ཤེས་ས་ཐོག་བབས་གཅོད་པ་མེད།། ཡུལ་དུ་མ་བྱས་རིག་པས་ཁྱབ།། ཕྱི་གསལ་ནང་གསལ་འོད་པོ་ཆཻ།། ཕྱི་སྟོང་ནང་སྟོང་རྒྱ་བོ་ཆེ།། ཕྱི་རིག་ནང་རིག་ཁོང་ཤར་གཅེས།། གཅིག་ཤེས་ཀུན་རྟགས་འཁོར་འདས་ཤེས། ། སེམས་ཀྱི་སྒོ་ཕྱེད་ཕྱི་ནང་སྣོད་བཅུད་གསལ། ཁྱབ་བརྡལ་ཆེན་པོ་སྟོང་པར་ཆུབ།། ཐིག་ནི་དང་པོར་གནས་པའོ།། ལེ་ནི་འགྱུར་བ་མེད་པའོ།། བསམ་བྱ་མི་བསམ་པར་ཡང་བསམ་མི་བྱ། བསམ་དུ་མེད་དོ་དོང་སྤྲུགས་ཆོས།། རྟོག་མེད་མཉམ་ཉིད་ཆོས་ཀྱི་སྐུ།། རྟོགས་ན་སངས་རྒྱས་ཡིན་ནོ་ཅོག། དབྱིངས་དང་ཡེ་ཤེས་ངོས་ཟིན་པའི།། སྣང་བའི་དངོས་པོ་ཅི་འགྱུར་ཀྱང།། ཡིད་ལ་མི་བྱེད་འཛིན་པའི་དྲི་མ་དག། ཐམས་ཅད་རང་ཤར་ཡིན་པའི་ཕྱིར།། ཕྱོགས་རིས་མེད་པ་ལྟ་བའི་གདེང།། བལྟ་བྱ་ལྟ་བྱེད་གཉིས་མེད་པར།། རིག་པ་ངོ་བོར་མ་གྲུབ་པས།། རིག་པ་རང་ཆོད་འབྲལ་མེད་གསལ།། བདེ་བ་ཆེ་ལ་གཞན་མེད་ཡིན། ། སངས་རྒྱས་སེམས་ལས་གཞན་ན་མེད།། མ་བྱས་མི་འགྱུར་བྱེད་པའི་རང་བཞིན་པས།། འཁོར་བའི་ཐོག་མཐའ་བཅད་ཅིང་ཡེ་ཤེས་ངོས་བཟུང་སྟེ།། གོམ་པ་མཐུ་བསྐྱེད་མཐུན་རྐྱེན་འཛོམ། ། བག་ཆགས་ཚད་ཟུང་བར་དོ་སེལ།། ཀུན་སྤྱོད་ཡོན་ཏན་རྣམ་ལྔ་ཆོས།། དབྱིངས་ཀྱི་རྒྱན་དུ་རོལ་པའོ།། བརྟུལ་ཞུགས་སྤྱོད་པས་ཆགས་སྡང་གཅོད།། རིག་པའི་སྤྱོད་པས་བདེ་བ་བསྐྱེད།། གསང་བའི་སྤྱོད་པས་དྲོད་རྟགས་འབྱུང། ། སྨྱོན་པའི་སྤྱོད་པས་ཞེན་པ་བཟློག། ཕྱོགས་མཚམས་རྣམ་རྒྱལ་བཅིངས་གྲོལ་མེད།། གཞི་ལ་བསམ་ཞིང་བསྒོམ་དུ་མེད།། སྣང་བ་མེད་པའི་ཆོས་ཉིད་ནི།། མ་བཙལ་གཞག་ན་བསྒོམ་པ་ཡིན། ། ལུས་ལ་འཛིན་མེད་ལམ་དུ་བྱ།། ཟག་མེད་ངོས་གཟུང་བྲལ་བའོ།། སེང་གེ་གླང་པོ་སྤྲེའུ་དང།། བུ་ཆུང་སྨྱོན་པ་མཁའ་འགྲོ་བཞིན།། སྤྱོད་པ་ལམ་དུ་བྱ།། ཞེས་གསུངས་སོ།། འཁོར་བ་དོང་སྤྲུགས་ཀྱི་རྒྱུད་ལས། ལྟ་སྒོམ་སྤྱོད་འབྲས་ཀྱི་གྲོལ་ལུགས་བསྟན་པའི་ལེའུ་སྟེ་བཅོ་ལྔ་པའོ།།།། སློབ་དཔོན་པདྨའི་བསྒྱུར་ཅིང་གཏན་ལ་ཕབ་པ་རྫོགས་སོ།།།། ཐུགས་རྗེ་ཆེན་པོ་འཁོར་བ་དོང་སྤྲུགས་ཀྱི་རྒྱུད་ཡང་དག་པ་དོན་གྱི་གདམས་ངག་བཅས་པ་འདི། མཁའ་འགྲོ་མཚོ་རྒྱལ་ལ་གདམས་པ་རྫོགས་སོ།། གཤིན་རྗེ་དམར་ནག་གཉིས་ལ་གཏད་དེ་རྒྱ། གུ་ཡ། གཏེརརྒྱ། སྦས་རྒྱ། སོ་ཕག་ཤི་ཁ་ཐམ། ཨྠི+ྀ། ཡེ་ཤེས་ཁྱུང་གྲགས་ཞུས་སོ། །།། རྒྱ་གར་སྐད་དུ། བྐབྐཏབྟ། པྡད་ཊ། པྡན། བོད་སྐད་དུ།། ཐུགས་རྗེ་ཆེན་པོ་པདྨ་རྒྱས་པའི་རྒྱུད། བཅོམ་ལྡན་འདས་འོད་དཔག་མེད་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན།
CLOSE WINDOW