CLOSE WINDOW

Gpb044.010: འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཐུགས་རྗེ་ཆེན་པོ་བསྒྲུབ་ཐབས་ངེས་པར་སྟོན་པའི་རྒྱུད་ཅེས་བྱ་བ
Wylie

། ཤོག་སེར་དངོས་ལ་མངའ་བདག་མྱང་གི་གཏེར་མའོ།།།། རྒྱ་གར་སྐད་དུ། ཨཱརྱ་པཱ་ལོ་ཀི་ཏེ་ཤྭ་ར་མ་ཧཱ་ཀཱའ་རུ་ཎི་ཀ་པ་ཏ་ཡ་ཏནྟྲ་ནཱ་མ། བོད་སྐད་དུ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཐུགས་རྗེ་ཆེན་པོ་བསྒྲུབ་ཐབས་ངེས་པར་སྟོན་པའི་རྒྱུད་ཅེས་བྱ་བ། ། སངས་རྒྱས་སྣང་བ་མཐའ་ཡས་འོད་དཔག་མེད་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། ནུབ་ཕྱོགས་པདྨ་ཅན་གྱི་ཕོ་བྲང་བརྩེགས་པ་ན། སངས་རྒྱས་སྣང་བ་མཐའ་ཡས་འོད་དཔག་ཏུ་མེད་པ་ཞེས་བྱ་བ་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཀྱི་དགོངས་པ་མཁྱེན་པ། ཐུགས་རྗེ་ཆེ་ལ་ཐབས་མཁས་པ་བཞུགས་སོ། ། འཁོར་དེ་བཞིན་གཤེགས་པའི་རིགས་དང། རྡོ་རྗེའི་རིགས་དང། རིན་པོ་ཆེའི་རིགས་དང། པདྨའི་རིགས་དང། ལས་ཀྱི་རིགས་དང། རིགས་འདུས་པ་ཐུགས་རྗེ་ཆེན་པོ་དང། ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་དང།། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་མ་དང།། སྦྱིན་པའི་ཕ་རོལ་ཏུ་ཕྱིན་མ་དང། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་མ་དང། བཟོད་པའི་ཕ་རོལ་ཏུ་ཕྱིན་མ་དང། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་མ་དང། འཁོར་བྱང་ཆུབ་སེས་དཔའ་སྤྱན་རས་གཟིགས་དབང་ཕྱུག་དང། འཇིག་རྟེན་དབང་ཕྱུག་ལ་སོགས་པ་མང་པོ་དང་ཐབ་ཅིག་ཏུ་བཞུགས་སོ།། དེའི་ཚེ་སངས་རྒྱས་སྣང་བ་མཐའ་ཡས་ཀྱིས། འགྲོ་དྲུག་གནས་སྦྱོང་ཞིང་འགྲོ་བ་འདུལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་བཞུག་ནས། ཐུགས་ཁ་ནས་འོད་ཟེར་རྣམ་པ་དྲུག་བཀྱེ་ནས།། བྱང་ཆུབ་སེམས་དཔའ་ཐུགས་རྗེ་ཆེན་པོའི་ཐུགས་ཁར་ཕོག་པས། སྤྱན་རས་གཟིགས་ལ་འགྲོ་བ་དྲུག་འདུལ་བར་བསྐུལ་བ་ལས།། སྤྱན་རས་གཟིགས་ཀྱི་ཐུགས་ཀ་ནས་འོད་ཟེར་དྲུག་འགྲོ་བ་རིས་དྲུག་གི་གནས་སུ་འཕྲོས་ཏེ།། འོད་ཟེར་དཀར་པོ་ལས་ལྷའི་དབང་པོ་བརྒྱ་བྱིན་དུ་སྤྲུལ་ནས། ཨོཾ་མ་ཎི་པདྨེ་ཧཱུཾ། ཞེས་ལྷ་འཕོ་བའི་སྡུག་བསྔལ་བསལ་ནས་བདེ་བ་ལ་བཀོད་དོ།། འོད་ཟེར་སྔོན་པོ་ལས་ལྷ་མ་ཡིན་གྱི་རྒྱལ་པོ་ཐག་བཟང་རིས་སུ་སྤྲུལ་ནས། ཨོཾ་མ་ཎི་པདྨེ་ཧཱུཾ། ཞེས་ལྷ་མ་ཡིན་འཐབ་རྩོད་ཤི་སྨྲས་ཀྱི་སྡུག་བསྔལ་བསལ་ནས་བདེ་བ་ལ་བཀོད་དོ། ། འོད་ཟེར་སེར་པོ་ལས་བཅོམ་ལྡན་དས་ཤཱཀྱ་ཐུབ་པར་སྤྲུལ་ནས། ཨོཾ་མ་ཎི་པདྨེ་ཧཱུཾ། ཞེས་པའི་མིའི་སྡུག་བསྔལ་བསལ་ནས་བདེ་བ་ལ་བཀོད་དོ། ། འོད་ཟེར་ནག་པོ་ལས་ཤཱཀྱ་སེང་གེར་སྤྲུལ་ནས། ཨོཾ་མ་ཎི་པདྨེ་ཧཱུཾ། ཞེས་བྱོལ་སོང་གླེན་ལྐུགས་ཀྱི་སྡུག་བསྔལ་བསལ་ནས་བདེ་བ་ལ་བཀོད་དོ།། འོད་ཟེར་དམར་པོ་ལས་ནམ་མཁའ་མཛོད་པུ་འབར་མར་སྤྲུལ་ནས། ཨོཾ་མ་ཎི་པདྨེ་ཧཱུཾ་ཞེས་ཡི་དགས་བཀྲེས་སྐོམ་གྱི་སྡུག་བསྔལ་བསལ་ན་བདེ་བ་ལ་བཀོད་དོ།། འོད་ཟེར་སྨུག་ནག་ལས་ཆོས་ཀྱི་རྒྱལ་པོ་དམྱལ་བའི་རྗེ་བོར་སྤྲུལ་ནས། ཨོཾ་མ་ཎི་པདྨེ་ཧཱུཾ། ཞེས་དམྱལ་བ་ཚ་གྲང་གི་སྡུག་བསྔ་བསལ་ནས་བདེ་བ་ལ་བཀོད་དོ། ། ཨོཾ་མ་ཎི་པདྨེ་ཧཱུཾ། ཞེ་ཆོས་ཀྱི་སྒྲ་བསྒྲགས་སོ།། འགྲོ་བ་ཐམས་ཅད་དུས་གཅིག་ཏུ་བཏུལ་ནས་བདེ་བ་ལ་བཀོད་དོ།། གླེང་ཞིའི་ལེའུ་སྟེ་དང་པཽའོ།། དེ་ནས་བྱང་ཆུབ་སེམས་དཔའ་འཇིག་རྟེན་དབང་ཕྱུག་རང་གི་གནས་ནས་ལངས་ཏེ། སངས་རྒྱས་སྣང་བ་མཐའ་ཡས་ལ་ཕྱག་འཚལ་བསྐོར་བ་བྱས་ནས་འདི་སྐད་ཅེས་གསོལ་ཏོ།། རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས།། བྱང་སེམས་ཐུགས་རྗེ་སྤྱན་རས་གཟིགས། ། འདི་ལྟར་རྫུ་འཕྲུལ་ཆོ་འཕྲུལ་དང།། རྣམ་པར་འཕྲུལ་པ་འདི་ལྟ་བུ།། འགྲོ་བ་འདུལ་བ་ངོ་མཚར་ཆེ།། ཕྱི་རབས་འགྲོ་དོན་བྱེད་པ་ལ།། ཐུགས་རྗེ་ཆེན་པོ་བསྒྲུབ་འདོད་པས། ། བསྒྲུབ་པའི་ལུགས་ནི་ཇི་ལྟར་ལགས།། བསྒྲུབ་པའི་ཐབས་ནི་ཇི་ལྟར་ལགས།། བསྒྲུབ་པའི་ཚུལ་ནི་ཇི་ལྟར་ཡོད།། རྫོགས་པའི་སངས་རྒྱས་བཤད་དུ་སོལ།། ཞེས་ཞུས་སོ།། གླེང་སླང་བའི་ལེའུ་སྟེ་གཉིས་པའོ། ། དེ་ནས་སངས་རྒྱས་སྣང་བ་མཐའ་ཡས་ཀྱིས།། འདུས་པའི་འཁོར་ལ་བཀའ་སྩལ་པ།། ཉོན་ཅིག་འདུས་པའི་འཁོར་ཚོགས་རྣམས།། ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས།། འགྲོ་དྲུག་ཀུན་ལ་ཐུགས་རྗེ་ཟིགས། ། འགྲོ་བའི་སྐྱབས་དང་གནས་ཡིན་ཏེ།། སངས་རྒྱས་རྣམས་ཀྱི་དབང་བསྐུར་བས།། དུས་གསུམ་སངས་རྒྱས་ཐུགས་དགོངས་མངའ།། སངས་རྒྱས་རྣམས་ཀྱིས་ཆོས་གསུངས་པ།། བརྒྱད་ཁྲི་བཞི་སྟོང་བརྗོད་མི་ལང། ། བསྡུས་པས་ཐེག་པ་རིམ་པ་དགུ།། ཐུགས་རྗེ་ཆེན་པོ་བསྒྲུབ་འདོད་པས།། ཐེག་པ་རིམ་དགུ་གར་ཡང་བསྒྲུབ།། ཐེག་པའི་ངོ་བོ་ཤེས་རབ་དང།། སྙིང་རྗེ་ཆེན་པོར་འབྲེལ་པ་ནི།། ཐེག་པ་ཆེན་པོའི་ངོ་བོ་ཡིན། ། ཐེག་པའི་ངེས་ཚིགའ་འདེགས་ཤིང་བསྐྱོད།། འདི་ནས་འདིར་མཐོང་ཐེག་པ་ཡིན།། ཐེག་པའི་དབྱེ་བ་བསྟན་པ་ནི།། མཚན་ཉིད་རྒྱུ་ཡི་ཐེག་པ་དང། འབྲས་བུ་གསང་སྔགས་ཐེག་པའོ།། དཔེ་ནི་གྲུ་དང་ཟམ་པ་ལྟར། ། ཐེག་པའི་སྒོར་ཞུགས་ཕ་རོལ་བགྲོད།། རིམ་པ་སྐས་ཀྱི་གདང་བུ་ལྟར།། རིམ་པར་ལྟ་བ་མཐོ་དམན་ཡོད།། ཡུལ་སེམས་སོ་སོར་ཐོང་བའི་ཉན་ཐོས་དང།། མ་རིག་རྟེན་འབྲེལ་སྣང་བའི་རང་རྒྱལ་དང།། སྣང་བ་སེམས་སུ་འདོད་པའི་སེམས་ཙམ་དང། ། བདེན་པ་གཉིས་སུ་ལྟ་བའི་དབུ་མ་དང།། དག་པ་གསུམ་དུ་སྤྱོད་པའི་ཀྲི་ཡ་དང།། མར་སྤྱོད་ཡར་ལ་ལྟ་བའི་ཨུ་པ་ཡ།། རྟག་པ་ཆེན་པོར་སྤྱོད་པའི་ཡོ་ག་དང། ། ཐབས་དང་ཤེས་རབ་གཉིས་མེད་མ་ཧཱ་དང། དབྱིངས་དང་ཡེ་ཤེས་དབྱེར་མེད་ཨ་ནུ་དང།། རང་བཞིན་ལྷུན་གྱིས་གྲུབ་པའི་རྫོགས་ཆེན་དང།། ཐེག་པ་དགུ་ཡང་ཐུགས་རྗེ་ཆེན་པོར་འདུས།། ཞེས་གསུངས་སོ། ། ཐེག་པ་དགུའི་བྱེ་བྲག་བསྟན་པའི་ལེའུ་སྟེ་གསུམ་པའོ།།།། སངས་རྒྱས་སྣང་བ་མཐའ་ཡས་ཀྱིས།། འདུས་པའི་ཁོར་ལ་བཀའ་སྩལ་པ།། ཉན་ཐོས་ལྟ་བ་རྣམ་པ་གཉིས།། བྱེ་བྲག་པ་དང་མདོ་སྡེ་པའོ།། བྱེ་བྲག་པ་ཡི་འདོད་ལུགས་ནི། ། སྣང་ཡུལ་མ་འགག་ཕྲ་བའི་ཤེས་པ་ལ།། ཕྱི་ཡི་ཡུལ་དང་རང་སེམས་སོ་སོར་མཐོང།། མཐོང་བའི་དབང་གིས་གཡག་རྔ་ནེ་སིང་སྣང།། ཉན་ཐོས་མདོ་སྡེ་པའི་སྣང།། རྡུལ་ཕྲན་མི་སྣང་གོང་པོ་གཅིག་ཏུ་སྣང། ། བདག་མེད་ཚོགས་དྲུག་ཡུལ་དུ་འགགས་པར་འདོད།། ཉན་ཐོས་ལྟ་བ་དེ་ལྟར་འདོད་པ་ཡང།། ཐུགས་རྗེ་ཆེན་པོའི་ལྟ་བ་ནང་དུ་རྫོགས།། ཡུལ་སྣང་སེམས་ཉིད་ཅི་ཤར་ཅི་སྣང་ཡང།། རང་སེམས་ཆོས་སྐུ་ཐུགས་རྗེ་ཆེན་པོ་ཡི། ། རོལ་པ་རྒྱན་ཡིན་སྤོང་ལེན་དབྱེ་བསལ་མེད།། དགག་བསྒྲུབ་མེད་པའི་ངང་དུ་ཉན་ཐོས་གྲོལ།། ཞེས་གསུངས་སོ།། ཐུགས་རྗེ་ཆེན་པོ་ཉན་ཐོས་སུམ་བསྒྲུབས་གྲོལ་བའི་ལེའུ་སྟེ་བཞི་པའོ། །།། རང་རྒྱ་ཐེག་པའི་འདོད་ལུགས་ནི།། ཕྱི་ཡི་ཡུལ་ཡང་འབྱུང་བའི་རྟེན་འབྲེལ་སྣང།། ནང་གི་སེམས་ཀྱང་རྟེན་འབྲེལ་ཡིན་པར་སྣང།། མ་རིག་མིང་དང་གཟུགས་དང་སྐྱེ་མཆེད་དྲུག། རེག་དང་ཚོར་དང་སྲེད་དང་ལེན་པ་དང།། སྲིད་དང་སྐྱེ་དང་ན་དང་རྒས་འཆི་དང།། རྟེན་འབྲེལ་ལུགས་བཟློག་བརྟགས་པ་ཡིས།། གང་ཟག་བདག་མེད་རྣམ་པར་རིག་བྱས་ལ།། ཆོས་ཀྱི་བདག་མེད་ཕྱོགས་གཅིག་རྟོགས་པར་འདོད། ། རང་རྒྱལ་ལྟ་བ་དེ་ལྟར་འདོད་པ་ཡང།། ཐུགས་རྗེ་ཆེན་པོའི་ལྟ་བའི་ནང་དུ་རྫོགས།། ཕྱི་ཡུལ་ནང་སེམས་རྟེན་འབྲེལ་བདག་མེད་རྣམས།། ཅིར་སྣང་ཅིར་རྟོགས་ཅིར་ཤར་ཅི་གྲུབ་ཀྱང། ། རང་སེམས་ཆོས་སྐུ་ཐུགས་རྗེ་ཆེན་པོའོ།། རོལ་པ་རྒྱན་ཡིན་སྤོང་ལེན་དབྱེ་བསལ་མེད།། དགག་བསྒྲུབ་མེད་པའི་ངང་དུ་རང་རྒྱལ་གྲོལ།། ཞེས་གསུངས་སོ།། ཐུགས་རྗེ་ཆེན་པོ་རང་རྒྱལ་དུ་མ་བསྒྲུབས་གྲོལ་བའི་ལེའུ་སྟེ་ལྔ་པའོ། །།། བྱང་སེམས་ལྟ་བ་དབུ་མ་སེམས་ཙམ་གཉིས།། སེམས་ཙམ་རྣམ་བདེན་རྣམ་བརྫུན་རྣམ་གཉིས་འདོད།། རྣམ་པར་བདེན་པར་འདོད་པའི་ལྟ་བ་ནི།། རང་རིག་རྒྱུན་གྱྀས་སྐད་ཅིག་ཆས་མི་རྟག། སྣང་བ་སེམས་སུ་བདེན་པར་འདོད།། མཐའ་བཞི་གཟུང་འཛིན་མེད་པའི་སྟོང་པ་ལ།། རང་རིག་གསལ་བའི་ངོ་བོ་གཅིག་ཏུ་འདོད།། རྣམ་བརྫུན་རྣམ་པར་བདེན་པའི་འདོད་ལུགས་ནི།། ཕྱི་རོལ་སེམས་ཀྱི་སྣང་བ་མེད་པ་ལ། ། རང་རིག་རང་གི་ཤེས་པའི་ངོ་བོ་ལས།། དེ་ཉིད་གཞན་དུ་བརྗོད་དུ་མེད་པ་ལ།། གསལ་བྱེད་གཞན་ལ་བལྟོས་པ་ཅི་ཡང་མེད།། གསལ་སྟོང་རྒྱ་ཆད་ཕྱོགས་ལྷུང་མེད་པར་འདོད།། ཐེག་པ་ཆེན་པོ་དབུ་མའི་འདོད་ལུགས་ནི། ། སྒྱུ་མ་ལྟ་བུར་འདོད་དང་རྣལ་འབྱོར་སྤྱོད་པ་གཉིས།། སྒྱུ་མ་ལྟ་བུར་འདོད་པའི་དབུ་མ་ནི།། སྣང་སེམ་ཐམས་ཅད་སྒྱུ་མ་ཙམ་དུ་འདོད།། ཕྱི་ཡི་དངོས་པོ་འདི་དག་ཐམསཅད་ཀྱང། ། ཡང་དག་པར་ན་རང་ཞིན་བསྒྲུབ་ཏུ་མེད།། ཡོད་དང་མེད་དང་དབུས་དང་དབུ་མ་ཡིན།། ཀུན་རྫོབ་ཆུ་ཡི་ཟླ་བ་ཙམ་དུ་འདོད།། རྣལ་འབྱོར་སྤྱོད་པའི་དབུ་མའི་ལྟ་བ་ནི།། ཆོས་རྣམས་ཐམས་ཅད་མཉམ་པ་ཉིད་དུ་འདོད། ། ཡོད་དང་མེད་དང་ཅི་ཡང་འདོད་པ་མེད།། བྱང་སེམས་ལྟ་བ་དེ་ལྟར་འདོད་པ་ཡང།། ཐུགས་རྗེ་ཆེན་པོ་ལྟ་བའི་ནང་དུ་རྫོགས།། རྣམ་མེད་རྣམ་བརྫུན་ལྟ་བ་གཉིས་པོ་ཡང།། ཕྱི་ནང་བདེན་བརྫུན་ཇི་ལྟར་སྣ་བ་དང། ། རང་རིག་རང་གསལ་གསལ་སྟོང་གཉིས་མེད་དེ།། རང་སེམས་ཆོས་སྐུ་ཐུགས་རྗེ་ཆེན་པོ་ཡི།། རོལ་པ་རྒྱན་ཡིན་སྤོང་ལེན་མེད།། སྒྱུ་མར་འདོད་དང་རྣལ་འབྱོར་སྤྱོད་པ་ཡང།། ཀུན་རྫོབ་སྒྱུ་མ་དོན་དམ་རང་བཞིན་མེད། ། རྣལ་འབྱོར་སྤྱོད་པ་ཡོད་མེད་མ་གྲུབ་འདོད།། རང་སེམས་ཆོས་སྐུ་ཐུགས་རྗེ་ཆེན་པོ་ཡི།། རོལ་པ་རྒྱན་ཡིན་སྤོང་ལེན་མེད། ཅེས་གསུངས་སོ།། ཐུགས་རྗེ་ཆེན་པོ་བྱང་ཆུབ་སེམས་དཔའ་ཐེག་པ་ཆེན་པོ་བྱང་ཆུབ་སེམས་དཔའ་ཐེག་པ་ཆེན་པོར་མ་བསྒྲུབས་རང་གྲོལ་བའི་ལེའུ་སྟེ་དྲུག་པའོ། །།། དེ་ནས་སངས་རྒྱས་སྣང་བ་མཐའ་ཡས་ལ།། འཇིག་རྟེན་དབང་ཕྱུག་འདི་སྐད་ཞུས། ། ཐུགས་རྗེ་ཆཻན་པོས་དགོངས་པ་རུ།། ཀྲི་ཡོག་སྡེ་གསུམ་ཇི་ལྟར་གྲོལ།། རྫོགས་སངས་རྒྱས་ཀྱིས་བཀའ་སྩལ་པ།། ཀྲི་ཡའི་ལྟ་བའི་འདོད་ལུགས་ནི།། ཀུན་རྫོབ་འདི་ལྟར་སྣང་བ་ཀུན།། འཇམ་དཔལ་སྤྱན་རས་གཟིགས་དང་ནི། ། ཕྱག་ན་རྡོ་རྗེ་རིགས་གསུམ་དུ།། ལྷ་ཡི་དཀྱིལ་འཁོར་སྣང་བར་འདོད།། དོན་དམ་རང་བཞིན་མེད་པ་ལ།། ཀུན་རྫོབ་རྗེ་དང་བྲན་དུ་འདོད།། ཀྲི་ཡ་དེ་ལྟར་འདོད་པ་ཡང།། ཐུགས་རྗེ་ཆེན་པོའི་ལྟ་བར་རྫོགས། ། རིགས་གསུམ་ལྷ་ཡི་དཀྱིལ་འཁོར་ལ།། དམ་ཚིག་ཡེ་ཤེས་རྗེ་དང་བྲན།། རང་སེམས་ཆོས་སྐུའི་ཐུགས་རྗེ་ཆེ།། རོལ་པའི་རྒྱན་ཡིན་སྤོང་ལེན་མེད།། ཅེས་གསུངས་སོ།། ཐུགས་རྗེ་ཆེན་པོའི་ལྟ་བར་ཀྲི་ཡ་མ་བསྒྲུབས་མ་སྤངས་པར་རང་གྲོལ་བའི་ལེའུ་སྟེ་བདུན་པའོ། །།། ཨུ་པ་ཡི་ལྟ་བ་ནི།། ཀུན་རྫོབ་རིགས་བཞིན་ལྷ་རུ་འདོད།། དོན་དམ་སྐྱེ་འགག་མེད་པར་འདོད།། དམ་ཚིག་ཡེ་ཤེས་སེམས་དཔའ་གཉིས། གྲོགས་པོ་མཉམ་གཉིས་ཚུལ་དུ་འདོད།། ཨུ་པ་དེ་ལྟར་འདོད་པ་ཡང།། ཐུགས་རྗེ་ཆེན་པོའི་ལྟ་བར་རྫོགས།། དོན་དམ་ཀུན་རྫོབ་གྲོགས་སུ་ལྟ་བ་ཡང།། ཆོས་སྐུ་དོན་གྱི་ཐུགས་རྗེ་ཆེན་པོ་ཡི།། རོལ་པ་རྒྱན་ཡིན་སྤོང་ལེན་མེད་པར་གྲོལ། ། ཅེས་གསུངས་སོ།། ཐུགས་རྗེ་ཆེན་པོ་ཨུ་པ་ཡར་མ་སྤང་རང་གྲོལ་བའི་ལེའུ་སྟེ་བརྒྱད་པའོ།།།། ཡོ་གའི་ལྟ་བའི་འདོད་ལུགས་ནི།། ཀུན་རྫོབ་རིགས་ལྔ་ལྷ་ཡི་དཀྱིལ་འཁོར་འདོད།། རྣམ་ཤེས་ལྔ་ལས་རིགས་ལྔའི་ལྷ་རུ་འདོད། ། དེ་ཡང་དམ་ཚིག་ཡེ་ཤེས་བཟང་ངན་མེད་པར་འདོད།། དོན་དམ་རང་བཞིན་སྐྱེ་འགག་མེད་པར་འདོད།། ཡོ་ག་དེ་ལྟར་འདོད་པ་ཡང།། ཐུགས་རྗེ་ཆེན་པོའི་ལྟ་བར་རྫོགས། ། རིགས་ལྔ་དམ་ཚིག་ཡེ་ཤེས་སེམས།། དོན་དམ་ཀུན་རྫོབ་མཉམ་གཉིས་ཀྱང།། ཆོས་སྐུ་ཐུགས་རྗེ་ཆེན་པོ་ཡི།། རོལ་པ་རྒྱན་ཡིན་སྤོང་ལེན་མེད་བར་གྲོལ།། ཞེས་གསུངས་སོ།། ཐུགས་རྗེ་ཆེན་པོའི་ལྟ་བར་ཡོ་ག་མ་སྤངས་པར་རང་གྲོལ་བའི་ལེའུ་སྟེ་དགུ་པའོ། །།། ཐུགས་རྗེ་ཆེན་པོའི་ལྟ་བ་རུ།། བསྐྱེད་རྫོགས་རྣམ་གསུམ་ཡར་ལ་རྫོགས།། མ་ཧཱ་ཡོ་གའི་ལྟ་བའི་འདོད་ལུགས་ནི།། ཕྱི་ནང་སྣོད་བཅུད་སྣང་བ་ལ། ། ཐབས་དང་ཤེས་རབ་གཉིས་སུ་འདོད།། ཐབས་ནི་བསྐྱེད་པའི་རང་བཞིན་ལ།། ཤེས་རབ་རང་བཞིན་རྫོགས་རིམ་ལ།། ཐབས་དང་ཤེས་རབ་གཉིས་སྣང་ཡང།། སྣང་སྟོང་གཉིས་མེད་ཟུང་ཇུག་འདོད།། མ་ཧཱ་དེ་ལྟར་འདོད་པ་ཡང། ། ཐུགས་རྗེ་ཆེན་པོའི་ལྟ་བར་རྫོགས།། ཞི་ཁྲོའི་ལྷ་ཚོགས་བསྐྱེད་རྫོགས་ཀྱང།། ཆོས་སྐུ་ཐུགས་རྗེ་ཆེན་པོ་ཡིས།། རོལ་པ་རྒྱན་ཡིན་སྤོང་ལེན་མེད་པར་གྲོལ།། ཞེས་གསུངས་སོ།། ཐུགས་རྗེ་ཆེན་པོའི་ལྟ་བར་མ་ཧཱ་ཡོ་ག་མ་སྤངས་པར་རང་གྲོལ་པའི་ལེའུ་སྟེ་བཅུ་པའོ། །།། ཨ་ནུ་ཡོ་གའི་ལྟ་བ་ནི།། ཕྱི་ཡི་ཡུལ་ནི་ཆོས་དབྱིངས་གཞལ་ཡས་ཁང།། ནང་གི་བཅུད་ནི་ལྟ་བའི་རང་བཞིན་ཡིན། ། དེ་ལ་དབྱིངས་དང་ཡེ་ཤེས་གཉིས་མེད་ལྟ།། དམ་ཚིག་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པ་ནི།། རིམ་གྱིས་མི་བསྐྱེད་ཅིག་ཅར་རྫོགས་པར་བསྐྱེད།། ཨ་ནུ་དེ་ལྟར་དོད་པ་ཡང།། ཐུགས་རྗེ་ཆེན་པོའི་ལྟ་བར་རྫོགས། ། དམ་ཚིག་ཡེ་ཤེས་དབྱིངས་དང་ཡེ་ཤེས་ཀྱང།། ཆོས་སྐུ་ཐུགས་རྗེ་ཆེན་པོ་ཡི།། རོལ་པ་རྒྱན་ཡིན་སྤོང་ལེན་མེད་པར་གྲོལ།། ཞེས་གསུངས་སོ།། ཐུགས་རྗེ་ཆེན་པོའི་ལྟ་བར་ཨ་ནུ་ཡོ་ག་མ་སྤངས་པར་རང་གྲོལ་བའི་ལེའུ་སྟེ་བཅུ་གཅིག་པའོ། །།། ཨ་ཏི་ཡོ་གའི་ལྟ་བ་ནི།། སྣང་སྲིད་འཁོར་འདས་ཡེ་ནས་སངས་རྒྱས་པར།། མ་བཅོས་ལྷུན་གྱིས་རྩོལ་སྒྲུབ་མེད་པར་འདོད།། ཨ་ཏི་ཡོ་ག་དེ་ལྟར་འདོད་པ་ཡང།། ཐུགས་རྗེ་ཆེན་པོ་ལྟ་བའི་ངང་དུ་རྫོགས། ། ཡེ་སངས་རྒྱས་དང་ལྷུན་གྱི་གྲུབ་པ་དང།། ཆོས་སྐུ་ཐུགས་རྗེ་ཆེན་པོ་ཡི།། རོལ་པ་བརྒྱན་ཡིན་སྤོང་ལེན་མེད་པར་གྲོལ།། ཐེག་པ་མི་མཐུན་ལྟ་བ་སོ་སོར་ཡང།། བརྗོད་ཀྱིས་མི་ལང་བསམ་མི་ཁྱབ། ། ལྟ་བ་ལྟ་བྱེད་བློས་བཏགས་ཡིན།། ཐུགས་རྗེ་ཆེན་པོའི་ལྟ་བ་ལ།། དགག་སྒྲུབ་སྤཽང་ལེན་མེད་པར་རང་སར་གྲོལ།། ཞེས་གསུངས་སོ།། ཐུགས་རྗེ་ཆེན་པོ་ལྟ་བར་ཨ་ཏི་ཡོ་ག་མ་སྤངས་པར་གྲོལ་བའི་ལེའུ་སྟེ་བཅུ་གཉིས་པའོ། །།། དེ་ནས་སངས་རྒྱས་སྣང་བ་མཐའ་ཡས་ལ། འཇིག་རྟེན་དབང་ཕྱུག་ཡང་ཞུས་པ།། ཐུགས་རྗེ་ཆེན་པོའི་ཆོས་སྐུ་ལ།། ཐེག་པ་རིམ་དགུ་ཡོད་དམ་མེད།། རྫོགས་སངས་རྒྱས་ཀྱིས་བཀའ་སྩལ་བ། ། ཐུགས་རྗེ་ཆེན་པོའི་ཆོས་སྐུ་ལ།། སྨྲ་བསམ་བརྗོད་པའི་ཡུལ་ལས་འདས།། ཆོས་སྐུ་ཆོས་དབྱིངས་ཆེན་པོ་ལ།། ཉན་ཐོས་འདུལ་ཁྲིམས་བསྲུང་བྱ་མེད།། རང་རྒྱལ་བརྟུལ་ཞུགས་བསྲུང་བྱ་མེད། ། བྱང་སེམས་སྡོམས་པའི་བསྲུང་བྱ་མེད།། མེད་ནས་མི་སྤོང་རང་སར་གྲོལ།། ཀྲི་ཡ་ཁྲུས་དང་གཙང་སྦྲ་མེད།། ཨུ་པ་དྲི་མ་དག་བྱེད་མེད། ཡོ་ག་སྔགས་དང་ཕྱག་རྒྱ་མེད།། མེད་ནས་མི་སྤོང་རང་སར་གྲོལ། ། ཐུགས་རྗེ་ཆེན་པོའི་ཆོས་སྐུ་ལ།། མ་ཧཱའི་ཏིང་འཛིན་བསྙེན་བསྒྲུབ་མེད།། ཨ་ནུ་བསྐྱེད་རྫོགས་དབྱིངས་དང་ཡེ་ཤེས་མེད།། ཨ་ཏི་རང་བྱུང་ཡེ་ཤེས་མེད།། མེད་ནས་མི་སྤོང་རང་སར་གྲོལ།། ཐུགས་རྗེ་ཆེན་པོའི་ཆོས་སྐུ་དམིགས་མེད་ལ། ། ཆོས་ཉིད་མཐའ་ཡས་ནམ་མཁའ་ཀློང་ཡང་ལྟ་བའི་རྒྱལ་པོ་ཡིན།། རང་གསལ་གཏིང་གསལ་རྒྱ་མཚོའི་ཀློང་ཡང་སྒོམ་པ་ཡིན།། མཐའ་བྲལ་ཆགས་མེད་ཡུལ་ལ་མ་ཞེན་ཁྱུང་ཆེན་གཤོག་རྫོགས་སྤྱོད་པའི་རྒྱལ་པོ་ཡིན། ། ཆོས་སྐུ་ཡེ་ནས་མ་བསྒྲུབས་ལྷུན་གྱི་གྲུབ།། འབྲས་བུའི་རི་བོ་འགྱུར་མེད་ཡིན།། ཞེས་གསུངས་སོ།། ཐུགས་རྗེ་ཆེན་པོའི་དོན་དམ་པའི་སྐུ་ལ་ཐེག་པ་དགུའི་འདོད་པ་མེད་པར་གྲོལ་བའི་ལྟ་སྒོམ་སྤྱོད་པ་འབྲས་བུ་བསྟེན་པའི་ལེའུ་སྟེ་བཅུ་གསུམ་པའོ། །།། དེ་ནས་སངས་རྒྱས་སྣང་བ་མཐའ་ཡས་ལ།། འཇིག་རྟེན་དབང་ཕྱུག་གིས་འདི་སྐད་ཞུས།། ཡང་དག་རྫོགས་པའི་སངས་རྒྱས་སྐུ། ། ཐམས་ཅད་མཁྱེན་པའི་སྟོན་པ་པོ།། ཆོས་སྐུ་ཐུགས་རྗེ་ཆེན་པོ་ལ།། དོན་དམ་སྤྲོས་མེད་ཕྱཽགས་ལྷུང་མེད།། ཐེག་པ་རིམ་དགུ་སྤོང་ལེན་མེད།། རང་སར་གྲོལ་བ་ངོ་མཚར་ཆེ།། ཀུན་རྫོབ་འགྲོ་བ་འདུལ་བའི་ཕྱིར། ། སྤྲུལ་པའི་གདུལ་བྱ་བསམ་མི་ཁྱབ།། སྤྲུལ་སྐུ་ཐུས་རྗེ་ཆེན་པོ་ནི།། འགྲོ་བའི་དོན་དུ་ཅིར་ཡང་སྣང།། འགྲོ་འདུལ་ཐབས་ཀྱི་འཕྲིན་ལས་ཀྱི།། གང་ཟག་བློ་ཡི་རིམ་པ་ཡིས།། ཐེག་པའི་རིམ་པ་ཇི་ལྟར་བསྒྲུབ། ། རྫཽགས་པའི་སངས་རྒྱས་བཤད་དུ་གསོལ། ཞེས་ཕྱག་བཙལ་བསྐོར་བ་བྱས་ནས་ཞུས། དེ་སྐད་གསོལ་པ་གསན་ནས་ཀྱང། ཉོན་ཅིག་འདུས་པའི་འཁོར་ཚོགས་རྣམས།། ཐུགས་རྗེ་ཆེན་པོ་བཅོམ་ལྡན་འདས། ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱིས། འགྲོ་བ་འདུལ་ཕྱིར་དབང་བསྐུར་བས།། སྐུ་ཡི་སྤྲུལ་བ་བསམ་མི་ཁྱབ།། གསུང་གི་བྱིན་རླབས་བསམ་མི་ཁྱབ།། ཐུགས་ཀྱི་དགོངས་པ་བསམ་མི་ཁྱབ། ། གདུལ་བྱའི་དོན་དུ་ཅིར་ཡང་སྤྲུལ། སྐུ་མདོག་ཕྱག་མཚན་ཞལ་ཕྱག་ལ།། ཞི་དང་ཁྲོ་བོ་ཅིར་ཡང་སྟོན།། ཨོཾ་མ་ཎི་པདྨེ་ཧཱུཾ། གསུང་གི་ཡི་གེ་འབྲུ་དྲུག་པ།། འགྲོ་འདུལ་སྒྲ་ནི་ཅིར་ཡང་འགྱུར།། ཡི་གེ་དྲུག་པ་རྡོ་རྗེའི་སྒྲ། ། སྒྲ་དང་ལྡན་པ་རྣམས་ཀྱི་མཆོག། ཐུགས་རྗེ་ཆེན་པོའི་ཆོས་སྒྲ་སྒྲོགས།། ཅིར་ཡང་བསྒྱུར་དུ་བཏུབ་པ་ཡིན།། ཞེས་གསུངས་སོ།། ཐུགས་རྗེ་ཆེན་པོའི་སྐུ་གསུང་ཐུགས་ཀྱི་ཡོན་ཏན་བསྟན་པའི་ལེའུ་སྟེ་བཅུ་བཞི་པའོ། །།། དེ་ནས་སངས་རྒྱས་སྣང་བ་མཐའ་ཡས་ལ།། འཇིག་རྟེན་མགོན་པོས་ཡང་ཞུས་པས།། ཨེ་མ་རྫོགས་པའི་སངས་རྒྱ་མཆོག། ཐུགས་རྗེ་ཆེན་པོ་སྤྲུལ་པའི་སྐུ།། ཉན་ཐོས་ཐེག་པ་ཇི་ལྟར་བསྒྲུབ། ། དེ་ལྟར་གསོལ་བ་གསན་ནས་ཀྱང།། རྫཽགས་པའི་སངས་རྒྱས་བཀའ་སྩལ་པ།། ཐུགས་རྗེ་ཆེན་པོ་སྤྲུལ་པའི་སྐུ།། དབང་པོ་ཐ་མའི་གང་ཟག་ལ།། ཉན་ཐོས་སྒོམ་དང་བསྟུན་ལ་བསྒྲུབ།། ཐོ་མར་དབེན་པའི་གནས་སུ་ནི། ། མཎྜལ་མཆོད་པ་བཤམ་ནས་ནི།། དཀོན་མཆོག་གསུམ་ལ་སྐྱབས་འགྲོ་བྱ།། བདག་ནི་དུས་འདི་ནས་བཟུང་ནས་ཇི་སྲིད་ཚོའི་བར།། སངས་རྒྱས་ཆོས་དང་དགེ་འདུན་ལ་སྐྱབས་སུ་མཆི།། ལེན་གསུམ་བརྗོད། ། དེ་ནས་རང་ཉིད་མི་དམིགས་པར།། བདག་མེད་སྐད་ཅིག་བསྒོམས་པ་ལས།། སེམས་ཀྱི་མཚན་ཉིད་ཧྲིཿདཀར་ལས།། བདག་ཉིད་ཐུགས་རྗེ་ཆེན་པོའི་སྐུ།། ཞལ་གཅིག་ཕྱག་གཉིས་སྐུ་མདོག་དཀར། ། དཀའ་ཐུབ་ཆ་ལུགས་འཆང་བ་ལ།། སྲེག་ཤང་པར་བུ་བློ་བཞག་ལ།། ཐུགས་ཀར་ཐིག་ལེ་ཧྲཱིཿ་དང་བཅས།། ཨོཾ་མ་ཎི་པདྨེ་ཧཱུཾ། ཡི་གེ་དྲུག་པ་དཀར་པོས་བསྐོར།། འོད་ཀྱི་འཕྲོ་འདུའི་སྦྱོར་བ་ཡིས།། མི་དགེ་བཅུ་སོགས་སྡིག་པ་སྦྱངས། ། བདག་མེད་སྟོང་པའི་ངང་དུ་བསྒོམ། གལ་ཏེ་དེ་ལ་སྐྱོ་བ་ན།། ལངས་ལ་སྤྱོད་ལམ་ཅི་བདེར་བྱ།། དེ་ནས་གོང་བཞིན་གོམས་པར་བྱ།། དེ་ལྟར་ཉམས་སུ་བླངས་པས་ན། ། ཉན་ཐོས་དགྲ་བཅོམ་འབྲས་བུ་ཐོབ།། ཅེས་གསུངས་སོ།། ཐུགས་རྗེ་ཆེན་པོ་གང་ཟག་དབང་པོ་ཐ་མའི་ཐ་མ་ལ་ཉན་ཐོས་ལྟར་བསྒྲུབ་པའི་ལེའུ་སྟེ་བཅོ་ལྔ་པའོ།།།། དེ་ནས་ཡང་དག་བཤད་བྱ་བ། ། ཐུགས་རྗེ་ཆེན་པོ་སྤྲུལ་པའི་སྐུ།། དབང་པོ་ཐ་མའི་འབྲིང་ལ་ནི།། རང་རྒྱལ་སྒོ་དང་བསྟུན་ལ་བསྒྲུབ།། ཐོག་མར་གར་འདུག་དབེན་གནས་སུ།། མཎྜལ་མཆོད་པ་ཅི་འབྱོར་བཤམ།། དཀོན་མཆོག་གསུམ་ལ་སྐྱབས་འགྲོ་བྱ། ། རང་ཉིད་འཁོར་བའི་སྡུག་བསྔལ་ལས།། ཐར་ཞིང་གྲོལ་བར་བྱ་བའི་ཕྱིར།། ཐུགས་རྗེ་ཆེན་པོ་བསྒོམ་མཉམ་བསམ།། གཟུང་འཛིན་ཕྱི་ནང་བདག་མེད་བསྒོམ།། སྙིང་ཁར་ཐིག་ལེ་ཧྲི་དཀར་གྱི། ། ལུས་ཞུ་ཐུགས་རྗེ་ཆེན་པོར་བསྒོམ།། ཞལ་གཅིག་ཕྱག་གཉིས་སྐུ་མདོག་དཀར།། ཕྱག་རྒྱ་མཉམ་གཞག་དཀའ་ཐུབ་ཚུལ།། ཐུགས་ཁར་ཐིག་ལེ་ཧྲི་དང་བཅས།། ཨོཾ་མ་ཎི་པདྨེ་ཧཱུཾ།། ཡི་གེ་དྲུག་པོ་དཀར་པོར་བསྒོམ། ། འོད་ཀྱི་འཕྲོ་འདུའི་སྦྱོར་པ་ཡིས།། མི་དགེ་བཅུ་ལ་སོགས་པའི་སྡིག། མངོན་ཞེན་ཆགས་ཞེན་བག་ཆགས་དང།། བདག་མེད་ཆོས་ཀྱང་མི་དམིགས་པར།། དེ་ཡི་ངང་ལ་བཞག་ལ་བཟླས།། གལ་ཏེ་དེ་ལ་སྐྱོ་བ་ན། ། ལངས་ལ་སྤྱོད་ལམ་ཅི་བདེར་བྱ།། དེ་ནས་གོང་བཞིན་བསྒོམ་པར་བྱ།། དེ་ལྟར་ཉམས་སུ་བླངས་པས་ན།། རང་སངས་རྒྱས་པའི་འབྲས་བུ་ཐོབ།། ཅེས་གསུངས་སོ།། ཐུགས་རྗེ་ཆེན་པོའི་གང་ཟག་ཐ་མའི་འབྲིང་གིས་སངས་རྒྱས་ལྟར་བསྒྲུབ་པའི་ལེའུ་སྟེ་བཅུ་དྲུག་པའོ། །།། དེ་ནས་ཡང་དག་བཤད་བྱ་བ།། ཐུགས་རྗེ་ཆེན་པོ་སྤྲུལ་པའི་སྐུ།། དབང་པོ་ཐ་མའི་རབ་ལ་ནི།། བྱང་སེམས་སྒོ་དང་བསྟུན་ལ་བསྒྲུབ།། ཐོ་མར་ཡིད་འོང་དབེན་གནས་སུ། ། སྐུ་རྟེན་གསུང་རྟེན་ཐུགས་རྟེན་དགྲམ།། མཎྜལ་མཆོད་པ་བཤམས་ནས་ནི།། སྔོན་དུ་སྐྱབས་འགྲོ་སེམས་བསྐྱེད་བྱ།། སངས་རྒྱས་ཆོས་དང་དགེ་འདུན་ལ།། དུས་འདི་ནས་བཟུང་བྱང་ཆུབ་བར། ། སྐྱབས་སུ་འགྲོ་བའི་སྡོམ་པ་གཟུང། འགྲོ་བ་དྲུག་གི་སེམས་ཅན་ལ།། བརྩེ་བའི་མ་ལྟར་བསམས་ནས་ནི།། བྱམས་དང་སྙིང་རྗེ་གཞི་གཟུང་ནས། ཐར་པ་ཐོབ་པར་སེམས་བསྐྱེད་ལ།། བསོད་ནམས་ཚོགས་བསགས་ཡན་ལག་བྱ། ། དེ་ནས་དོན་དམ་བྱང་ཆུབ་སེམས།། ཕྱི་ནང་ཆོས་རྣམས་སྟོང་པར་བསྒཽམ།། རང་སེམས་ཧྲི་དཀར་རྣམ་པ་ལས།། འོད་འཕྲོ་སངས་རྒྱས་བྱང་ཆུབ་མཆོད།། འགྲོ་བ་སེམས་ཅན་སྒྲིབ་པ་སྦྱངས། ། སླར་འདུས་ཧྲཱིཿཡིག་འོད་དུ་ཞུ།། པདྨ་ཟླ་བའི་གདན་སྟེངས་སུ།། བྱང་ཆུབ་སེམས་པ་ཐུགས་རྗེ་ཆེ།། ཞལ་གཅིག་ཕྱག་གཉིས་སྐུ་མདོག་དཀར།། གཡས་པ་པདྨ་དཀར་པོ་ལ།། གཡོན་པ་ཐུགས་ཁར་ཐལ་མོ་གདེངས། ། རིན་ཆེན་རྒྱན་གྱི་མཛེས་པར་བརྒྱན།། ཐུགས་ཁར་ཟླ་སྟེངས་ཧྲཱི:་ཡིག་ལ།། ཨོཾ་མ་ཎི་པདྨེ་ཧཱུཾ། ཡི་གེ་དྲུག་པ་དཀར་པོར་བསྒོམ་ལ་བཟླས།། འོད་ཀྱི་འཕྲོ་འདུ་སྦྱོར་བ་ཡིས།། སངས་རྒྱས་བྱང་ཆུབ་སེམས་དཔའ་མཆོད། ། རྒྱུད་དྲུག་སེམས་ཅན་སྒྲིབ་པ་སྦྱངས།། སླར་འདུས་བག་ཆགས་སྒྲིབ་པ་དང།། ཤེས་བྱའི་སྒྲིབ་པ་གཏན་ནས་སྦྱངས།། བདག་དང་ཆོས་རྣམས་སྟོང་པར་བསྒོམ།། གལ་ཏེ་དེ་ལ་སྐྱོ་བ་ན། ། ལངས་ལ་སྤྱོ་ལམ་ཅི་བདེར་སྤྱོད།། ཅི་བྱ་སེམས་ཅན་དོན་དུ་སྤྱད།། བྱང་ཆུབ་སེམས་དཔའི་འབྲས་བུ་ཐོབ།། སེམས་ཅན་དོན་རྫོགས་སངས་རྒྱས་འགྱུར།། ཞེས་གསུངས་སོ།། ཐུགས་རྗེ་ཆེན་པོ་དབང་པོ་ཐ་མའི་རབ་ལ་བྱང་ཆུབ་སེམ་དཔའ་ལྟར་བསྒྲུབ་པའི་ལེའུ་སྟེ་བཅུ་བདུན་པའོ། །།། དེ་ནས་སངས་རྒྱས་སྣང་བ་མཐའ་ཡས་ལ།། འཇིག་རྟེན་དབང་ཕྱུག་ཡང་ཞུས་པ། ཨེ་མ་རྫོགས་པའི་སངས་རྒྱས་སྐུ།། ཐུགས་རྗེ་ཆེན་པོ་སྤྲུལ་པའི་སྐུ། ། ཀྲི་ཡོག་གསུམ་དུ་ཇི་ལྟར་བསྒྲུབ། དེ་སྐད་གསོལ་བ་གསན་ནས་ཀྱང།། རྫོགས་སངས་རྒྱས་ཀྱིས་བཀའ་སྩལ་པ།། དབང་པོ་འབྲིང་གི་ཐ་མ་ལ།། ཐུག་རྗེ་ཆེན་པོའི་སྤྲུལ་པའི་སྐུ།། ཀྲི་ཡའི་ཚུལ་དུ་བསྒྲུབ་པ་ནི། ཐོག་མར་བཀྲ་ཤིས་གཙང་མའི་གནས།། མཎྜལ་མཆོད་པ་བཤམས་པ་དང། རྟེན་དགྲམ་མཛེས་པའི་མེ་ཏོག་དགྲམ། ཁྲུས་དང་ཉེ་རེག་འཐོར་འཐུང་དང།། སྐད་ཅིག་མ་ཡི་ལྷར་བསྒོམ་ལ།། རྟེན་ལ་མཆོད་བཤམས་ཚོགས་སོགས་བྱ། ། དེ་ནས་ཕྱི་ནང་སྟོང་པར་བསམ།། དེ་ཡི་ངང་ལས་སེམས་དེ་ཧྲི།། ཟླ་བའི་གདན་དང་བཅས་པ་ལས།། འོད་འཕྲོས་འདུ་དང་ཞུ་བ་ལས།། པདྨ་དཀར་པོར་གྱུ་པ་ལས།། དེ་ལས་འཕྲོ་འདུའི་སྦྱོར་བ་ལས། ། བདག་ཉིད་ཐུགས་རྗེ་ཆེན་པོ་ནི།། ཞལ་གཅིག་ཕྱག་གཉིས་སྐུ་མདོག་དཀར།། གཡས་པ་མཆོད་སྦྱིན་བདུད་རྩི་འཛག། ཡི་དགས་བཀྲེས་སྐོམ་ཚིམ་པར་མཛད།། གཡོན་པ་པདྨ་ཐུགས་ཀར་རྟེན། ། རིན་པོ་ཆེ་ཡི་རྒྱན་གྱིས་བརྒྱན།། ཟླ་བའི་གདན་ལ་ཕྱེད་སྐྱིལ་བཞུགས།། ཐུགས་ཀར་ཟླ་དཀྱིལ་ཧྲཱི་དང་བཅས།། ཨོཾ་མ་ཎི་པདྨེ་ཧཱུཾ། ཡི་གེ་དྲུག་པའི་སྔགས་འཕྲེང་བཅས།། དམ་ཚིག་སེམས་དཔའ་དེར་བསྒཽམ་ནས། ། ཐུགས་ཀར་ཧྲཱིཿཡིག་འོད་ཟེར་གྱིས།། ཡེ་ཤེས་སེམས་དཔའ་སྤྱན་དྲངས་ལ།། མདུན་གྱི་ནམ་མཁར་བཞུག་པ་ལས།། བྲན་དང་ཇོ་བོའི་ཚུལ་གྱིས་མཆོད།། འོད་ཟེར་བསྣོལ་མར་མཆོད་སྦྱང་བྱ།། ཇི་སྲིད་སྐྱོ་ན་ཡེ་ཤེས་གཤེགས། ། དམ་ཚིག་མི་དམིགས་སྤྱོད་ལམ་བྱ།། དེ་ནས་ཡང་ནི་དེ་ལྟར་བསྒོམ།། ཐུགས་རྗེ་ཆེན་པོ་གྲུབ་པར་འགྱུར།། ཐུགས་རྗེ་ཆེན་པོ་ཀྲི་ཡར་བསྒྲུབ་པའི་ལེའུ་སྟེ་བཅོ་བརྒྱད་པའོ།།།། དེ་ནས་ཡང་དག་བཤད་བྱ་བ། ། དབང་པོ་འབྲིང་གི་འབྲིང་ལ་ནི།། ཐུགས་རྗེ་ཆེན་པོ་སྤྲུལ་པའི་སྐུ།། ཨུ་པ་ཡ་ཡི་ཚུལ་དུ་བསྒྲུབ།། གཞུག་དང་མཐུན་པའི་གནས་དག་ཏུ།། མཎྜལ་བྱི་དོར་བྱས་ནས་ནི།། བདུད་རྩི་ཙན་དན་བྱི་དོར་བྱ། ། མཆོད་པ་རྣམ་ལྔ་བཤམས་ནས་ནི།། དཀོན་མཆོག་ཐུགས་རྗེ་ཆེན་པོ་མཆོད།། བསོད་ནམས་ཚོགས་ཀྱི་ཡན་ལག་བྱ།། དེ་ནས་རང་གི་སྙིང་ཁ་རུ།། ཡི་གེ་ཧྲཱིཿདཀར་ཟླ་དཀྱིལ་བསམ། འོད་ཀྱི་རང་གི་ལུས་ཞུ་ནས། ། དེ་ལས་ཐུགས་རྗེ་ཆཻན་པོར་གྱུར།། ཞལ་གཅིག་ཕྱག་གཉིས་སྐུ་མདོག་དཀར།། གཡས་པ་མཆོད་སྦྱིན་བདུད་རྩི་ཡི།། བུམ་པས་འགྲོ་དྲུག་ཚིམ་པར་མཛད།། གཡོན་པ་པདྨ་དཀར་པོ་འཛིན། ། ཟླ་བའི་གདན་ལ་ཞབས་གཉིས་བཞུགས།། རིན་པོ་ཆེ་ཡི་རྒྱན་གྱིས་བརྒྱན། གནས་གསུམ་ཨོཾ་ཨཱཿཧཱུཾ་གསུམ་ལྡན། དབུ་ལ་རིགས་ཀྱི་བདག་པོ་བཞུགས།། དེ་ཡི་ཐུགས་ཀར་ཟླ་དཀྱིལ་སྟེང།། ཧྲཱིཿདཀར་སྔགས་ཀྱི་འཕྲེང་བས་བསྐོར། ། ཨོཾ་མ་ཎི་པདྨེ་ཧཱུཾ།། དམ་ཚིག་སེམས་པ་བསྐྱེད་པ་དང།། ཐུགས་ཀའི་ཧྲཱིཿཡི་འོད་ཟེར་གྱི།། ཡེ་ཤེས་སེམས་དཔའ་སྤྱན་དྲངས་ལ།། མདུན་གྱི་ནམ་མཁར་བཞུགས་ལ་མཆོད།། གཉིས་སུ་མེད་པ་བསྟིམ་ནས་སུ། ། དབང་བསྐུར་རིགས་ལྔས་དབུ་བརྒྱན་ལ།། དམ་ཚིག་ཡེ་ཤེས་སེམས་དཔའ་ཡང།། མདུན་གྱི་ནམ་མཁར་བཞུགས་པར་གྱུར།། སྔགས་ཀྱི་འོད་ཟེར་དཀར་པོ་ཡིས།། ལུས་ངག་སྒྲིབ་པ་དག་པར་བསམ། ། ཇི་སྲིད་སྐྱོ་ན་ཡེ་ཤེས་གཤེགས།། དམ་ཚིག་བསྡུས་ཏེ་སྤྱོད་ལམ་བྱ།། དེ་ནས་ཡང་ནི་གོང་ལྟར་བསྒོམ།། ཐུགས་རྗེ་ཆེན་པོ་གྲུབ་པར་འགྱུར།། ཐུགས་རྗེ་ཆེན་པོ་ཨུ་པ་ཡར་བསྒྲུབ་པའི་ལེའུ་སྟེ་བཅུ་དགུ་པའོ། །།། དེ་ནས་ཡང་དག་བཤད་བྱ་བ།། དབང་པོ་འབྲིང་གི་རབ་ལ་ནི།། ཐུགས་རྗེ་ཆེན་པོ་སྤྲུལ་པའི་སྐུ།། ཡོ་གའི་ཚུལ་དུ་བསྒྲུབ་པ་ནི།། ཡིད་འོང་དབེན་པའི་གནས་འདུག་ནས།། སྐུ་གསུང་ཐུགས་གྱི་རྟེན་བཀྲམ་ལ། ། མཎྜལ་མཆོད་པ་བཤམས་ནས་ནི།། བདེ་བའི་གདན་ལ་འདུག་ནས་ནི།། བདག་དང་སེམས་ཅན་དོན་གྱི་ཕྱིར།། ཐུགས་རྗེ་ཆེན་པོ་བསྒྲུབ་སེམས་བསྐྱེད།། བསོད་ནམས་ཚོགས་ཀྱི་ཡན་ལག་བྱ།། བྱམས་དང་སྙིང་རྗེ་དགའ་བ་དང། བཏང་སྙོམས་ཚད་མེད་རྣམ་བཞི་བསྒོམ།། དེ་ནས་ཡེ་ཤེས་ཚོགས་བསགས་ལ།། ལྷ་ཡི་བསྐྱེད་རིམ་བསྒོམ་པ་ནི། དང་པོ་ཕྱི་ནང་ཆོས་རྣམས་ཀུན།། སྟོང་པ་ཉིད་དུ་བསྒོམ་པ་ནི།། སྟོང་པ་ཉིད་ལས་མངོན་པར་བྱང་ཆུབ་པའོ། ། དེ་ནས་ཨ་ལས་ཟླ་བའི་གདན།། གདན་ལས་མངོན་པར་བྱང་ཆུབ་པའོ།། དེ་ནས་སེམས་ཉིད་ཧྲི་དཀར་པོ།། གསུང་ཡིག་འབྲུ་ལས་བྱང་ཆུབ་པའོ།། ཧྲཱིཿལས་འོད་འཕྲོས་ཞུ་བ་ལས། ། པདྨ་དཀར་པོར་གྱུར་བ་ནི།། ཕྱག་མཚན་མངོན་པར་བྱང་ཆུབ་པའོ།། པདྨ་འོད་དུ་ཞུ་བ་ལས།། ཐུགས་རྗེ་ཆེན་པོའི་སྐུ་རུ་གྱུར།། སྐུ་ཡོངས་རྫོགས་མངོན་པར་བྱང་ཆུབ་པའོ།། ཞལ་གཅིག་ཕྱག་གཉིས་སྐུ་མདོག་དཀར། ། གཡས་པ་རྡོ་རྗེ་རྩེ་ལྔ་འཛིན།། གཡོན་པ་དྲིལ་བུ་པདྨར་ལྡན།། རིན་པོ་ཆེ་ཡི་རྒྱན་དང་ལྡན།། ཟླ་བའི་གདན་ལ་མཉམ་པར་བཞུགས།། ཐུགས་ཀར་ཟླ་བའི་གདན་སྟེངས་ན།། ཧྲཱིཿལ་སྔགས་ཀྱི་འཕྲེང་བས་བསྐོར། ། ཨོཾ་མ་ཎི་པདྨེ་ཧཱུཾ། དམ་ཚིགས་སེམས་དཔའ་གསལ་སྒོམ་ལ།། ཐུགས་ཀ་ཧྲཱིཿཡི་འོད་ཟེར་གྱི།། ཡེ་ཤཻས་སེམས་དཔའ་སྤྱན་དྲངས་ལ། དབང་བསྐུར་བྱིན་གྱིས་བརླབས་པར་བྱ།། མཉམ་ཉིད་གྲོགས་ཀྱི་ཚུལ་དུ་མཆོད། ། སྔགས་ཀྱི་འཕྲེང་བའི་སྤྲོ་བསྡུ་བྱ།། བདག་གི་རྒྱུད་ཀྱི་སྒྲིབ་སྦྱངས་ནས།། ཡེ་ཤེས་སེམས་དཔའ་མཉེས་པར་བྱ།། དེ་ནས་སྐྱོ་འམ་དུབ་པ་ན།། ཡེ་ཤེས་སེམས་དཔའ་གཤེགས་སུ་གསོལ། ། དམ་ཚིག་བསྡུ་ཏེ་སྤྱོད་ལམ་བྱ།། དེ་ནས་ཡང་ནི་གོང་ལྟར་བསྒོམ།། ཐུགས་རྗེ་ཆེན་པོ་གྲུབ་པར་འགྱུར།། ཐུགས་རྗེ་ཆེན་པོ་ཡོ་ག་ལྟར་བསྒྲུབ་པའི་ལེའུ་སྟེ་ཉི་ཤུ་པའོ།།།། དེ་ནས་འཇིག་རྟེན་དབང་ཕྱུག་གིས་ཡང་ཞུས་པ། རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས།། ཐུགས་རྗེ་ཆེན་པོ་སྤྲུལ་པའི་སྐུ།། བསྐྱེད་རྫོགས་གསུམ་དུ་ཇི་ལྟར་བསྒྲུབ།། རྫཽགས་སངས་རྒྱས་ཀྱིས་བཀའ་སྩལ་པ།། དབང་པོ་རབ་ཀྱི་རབ་འབྲིང་ཐ་མ་གསུམ། ། དབང་པོ་རབ་ཀྱི་ཐ་མ་ལ།། བསྐྱེད་པ་མ་ཧཱ་ཡོ་གར་བསྒྲུབ།། དབེན་ཞིང་ཡིད་འོང་གནས་འདུག་ལ།། དཀྱིལ་འཁོར་བདུད་རྩི་རྣམ་ལྔས་བྱུག། གཏོར་མ་བདུད་རྩི་མཆོད་རྫས་བཤམས།། ཐོ་མར་བྱང་ཆུབ་སེམས་བསྐྱེད་ལ། ། ཆོས་ཉིད་སྟོང་པ་ཉིད་དུ་བསྒོམ། ཁམས་གསུམ་སེམས་ཅན་ཐམས་ཅད་ལ།། སྙིང་རྗེ་ཆེན་པོས་ཁྱབ་པར་བསྒོམ།། དེ་རྗེས་སེམས་ཉིད་ཧྲཱི་རུ་བསྒོམ།། ཧྲཱི་ཡི་འོད་ཟེར་འཕྲོ་འདུ་ལས། ། རིན་པོ་ཆེ་ཡི་གཞལ་ཡས་ཁང།། སྒཽ་བཞི་རྒྱན་དང་ལྡན་པར་བསྒོམ།། དེ་དབུས་ཉི་ཟླ་པདྨའི་གདན།། རང་སེམས་ཧྲཱི་ཡི་འཕྲོ་འདུ་ལས།། ཐུགས་རྗེ་ཆེན་པོའི་སྐུ་རུ་གྱུར།། ཞལ་གསུམ་ཕྱག་དྲུག་སྐུ་མདོག་དཀར། ། གཡས་སྔོ་གཡོན་སྔོ་དབུས་དཀར་ཞལ།། གཡས་གཡོན་དང་པོ་ཐུགས་ཀར་སྦྱར།། པདྨ་དཀར་པོ་འཛིན་པའོ།། རྡོ་རྗེ་འཁོར་ལོ་གཡས་ན་བསྣམས།། རིན་ཆེན་རྒྱ་གྲམ་གཡོན་ན་བསྣམས།། ཞབས་ནི་གདན་ལ་སྐྱིལ་ཀྲུང་བཞུགས། ། རིན་པོ་ཆེ་ཡི་རྒྱན་གྱིས་བརྒྱན།། རང་འདྲའི་ཡུམ་དང་གཉིས་སུ་མེད།། འཁོར་ནི་རྒྱལ་བ་རིགས་ལྔས་བསྐོར།། སྐུ་མདོག་ཕྱག་མཚན་རིགས་རྟགས་འཛིན།། དམ་ཚིག་སེམས་དཔའི་ཐུགས་ཀ་ནས། ། ཉི་དཀྱིལ་ཧྲཱི་ལས་སྔགས་འཕྲེང་བསྐོར།། ཨོཾ་མ་ཎི་པདྨེ་ཧཱུཾ། ཧྲཱི་ལས་འོད་ཟེར་འཕྲོས་པ་ཡིས།། ཡེ་ཤེས་སེམས་དཔའ་སྤྱན་དྲངས་ལ།། གཉིས་སུ་མེད་པར་བསྟིམ་ནས་ནི།། དབང་བསྐུར་བྱིན་རླབས་ཚུལ་བཞིན་བྱ། ། ཕྱི་ནང་ལྷ་མོ་སྤྲོས་ཏེ་མཆོད།། དེ་ནས་བཟླས་པའི་སྤྲོ་བསྡུ་ནི།། ཐུགས་ཀའི་ཧྲཱི་དང་སྔགས་འཕྲེང་ལས།། འོད་ཟེར་དཀར་པོ་འཕྲོས་པ་ཡིས།། ཕར་འཕྲོས་བདེ་བར་གཤེགས་པ་མཆོད། ཁམས་གསུམ་སེམས་ཅན་སྒྲིབ་པ་སྦྱང།། སླར་འདུས་བདག་གི་སྒྲིབ་པ་སྦྱངས།། སྣང་སྲིད་ལྷ་ཡི་གཞལ་ཡས་ཁང།། སྐྱེ་འགྲོ་ཐམས་ཅད་ལྷ་ཡི་སྐུ།། ཐབས་དང་ཤེས་རབ་གཉིས་སུ་མེད།། དེ་ལྟར་བསྐྱེད་རིམ་སྒོམ་པ་དང། ། དཀྱིལ་འཁོར་བསྡུ་གཤེག་རྫོགས་རིམ་བསྒོམ།། ཡེ་ཤེས་སེམས་དཔའ་གཤེགས་སུ་གསོལ།། དམ་ཚིག་ལྷ་རྣམས་བདག་ལ་བསྡུ།། དེ་ཡང་ཐུགས་ཀའི་ཧྲཱི་ལ་བསྡུ།། ཧྲཱི་ཡང་རིམ་གྱིས་ཐིག་ལེ་ལ། ། ཐིག་ལེ་ཆོས་དབྱིངས་སྟོང་པར་བསྒོམ།། དེ་ཡི་ངང་ལས་སྤྱོད་ལམ་བྱ།། ཚེ་གཅིག་ཐུགས་རྗེ་ཆེན་པོ་འགྲུབ།། ཅེས་གསུངས་སོ།། ཐུག་རྗེ་ཆེན་པོ་མ་ཧཱ་ཡོ་ག་ལྟར་བསྒྲུབ་པའི་ལེའུ་སྟེ་ཉི་ཤུ་རྩ་གཅིག་པའོ།།།། དེ་ནས་ཡང་དག་བཤད་བྱ་བ། ། ཐུགས་རྗེ་ཆེན་པོ་བསྒྲུབ་པ་ཡི།། དབང་པོ་རབ་ཀྱི་འབྲིང་ལ་ནི།། རྫོགས་པ་ཨ་ནུ་ཡོ་གར་བསྒྲུབ།། དབེན་ཅིང་ཡིད་འོང་དབེན་གནས་སུ།། མཎྜལ་ལེགས་པར་བྱས་ནས་ནི།། བདུ་རྩི་ལྔ་ཡི་བྱུག་པ་བྱ། ། དཀར་ལ་འཚེར་པའི་ཧྲཱི་གཅིག་བྲི།། དེ་ནས་དམིགས་པ་བརྟེན་པ་དང།། བདག་ཉིད་ཐུགས་རྗེ་ཆེན་པོར་བསྒོམ།། སྐུ་མདོག་དཀར་ལ་འཚེར་བ་ལ།། ཕྱག་ནི་མཉམ་གཞག་པདྨ་བསྣམས།། ཉི་ཟླ་པདྨའི་གདན་ལ་བཞུགས། ། རིན་པོ་ཆེ་ཡི་རྒྱན་གྱིས་བརྒྱན།། སྣང་ལ་རང་བཞིན་མེད་པར་བསྒོམ།། དམ་ཚིག་ཡེ་ཤེས་གཉིས་སུ་མེད།། ཐུགས་ཀ་ཟླ་དཀྱིལ་གདན་སྟེངས་ན།། ཧྲཱི་དཀར་སྔགས་ཀྱི་ཕྲེང་བ་བསམ། ། ཨོཾ་མ་ཎི་པདྨེ་ཧཱུཾ། ཕར་འཕྲོས་སྣོད་བཅུད་ལྷ་རུ་གསལ།། སྣང་བ་སྐུ་ཡི་དཀྱིལ་འཁོར་ཡིན།། གཟུགས་སུ་སྣང་བ་ཐམས་ཅད་ཀྱང།། ཐུགས་རྗེ་ཆེན་པོའི་ལྷ་ཚོགས་ཡིན།། སྒྲ་རུ་གྲགས་པ་ཐམས་ཅད་ཀྱང། ། གྲག་པ་སྒྲ་ཡི་དཀྱིལ་འཁོར་འདིར།། ཡི་གེ་དྲུག་པ་རྒྱུན་མི་ཆད།། སེམས་ཀྱི་དྲན་རྟོགས་ཐམས་ཅད་ཀྱང།། དྲན་རྟོག་ཐུགས་ཀྱི་དཀྱིལ་འཁོར་ཡིན།། རང་བྱུང་ཡེ་ཤེས་རྒྱུན་མི་འཆད།། འདོད་པའི་ཡོན་ཏན་རྣམ་ལྔ་ཡང། ། ཚོགས་དང་མཆོད་པའི་རོལ་པ་ཡིན།། མ་སྤངས་ཞེན་མེད་རང་དགར་སྤྱོད།། མཆོད་པ་ཚོགས་འཁོར་རྒྱུན་མི་འཆད།། ལྷ་ཉིད་རང་ཡིན་རང་ཉིད་ལྷ།། ལོགས་ན་ལྷ་དེ་བསྒྲུབ་ཏུ་མེད།། ལྷ་ཉིད་གསལ་བ་ཆོས་ཀྱི་དབྱིངས། ། དེ་ཉིད་ངོ་བོ་རང་གསལ་སྟོང།། དབྱིང་ལ་ཡེ་ཤེས་ཤར་བ་ཡིན།། དབྱིངས་དང་ཡེ་ཤེས་གཉིས་མེད་པ།། ཐུགས་རྗེ་ཆེན་པོའི་དགོངས་པ་ཡིན།། ཞེས་གསུངས་སོ།། ཐུག་རྗེ་ཆེན་པོ་རྫོགས་པ་ཨ་ནུ་ཡོ་གར་བསྒྲུབ་པའི་ལེའུ་སྟེ་ཉི་ཤུ་རྩ་གཉིས་པའོ། །།། དེ་ནས་ཡང་དག་བཤད་བྱ་བ།། དབང་པོ་རབ་ཀྱི་རབ་ལ་ནི། སྤྲུལ་སྐུ་ཐུགས་རྗེ་ཆེན་པོ་ནི།། རྫོགས་ཆེན་ཨ་ཏི་ཡོ་གར་བསྒྲུབ།། རང་ལུས་རི་བའི་དགོན་པ་ན། ། མ་བྲིས་ཆོས་ཉིད་གསལ་བ་ཡིས།། དཀྱིལ་འཁོར་ཆེན་པོ་ཡངས་པ་ཡིན།། སྣང་བ་སྐུ་ཡི་དཀྱིལ་འཁོར་ཡིན།། སྣང་བ་རང་གསལ་རང་གྲོལ་ཡིན།། གྲགས་པ་གསུང་གི་དཀྱིལ་འཁོར་ཡིན།། རང་གྲགས་རང་སྟོང་རང་སངས་ཡིན། ། དྲན་རྟོག་ཐུགས་ཀྱི་དཀྱིལ་འཁོར་ཡིན།། རྟོགས་པ་རང་བྱུང་རང་གྲོལ་ཡིན།། སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ཡང།། ཆོས་ཉིད་བྱང་ཆུབ་སེམས་ལ་གནད།། ཕྱི་ནང་སྣང་སྲིད་དཀྱིལ་ཡིན་ཏེ། ། ཕྱོགས་མེད་དབྱེར་མེད་འཁོར་ཡིན་ནོ།། གདོད་ནས་རྣམ་དག་ལྷ་ཚོགས་ལ།། སྤྱན་དྲངས་མི་ཚལ་ཡེ་ནས་གནས།། གདོད་ནས་རང་བྱུང་ཆོས་ཉིད་ལ།། མཆོད་གཏོར་གཏོར་མ་གཏང་མི་དགོས། ། ཡེ་ནས་རྣམ་དག་ཆོས་སྐུ་ལ།། ཕྱག་འཚལ་བསྟོད་པ་བྱ་མི་དགོས།། རང་གསལ་སྙིང་པོ་ཡེ་གྲུབ་ལ།། འཛབ་དང་བཟླས་པ་བྱ་མི་དགོས།། རྣམ་དག་རང་བྱུང་ཆོས་སྐུ་ལ།། ཏིང་འཛིན་སྤྲོ་བསྡུ་བྱ་མི་དགོས། ། དུག་ལྔ་ཡེ་ཤེས་ཡིན་པ་ལ།། ཕྲིན་ལས་བཅོལ་བ་བྱ་མི་གོས།། རང་སེམས་སྟོང་ཉིད་སྤྲོས་བྲལ་ལ།། ཚོགས་སོགས་སྒྲིབ་པ་སྦྱང་མི་གོས།། ཡེ་ནས་སངས་རྒྱས་ཡིན་པ་ལ།། སྨོན་ལམ་དག་པ་གདབ་མི་དགོས། ། རང་དབང་རང་གིས་ཐོབ་པ་ལ།། དབང་དང་རིམ་པ་བྱ་མི་དགོས།། ཡེ་དག་ཡེ་གྲོལ་ཡེ་གནས་ལ།། དམ་ཚིག་སྡོམ་པ་བསྲུང་མི་དགོས།། རང་ལ་ཡེ་ནས་གདོད་ནས་གྲུབ།། དངོས་གྲུབ་གཞན་ནས་བླང་མི་དགོས། ། སྣ་ཚོགས་ཅིར་སྣང་ཆོས་ཉིད་གློང།། གྲུབ་རྟགས་གཞན་ནས་འཆར་མི་དགོས།། ཞེས་གསུངས་སོ།། ཐུགས་རྗེ་ཆེན་པོ་ཨ་ཏི་ཡོ་གར་བསྒྲུབ་པའི་ལེའུ་སྟེ་ཉི་ཤུ་རྩ་གསུམ་པའོ།།།། དེ་ནས་སངས་རྒྱས་སྣང་བ་མཐའ་ཡས་ལ། ། འཇིག་རྟེན་དབང་ཕྱུག་ཡང་ཞུས་པ།། ཨེ་མ་ཧོ། རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས།། ཐུགས་རྗེ་ཆེན་པོ་སྤྲུལ་སྐུ་ལ།། ཐེག་པ་རིམ་དགུ་ཅི་བཅིངས་པའི།། མ་འདྲེས་ལྟ་བ་ཇི་ལྟར་རྫོགས། ། རྫོགས་སངས་རྒྱས་ཀྱི་བཀའ་སྩལ་པ།། ཉོན་ཅིག་འདུས་པའི་འཁོར་ཚོགས་རྣམས།། ཆོས་སྐུ་ཐུགས་རྗེ་ཆེན་པོ་ལས།། ལོངས་སྐུ་ཐུགས་རྗེ་ཆེན་པོ་ཤར།། ལོངས་སྐུ་ཐུགས་རྗེ་ཆེན་པོ་ལས།། སྤྲུལ་སྐུ་ཐུགས་རྗེ་ཆཻན་པོ་ཤར། ། སྤྲུལ་སྐུའི་གདུལ་བྱ་སྣ་ཚོགས་ལས།། ཆོས་སྒོ་བརྒྱད་ཁྲི་བཞི་སྟོང་གསུངས།། བསྡུས་པས་ཐེག་པ་རིམ་དགུར་འདུས།། ཐེག་པ་རིམ་དགུ་འུབ་བསྡུས་པས།། ཐུགས་རྗེ་ཆེན་པོའི་དགོངས་པར་འདུས། ། འབྱུང་ཆེན་ནམ་མཁའི་ཀློང་ཆེན་དུ།། འབྱུང་བ་རྣམ་ལྔ་མ་འདྲེས་རྫོགས།། བར་སྣང་གསལ་བའི་ཀློང་ཆེན་དུ།། ཉི་ཟླ་གཟའ་སྐར་མ་འདྲེས་རྫོགས།། གནམ་ས་གཉིས་ཀྱི་སྟེང་འོག་ཏུ།། གླིང་བཞི་རི་རབ་སྐྱེ་འགྲོ་རྫོགས། ། དཀྱིལ་འཁོར་ཆེན་པོའི་ཀློང་ཡངས་སུ།། ས་ཚོན་སྣ་ལྔ་མ་འདྲེས་རྫོགས།། ཟ་འོག་ཡུག་གཅིག་ནང་དུ་ནི།། དར་སྣ་མ་འདྲེས་ཡོངས་སུ་རྫོགས།། ནོར་བུ་རིན་ཆེན་ནང་དུ་ནི།། རིན་ཆེན་སྣ་ལྔ་མ་ལུས་རྫོགས། ། དཔེ་ཡིས་རྫོགས་པ་དེ་བཞིན་དུ།། ཐུགས་རྗེ་ཆེན་པོའི་ཐུགས་དགོངས་སུ།། ཐེག་པ་རིམ་དགུ་མ་འདྲེས་རྫོགས།། རྟག་ཆད་གཉིས་སུ་མ་ལྷུང་བས།། མུ་སྟེགས་ལྟ་བ་མ་འདྲེས་རྫོགས།། བདག་མེད་ཆོས་བདག་རང་གྲཽལ་བས། ། ཉན་ཐོས་ལྟ་བ་མ་འདྲེས་རྫོགས།། རྟེན་འབྲེལ་བཅུ་གཉིས་རང་གྲོལ་བས།། རང་རྒྱལ་ལྟ་བ་མ་འདྲེས་རྫོགས།། ཡུལ་སེམས་གཉིས་པོ་རང་གྲོལ་བས།། སེམས་ཙམ་ལྟ་བ་མ་འདྲེས་རྫོགས། ། བདེ་བ་གཉིས་པོ་རང་གྲོལ་བས།། དབུ་མའི་ལྟ་བ་མ་འདྲེས་རྫོགས།། དག་གསུམ་རིགས་གསུམ་རང་གྲོལ་བས།། ཀྲི་ཡའི་ལྟ་བ་མ་འདྲེས་རྫོགས།། མར་སྤྱཽད་ཡར་ལྟ་རང་གྲོལ་བས།། དབུ་མའི་ལྟ་བ་མ་འདྲེས་རྫོགས། ། བྱང་ཆུབ་ལྔ་པ་རང་གྲོལ་བས།། ཡོ་གའི་ལྟ་བ་མ་འདྲེས་རྫོགས།། ཐབས་དང་ཤེས་རབ་རང་གྲོལ་བས།། མ་ཧཱའི་ལྟ་བ་མ་འདྲེས་རྫོགས།། དབྱིངས་དང་ཡེ་ཤེས་གཉིས་གྲོལ་ལས།། ཨ་ནུའི་ལྟ་བ་མ་འདྲེས་རྫོགས། ། ཡེ་དག་བྱེ་བྲག་རང་གྲོལ་བས།། རྫོགས་ཆེན་ལྟ་བ་མ་འདྲེས་རྫོགས།། ཐུགས་རྗེ་ཆེན་པོའི་ལྟ་དགོངས་ལ།། ཕྱོགས་མེད་ཕྱོགས་བྲལ་ཐམསཅད་རྫོགས།། བྱས་པའི་ཆོས་ནི་འདུས་བྱས་ཡིན། ། འདུས་བྱས་ཆོས་ཀྱིས་སངས་མི་རྒྱ།། བཤད་པའི་ཆོས་ནི་ཐ་སྙད་ཡིན།། ཐ་སྙད་ཆོས་ཀྱིས་གྲོལ་མི་ནུས།། བློས་བཏགས་ཆོས་ནི་འཁྲུལ་པ་ཡིན།། འཁྲུལ་པའི་ཆོས་ཀྱི་ལམ་མི་རྙེད།། བསྒྲུབས་པའི་ཆོས་ནི་ཡིད་སྨོན་ཡིན། ། ཡིད་མོན་ཆོས་ཀྱིས་མཐར་མི་ཕྱིན།། ཐུགས་རྗེ་ཆེན་པོའི་དགོངས་པ་རུ།། གང་ཡང་མི་སྤོང་མི་བསྒྲུབ་པའོ།། རང་གྲོལ་བྱ་བཙལ་མེད་པའི་ངང།། མ་བསྒྲུབས་ཡེ་ནས་ལྷུན་གྱི་གྲུབ།། ཐུགས་རྗེ་ཆེན་པོ་དེ་ལ་བྱ། ། ཐེག་པ་དགུ་ཡི་རྩེ་མོ་ཡིན།། ཞེས་གསུངས་སོ།། ཐུགས་རྗེ་ཆེན་པོའི་དགོངས་པ་རུ། ཐེག་པ་དགུ་མ་སྤངས་པར་རང་རྫོགས་པའི་ལེའུ་སྟེ་ཉི་ཤུ་རྩ་བཞི་པའོ།།།། ཐུགས་རྗེ་ཆེན་པོ་ཐེག་པ་དགུ་ལྟ་བ་མ་སྤངས་པར་བསྒྲུབ་པར་བསྟན་པའི་སྐབས་དེ་དང་པོའོ། །།། དེ་ནས་སངས་རྒྱས་སྣང་བ་མཐའ་ཡས་ལ།། འཇིག་རྟེན་དབང་ཕྱུག་གིས་ཕྱག་བཙལ་བསྐོར་བ་བྱས་ནས་ནི། སྤྱན་སྔར་འདུག་སྟེ་འདི་སྐད་གསོལ། ། ཨེ་མ་ཧོ་རྫོགས་པའི་སངས་རྒྱས་སྐུ།། ཐུགས་རྗེ་ཆེན་པོ་སྤྲུལ་པའི་སྐུ།། འགྲོ་དྲུག་གདུལ་བའི་ལྷ་ཡིན་ན།། ཐུགས་རྗེ་ཆེན་པོའི་དཀྱིལ་འཁོར་དུ།། འགྲོ་དྲུག་ཐབས་ཀྱི་ཇི་ལྟར་འདུལ།། གསང་སྔགས་ལུགས་སུ་ཇི་ལྟར་བསྒྲུབ། ། དེ་སྐད་གསོལ་བས་སན་གནས་ཀྱང།། རྫོགས་སངས་རྒྱས་ཀྱི་བཀའ་སྩལ་པ།། ཨེ་མ་འདུས་པའི་འཁོར་རྣམས་ཉོན།། ཐུགས་རྗེ་ཆེན་པོའི་སྤྲུལ་པའི་སྐུ།། འགྲོ་དྲུག་འདུལ་བའི་དཀྱིལ་འཁོར་ནི། ། དབེན་ཞིང་བཀྲ་ཤིས་གནས་སུ་ནི།། གང་ལ་དག་པའི་བཀྲ་ཤིས་ས།། སྦྱངས་སྤེལ་བྱས་ནས་བླངས་ནས་ནི།། སྨན་དང་དྲི་ཡི་སྐྱང་ནུལ་བྱ།། ཐིག་བཏབ་དཀྱིལ་འཁོར་བྲི་བ་ནི།། ས་ཚོན་རྣམ་ལྔ་བྱིན་བརླབས་ནས། པདྨ་འདབ་དྲུག་རེ་ག་དང། གྲུ་ཆད་སྒོ་བཞི་རྒྱན་དང་ཆས། ཁོར་ཡུག་པདྨ་རྡོ་རྗེ་ར།། ཡེ་ཤེས་ལྔ་ཡི་མེ་རིས་ལྡན།། དབུས་ཀྱི་ཕོ་བྲང་ཟླུམ་པོ་དཀར།། པདྨ་འདབ་དྲུག་དཀར་དང་སྔོ།། སེར་དང་སྨུག་དང་དམར་དང་ནག། ཟླུམ་པོ་དཀར་དང་གྲུ་ཆད་སྒོ།། ཤར་དཀར་ལྷོ་སེར་ནུབ་དམར་བྱང་ལྗང་ངོ།། རེ་ག་དཀར་སྔོ་སེར་དམར་ལྗང།། སྒོ་རྒྱན་མཛེས་པའི་རྒྱན་དང་ལྡན།། ནམ་མཁའ་ས་གཞི་ཕྱོགས་ཀྱི་ཚོན། ཁོར་ཡུག་པད་མ་རྡོ་རྗེ་སྔོན། ། མེ་རི་སྣ་ཚོགས་འོད་དང་ལྡན།། གསལ་ལ་མཛེས་པ་མ་འདྲེས་བྲི།། མདའ་བཞི་མེ་ལོང་རལ་གྲྀ་དང།། ཕུར་པ་བཞི་ལ་ཚོན་སྐུད་བྲི།། དཀྱིལ་འཁོར་བྲི་བའི་རིམ་པའོ། ། མཆོད་པ་ལྔ་དང་བུམ་པ་དང།། གཏོར་མ་ལ་སོགས་རྫས་རྣམས་བཤམས།། དེ་ནས་དམ་ཚིག་དཀྱིལ་འཁོར་བསྒཽམ།། བདག་ཉིད་སྐད་ཅིག་ལྷར་བསྒོམས་ལ།། ཐུགས་ཀའི་ཧྲཱི་ཡི་འོད་ཟེར་གྱིས།། ཧཱུཾ་ལས་རྡོ་རྗེ་ར་བ་གུར། ། མེ་རི་མེ་དཔུང་བསྲུང་འཁོར་བསྒོམ།། དེ་དབུས་བྷུཾ་ལས་འོད་འཕྲོས་པས།། གཞལ་ཡས་པདྨ་འདབ་དྲུག་པ།། སྒོ་བཞི་འཁོར་ཡུག་ལྡན་པར་བསྒཽམ།། དེ་དབུས་པདྨ་འདབ་དྲུག་པ།། ཟླ་བའི་གདན་རེ་བསམ་པ་དང། ། དབུས་སུ་རང་སེམས་ཧྲཱི་ལས་ནི།། འོད་ཟེར་འཕྲོ་འདུའི་སྦྱོར་བ་ལས།། བདག་ཉིད་ཐུགས་རྗེ་ཆེན་པོ་ནི།། ཞལ་གཅིག་ཕྱག་གཉིས་སྐུ་མདོག་དཀར།། གཡས་པ་ཤེལ་འཕྲེང་གཡོན་པ་ན།། པདྨ་དཀར་པོ་བསྣམས་པའོ། ། རིན་པོ་ཆེ་ཡི་རྒྱན་དང་ལྡན།། ཟླ་བའི་གདན་ལ་མཉམ་པར་བཞུགས།། སྣང་ལ་རང་བཞིན་མེད་པར་བསྒོམ།། གཙོ་བོའི་ཐུགས་ཀའི་ཧྲཱི་ལས་ནི།། པདྨ་ཟླ་བའི་སྟེང་དུ་ནི།། ཨོཾ་མ་ཎི་པདྨེ་ཧཱུཾ། བརྗོད་པས། ཤར་དུ་ཨོཾ་ལས་བརྒྱ་བྱིན་ནི།། དཀར་པོ་པི་ཝང་བསྣམས་པའོ།། ཤར་སྨད་མ་ལས་ཐག་བཟངས་རིས།། སྔཽན་པོ་གོ་མཚོན་བསྣམས་པའོ།། ལྷོ་སྟོད་ཎི་ལས་ཤཱཀྱ་ཐུབ་ནི།། སེར་པོ་གསེག་ཤང་བསྣམས་པའོ། ། ལྷོ་སྨད་པད་ལས་ཤག་སེང་ནི།། ནག་པོ་པོ་ཏི་བསྣམས་པའོ།། ནུབ་ཏུ་མེ་ལས་ནམ་མཁའ་མཛོད།། དམར་པོ་རིན་ཆེན་སྒྲོམ་བུ་ཐོགས།། བྱང་དུ་ཧཱུཾ་ལས་ཆོས་རྒྱལ་ནི།། ནག་པོ་མེ་ཆུ་བསྣམས་པའོ།། ཀུན་ཀྱང་སྤྲུལ་སྐུས་རིགས་དྲུག་འདུལ། ། དཀྱིལ་འཁོར་ལྷ་ཚོགས་གསལ་བར་བསྒོམ།། དེ་ནས་ཡེ་ཤེས་དཀྱིལ་འཁོར་ནི།། ཐུགས་ཀའི་ཧྲི་ཡི་འོད་ཟེར་གྱི།། རང་བཞིན་སོ་སོའི་གནས་ནས་ནི།། སྤྱན་དྲང་མདུན་གྱི་ནམ་མཁར་བཞུགས། ། ཕྱག་འཚལ་མཆོད་འབུལ་བསྟོད་པ་བྱ།། ཐུགས་ཀའི་ཧྲི་ཡི་འོད་ཟེར་གྱིས།། རིགས་ལྔའི་སངས་རྒྱས་སྤྱན་དྲངས་ལ། སྐུ་གསུང་ཐུགས་སུ་བྱིན་བརླབ་ཅིང། ལྷ་མོ་ལྔ་ཡིས་དབང་བསྐུར་བྱ།། གཉིས་སུ་མེད་པར་བསྟིམ་ནས་ནི།། དམ་ཚིག་ཡེ་ཤེས་དབྱེར་མེད་བསྒོམ།། དེ་ལྟར་སྐུ་ལ་དམིགས་ནས་ནི།། སྣང་སྟོང་དབྱེར་མེད་ངང་ལ་བཞག། གལ་ཏེ་དེ་ལ་སྐྱོ་བ་ན།། བཟླས་པའི་རྣལ་འབྱོར་བྱ་བ་ནི།། ཐུགས་ཀའི་ཧྲི་ལས་ཡི་གེ་དྲུག། སྔགས་ཀྱི་འཕྲེང་བས་བསྐོར་བས་བསམ།། ཨོཾ་མ་ཎི་པདྨེ་ཧཱུཾ། རང་དོན་བཟླས་དང་གཞན་དོན་བཟླས།། བདག་གཞན་གཉིས་མེད་བཟླས་པ་བྱ།། དང་པོ་བདག་དོན་བཟླས་པ་ན།། ཐུགས་ཀའི་ཧྲཱིཿ་དང་སྔགས་འཕྲེང་ལས། ། འོད་ཟེར་ལུས་ལ་ཁྱབ་པ་ཡིས།། འདོད་ཆགས་ཞེ་སྡང་གཏི་མུག་དང།། ང་རྒྱལ་ཕྲག་དོག་ཁོང་ཁྲོ་ཡིས།། རིགས་དྲུག་སྐྱེ་བའི་རྒྱུ་སྦྱངས་ནས།། ཉོན་མོངས་སྒྲིབ་པ་དག་པར་སྦྱངས། ། སེམས་ཉིད་གསལ་སྟོང་འོད་གསལ་དང།། ཤེས་བྱའི་སྒྲིབ་པ་དག་པ་བྱ།། སྣང་སྟོང་གསལ་སྟོང་དབྱེར་མེད་བསྒོམ།། རང་གཞན་གཉིས་མེད་བཟླས་པ་ནི།། ཐུགས་ཀའི་ཧྲི་དང་སྔགས་འཕྲེང་ལས། ། འོད་ཟེར་ཕྱིར་ལ་འཕྲོས་པ་ལས།། བདེ་གཤེགས་བྱང་ཆུབ་སེམས་དཔའ་ལ།། སྐུ་གསུང་ཐུགས་མཉེས་མཆོད་པ་ཕུལ། ཁམས་གསུམ་སེམས་ཅན་སྒྲིབ་པ་སྦྱངས།། ཚུར་འདུས་རང་གི་སྒྲིབ་པ་སྦྱངས།། སྐུ་ནི་སྔར་བས་གསལ་བཏབ་ནས། ། སྣང་སྟོང་གསལ་སྟོང་དབྱེར་མེད་བསྒོམ།། གཞན་གྱི་དོན་དུ་བཟླས་པ་ནི།། ཐུགས་ཀའི་ཧྲི་དང་སྔགས་འཕྲེང་ལས།། འོད་ཟེར་རིགས་དྲུག་གནས་སུ་འཕྲོས།། དམྱལ་བ་ཚ་གྲང་སྡུག་བསྔལ་སྦྱངས། ། ཡི་དགས་བཀྲེས་སྐཽམ་སྡུག་བསྔལ་སྦྱངས།། བྱོལ་སོང་གླེན་ལྐུགས་སྡུག་བསྔལ་སྦྱངས།། མི་ཡི་སྡུག་བསྔལ་སྣ་ཚོགས་སྦྱང།། ལྷ་མིན་འཐབ་རྩོད་སྡུག་བསྔལ་སྦྱངས།། ལྷ་ལ་འཕོ་ལྟུང་སྡུག་བསྔལ་སྦྱངས། ། རིགས་དྲུག་ཐུགས་རྗེ་ཆེན་པོར་བསྒཽམ།། འོད་ཟེར་ཚུར་འདུས་བདག་ལ་ཐིམ།། ཉོན་མོངས་དྲུག་སྦྱངས་སྐུ་དྲུག་ཐོབ།། དེ་ལྟར་འཕྲོ་འདུའི་སྦྱོར་པ་ལས།། གལ་ཏེ་དེ་ལ་སྐྱོ་དུབ་ན།། ཡེ་ཤེས་སེམས་དཔའ་ཕྱུང་ནས་ནི། ། མཆོད་དང་བསྟོད་པ་བྱས་ཏེ་གཤེགས།། དམ་ཚིག་བསྡུས་ཏེ་རྫོགས་རིམ་བསྒཽམ།། ཐུབ་དྲུག་འོད་དུ་ཞུ་ནས་ནི།། རིམ་གྱི་གཙོ་བོའི་སྐུ་ལ་ཐིམ།། གཙོ་བོ་ཐུགས་ཀའི་ཧྲི་ལ་ཐིམ།། ཧྲི་ཡང་མི་དམིགས་སྟོང་པར་བསྒོམ། ། སྟོང་ཡང་སྟོང་སྟེ་གསལ་ཡང་གསལ།། གསལ་སྟོང་ངང་ལ་གནས་ཚད་བསྒོམ།། དེ་ནི་བསྙེན་པའི་རིམ་པ་ཡིན།། གཞན་དོན་བསྒྲུབ་པའི་རིམ་པ་ནི།། བུམ་པ་བྷྲུཾ་ལས་གཞལ་ཡས་ཁང། ། ཐུགས་རྗེ་ཆཻན་པོའི་ལྷ་ཚོག་བསྐྱེད། སྤྲོ་བསྡུའི་སྦྱོར་བས་སྒྲིབ་པ་སྦྱང།། སྔགས་ཀྱི་འོད་ཟེར་བཟླས་ལུགས་གསུམ།། རང་དོན་རང་གི་སྒྲིབ་པ་སྦྱང།། བུམ་པའི་ཆུས་བཀྲུས་སྒྲིབ་པ་སྦྱང།། ལུས་ངག་ཡིད་གསུམ་དག་པར་བསམ། ། སློབ་མ་དབང་བསྐུར་བུམ་པ་ཡིན།། སྤྱི་བོར་ཆུ་བླུགས་སྒྲིབ་པ་དག། ཐུགས་རྗེ་ཆེན་པོའི་སྐུ་རུ་བསྒོམ།། ཚེ་འདས་གཤིན་གྱི་དོན་བྱེད་ན།། བུམ་པ་བདུད་རྩི་དག་བྱེད་ཆུས།། རོ་འམ་རུས་པ་མཚན་བྱང་ལ། ཁྲུས་བྱས་སྡིག་པ་དག་པ་དང།། འགྲོ་བ་རིགས་དྲུག་གནས་ནས་གདོན།། སྣང་བ་མཐའ་ཡས་ཞིང་ཁམས་སམ།། ཐུགས་རྗེ་ཆེན་པོའི་ཞིང་ཁམས་སུ།། ལམ་བསྟན་མཚན་བྱང་ལ་སོགས་བསེག། རུས་པ་ལ་སོགས་ཚ་ཚ་གདབ།། གཟུགས་བརྙན་དཀྱིལ་འཁོར་བསྡུས་ནས་ནི།། ཆུའམ་རླུང་ངམ་རི་རྩེར་བསྐྱལ།། བྱང་ཆུབ་སེམས་སྦྱངས་སྨོན་ལམ་གདབ།། དགེ་རྩ་སེམས་ཅན་དོན་དུ་སྔོ།། ཞེས་གསུངས་སོ། ། ཐུགས་རྗེས་འགྲོ་དྲུག་འདུལ་བའི་དཀྱིལ་འཁོར་གྱི་ལེའུ་སྟེ་ཉི་ཤུ་རྩ་ལྔ་པོ།།།། དེ་ནས་སངས་རྒྱས་སྣང་བ་མཐའ་ཡས་ལ།། འཇིག་རྟེན་དབང་ཕྱུག་འདི་སྐད་ཞུས།། ཐུགས་རྗེ་ཆེན་པོ་སྤྲུལ་པའི་སྐུ། ། འགྲོ་བ་འདུལ་བའི་དཀྱིལ་འཁོར་དུ།། རིགས་དྲུག་ལྷ་རུ་ཇི་ལྟར་བསྒྲུབ།། རྫོགས་སངས་རྒྱས་ཀྱིས་བཤད་དུ་གསོལ།། དེ་སྐད་གསོལ་པ་གསན་ནས་ཀྱང།། རྫོགས་སངས་རྒྱས་ཀྱིས་བཀའ་སྩལ་པ། ། ཉོན་ཅིག་དུས་པའི་འཁོར་ཚོགས་རྣམས།། ཐུགས་རྗེ་ཆེན་པོ་ལྷ་ཡི་ལྷ།། དཀྱིལ་འཁོར་ཀུན་གྱི་བྱེད་པ་པོ།། དུས་གསུམ་སངས་རྒྱས་ཐམསཅད་ཀྱི།། རིགས་ཀྱི་གཙོ་བོར་དབང་བསྐུར་བའི།། རིགས་འདུས་དཀྱིལ་འཁོར་བསྒྲུབ་འདོད་ན། ། དང་པོ་ཡིད་འོང་བཀྲ་ཤིས་གནས།། ཤར་དམའ་ཉི་ཤར་མདངས་འཕྲོག་ལ།། ནུབ་དམའ་ཉི་ནུབ་ཟེར་སྡུད་ལ།། ལྷོ་གཞོལ་རྩི་ཤིང་ནགས་ཚལ་རྒྱས།། བྱང་སྐྱོབ་རི་བོ་མདུན་དུ་ལྟ། ། རང་རི་རིན་ཆེན་འབར་བ་འདྲ།། དཀར་ལ་མདངས་ཆགས་བག་དྲོ་བ།། མདུན་ན་མཚོ་དང་མེ་ཏོག་ཡོད།། བཀྲ་ཤིས་ཉམས་དགའི་ས་བཙལ་ལ།། དེ་ལྟ་བུ་དག་མ་འཛོམ་ན།། ཡིད་འོང་དབེན་པ་ཉམས་དགའ་བ། ། གྲུབ་ཐོབ་ཞབས་ཀྱིས་བཅགས་པ་དང།། དགྲ་འདྲེས་དབང་དུ་མ་བྱས་པར།། དེ་ལྟ་བུ་ཡི་གནས་སོང་ལ།། འབྱུང་པོ་རྣམས་ལ་སྦྱིན་གཏོར་གཏང།། ས་བླང་ས་བརྟགས་ས་སྦྱང་དང།། ས་གཟུང་ཆོ་ག་རྒྱས་པར་བྱ། ། བཀྲ་ཤིས་ས་བླང་དཀྱིལ་འཁོར་བཞེངས།། དྲི་དང་སྨན་ཆབ་སྐྱང་ནུལ་བྱ།། གཙང་མའི་རས་ཀྱི་སྲད་བུ་ལ།། བྱིན་བརླབས་བྱས་ནས་ཐིག་གདབ་པ།། གནམ་ཐིག་ས་ཐིག་བཏབ་ནས་ནི།། འདབ་མ་བཞི་བཅུ་གཉིས་པ་ཡིས། ། ཐིག་ནི་ཆར་ལེགས་པར་གདབ།། དེ་ནས་ཚོན་ནི་བྱིན་བརླབས་ལ།། དབུས་སུ་པདྨ་འདབ་བཞི་པ།། དབུས་ཀྱི་ཕོ་བྲང་དཀར་པོ་ལ།། པདྨ་འདབ་བཞི་ཕྱོགས་ཀྱི་དབྱེ།། ཤར་དཀར་ལྷོ་སེར་ནུབ་དམར་ལ། ། བྱང་ནི་ལྗང་ཁུར་གཏོང་བར་བྱ།། དེ་ལ་འོད་ཀྱི་འཕྲེང་བས་བསྐོར།། ཕྱི་མ་པདྨ་བཅུ་གཉིས་ལ།། ཕྱི་ལྟར་ཡབ་ཡུམ་སོ་སོར་དགོད།། ནང་ལྟར་པདྨ་འདབ་དྲུག་ལ།། ཡབ་ཡུམ་གཡས་གཡོན་འདུད་ཚུལ་དགོད། ། པདྨ་ལྷ་ཡི་སྐུ་མདོག་བསྟུན།། པད་མཚན་མཛེས་པའི་ཚོན་གྱིས་བསྒྱུར།། མུ་ཁྱུད་དཀར་པོ་རྡོ་རྗེ་འཕྲེང།། གྲུ་ཆད་ལྗང་ལ་བར་ཁྱམས་ཕྱོགས།། ཕྱོགས་བཞི་རིགས་དང་བསྟུན་པ་ལ། རྩིག་པ་དཀར་སེར་དམར་མཐིང་ལྗང། ། འདོད་ཡོན་དམར་པོ་ཕ་གུ་སེར།། དྲ་བ་དྲ་ཕྱེད་མཐིང་ག་ལ།། དུར་རུ་ཁ་ནི་ལྗང་ཁུ་ལ།། མུན་པ་མཐིང་སྐྱ་པ་ཀ་བ་སེར།། རྟ་བབས་རིམ་བཞི་སྣ་ཚོགས་ལ།། པདྨ་ཆོས་ཀྱི་འཁོར་ལོ་གདུགས། ། འོག་གི་གླིང་གཞི་ཕྱོགས་ཀྱི་དབྱེ།། ད་རུ་ག་དང་དར་སྤྱང་ཕྱར།། འོག་ཕྱོགས་པདྨ་སྟོང་དང་ལྡན།། སྟེང་ཕྱོགས་འཁོར་ལོ་རྩིབས་སྟོང་མཛེས།། ཁོར་ཡུག་གཉིས་ལ་ཤེས་པར་བྱ།། རྡོ་རྗེ་ར་བ་མེ་རི་གཉིས། ། བསྲུང་བའི་འཁོར་ལོར་ཤེས་པར་བྱ།། རྡཽར་འཕྲེང་མཐིང་ལ་འབར་འཕྲེང་དམར།། ཕྱི་རིམ་བྱང་ཆུབ་ཤིང་གིས་མཛེས།། ཚོན་སྣ་ལྔ་ཡི་ལེགས་པར་བྲིས།། དེ་ནས་དཀྱིལ་འཁོར་རྒྱན་དགོད་པ།། མདའ་བཞི་མེ་ལོང་རལ་གྲི་བཞི། ། ཕུར་པ་བཞི་ཡིས་བསྐོར་ནས་ནི།། དཀྱིལ་འཁོར་ཚོན་སྐུད་དྲ་བར་བཞུགས།། སྐུ་རྟེན་ལྷ་ཡི་སྐུ་གཟུགས་དགོད།། གསུང་རྟེན་ས་བོན་ཡི་གེ་དང།། ཐུགས་རྟེན་ལྷ་ཡི་ཕྱག་མཚན་དགོད། ། བུམ་པ་ལ་སོགས་དབང་རྫས་དང།། གཏོར་མ་ལ་སོགས་ཆོད་རྫས་དང།། སྤོས་དང་མེ་ཏོག་དྲི་ཆབ་དང།། ཞལ་ཟས་མར་མེ་སིལ་སྙན་དང།། ཕྱི་ཡི་མཆོད་པ་རྣམས་ཀྱང་བཤམས།། ཞེས་གསུངས་སོ། ། གནས་དང་གཟུགས་བརྙན་གྱི་དཀྱིལ་འཁོར་རྫས་བཤམ་པའི་ལེའུ་སྟེ་ཉི་ཤུ་རྩ་དྲུག་པའོ།།།། དེ་ནས་ཡང་དག་བཤད་བྱ་བ།། ཏིང་འཛིན་དཀྱིལ་འཁོར་བསྒོམ་ཞིང་བསྐྱེད་པ་ནི།། དང་པོ་སྐད་ཅིག་ལྷར་བསྒོམས་ལ། ། ཐུགས་ཀར་ཟླ་དཀྱིལ་ཧྲཱིཿཡིག་བསམ།། འགྲོ་བའི་དོན་དུ་སེམས་བསྐྱེད་ལ།། ཧྲཱིཿལས་འོད་ཟེར་ཕྱོགས་བཅུར་འཕྲོས།། ཕྱོགས་བཅུའི་སངས་རྒྱས་བྱང་སེམས་དང།། བླ་མ་ལ་སོགས་སྤྱན་དྲངས་ལ། ། བསོད་ནམས་ཚོགས་ཀྱི་ཡན་ལག་བསག། ཚད་མེད་རྣམ་བཞི་བསྒོམ་པར་བྱ།། དེ་ནས་ཡེ་ཤེས་ཚོགས་བསག་པ།། ཕྱི་ནང་ཆོས་རྣམས་སྟོང་པར་བསྒོམ།། ནམ་མཁའ་སྟོང་པའི་དབུས་སུ་ནི།། བསྲུང་བའི་འཁོར་ལོ་བསྒོམ་པར་བྱ། ། འོག་ཏུ་རྡོ་རྗེ་རྒྱ་གྲམ་གྱི།། ལྟེ་བར་ཧཱུཾ་གིས་མཚོན་པར་གྱུར།། དེ་ལས་འོདཟེར་འཕྲཽས་པ་ཡིས།། རྡོ་རྗེའི་གུར་དང་རྩིག་པ་དང།། རྡོ་རྗེའི་ས་གཞིར་གྱུར་པར་བསྒོམ།། དེ་ནས་ཏིང་འཛིན་རིམ་པ་ནི། ། སྟོང་ཉིད་སྤྲོས་བྲལ་དེ་བཞིན་ཉིད།། ཀུན་ཁྱབ་སྙིང་རྗེ་ཀུན་ཏུ་སྣང།། རང་སེམས་ཧྲི་ཡི་རྒྱུ་ལས་ནི།། བསྲུང་བ་འཁོར་ལོའི་དབུས་ཉིད་དུ།། བྷྲུཾ་སེར་འོད་དང་ལྡན་པ་ལས།། འོད་འཕྲོས་ཕྱོགས་བཅུའི་བདེ་གཤེགས་ཀྱི། ། ཞིང་ཁམས་ཀུན་ཀྱི་བཅུད་བསྡུས་ནས།། གཞལ་ཡས་ཁང་དུ་གྱུར་པར་བསྒོམ།། འོག་ཕྱོགས་པདྨ་འདབ་མ་སྟོང།། སྟེང་ཕྱོགས་འཁོར་ལོ་རྩིབས་སྟོང་ལ།། རིན་ཆེན་སྣ་ལྔས་རྩིག་པ་བྱས།། དབུས་ན་གཙོ་བོའི་ཕོ་བྲང་ནི། ། པདྨ་འདབ་བཞིས་ཁྲི་རྐང་བཏེག། སྣ་ཚོགས་པདྨའི་འོད་དང་ལྡན།། ཕྱི་རིམ་འདབ་མ་བཅུ་གཉིས་པ།། སྣ་ཚོགས་ཁ་དོག་མདངས་དང་ལྡན།། གྲུ་ཆད་བར་ཁྱམས་སྒོ་བཞིར་ཕྱོགས།། རིན་ཆཻན་སྣ་ལྔའི་རྩིག་པ་བརྩིགས། ། རིན་ཆེན་ཕ་གུའི་མདའ་ཡབ་ནས།། སྒོ་ལ་སྣ་ཚོགས་དྲ་བར་དྲ་ཕྱེད་པ།། སྒོ་བཞི་རྟ་བབས་མཛེས་པ་ལ།། ཆོས་ཀྱི་འཁོར་ལོ་གདུགས་ཀྱིས་བརྒྱན།། དར་སྣ་ལྔ་ཡི་འཕན་དར་འཕྱོ།། ཆོས་ཀྱི་དྲིལ་བུ་སྒྲ་སྙན་སྒྲོགས། ། རྡོ་རྗེ་ར་བ་མེ་དཔུང་འབར།། བར་ཆད་བདུད་ཀྱི་གླག་མི་རྙེད།། ཕྱི་རིམ་བྱང་ཆུབ་ཤིང་ལ་ནི།། ལོ་མ་མེ་ཏོག་འབྲས་བུ་སྨིན།། དེ་ནས་དཀྱིལ་འཁོར་དབུས་དང་ནི།། པདྨ་འདབ་བཞི་འདབ་བརྒྱད་ལ། ། ཉི་ཟླ་པདྨའི་གདན་རེ་བསམ།། དེ་ནི་སྣོད་ཀྱི་ལོ་ཀ་དག་པའོ།། གཞལ་ཡས་ཁང་གི་ཏིང་འཛིན་ནོ།། དེ་ནས་བཅུད་དག་ལྷའི་ཏིང་འཛིན་བསྒོམ།། རང་སེམས་ཡི་གེ་ཧྲིཿལས་ནི།། དབུས་ཀྱི་གདན་སྟེངས་འོད་འཕྲོས་ནས། ། སླར་འདུས་པདྨ་དཀར་པོར་གྱུར།། དེ་ལས་འོད་འཕྲོས་འདུས་པ་ལས།། བདག་ཉིད་ཐུགས་རྗེ་ཆེན་པོར་གྱུར།། ཞལ་གཅིག་ཕྱག་བཞི་སྐུ་མདོག་དཀར།། གཡས་གཡོན་ཐུགས་ཀར་ཐལ་མོ་སྦྱར། ། གཡས་ཀྱི་འོག་མ་ཤེལ་འཕྲེང་ལ།། གཡོན་གྱི་འོག་མ་པདྨའོ།། ཞབས་གཉིས་གདན་ལ་མཉམ་པར་བཞུགས།། རིན་པོ་ཆེ་ཡི་རྒྱན་གྱིས་བརྒྱན།། འཛུམ་བཅས་མདངས་དང་འོད་ཟེར་འཕྲོ། ། སྣང་ལ་རང་བཞིན་མེད་པར་བསྒོམ།། དེ་ནས་རྩ་བའི་འཁོར་བསྐྱེད་པ།། ཐུགས་ཀའི་ཧྲཱིཿ་ལས་མདུན་དུ་ནི།། ཡི་གེ་དྲུག་པའི་ཡུམ་ཆེན་མོ།། སྐུ་མདོག་ཕྱག་མཚན་གཙོ་དང་མཐུན།། ཡབ་ལ་འདུད་པའི་ཚུལ་དུ་བསྐྱེད། ། གཡས་ཀྱི་པདྨའི་སྟེང་དུ་ནི།། ནོར་བུ་འཛིན་པ་སྐུ་མདོག་དཀར།། ཞལ་གཅིག་པ་ལ་ཕྱག་གཉིས་པ།། གཡས་པ་ནོར་བུ་རིན་ཆེན་འཛིན།། གཡོན་པ་ཡབ་ལ་འདུད་ཚུལ་ལོ།། གཡོན་གྱི་པདྨའི་འདབ་མ་ལ། ། རིག་སྔགས་འཛིན་མ་སྐུ་མདོག་དཀར།། ཞལ་གཅིག་མ་ལ་ཕྱག་གཉིས་མ།། གཡས་པ་ཤེལ་གྱི་འཕྲེང་བ་འཛིན།། གཡོན་པ་ཡུམ་ལ་འདུད་ཚུལ་ལོ།། རྒྱབ་ཀྱི་པདྨའི་འདབ་མ་ལ།། པདྨའི་པ་ཏྲ་སྐྱེས་པ་ལས། ། དབུ་གཙུག་སྣང་བ་མཐའ་ཡས་ནི།། དབུ་རྒྱན་ཚུལ་དུ་བཞུགས་པར་བསྒོམ།། དེ་ནས་ཡང་འཁོར་བསྐྱེད་པ་ནི།། པདྨ་བཅུ་གཉིས་གདན་སྟེངས་སུ།། ཨོཾ་མ་ཎི་པདྨེ་ཧཱུཾ་ཞེས་པས།། རྣམ་སྣང་དཀར་པོ་འཁོར་ལོ་བསྣམས། ། བསམ་གཏན་ཡུམ་ནི་ཡབ་དང་མཐུན།། མི་བསྐྱོད་མཐིང་ཀ་རྡོ་རྗེ་བསྣམས།། ཤེས་རབ་ཡུམ་ནི་ཡབ་དང་མཐུན།། རིན་ཆཻན་སེར་པོ་རིན་ཆེན་བསྣམས།། སྦྱིན་པའི་ཡུམ་ནི་ཡབ་དང་མཐུན།། སྣང་མཐའ་དམར་པོ་པདྨ་བསྣམས། ། ཚུལ་ཁྲིམས་ཡུམ་ནི་ཡབ་དང་མཐུན།། དོན་གྲུབ་ལྗང་ཁུ་རྒྱ་གྲམ་བསྣམས།། བཟོད་པའི་ཡུམ་ནི་ཡབ་དང་མཐུན།། སྤྱན་རས་གཟིགས་དབང་དཀར་པོ་པད།། བརྩོན་འགྲུས་ཡུམ་ནི་ཡབ་དང་མཐུན། ། ཀུན་ཀྱང་རིན་ཆེན་རྒྱན་གྱིས་བརྒྱན།། གསལ་འཚེར་གཟི་བརྗིད་བལྟ་ན་སྡུག། མཉེན་ལྕུག་འཁྲིལ་ལྡེམ་ཡབ་ལ་འཁྱུད།། ཉི་ཟླ་པདྨའི་གདན་ལ་བཞུགས།། སྣང་ལ་རང་བཞིན་མེད་པར་བསྒོམ།། དཀྱིལ་འཁོར་སྒོ་བཞིའི་གདན་སྟེངས་སུ།། ཤར་སྒོ་བརྒྱ་བྱིན་ཐུབ་པ་དཀར།། ཕྱག་ན་པི་ཝང་བསྣམས་པའོ།། ལྷ་མིན་ཐག་བཟངས་སྔོན་པོ་ནི།། ཕྱག་ན་གོ་མཚོན་བསྣམས་པའོ།། ལྷོ་སྒོར་ཤཱཀ་ཐུབ་སེར་པོ་ནི། ། ཕྱག་ན་གསེག་ཤང་པར་བུ་བསྣམས་པའོ།། ནུབ་སྒོར་ནམ་མཁའ་མཛོད་ནི་དམར།། རིན་ཆེན་སྒྲོམ་བུ་བསྣམ་པའོ།། བྱང་སྒོར་ཆོས་ཀྱི་རྒྱལ་པོ་ནི།། ནག་པོ་མེ་ཆུ་བསྣམས་པའོ། ཁྱམས་ལ་ཕྱི་ཡི་དུས་སུ་ནི། ། དུས་གསུམ་སངས་རྒྱས་ཐམསཅད་ནི།། སྔ་རབས་འདས་པ་མ་རྟོགས་པ།། ཕྱིས་ནས་འབྱོན་པ་ཐམས་ཅད་ནི།། སྐལ་བཟང་བྱང་ཆུབ་སེམས་དཔར་གནས།། དཀྱིལ་འཁོར་ནང་གི་དུས་སུ་ནི།། སྔ་རབས་འདས་པའི་བླ་མ་རྣམས། ། རིགས་འཛིན་བྱང་ཆུབ་སེམས་དཔའ་གནས།། དཀྱིལ་འཁོར་གྲུ་ཆད་ཕྱོགས་མཚམས་ན།། མཆོད་པའི་ལྷ་མོ་རྣམ་བཞི་གནས།། འདོད་ཡོན་ལྷ་མོ་སྣ་ཚོགས་པ།། འདོད་ཡོན་ཕྱི་ཡི་ཁྱམས་ལ་གནས། ། རང་བཞིན་གནས་པར་བསྐྱེད་བསམ་བྱའོ།། དེ་ལྟར་ལྷ་རྣམས་ཐམས་ཅད་ཀྱང།། སྣང་ལ་རང་བཞིན་མེད་པ་ཡི།། འོད་དང་གཞའ་ཚོན་ཚུལ་དུ་བསྒཽམ།། ཞེས་གསུངས་སོ།། དམ་ཚིག་གི་དཀྱིལ་འཁོར་བསྐྱེད་པའི་ལེའུ་སྟེ་ཉི་ཤུ་རྩ་བདུན་པའོ། །།། དེ་ནས་ཡང་དག་བཤད་བྱ་བ།། ཡེ་ཤེས་དཀྱིལ་འཁོར་བསྒྲུབ་པ་ཡིས།། དམ་ཚིག་སེམས་དཔའ་གཙོ་བོ་ཡི།། ཐུགས་ཀའི་ཟླ་དཀྱིལ་ཧྲི་ཡིག་ལས། ། འོད་ཟེར་ལྕགས་ཀྱུ་ལྟར་འཕྲོས་པས།། རང་བཞིན་སོ་སོའི་གནས་ནས་ནི།། དཀྱིལ་འཁོར་ལྷ་ཚོགས་སྤྱན་དྲངས་ལ།། མདུན་གྱི་ནམ་མཁའ་ཞུགས་པ་ལ།། ཐུགས་ཀ་ཧྲི་ཡི་འོད་ཟེར་གྱིས།། འདོད་ཡོན་ཕྱི་ཡི་ལྷ་མོ་ཡིས། ། ཉི་ཟླ་པདྨའི་གདན་བཏིང་ནས།། ཕྱག་བཙལ་ཕྱི་ཡི་མཆོད་པ་དབུལ།། སྐུ་ལ་དགེས་པའི་བསྟོད་པ་དབུལ།། དེ་ནས་ནང་དུ་སྤྱན་དྲངས་ལ།། དམ་ཚིག་སེམས་དཔའི་ལྷ་ཚོགས་ལ།། ཡེ་ཤེས་སེམས་དཔའ་སོ་སོར་བསྟིམ། ། གཙོ་བོ་གཙོ་ལ་ཡུམ་ལ་དབུལ།། འཁོར་ལ་འཁོར་རྣམས་གཉིས་མེད་བསྟིམ།། དེ་ནས་ནང་གི་ལྷ་མོ་ཡྀས།། བདུད་རྩི་སྨན་གྱིས་མཆོད་པ་དང།། གཏོར་མ་རག་ཏ་ཚོགས་དང་ནི།། མར་མེ་ལ་སོགས་ལྷ་མོ་མཆོད། ། བསྟོད་ཅིང་སྐུ་ནི་གསལ་གདབ་བྱ།། དེ་ནས་བཟླས་པ་བྱ་བ་ནི།། བདག་ཉིད་གཙོ་བོའི་སྐུར་གསལ་བས།། ཐུགས་ཀ་ཉི་མའི་དཀྱིལ་འཁོར་ནས།། དབུས་ན་ཧྲི་དཀར་སྔགས་འཕྲེང་ལྡན། ། ཨོཾ་མ་ཎི་པདྨེ་ཧུཾ། དམིགས་པ་གསལ་བར་གྱུར་པ་དང།། རང་དོན་བཟླས་དང་གཞན་དོན་བཟླས།། འཕྲིན་ལས་རྣམ་བཞི་བཟླས་པ་ནི།། དེ་ལ་རང་དོན་འདས་པ་ནི།། ཐུགས་ཀའི་ཧྲི་ཡི་འོད་ཟེར་ལས། ། སྔགས་ཀྱི་འདོ་ཟེར་ཁ་དོག་ལྔ།། ཡིག་འབྲུ་ཡུམ་གྱི་ཐུགས་ཀར་འཕྲོ།། ཡུམ་ལས་སྲས་གཉིས་ཐུགས་ཀར་འཕྲོས།། སྲས་ལས་རིགས་དྲུག་ཐུགས་ཀར་འཕྲོས།། རིགས་དྲུག་ཡབ་ཡུམ་ཐུགས་ཀ་ནས། ། སྤྲུལ་སྐུ་ཐུབ་དྲུག་ཐུགས་ཀར་འཕྲོས།། ཐུབ་དྲུག་ཐུགས་ནས་འགྲོ་དྲུག་ལ།། སོ་སོར་འཕྲོས་པས་སྡུག་བསྔལ་སྦྱངས།། སླར་འདུས་ཐུབ་དྲུག་ཐུགས་ཀར་ཐིམ།། དེ་ནས་རིམ་གྱི་བདག་ལ་འདུས།། བདག་ཉིད་ལྷར་གསལ་སྒྲིབ་པ་སྦྱངས། ། ཤིན་ཏུ་སྐུ་ནི་གསལ་བར་གྱུར།། དེ་ནི་བསྙེན་པའི་རིམ་པའོ།། དེ་ནས་གཞན་དོན་བཟླས་པ་ནི། ཨོཾ་མ་ཎི་པདྨེ་ཧཱུཾ། དབང་བསྐུར་རབ་གནས་སྨན་བསྒྲུབ་དང།། ཚེ་བསྒྲུབ་ལ་སོགས་བསྒྲུབ་པ་རྣམས། ། སོ་སོའི་དམིགས་པ་གང་བྱེད་བསྒྱུར།། རང་དོན་སྒྲུབ་པར་བྱེད་པ་ནི། ཨོཾ་ཨཱའ་ཧཱུཾ་ཧྲཱིཿ་ཨོཾ་མ་ཎི་པདྨེ་ཧཱུཾ། སྔགས་ཀྱི་འོད་ཟེར་ཕྱོགས་བཅུར་འཕྲོས།། བདེ་གཤེགས་བྱང་ཆུབ་སེམས་དཔའ་དང།། ཐུགས་རྗེ་ཆེན་པོ་མཆོད་ཅིང་མཉེས།། ཚུར་འདུས་སྐུ་གསུང་ཐུགས་ཀྱི་ནི།། དངོས་གྲུབ་མ་ལུས་དབྱིག་བསྡུས་ནས།། ལྷ་ཡི་སྐུ་གསུང་ཐུགས་ལ་བསྡུ།། དེ་ནི་སྒྲུབ་པའི་རིམ་པའོ།། ལས་སྦྱོར་འཕྲིན་ལས་རྣམ་བཞི་ཡིན། ། ཞི་བའི་འོད་ཟེར་དཀར་པོ་ཡིས།། ཞི་བས་ནད་གདོན་བར་ཆད་ཞི།། རྒྱས་པ་འོད་ཟེར་སེར་པོ་ཡིས།། ཚེ་དང་བསོད་ནམས་ལོངས་སྤྱོད་རྒྱས།། དབང་གི་འོད་ཟེར་དམར་པོ་ཡིས།། ལོག་ལྟ་མི་དང་མི་མིན་སྡུད། ། དྲག་པོ་འོད་ཟེར་ནག་པོ་ཡིས།། དགྲ་བགེགས་གདུག་པ་སྒྲོལ་བར་བྱེད།། འཕྲྀན་ལས་གང་བྱེད་དམིགས་དང་སྦྱར།། ཞེས་གསུངས་སོ།། ཡེ་ཤེས་ཀྱི་དཀྱིལ་འཁོར་བསྒྲུབ་པ་བསྙེན་བསྒྲུབ་ལས་སྦྱོར་བསྟན་པའི་ལེའུ་སྟེ་ཉི་ཤུ་རྩ་བརྒྱད་པའོ། །།། དེ་ནས་ཡང་དག་བཤད་བྱ་བ།། འགྲོ་བ་འདུལ་བའི་དཀྱིལ་འཁོར་དུ།། སློབ་མ་དབང་བསྐུར་བྱེད་འདོད་ན།། དང་པོ་ལྷ་གནས་ཆོ་ག་བྱས།། བུམ་པ་ཐོད་པ་མེ་ལོང་དང། ། ཆོས་དབྱུག་ཤེལ་འཕྲེང་མེ་ལོང་དང།། སྐུ་རྟེན་གསུང་རྟེན་ཐུགས་རྟེན་དང།། ཕྱི་ནང་དབང་རྫས་རྒྱས་པར་བསག། སློབ་མ་ལྷག་པར་གནས་པར་བྱ།། སྡིག་བཤགས་སྐྱབས་འགྲོ་སེམས་བསྐྱེད་བྱ།། སོ་ཤིང་དོར་དང་ཀུ་ཤ་སྦྱིན། ། བར་ཆད་བསྲུང་ཕྱིར་བསྲུང་སྐུད་གདགས།། སྤྲོ་བ་བསྐྱེད་དང་གནང་བ་སྦྱིན།། སློབ་མས་གསོལ་བ་བཏབ་ནས་ནི།། སློབ་དཔོནལྷག་པར་གནས་ནས་ནི།། ཡེ་ཤེས་ལྷ་ལ་གསོལ་བ་གདབ། ། མཆོད་དང་བསྟོད་པ་ཚུལ་བཞིན་བྱ།། དེ་ནས་དཀྱིལ་འཁོར་བྲིས་ནས་ནི།། སློབ་མ་དཀྱིལ་འཁོར་གཞུག་པར་བྱ།། ལས་ཀྱི་སློབ་དཔོན་དབང་ཐོབ་པས།། སློབ་མ་དར་གྱིས་མིག་བཀབ་ལ།། རྡོ་རྗེས་ལག་ནས་ཁྲིད་ནས་ནི། ། ཕྱག་བཙལ་བསྐོར་བ་བྱས་ནས་ནི།། སློབ་མ་ནུབ་ནས་མེ་ཏོག་ཐོགས།། དབང་དང་བྱིན་རླབས་ཞུ་བར་བྱ།། སློབ་དཔོན་གནང་བའི་ལུང་བྱིན་ནས།། ཡེ་ཤེས་ལྷ་ལ་གསོལ་བ་གདབ།། ཅོད་པན་དོར་དང་མིག་དབྱེ་དང། ། ཡེ་ཤེས་དབབ་དང་ལྷ་ངོ་བསྟན།། དམ་ཆུ་བླུད་དང་དམ་ཚིག་དབོག། དེ་ནས་བསྒྲུབ་པའི་ལས་གཞུང་བསྲང།། བསྒྲུབ་པ་ཐོན་པའི་ཐ་མ་ལ།། སློབ་དཔོན་གསོལ་བ་བཏབ་ནས་ནི།། བུམ་པའི་དབང་དང་གསང་བའི་དབང། ། ཚིག་དབང་དང་ནི་དབང་གསུམ་བསྐུར།། ལྷ་དབང་སྔགས་དབང་ཆོས་དབང་དང།། སྐུ་གསུང་ཐུགས་ཀྱི་དབང་གསུམ་བསྐུར།། དེ་ནས་ཐུན་མོང་དབང་དྲུག་ནི།། དབུ་རྒྱན་ཅོད་པན་རྡོར་དྲིལ་དང། ། འཕྲེང་བ་ཆོས་དབྱུག་སྤྱིར་གྱི་དབང།། དེ་དག་རིམ་པར་རྫོགས་པ་ནི།། བླ་མ་དགོངས་པར་ལྡན་པ་ཡིས།། ཚིག་དང་སྔགས་དང་དོན་ལྡན་པས།། རིམ་པ་བཞིན་དུ་དབང་བསྐུར་ལ།། སློབ་མའི་ལུས་ངག་ཡིད་གསུམ་རྣམས། ། དབང་བསྐུར་ཐོབ་པས་སྨིན་པར་འགྱུར།། ཞེས་གསུངས་སོ།། དབང་བསྐུར་བསྟན་པའི་ལེའུ་སྟེ་ཉི་ཤུ་རྩ་དགུ་པའོ།།།། དེ་ནས་ཡང་དག་བཤད་བྱ་བ།། འགྲོ་བ་འདུལ་བའི་དཀྱིལ་འཁོར་དུ། ། གཏོར་མའི་བསྒྲུབ་པ་བྱ་བ་ནི།། བསྒྲུབ་གཏོར་མཆོད་གཏོར་ལས་གཏོར་གསུམ།། དང་པོ་བསྒྲུབ་པའི་གཏོར་མ་ནི།། ཕྱི་གཏོར་དང་ནི་ནང་གཏོར་གཉིས།། ཕྱི་ཡི་གཏོར་མ་སྒྲུབ་པ་ནི། ། ཟངས་ལ་སོགས་པའི་གཏོར་གཞོང་དུ།། ལྷ་བཤོས་ཁྲུ་གང་བྱས་ནས་ནི།། ཐ་མ་གཏོར་མས་ཁེངས་པར་བྱ།། དཀར་གྱི་ཐིག་བཏབ་རྒྱན་གྱི་བརྒྱན།། གཏོར་སྣོད་རིན་ཆེན་གཞལ་ཡས་ན།། གཏོར་མ་ལྷ་ཚོགས་ཕྱག་རྒྱར་གསལ། ། དངོས་གྲུབ་ཆེན་པོ་འབྱུང་བའི་ཕྱིར།། ཕུད་ལ་སོགས་པས་རྒྱུན་དུ་མཆོད།། གནས་ཀྱི་དཀྱིལ་འཁོར་སྟེང་དུ་བཞུགས།། རྟ་རུ་བཟུང་ལ་མི་བཏང་ངོ།། བཀྲ་ཤིས་བར་ཆོད་འབྱུང་མི་འགྱུར། ། ནང་གི་གཏོར་མའི་བསྒྲུབ་པ་ནི།། གཏོར་མ་ཟུར་གསུམ་ཁྲུ་གང་ལ།། དམར་ཆེན་རཀྟ་བྱུག་ནས་ནི།། ཞབས་སུ་གྲུ་གསུམ་བྲུས་ནས་ནི།། དགྲ་བགེགས་ལིང་ག་མི་རུས་གཞུག། ཐོད་པའི་ནང་དུ་གཏོར་མ་གཞུག། གཏོར་སྣོད་བན་དྷའི་གཞལ་ཡས་ཁང།། གཏོར་མ་ཁྲོ་བོ་རྟ་མགྲིན་བསྐྱེད།། ཞབས་འོག་དགྲ་བགེགས་ཟིལ་གནོན་པ།། ཚར་གཅོད་བསྒྲལ་དང་བཅིངས་པར་བསམ།། བར་གཅོད་དགྲ་བགེགས་ལྡང་མི་ནུས། ། མཆོད་གཏོར་ཇི་ལྟར་འབྱོར་པ་ལ།། གཏོར་སྣོད་རིན་ཆེན་ཁོར་ཡུག་ཏུ།། གཏོར་མ་བདུད་རྩིའི་རྒྱ་མཚོ་རུ།། འབྲུ་གསུམ་སྔགས་ཀྱིས་བྱིན་བརླབས་དབུལ།། ལྷ་མཉེས་དངོས་གྲུབ་གསོལ་བར་བསམ།། རྒྱུན་དུ་བཏང་བས་བར་ཆོད་སེལ། ། ཚོགས་སོག་དངོས་གྲུབ་ཐོབ་པར་འགྱུར།། ལས་གཏོར་འཕྲིན་ལས་རྣམ་བཞི་ནི།། ཞི་གཏོར་ཟླུམ་པོ་དཀར་པོ་ལ།། རྒྱས་གཏོར་གྲུ་བཞི་སེར་པོའོ།། དབང་གཏོར་ཟླ་གམ་དམར་པོ་ལ། ། དྲག་པོ་ཟུར་གསུམ་ནག་པོ་ཡིས།། འཕྲིན་ལས་རྣམ་བཞི་གྲུབ་པར་འགྱུར།། དབང་བསྒྲུབ་དངོས་གྲུབ་མཆོག་ཐོབ་འགྱུར།། ཞེས་གསུངས་སོ།། གཏོར་བསྒྲུབ་ཀྱི་ལེའུ་སྟེ་སུམ་ཅུ་པའོ།།།། དེ་ནས་ཡང་དག་བཤད་བྱ་བ། ། འགྲོ་བ་འདུལ་བའི་དཀྱིལ་འཁོར་དུ།། སྨན་གྱི་བསྒྲུབ་པ་བྱེད་འདོད་ན།། མཚན་ལྡན་ཐོད་པ་གླིང་ལྔ་རུ།། བདུད་རྩི་དྲི་ཆེན་བྱང་སེམས་དང།། ཤ་ཆེན་རག་ཏ་དྲི་ཆུའོ།། གླང་ཤ་རྟ་ཤ་མི་དང་གླང་ཆེན་ཁྱི་ཤ་རྣམ་པ་ལྔ། ། དྲི་ཆེན་སྐྱོབས་ལ་ཛ་ཏི་དང།། ཀ་ཀོ་ལ་དང་ཨ་འབྲས་སོགས།། བྱང་སེམས་སྐྱོབས་ལ་ག་པུར་དང།། ཅུ་གང་གི་ཧང་ལ་སོགས་པ།། མཾ་སའི་སྐྱོབས་ལ་གུར་ཀུམ་དང།། སུག་སྨེལ་ཤིང་ཚ་ལ་སོགས་པ། ། པདྨ་རཀྟའི་སྐྱོབས་ལ་ནི།། ཙན་དན་དམར་པོ་སྨུག་པོ་སོགས།། དྲི་ཆུའི་སྐྱོབས་ནི་ལི་ཤི་དང།། ཨ་རུ་ར་དང་དུ་རུ་ཀ། ལི་ག་དུར་ལ་སོགས་པ་ཡི།། ཨ་རུ་ར་ལ་གཞི་བླངས་ནས།། སྨན་སྣ་སྟོང་དང་ཤ་སྣ་སྟོང། ། མེ་ཏོག་སྣ་ཚོགས་བསོགས་ནས་ནི།། ཐོད་པ་དར་དཀར་དྲིལ་ནས་ནི།། ཐུགས་རྗེ་ཆེན་པོ་རིགས་དྲུག་དང།། ཡབ་ཡུམ་རྣམས་སུ་མངའ་གསོལ་ལ།། དཀྱིལ་འཁོར་དབུས་སུ་མངའ་གསོལ་ཏེ།། རྒྱས་གདབ་བཞུགས་སུ་གསོལ་བར་བྱ། ། དེས་ནི་ཐུགས་རྗེ་ཆེན་པོ་ཡི།། དམ་ཚིག་ཡེ་ཤེས་དཀྱིལ་འཁོར་བསྒོམ།། ཐོད་པ་བན་དྷའི་གཞལ་ཡས་ནས།། བདུད་རྩི་སྨན་གྱི་རང་བཞིན་ནི།། ཐུགས་རྗེ་ཆེན་པོ་འཁོར་བཅས་རྣམས། ། ཡབ་ཡུམ་སྦྱོར་བ་བྱས་པ་ཡི།། བྱང་ཆུབ་སེམས་ནི་བདུད་རྩིར་བསྐྱིལ།། ཡི་གེ་བཅུ་པས་བསྙེན་པ་དབུལ།། ཨོཾ་ཨཱཿ་ཧཱུཾ་ཧྲཱིཿ་ཨོཾ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུཾ་ཧྲཱི་ཐ། ཞེས་བཟླས་པ་ཡིས། ཐོད་པ་ཉི་ཟླ་ཁ་སྦྱར་ནས། ། སྨན་སྣ་སྟོང་དང་རྩ་བརྒྱད་རྣམས།། ཐུགས་རྗེ་ཆེན་པོ་འཁོར་བཅས་ཀྱི།། ཡབ་ཡུམ་སྦྱོར་བའི་བྱང་ཆུབ་སེམས།། སྨན་ལ་བབས་པས་བདུད་རྩིར་བསྒོམ།། དེ་ལ་དྲི་དང་དུ་བ་འོང།། ཞག་གསུམ་བསྒྲུབ་པ་བྱས་ནས་ནི། ། དེ་ནས་བཏགས་ལ་ཕྱི་མ་བྱ།། དར་དམར་ཕུར་མར་དྲིལ་ནས་ནི།། ཐོད་པའི་ནང་དུ་སྩལ་ནས་ནི།། རུས་སྦལ་ཐོད་པ་ཁ་བཅད་ལ།། དཀྱིལ་འཁོར་དབུས་སུ་བཞུགས་ནས་ནི།། འོག་ཏུ་རླུང་གི་དཀྱིལ་འཁོར་ལ། ། རཾ་ལས་མེ་ཐབ་ཟུར་གསུམ་པ།། ཐོད་པ་གསུམ་གྱི་སྒྱེད་ཁ་ལ།། བན་དྷ་འབར་བའི་གཞལ་ཡས་ཁང།། ནང་ན་བདུད་རྩི་གནས་པ་ལ།། རླུང་གིས་མེ་སྦར་ཐོད་པ་དྲོས།། དམ་ཚིག་བདུད་རྩིར་ཁོལ་བར་བསམ། ། ཐོད་པའི་སྟེང་ན་ཐུགས་རྗེ་ཆེན་པོ་ཡི།། ལྷ་ཚོགས་ཡབ་ཡུམ་སྦྱོར་བ་བྱས།། ཡེ་ཤེས་བདུད་རྩི་བབས་པར་བསྒོམས།། དམ་ཚིག་ཡེ་ཤེས་བདུད་རྩི་འདྲེས།། གཉིས་སུ་མེད་པའི་བདུད་རྩི་ཡིས།། ཐོད་པ་རྒྱ་ཆེན་ཁེངས་པར་གྱུར། ། ཨོཾ་ཨཱ་ཧཱུཾ་ཧྲི། སརྦ་པཉྩ་ཨ་མྲྀ་ཏ་ར་ས་ཡ་ན་སྟ་ན་གུ་ཡ་སིདྡྷི་ཧཱུཾ་ཧྲིཿཐ། ཞེས་བཟླས་པ་བྱའོ།། བདུད་རྩི་བསྲུངབའི་སྲུང་མ་ནི།། རྟ་མགྲིན་ཞལ་གསུམ་ཕྱག་བཞི་པ།། ཞབས་བཞི་བདུད་རྩིའི་ནང་ན་བཞུགས། ། མི་འཕམ་ཁྲོ་གཉེར་རལ་གཅིག་མ།། རོ་ལོངས་ཡུམ་བཞིའི་ལྷུམས་སུ་ནི།། ཞབས་བཞི་སྦྱོར་བ་བྱེད་པ་ལ།། ཕྱག་བཞི་ཡུམ་བཞིའི་མགུལ་ནས་འཁྱུད།། བདུད་རྩི་བསྲུང་ཞིང་བདུད་རྩི་འབེབས། ། ཨོཾ་ཨཱཿ་ཧཱུཾ་ཧྲི་ཧ་ཡ་གྲི་བ་ཧུ་ལུ་ཧུ་ལུ་སརྦ་པཉྩ་མྲྀ་ཏ་ཧུཾ་ཧྲཱི་ཐཱ། ཞེས་བཟླས་བདུད་རྩི་བསྲུང།། དྲི་དང་འོད་དང་དུ་བ་དང།། མང་དུ་འཕེལ་ན་གྲུབ་པ་ཡིན།། བདུད་རྩིའི་ཕོ་བྲང་དབང་བསྐུར་ལ།། དངོས་གྲུབ་བླང་ཞིང་ལྷ་ལ་མཆོད། ། དེ་ལྟར་བསྒྲུབས་པའི་བདུད་རྩི་དེས།། འཆི་བ་སློང་ལ་ན་བ་གསོ།། རྣམ་རྟོག་བདུད་ལ་ཡེ་ཤེས་རྩི།། བདུད་རྩིའི་ཞེས་ནི་དེ་ལ་བྱ།། བདུད་རྩི་བསྒྲུབ་པའི་ལེའུ་སྟེ་སུམ་ཅུ་སོ་གཅིག་པའོ། །།། དེ་ནས་ཡང་དག་བཤད་བྱ་བ།། འགྲོ་བ་འདུལ་བའི་དཀྱིལ་འཁོར་དུ།། ཚེ་ཡི་བསྒྲུབ་པ་བྱ་བ་ནི།། སྣོད་ནི་ཚེ་བུམ་མཚན་ལྡན་དུ།། འབྲུ་བཅུད་རོ་ལྡན་མ་ཉམས་བླུག། མར་དང་མངར་སྨན་བསྲེས་པ་ཡི། ། ཚེ་ཡི་འབྲང་རྒྱས་བཅས་ནས་ནི།། རིལ་བུ་མཆེད་ཀྱི་གྲངས་དང་སྦྱར།། སྨན་དང་བདུད་རྩི་ཚེ་ཆང་བླུག། ཚེ་ཡི་འབྲང་རྒྱས་ཁ་བཅད་ལ།། ཚེ་བུམ་དཀྱིལ་འཁོར་དབུས་སུ་བཞག། བར་ཆོད་བགེགས་བསྐྲད་གུ་གུལ་བདུགས། ། ཐུགས་རྗེ་ཆེན་པའི་དམ་ཚིག་དལ།། ཡེ་ཤེས་དཀྱིལ་འཁོར་རྫོགས་པར་བསྒོམ།། ཚེ་བུམ་གཞལ་ཡས་ཁང་དུ་བསམ།། བཅོམ་ལྡན་མགོན་པོ་ཚེ་དཔག་མེད།། སྐུ་མདོག་པདྨ་ར་ག་འདྲ། ། ཞལ་གཅིག་པ་ལ་ཕྱག་གཉིས་པ།། ཡུམ་ཡང་མཱ་མ་ཀི་ལ་འཁྱུད།། རིགས་བཞི་ཡབ་ཡུམ་འཁོར་གྱིས་བསྐོར།། ལྷ་ཚོགས་འཁོར་དང་བཅས་པ་ཡང།། གཡས་པ་རིགས་ཀྱི་ཕྱག་ཚན་ལ།། གཡོན་པ་ཚེ་ཡི་བུམ་པ་འཛིན། ། བཀྲ་ཤིས་ལྷ་མོ་བརྒྱད་ཀྱི་བསྐོར།། དེ་ལྟར་ཚེ་བུམ་གཞལ་ཡས་ན།། ལྷ་ཚོགས་གསལ་བར་བསྒོམ་ནས་ནི།། ཚེ་བུམ་མགུལ་ནས་བཟུང་ཐག་གདགས།། བདག་ཉིད་དཀྱིལ་འཁོར་གསལ་བསྒཽམ་ལ།། ཨོཾ་ཨཱཿཧཱུཾ་ཧྲཱིཿ་ཨོཾ་མ་ཎི་པདྨེ་ཧཱུཾ། ཡི་གེ་བཅུ་པའི་བསྙེན་པ་བྱ།། དེ་ནས་ཚེ་ཡི་བསྒྲུབ་པ་ནི།། ཨོཾ་ཨཱ་ཧཱུཾ་ཏྲཾ་ཧྲཱི་ཧ། བྲུཾ་བཛྲ་ཨཱ་ཡུ་ཤེ་ཨ་སདྡྷཱྀ་སིདྡྷི་ཧཱུཾ།། ཞེས་པའི་འཕྲོ་འདུ་ཡིས།། བདག་ཉིད་ཐུགས་རྗེ་ཆེན་པོ་ཡི།། ཐུགས་ཀའི་ཧྲི་ལས་འཽད་འཕྲོས་པས། ། བུམ་པའི་ནང་གི་ལྷ་ལ་ཐིམ།། ལྷ་རྣམས་ཐུགས་བསྐུལ་འོད་ཟེར་གྱིས།། སྟོང་གསུམ་ཚེ་ཡི་བཅུད་བསྡུས་ནས།། ཚེའི་བུམ་ལྷ་རྣམས་ཐུགས་ཀར་འདུས།། ལྷ་ཡི་ཐུགས་ནས་ཚེ་ཡི་བཅུད། ། བདག་དང་སྒྲུབ་བྱེད་སྙིང་ཀར་ཐིམ།། འཆི་མེད་ཚེ་དང་ལྡན་པར་བསྒོམ།། རྒྱས་གདབ་ཚེ་ཡི་སྲུངས་མ་རུང།། སྙིང་གི་སྒོ་སྲུངས་རྟ་མགྲིན་བསྒོམ།། ཚེ་ཆང་ཁོལ་དང་དྲོད་རྙེད་ནས།། དངོས་གྲུབ་བླངས་ཏེ་རོལ་པར་བྱ། ། ཚེ་ཡི་སིདྡྷི་ཐོབ་པར་འགྱུར།། ཞེས་གསུངས་སོ།། འཆི་མེད་ཚེ་བསྒྲུབ་ཀྱི་ལེའུ་སྟེ་སུམ་ཅུ་སོ་གཉིས་པའོ།།།། དེ་ནས་ཡང་དག་བཤད་བྱ་བ།། འགྲོ་བ་འདུལ་བའི་དཀྱིལ་འཁོར་དུ།། དངོས་གྲུབ་བསྒྲུབ་པ་བྱ་བ་ནི། ། འགྲོ་བ་འདུལ་བའི་དཀྱིལ་འཁོར་དུ།། དངོས་གྲུབ་བསྙེན་པ་བྱེད་འདོད་ན།། གཏོར་མ་རཀྟ་བདུད་རྩི་དང།། མཆོད་རྫས་རྣམས་ཀྱང་རྒྱ་ཆེར་བཤམ།། ཕྱི་ཡི་མཆོད་པ་རྒྱ་ཆེར་བཤམ།། ཚོགས་དང་ཞལ་ཟས་སྣ་ཚོགས་ལ། ། འབྱོར་ཚོགས་རྒྱས་པར་བཤམས་ནས་ནི།། དུས་བཞིར་མཆོད་ཅིང་བསྒྲུབ་པ་བྱ།། དེ་ནས་མཚམས་གཅོད་སྔོན་འགྲོ་བྱ།། དམ་ཚིག་དཀྱིལ་འཁོར་བསྐྱེད་པར་བྱ།། ཡེ་ཤེས་དཀྱིལ་འཁོར་སྤྱན་དྲངས་ལ། ། བཞུགས་གསོལ་ཕྱག་བཙལ་མཆོད་པ་དང།། གཉིས་སུ་མེད་པར་བསྟིམ་པ་དང།། བསྟོད་ཅིང་གསོལ་བ་གདབ་པ་དང། ཁྱད་པར་ཚོགས་མཆོད་རྒྱ་ཆེན་བྱ།། བདུད་རྩི་སྨན་གྱི་མཆོད་པ་བྱ། ། དངོས་གྲུབ་བླང་ཞིང་ལྕེ་ལ་བཞག། གཏོར་མ་རཀྟ་ཚོགས་ཀྱིས་བསྐང།། མར་མེ་ཚེ་ལ་སོགས་པས་བསྐང།། ལྷ་ལ་བསྟོད་པ་བྱས་ནས་ནི།། དབང་དང་དངོས་གྲུབ་བླང་བ་དང།། དུས་བཞིར་མཆོད་ཅིང་འཛབ་བཟླས་བྱ། ། ཨོཾ་ཨཱཿཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཞེས་པ་འཛབ་ཏུ་བཟླས་པ་ཡིས།། ཐུགས་རྗེ་ཆེན་པོའི་ཐུགས་ཀ་ནས།། སྔགས་ཀྱི་འོད་ཟེར་འཕྲཽས་པ་ཡིས།། འཁོར་གྱི་ལྷ་རྣམས་ཐུགས་ཀར་ཕོག། འཁོར་གྱི་ཐུགས་ནས་ཕྱིར་འཕྲོས་པས། ། ཕྱོགས་བཅུའི་བདེ་བར་གཤེགས་པ་ལ།། སྐུ་གསུང་ཐུགས་ཀྱི་མཆོད་པ་ཕུལ། ཁམས་གསུམ་སེམས་ཅན་སྒྲིབ་པ་སྦྱངས།། ཐུགས་རྗེ་ཆེན་པོའི་སྐུ་རུ་གྱུར།། ཚུར་འདུས་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་བསྡུས། ། དུས་བཞིར་མཆོད་ཅིང་འཛབ་ཏུ་བཟླས།། དུས་དང་གྲངས་དང་མཚན་མ་བྱ།། བསྒྲུབ་པ་གྲུབ་པའི་རྟགས་བྱུང་ནས།། ཐ་མའི་ནུབ་མོ་དངོས་གྲུབ་བླང།། དངོས་གྲུབ་རྫས་ཀྱི་རྣམ་པ་ནི། ། ཟླ་རྒྱས་ཟླ་ཕྲོམ་ཛ་གད་དང།། ཚེ་དང་ཨམ་རིལ་གལ་ཕྱི་དང།། མཾ་ས་འགེ་འུ་སྐྱུ་རུམ་དང།། བྲན་ཕོ་བྲན་མོ་ཀུན་ཏུ་རྒྱུག། དངོས་གྲུབ་རྫས་དང་འབྱོར་ཚོགས་བཤམས།། ལྷ་ལ་བསྐུལ་ཞིང་དངོས་གྲུབ་བླང། ། ཡི་གེ་བཅུ་པའི་བསྙེན་སྔགས་ལ།། ཀཱ་ཡ་བཱ་ཀ་ཙིཏྟ་སརྦ་སིདྡྷི་སིདྡྷི་ཧཱུཾ།། ཞེས་པ་བཟླས། སྟེང་འོག་བར་གསུམ་ལྷ་ཀླུ་མིའི།། བདུད་རྩི་ཟས་དང་རྩི་མཆོག་དང།། སྔགས་དང་ཏིང་ངེ་འཛིན་གྱི་བླང།། དངོས་གྲུབ་རྫས་ཀྱི་དབང་བསྐུར་ལ། ། ཕུད་ཀྱི་དཀྱིལ་འཁོར་ལྷ་ཚོགས་མཆོད།། རྡོ་རྗེ་སློབ་དཔོན་མཆེད་ལྕམ་རོལ།། བཀྲ་ཤིས་བརྗོད་ཅིང་གླུ་བྲོ་བྱ།། སློབ་དཔོན་ཡོན་དབུལ་མཉཻས་བྱས་ནས།། གཏོར་མ་གཏང་ལ་གཏོར་གཞོང་གནོན། ། ཡེ་ཤེས་སེམས་དཔའ་གཤེགས་སུ་གསོལ།། དམ་ཚིག་སེམས་དཔའ་རིམ་པར་བསྡུ།། གཟུགས་བརྙན་དཀྱིལ་འཁོར་ས་ཚོན་བསྡུ།། ཆུ་བོའི་གཞུང་ལ་བསྐྱལ་བར་བྱ།། དེ་ནས་སྤྱོད་ལམ་ཅི་བདེར་བྱ། ། ཐུགས་རྗེ་ཆེན་པོའི་སིདྡྷི་ཐིབ།། ཅེས་གསུངས་སོ།། ཐུགས་རྗེ་ཆེན་པོའི་དཀྱིལ་འཁོར་དུ་དངོས་གྲུབ་བསྒྲུབ་པའི་ལེའུ་སྟེ་སུམ་ཅུ་སོ་གསུམ་པའོ།།།། ཐུགས་རྗེ་ཆེན་པོ་གསང་སྔགས་ཀྱི་བསྒྲུབ་པའི་སྐབས་ཏེ་གཉིས་པའོ། །།། དེ་ནས་སངས་རྒྱས་སྣང་བ་མཐའ་ཡས་ལ།། འཇིག་རྟེན་དབང་ཕྱུག་ཡང་ཞུས་པ།། ཨེ་མ་རྫཽགས་པའི་སངས་རྒྱས་སྐུ།། ཐམས་ཅད་མཁྱེན་པའི་སྟོན་པ་ལགས།། ཐུགས་རྗེ་ཆེན་པོའི་དཀྱིལ་འཁོར་དུ། ། འཕྲིན་ལས་ལས་ཚོགས་ཇི་ལྟར་བསྒྲུབ།། རྫཽགས་སངས་རྒྱས་ཀྱི་བཀའ་སྩོལ་ཅིག། དེ་སྐད་གསོལ་བ་གསན་ནས་ཀྱང།། རྫཽགས་སངས་རྒྱས་ཀྱི་བཀའ་སྩལ་པ།། ཉོན་ཅིག་འདུས་པའི་འཁོར་ཚོགས་རྣམས། ། དེ་ལ་ཞི་བའི་ལས་བསྒྲུབ་ན།། ཡིད་འོང་བཀྲ་ཤིས་དབེན་གནས་སུ།། གཙང་ཞིང་དཀར་བའི་ས་བླངས་ལ།། མཎྜལ་ཟླུམ་པོ་བྱས་ནས་ནི།། དྲི་ཞིམ་སྨན་གྱི་དྲི་ཡི་བྱུག། མེ་ཏོག་དཀར་པོ་བཀྲམ་ནས་ནི། ཁྲུས་བྱས་དཀར་གསུམ་ཟས་ལ་རྟེན།། གཏོར་མ་དཀར་པོ་བཤམས་ནས་ནི།། བུམ་པ་དཀར་པོ་ཆུ་ཡིས་དགང།། ཙན་དན་དཀར་དང་དམར་གྱིས་བརྒྱན།། རས་དཀར་གཙང་མས་མགུལ་ཆིངས་བྱ། ། གཟུངས་ཐག་དཀར་པོ་བཏགས་ནས་ནི།། མཎྜལ་དབུས་སུ་བཞག་ནས་ནི།། བདག་ཉིད་ཐུགས་རྗེ་ཆེན་པོར་བསྒཽམ།། གཟུངས་ཐག་དཀར་པོ་བཟུང་ནས་ནི།། བུམ་པ་ལྷ་ཡི་གཞལ་ཡས་ཁང།། ཧྲཱི་ལས་བྱུང་བའི་སྤྱན་རས་གཟིགས། ། ཞལ་གཅིག་ཕྱག་གཉིས་སྐུ་མདོག་དཀར།། རྒྱན་རྣམས་རྫོགས་པ་པདྨ་བསྣམས།། ཟླ་བའི་གདན་ལ་ལེགས་པར་བཞུགས།། ཧྲི་ཡི་འཕྲོ་འདུའི་སྦྱོར་བ་ནི།། ཨོཾ་མ་ཎི་པདྨེ་ཧཱུཾ། པ་སྨི་པ་ན་ཤན་ཏིཾ་ཀུ་རུ་སྭཱ་ཧཱ། ཞེས་པའི་གསང་སྔགས་གྲུབ་པ་དང།། བུམ་པ་ཆུ་ཡིས་བཀྲུས་ནས་ནི།། ལས་དང་སྒྲིབ་པ་ཡོངས་དག་ནས།། འཇིགས་པ་ཀུན་ལས་རབ་གྲོལ་ཏེ།། རྒྱལ་པོས་འཇིགས་དང་དམག་གིས་འཇིགས། ། ཆོམ་རྐུན་འཇིགས་དང་གཅན་གཟན་འཇིགས།། ལྕེ་འབབ་མེ་ཡིས་འཇིགས་པ་དང།། སྦྲུལ་གདུག་ཆུ་ཡིས་འཇིགས་པ་དང།། འཇིགས་པ་བརྒྱད་ལས་ཐར་བར་འགྱུར།། ཞི་བའི་སྦྱིན་སྲེག་བྱེད་འདོད་ན། ། ཙན་དན་དཀར་པོའི་ཤིང་ལ་ནི།། བཀྲ་ཤིས་གནས་ནས་མེ་བླངས་སྦར།། དུར་བའི་རྩ་དང་འབྲས་ཀྱི་འདབ།། ཏིལ་དང་ཡུངས་ཀར་པུ་རྩེ་ལ།། གོང་གི་སྔགས་བཟླས་མེ་ལ་བསྲེག། མྱུར་དུ་ཞི་བའི་ལས་འགྲུབ་འགྱུར། ། ཞེས་གསུངས་སོ།། ཞི་བའི་ལས་ཚོགས་ཀྱི་ལེའུ་སྟེ་སུམ་ཅུ་སོ་བཞི་པའོ།།།། དེ་ནས་ཡང་དག་བཤད་བྱ་བ།། རྒྱས་པའི་ལས་ནི་བསྒྲུབ་འདོད་ན།། ནགས་ཚལ་འཐུག་པོ་མེ་ཏོག་ཅན།། ཉམས་དགའ་ས་གཞི་སེར་པོ་རུ། ། གཙང་བ་ས་སེར་ལེགས་བླངས་ལ།། ཙན་དན་སེར་པོའི་དྲི་ཆུས་བྱུག། འབྲས་བུ་བཅས་པའི་མེ་ཏོག་ནི།། སེར་པོའི་ཚོམ་བུ་བཀྲམ་ནས་ནི།། རིན་ཆེན་སྣ་ལྔ་འབྲུ་སྣར་བཅས།། རིན་ཆེན་བུམ་པར་བླུག་པར་བྱ། ། མཎྜལ་དབུས་སུ་ལེགས་བཞག་ལ།། གཟུངས་ཐག་སེར་པོ་གདགས་པར་བྱ།། བདག་ཉིད་རྒྱན་བཏགས་གོས་སེར་གོན།། ཐུགས་རྗེ་ཆེན་པོའི་སྐུར་བསྒོམ་ལ།། གཟུངས་ཐག་སེར་པོ་གཟུང་ནས་ནི། ། བུམ་པ་ལྷ་ཡི་གཞལ་ཡས་ཁང།། ཧྲི་ལས་བྱུང་བའི་སྤྱན་རས་གཟིགས།། ཞལ་གཅིག་ཕྱག་གཉིས་སྐུ་མདོག་སེར།། རྒྱན་རྣམས་རྫོགས་པ་བུམ་པ་བསྣམས།། ཉི་མའི་གདན་ལ་བཞུགས་པར་བསམ།། ཧྲི་ཡི་འཕྲོ་འདུ་སྦྱོར་བ་ཡིས། ། ཨོཾ་མ་ཎི་པདྨེ་ཧཱུཾ། རཏྣ་གུ་ན་པུཤྟིཾ་ཀུ་རུ་སྭཱ་ཧཱ།། ཞེས་པའི་གསང་སྔགས་གྲུབ་བ་དང།། བང་མཛོད་ལ་སོགས་ཁྱིམ་རྣམས་ནི།། འབྲུ་དང་རིན་ཆེན་ནོར་གྱི་དབྱིག། མི་མཛད་མྱུར་དུ་ཁེངས་པར་འགྱུར། ། ཚེ་དང་དཔལ་དང་དབང་ཐང་ཡང།། འབྱོར་པ་ཆེན་པོ་ཐོབ་པར་འགྱུར།། རྒྱས་པའི་སྦྱིན་སྲེག་བྱེད་འདོད་ན།། ཙན་དན་ཤིང་ལ་གྲུ་བཞིར་རྩིག་གཏོར་མ་སེར་པོ་བཤམ་ནས་ནི།། ཀུ་ཤ་སྟར་བུ་ཤུག་འབྲུམ་དང། ། སེར་ཆེན་མེ་ཏོག་སེར་པོ་ལ།། སྔགས་བཟླས་ཙན་དན་མེ་ལ་བསྲཻག། ཕྱུག་པོའི་ཁྱིམ་ནས་མེ་བླངས་སར།། རྒྱས་པའི་ལས་རྣམས་དམྱུར་དུ་འགྲུབ།། ཅེས་གསུངས་སོ།། རྒྱས་པའི་ལས་ཚོགས་ཀྱི་ལེའུ་སྟེ་སུམ་ཅུ་སོ་ལྔ་པའོ། །།། དེ་ནས་ཡང་དག་བཤད་བྱ་བ།། དབང་གི་ལས་ནི་གྲུབ་འདོད་ན། སྡུད་པར་བྱེད་པ་ཆུ་ཀླུང་འགྲམ། ཁ་དོག་དམར་པོ་ཟླ་གམ་དབྱིབས།། དེ་ལྟ་བུ་ཡི་གནས་སུ་ནི།། ས་དམར་གཙང་ཞིང་ལེགས་པ་ལ། ། མེ་ཏོག་དམར་པོ་བུ་རམ་དང།། སྦྲང་རྩི་ཀ་རའི་རི་ལུ་བྱ།། བསེ་ཁབ་དམར་པོའི་ནང་དུ་གཞུག། གང་ལ་དམིགས་པའི་གཟུགས་བཅུག་ལ།། མེ་ཏོག་དམར་པོ་བཏབ་ནས་ནི། ། མཎྜལ་དབུས་སུ་བཞག་པར་བྱ།། གཟུངས་ཐག་དམར་པོ་བཏག་ནས་ནི།། བདག་ཉིད་ཐུགས་རྗེ་ཆེན་པོར་བསྒོམས།། ཧྲི་ལས་བྱུང་བའི་ལྷ་མོ་ནི།། ལྕགས་ཀྱུ་ཐོགས་པ་བསམ་ནས་ནི།། གང་ལ་དམིགས་པའི་སྙིང་ནས་ནི། ། ལྕགས་ཀྱུ་དྲངས་ནས་བཀུག་པར་བསམ།། ཨོཾ་མ་ཎི་པདྨེ་ཧུཾ།། ཆེ་གེ་མོ་པས་ཤང་མི་ཀུ་རུ་སྭཱ་ཧཱ། ཞེས་བཟླས།། ལྷ་དང་མི་ཡི་བུ་མོ་ཁུགས།། རྒྱལ་པོ་ལ་སོགས་དབང་ཆེན་དང།། ལོག་ལྟ་དགྲ་འདྲེ་ལ་སོགས་པ། ། གང་དམིག་གཟུགས་ནི་ཁྲག་གིས་བྲིས།། བསེ་ཁབ་ཟང་ཁབ་ཁ་སྦྱར་གཞུག། ཡེ་གེ་དྲུག་པའི་ཤམ་བུ་རུ།། ཆེ་གེ་མོ་བྷསྨི་པ་ཤང་ཀུ་རུ་སྭཱ་ཧ། ཞེས་བཟླས། གང་ལ་བྱ་བ་དབང་དུ་འགྱུར།། རྒྱལ་པོ་རྗེ་དཔོན་སློབ་དཔོན་དང། ། མ་མ་ལྟ་བུར་མོས་པར་འགྱུར།། དབང་གི་སྦྱྀན་སྲེག་བྱེད་འདོད་ན།། མཛོ་མོའི་ཤིང་ལ་སོགས་པ་ལ།། དབྱིབས་ནི་ཟླ་གམ་བརྩིགས་ནས་ནི།། གཏོར་མ་དམར་པོ་བཤམས་ནས་ནི། ཁྲེ་དང་ཇུ་ཙེ་སྲན་མ་ལ། ། སྔག་བཟླས་པདྨའི་མེ་འབར་བསྲེག། ནུས་པ་མཆོག་ཏུ་ཡོངས་འགྱུར་ཏེ།། གང་ལ་བྱ་བ་ལོག་ལྟ་རྣམས།། ཐམས་ཅད་བདག་གི་དབང་དུ་འགྱུར།། ཞེས་གསུངས་སོ།། དབང་གི་ལས་ཚོགས་ཀྱི་ལེའུ་ཏེ་སུམ་ཅུ་སོ་དྲུག་པའོ། །།། དེ་ནས་ཡང་དག་བཤད་བྱ་བ།། མངོན་སྤྱོ་དྲག་པོའི་ལས་བྱེད་ན།། དུར་ཁྲོད་ཤིང་གཅིག་འདྲེ་གནས་སུ།། དུར་ཁྲོད་ས་ལ་མཎྜལ་བྱ།། དུག་དང་ཁྲག་གི་ནག་པོར་བྱུག། མེ་ཏོག་སྔོན་པོ་བཀྲམ་ནས་ནི། ། བྱང་གི་ཕྱོགས་སུ་ཁ་བལྟས་ཏེ།། ལྕགས་སམ་ཁམ་ནག་ཟུར་གསུམ་དུ།། གང་ལ་བྱ་བའི་མིང་རུས་གཞུག་ཁ་སྦྱར་སྟཻང་དུ་བུག་པ་བཏོད།། ཡུང་དཀར་ཡུངས་ནག་ལྕགས་ཕྱེ་ལ།། བསྔགས་ལ་ཐུན་དུ་བྲབ་བར་བྱ། ། བདག་ཉིད་ཐུགས་རྗེ་ཆེན་པོར་བསྒོམ། ཁྲོ་བོ་ནག་པོ་མཚོན་གང་ཐོགས།། གང་ལ་བྱ་བ་གསོད་དང་འཆིང།། གང་དམིགས་ལས་རྣམས་བྱེད་པར་འགྱུར།། ཨོཾ་མ་ཎི་པདྨ་ཧཱུཾ། ཆེ་གེ་མོ་ཨ་མུ་ཀ་མཱ་ར་ཡ་ཕཊ། དགྲ་བགེགས་གང་དམིགས་ཚར་གཅོད་འགྱུར།། དྲག་པོའི་སྦྱིན་སྲེག་བྱེད་འདོད་ན།། དུག་ཤིང་ཚེར་མ་ཅན་གྱི་ཤིང།། དབྱིབས་ནི་ཟུར་གསུམ་དག་ཏུ་བརྩིག། མེ་ནི་ཡུག་སའི་ཁྱིམ་ནས་བླངས།། གཏོར་མ་ནག་པོ་བཤམས་ནས་ནི། ། བྲ་བོ་སྲན་མ་ཏིལ་ནག་ལ།། སྔགས་བཏབ་བསྲེགས་ན་མྱུར་དུ་འགྲུབ།། དགྲ་བགེགས་གདུག་པ་ཚར་གཅོད་འགྱུར།། ཞེས་གསུངས་སོ།། མངོན་སྤྱོད་ཀྱི་ལས་ཚོགས་ཀྱི་ལེའུ་སྟེ་སུམ་ཅུ་སོ་བདུན་པའོ། །།། དེ་ནས་ཡང་དག་བཤད་བྱ་བ།། ལས་བཞི་རྫོགས་པའི་འཁོར་ལོ་ནི།། གྲོ་གར་རས་སམ་ཤིང་ཤུན་ལ།། འཁོར་ལོ་རྩིབས་དྲུག་ཡི་གེ་དྲུག། དབུས་སུ་ཧྲི་ཡིས་མཚོན་པ་བྲི།། རྩིབས་མཆན་ཤཱན་ཏིང་ཀུ་རུ་སྭཱ་ཧ། ར་དཀར་འོ་མ་དུང་གིས་བཀྲུ།། དངུལ་ལམ་དཀར་པོའི་ག་བུར་གཞུག། སྔགས་བཟླས་མཆོད་ན་ཞི་བ་འགྲུབ།། ཡུང་བའི་ཆུ་ཡིས་ཁོར་ལོ་བྲི།། པུནྚིཾ་ཀུ་རུ་སྭཱ་ཧཱ།། རྩིབས་ཀྱི་མཚམས་སུ་བྲི་བར་བྱ། ། གསེར་རམ་ར་གན་ག་འུར་གཞུག། སྔགས་བཟླས་མཆོད་ན་རྒྱས་པ་གྲུབ།། མཚལ་དང་པདྨའི་ཁྲག་གིས་བྲི།། པ་སྨི་ཀུ་རུ་སྭཱ་ཧཱ། རྩིབས་མཆན་ལ་ནི་བྲི་བར་བྱ།། ཟངས་ཀྱི་གབ་རྩེར་གཞུག་པར་བྱ། ། སྔགས་བཟླས་ཚེ་ན་དབང་དུ་འགྱུར།། ནིམ་པའི་ཆུ་དང་སྣག་ཚས་བྲིས།། མཱ་ར་ཡ་རྦད་རྩིབས་མཆན་ལ་ནི་བྲི་བར་བྱ།། ལྕགས་ཀྱི་གབ་རྩེར་གཞུག་པར་བྱ།། དྲག་པོའི་ཐུན་དུ་བྲབས་པས་ནི།། གང་ལ་བྱ་བ་འཆི་བར་འགྱུར། ། ཤོག་བུ་དག་ལ་སྣང་ཚས་བྲིས། ཡང་ན་མཚལ་ལམ་གུར་ཀུམ་བྲི། གསེར་དང་དངུལ་གྱིས་བྲིས་ན་རབ།། པདྨ་འདབ་མ་དྲུག་པ་ལ།། དབུས་སུ་ཧྲི་བྲི་པདྨ་ལ།། ཨོཾ་མ་ཎི་པདྨེ་ཧཱུཾ་ཞེས་པ་བྲི། མུ་ཁྱུད་རྟེན་འབྲེལ་སྔགས་ཀྱི་བསྐོར། ལ་ཆའི་རི་ལུར་དྲིལ་ནས་ནི།། ཚོན་གྱི་པདྨ་རིན་ཆེན་བརྒྱན། མགུལ་ལམ་དཔུང་པ་གཡས་གཡོན་བཅང།། བསྲུང་བའི་མཆོག་ཏུ་འགྱུར་བ་དང།། ལུས་ལ་བཅངས་པས་བྱང་ཆུབ་ཐོབ།། ཨོཾ་མ་ཎི་པདྨ་ཧཱུཾ། གཞན་ཡང་འཇིགས་པ་བརྒྱད་བསྲུང་བ།། རྒྱལ་པོས་འཇིགས་པ་བསྲུང་བ་ལ།། རྒྱལ་པོའི་ལྟོ་བར་འཁོར་ལོ་བྲི། ཡི་གེ་དྲུག་པའི་ཤམ་བུ་རུ།། རཱ་ག་སྟཾ་བྷ་ཡ་ཧཱུཾ་ཧཱུཾ།། ཚོན་སྣ་ལྔ་ཡི་སྐུད་པས་བཅིང། ། བཅིངས་ནས་ཆུ་བོའི་གཞུང་ལ་བསྐུར།། རྒྱལ་པོའི་ཆད་པ་དག་ལས་ཐར།། ཆོམ་རྐུན་དགྲ་ཡིས་འཇིགས་པ་ལ། མི་བཟུགས་ནང་དུ་འཁོར་ལོ་བྲི། ཡི་གེ་དྲུག་པའི་ཤམ་བུ་རུ།། དགྲ་དང་གནོད་པ་ཐམས་ཅད་ཁ་ཏིང་སྟམ་པ་ཡ་ཧཱུཾ་ཧཱུཾ། ཞེས་པ་བཟླས་ལ་རྒྱ་གྲམ་ལམ་དུ་མནན།། དགྲ་དང་རྐུན་མོ་འཆིང་བར་འགྱུར།། གཅན་གཟན་འཇིགས་པ་བསྲུང་བ་ལ།། ལྕེ་སྤྱང་སྟག་སོགས་ཁ་འཐམས་པའི།། ལྟེ་བར་འཁོར་ལོ་བྲིས་ནས་ནི། གཙོ་བོ་ཆེ་དང་དྲིལ་ནས་ནི།། ལུས་ལ་བཏགས་སམ་སྒཽ་ལ་བཏག། ཡི་གེ་དྲུག་པའི་ཤམ་བུ་རུ།། རི་ཏིཾ་པྲི་ཏི་ཀ་གོ་ལ་སྟམ་པ་ཡ་ཧཱུཾ་ཧཱུཾ། གཅན་གཟན་འཇིགས་པ་འཆིང་བར་འགྱུར།། དུག་སྦྲུལ་འཇིགས་པ་བསྲུང་བ་ནི། ། སྦྲུལ་གྱི་ལྟོ་བར་འཁོར་ལོ་བྲི། གླ་རྩི་ཤིང་ཀུན་ལུས་བྱུགས་ལ།། འཁོར་ལོ་ལུས་ལ་བཅངས་ནས་ནི།། ཧ་ལ་ཧ་ལ་བི་ཤ་བི་ཤ་སྟཾ་ཧཱུཾ་ཧཱུཾ། སྦྲུལ་དང་ཀླུ་གདུག་འཆིང་བར་འགྱུར།། ལྕེ་འབབ་ཐོག་གིས་འཇིགས་པ་ལ། ། ཐོག་རུས་མེ་རིའི་ནང་དུ་ནི།། འཁོར་ལོ་བྲིས་ལ་ཐོག་རུས་དང།། རིན་ཆེན་སྣ་ལྔ་སྤྱི་བོར་བཅིང།། བཛྲ་ཛྭ་ལ་ཛྭ་ལ་སྟཾ་པ་ཡ་ཧཱུཾ་ཧཱུཾ། ཡི་གེ་དྲུག་དང་སྤཻལ་ལ་བཟླས།། ལྕེ་འབབ་ཐོག་གིས་འཇིགས་མི་འགྱུར། ། མེ་ཡི་འཇིག་པ་བསྲུང་བ་ལ།། མེ་རིའི་ནང་དུ་འཁོར་ལོ་བྲི།། འབྲུག་རུས་ཆུ་ཤེལ་ལུས་ལ་བཅང།། ཛྭ་ལ་ཨ་ནི་སྟཾ་པ་ཡ་སྟཾ་པ་ཡ་ཧཱུཾ་ཧཱུཾ། ཆུ་ལ་བཏབ་ལ་མེ་ལ་གཏོར།། ཡང་ན་ས་ལ་བཏབ་ལ་གཏོར།། ཡི་གེ་དྲུག་དང་སྦྲེལ་ནས་ནི། ། མེ་ཡིས་འཇིགས་པ་ཞི་བར་འགྱུར།། ཆུ་ཡིས་འཇིགས་པ་བསྲུང་བ་ནི།། ཆུ་རིས་ནང་དུ་འཁོར་ལོ་བྲི། བི་ད་ར་ནི་སྟཾ་པ་ཡ་ཧཱུཾ་ཧཱུཾ། ཡི་གེ་དྲུག་དང་སྦྲེལ་ནས་ནི།། ས་ལ་བསྔགས་ཏེ་ཆུ་ལ་གཏོར། ། འཁོར་ལོ་ཁམ་པའི་གབ་ཙེ་ནི།། སོ་བཏང་ལས་བྱས་སྦྱར་ནས་ནི།། ཆུ་སྣར་བཅུག་ན་ཆུ་སྣ་བཟློག། ལུས་ལ་འཁོར་ལོ་བཅངས་པ་ནི།། ཆུ་ཡི་འཇིགས་པ་འབྱུང་མི་འགྱུར།། དུས་མིན་འཆི་བས་འཇིགས་པ་ལ། ། རྡོ་རྗེའི་ནང་དུ་འཁོར་ལོ་བྲི།། ཨོཾ་མ་ཎི་པདྨེ་ཧཱུཾ།། ཨཱ་ཡུ་ཚེ་བྲུཾ་ཡུ་བྲུཾ་ནི་ཧཱུཾ་ཧཱུཾ། བླ་གཡུ་མིག་མེད་འཁོར་ལོ་དྲིལ།། དེ་ཡང་ལ་ཆའི་རི་ལུར་དྲིལ། རྡོ་རྗེ་རྒྱ་གྲམ་རྒྱས་བཏབ་ལ།། མགུལ་བཏག་མཆན་ཁུང་གཡོན་པར་བཅང། ། སྔགས་བཟླས་ལུས་དང་མ་བྲལ་ན།། དུས་མིན་འཆི་བར་མི་འགྱུར་ཏེ།། བཅུ་ཐུབ་པ་ཡང་བརྒྱ་ཐུབ་འགྱུར།། འཁོར་ལོ་ལས་ཀྱི་ཁ་ཚར་གྱི་ལེའུ་སྟེ་སུམ་ཅུ་སོ་བརྒྱད་པའོ།།།། འཕྲིན་ལས་ལས་ཚོགས་ཀྱི་སྐབས་ཏེ་གསུམ་པའོ། །།།། དེ་ནས་འཇིག་རྟེན་དབང་ཕྱུག་གིས།། སངས་རྒྱས་སྣང་བ་མཐའ་ཡས་ལ།། ཕྱག་འཚལ་བསྐོར་བ་བྱས་ནས་ནི།། ཨེ་མ་ཧོ།། རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས། ། རྒྱུད་འདིའི་མཚན་ནི་ཇི་ལྟར་ལགས།། རྒྱུད་འདི་དར་བའི་ས་ནི་གང་དུ་འབྱུང།། དེ་སྐད་གསོལ་བ་གསན་ནས་ཀྱང།། རྫོགས་པའི་སངས་རྒྱས་བཀའ་སྩལ་པ།། རྒྱུད་འདི་ཐུགས་རྗེ་ཆེན་པོ་ཡི། ། བསྒྲུབ་ཐབས་མ་ལུས་སྟོན་པས་ནི།། བསྒྲུབ་ཐབས་ངེས་པར་སྟོན་པའི་རྒྱུད།། ཐུག་རྗེ་ཆཻན་པོ་ཐུགས་དགོངས་བཅད།། མ་ལུས་འདི་རུ་སྟོན་པས་ན།། རང་བྱུང་ཡེ་ཤེས་ཕྱི་མའི་རྒྱུད།། རྒྱུད་འདི་དར་ནས་འབྱུང་བའི་དུས། ། ལྷོ་ཕྱོགས་འཛམ་བུ་གླིང་གི་དབུས།། དབུ་རྒྱན་དྷ་ན་ཀོ་ཤ་རུ།། མངལ་ལས་མ་སྐྱེས་པདྨ་ལས།། རྫུས་ཏེ་སྐུ་འཁྲུངས་སྤྲུལ་སྐུ་ལས།། ང་ཡི་ལུང་བསྟན་འབབ་པར་འགྱུར།། དེ་ནས་མཐའ་འཁོབ་ཁ་བ་ཅན། ། བོད་ཅེས་བྱ་བར་སྟོན་པར་འགྱུར།། ཐུགས་རྗེ་ཆེན་པོའི་བཏན་པ་འབྱུང།། ཞེས་གསུངས་སོ།། རྒྱུད་འདི་ཨོ་རྒྱན་པདྨ་ཡིས།། བྲག་ཕུག་མ་ར་ཏི་ཀ་རུ།། ཚེ་ཡི་རིགས་འཛིན་བསྒྲུབ་དུས་སུ།། སངས་རྒྱས་སྣང་བ་མཐའ་ཡས་ཀྱིས། ། ལུང་བསྟན་རྒྱུད་འདི་བཀའ་བབས་བྱུང།། བོད་ཡུལ་གདོང་དམར་སྲིན་པོའི་རིགས།། གདུལ་ཕྱིར་རྒྱུད་འདི་བསྒྱུར་ནས་ནི།། ཕྱི་རབས་དོན་དུ་གཏེར་དུ་སྦས།། ལས་ཅན་གཅིག་དང་འཕྲད་གྱུར་ནས། མ་སྤེལ་སྒྲོ་སྐུར་སར་སོང་ན།། བྱིན་རླབ་དངོས་གྲུབ་ཡལ་བར་འགྱུར།། བཅངས་ན་དངོས་གྲུབ་ཆོག་ཐོབ་འགྱུར།། གལ་ཏེ་རྒྱུད་འཛིན་སྣོད་ལྡན་མྀ།། བླ་མའི་བཀའ་བཞིན་བྱེད་པ་དང། ཁོང་གི་སྙིང་ལྟར་བརྩེ་སེམས་ནས། ། སྐད་ཅིག་འབྲལ་བར་མི་སེམས་ན།། དེ་ལ་རྒྱུད་འདི་གཏད་པར་བྱ།། བསྟན་པའི་སྒྲོན་མེ་བྱེད་པར་ཤོག། ཅེས་གསུངས་སོ།། རྒྱུད་ཀྱི་མཚན་བསྟན་པ་དང།། ཐུགས་རྗེ་ཆེན་པོའི་བསྟན་པ་འབྱུང་དུས་བསྟན་པའི་ལེའུ་སྟེ་སུམ་ཅུ་སོ་དགུ་པའོ། །།། ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས་ཀྱི་བསྒྲུབ་ཐབས་བསྟན་པ་ཡེ་ཤེས་རང་བྱུང་གི་རྒྱུ་ཕྱི་མ་ཞེས་བྱ་བ་རྫོགས་སོ།། གཏེར་རྒྱ། སྦས་རྒྱ། གཏད་རྒྱ། །།། རྒྱ་གར་སྐད་དུ། ཨཱརྱ་ཙིཏྟ་མ་ཧཱ་ཀ་ལ་ཙ་ར་པ་ཐ་ཏ་ཏནྟྲ། ཙིཏྟ་མ་ཧཱ་དུ་ཁ་སརྦ་ས་ཧ་ལ་ན་མོ།། བོད་སྐད་དུ།། འཕགས་པ་ཐུགས་རྗེ་ཆེན་པོ་མགོན་པོ་འཁོར་བ་དོང་སྤྲུག་གི་རྒྱུད།

CLOSE WINDOW