Wylie |
རྒྱ་གར་སྐད་དུ། བཛྲ་ནི་རྟི་མ་ར་ན་ཤ་ཏྲཾ་པཾ་ཧོ་ཀུ་པེ་ར་ལོ་ཧི་ག་ཏན་ཏྲ། བོད་སྐད་དུ། རྡོ་རྗེ་སྲིན་པོ་བསེ་ཡི་སྐྱེས་བུ་གནོད་སྦྱིན་དམར་པོའི་རྒྱུད། བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། རི་རབ་རྩུབ་འགྱུར་གྱི་ཚལ། གནོད་སྦྱིན་གདོང། སྲིན་པོ་མེ་ལྟར་འབར་བའི་ཁང་པ། རོ་མང་པོ་ཡོད་པ། རུལ་ཁྲོ་ཞིང་གདུག་པ་ཅན་རྒྱུ་བ། སྟེང་དང་འོག་འཁོར་ལོ་དང། པདྨ་ལ་བྱས་པའི་བར་ན། བནྡྷ་འབར་བའི་གཞལ་ཡས་ཁང་ན་ཁྲག་དང་ཞག་གི་འབབ་ཆུ་འབབ་ཅིང། རྦ་ཀློང་འཁྱིལ་བའི་དུར་ཁྲོད་ཆེན་པོའི་གནས་དེ་ན། བཅོམ་ལྡན་འདས་རིག་སྔགས་དང་གསང་སྔགས་ཀྱི་བདག་པོ། དཔལ་ཕྱག་ན་རྡོ་རྗེ་གཏུམ་པོ་ཆེན་པོ་སྐུ་ལ་བསྐལ་པའི་མེ་ལྟར་འབར་བ། མཐུ་སྟོབས་ཆེ་བ། བདུད་ཐམས་ཅད་འདུལ་བ། དཔའ་བ། འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བ། འཇིགས་སུ་རུང་བ། འོད་དཔག་ཏུ་མེད་པ། གཟི་བརྗིད་ཆེ་བ། ལས་ཀྱི་ལྷ་ཁྲོ་བོ་ཆེན་པོའི་ཆ་བྱད་དུ་བཞུགས་སོ།། དེའི་འཁོར་ནི་རྡོ་རྗེ་ལས་དང། གཤིན་རྗེ་དང། སྲིན་པོ་དང། ཤ་ཟ་དང། མ་མོ་དང། ལྷ་དང། མི་དང། ལྷ་མ་ཡིན་དང། སྐྱེས་བུ་ཆེན་པོ་དང། དར་མ་དང། མཁའ་འགྲོ་དང། གིང་དང། བྱད་མ་དང། ནད་གཏོར་མ་དང། གནོད་སྦྱིན་ཕོ་མོ་དང། མཁའ་ལྡིང་དང། དྲི་ཟ་དང། མིའམ་ཅི་དང། ཤ་ཟ་དང། གདུག་པ་ཅན་མང་པོ་བསམ་གྱིས་མི་ཁྱབ་པ་མང་པོས་བསྐོར་ཏེ་བཞུགས་སོ། ། དེའི་ཚེ་དེའི་དུས་ན་འདུས་པའི་འཁོར་དེ་དག་གི་ནང་ནས་རྡོ་རྗེ་ལས་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་ལ་གཟར་ནས་བསྐོར་བ་ལན་བདུན་བྱས་ནས། ལྷའི་མེ་ཏོག་མན་དྷ་བ་ར་མང་པོ་དང། རྒྱན་དང་ལོངས་སྤྱོད་བསམ་གྱི་ཁྱབ་པ་མང་པོས་མཆོད་ནས། མཐུ་སྟོབས་ཀྱི་བདག་པོ་ལ་འདི་སྐད་ཅེས་གསོལ་བ་བཏབ་བོ།། ཀྱེ་ཀྱེ་གསང་མཆོག་རྡོ་རྗེ་འཛིན། ། བཅོམ་ལྡན་མགོན་པོ་གསང་བའི་བདག། སྟོབས་པོ་ཆེ་ལ་དྲག་ཤུལ་ཆེ།། ཐུགས་རྗེ་ཆེ་ལ་ཐབས་མཁས་ཁྱོད།། མ་འོངས་སེམས་ཅན་སྐལ་ལྡན་གྱིས།། རྡོ་རྗེ་སྲིན་པོ་སྒྲུབ་པའི་ཐབས།། དེང་འདིར་སྟོན་པས་གནང་བར་མཛོད། ། དེ་སྐད་གསོལ་པ་དང། མཐུ་སྟོབས་ཀྱི་བདག་པོ་གདན་ལ་བཞེངས་ཏེ། རྡོ་རྗེ་ལས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། ཀྱེ་མ་ཧོ་མ་འོངས་སེམས་ཅན་རྣམས།། རྡོ་རྗེ་སྲིན་པོ་སྒྲུབ་བའི་ཐབས། ། བདག་གཞན་དོན་ལ་ཐོགས་མེད་པ།། ངས་བཤད་ཁྱེད་ཀྱིས་ཡིད་ལ་ཟུང།། ཞེས་བཀའ་སྩལ་པ་དང། འཁོར་དེ་དག་ཤིན་ཏུ་དགའ་བ་སྐྱཻས་ཏེ། ཡང་མཆོད་པ་རྒྱ་ཆེན་པོས་མཆོད་དེ།། མཐུ་སྟོབས་ཀྱི་བདག་པོ་ལ། རྡོ་རྗེ་ལས་ཀྱིས་འདི་སྐད་ཅེས་གསོལ་ཏོ།། རིག་སྔགས་རྒྱལ་པོ་དགེ་བ་ཅན།། གདུལ་དཀའ་མཐའ་དག་འདུལ་བ་པོ།། དེ་ལྟར་འདོད་ཁམས་འདི་ཉིད་ན།། རྡོ་རྗེ་སྲིན་པོ་དྲེགས་པ་ཅན།། ལུས་ཀྱང་ཁྲོ་ལ་ངག་ཀྱང་གཏུམ། ། གདུག་པའི་སེམས་ཅན་ཕུང་བ་ཅན།། མདོག་དམར་སྲོག་ལ་རབ་ཏུ་དགའ།། ཤ་ཁྲག་དམར་ལ་རབ་ཏུ་དང།། མཐུ་ཆེན་མ་མོ་འཁོལ་བ་འདི།། དང་པོའི་རྒྱུ་ནི་ཇི་ལྟར་བུ།། འདི་དག་འདུལ་བའི་ཐབས་ནི་གང། ། དཔའ་བོ་ཆེན་པོས་བཀའ་སྩོལ་བདག་ཉན་འཚལ།། དེ་སྐད་ཅེས་གསོལ་པ་དང། མཐུ་སྟོབས་ཀྱི་བདག་པོས་བཀའ་སྩལ་པ། རྡོ་རྗེ་ལས་ལ་སོགས་པའི་འཁོར་འདུས་པ་ཁྱེད་རྣམས་ཀྱིས་རྡོ་རྗེ་སྲིན་པོའི་རྒྱུད་ཞུ་བ་ཞུས་པ་ལེགས་སོ། ། ཁྱེད་ཀྱིས་ཡིད་ལ་ཟུང་ཞིག། ངས་རྣམ་པར་ཕྱེ་བ་བཤད་པར་བྱའོ།། སྔོན་འདོད་པའི་ཁམས་འདི་ན་སྨད་འཚོང་མ་ཅིག་ལ་བུ་གཅིག་སྐྱེས་སོ།། བུའི་ཐོག་ལ་མ་ཤི་བར་གྱུར་ཏོ། ། རོ་དེ་དུར་ཁྲོད་ཨུདྤལ་ལར་སྐྱེལ་ལོ།། བུ་ཡང་གསོ་བ་མེད་དེ་དེར་བསྐྱལ་བ་ལ། བུས་མའི་ནུ་ཞོ་ཁྲག་ཏུ་འཇིབས་སོ།། ཁྲག་ཟད་ནས་ཤ་ཟོས། དེ་ནས་རྣམ་པར་ཤེས་པ་རངས་གྱུར་ཏེ། དུར་ཁྲོད་དེར་བྱུང་བའི་རོ་རངས་ཟོས་པ་ལས། ལྷ་དང་ལྷ་མ་ཡིན་གཉིས་གཡུལ་འགྱེད་པའི་སར། ལྷ་མ་ཡིན་གྱི་རྒྱལ་པོ་ཧེ་ར་ན་ཀེའུ་ཤུ་བྱ་བ་གཡུལ་དུ་བསད་པའི་རོ་ཡང་ཟོས།། དེའི་ལག་ཆ་མདུང་རྩེ་གསུམ་པ་དང། བསེའི་མདའ་གཞུ་ཁོའི་ལག་ཆ་བྱས་ཏེ། མི་ཤ་ནི་ཟོས། མི་ཁྲག་ནི་འཐུངས། མི་ལྤགས་ནི་གོན་ཏེ་དངོས་སུ་སྲིན་པོར་སྐྱེས་སོ།། ཤ་ཆེན་ཟོས་པའི་ནུས་མཐུས་ནམ་མཁའ་ལ་ཕུར་བ་དང། ས་གཞི་འོད་ཀྱིས་འགེངས་པའི་ནུས་མཐུ་དང་བྱིན་རླབས་ཆེར་བྱུང། ལག་ཆ་ཁ་ཊྭཱཾ་ཁ་ཐོགས་ཤིང། ར་ཧ་ལེ་ར་ཧ་ལེ་ཟེར་ཞིང་ལས་སུ་སྲོག་གཅོད། དུར་ཁྲོད་ན་གནས་པའི་མ་མོ་དང་མཁའ་འགྲོ་མ་ཐམས་ཅད་དབང་དུ་བསྡུས། སྲོག་གི་སྙིང་པོ། རོ་ཏ་མ་ཏ་སྨ་རར་ཏ་མ་མ་རཀྴ་རུ་ལུ་རུ་བྷྱོ། ཞེས་བྱ་བ་རང་རང་གི་སྙིང་པོ་ཕུལ། གདུག་པ་ཅན་ཕོ་རིགས་ཐམས་ཅད་དབང་དུ་བསྡུས། སོ་སོར་སྲོག་གི་སྙིང་པོ་ཕུལ་ཞིང་དབང་དུ་བསྡུས། འཇིག་རྟེན་པ་ཐམས་ཅད་གཏན་བྲན་དུ་བྱས་ཏེ། སྐྱེ་བ་རྣམ་བཞིའི་སེམས་ཅན་ཡེ་ཟད་པ་ལས། བྱང་ཕྱོགས་ཀྱི་རི་མ་ལ་ཡའི་རྩེར་ཕྱིན་ཏེ་ཁམས་གསུམ་བྱར་བྱས་སོ།། གནོད་སྦྱིན་ཐམས་ཅད་དམག་ལ་བསྡུས་པ་ལས་ཀུན་འདུས་པར་འགྱུར་པ་དང། གནོད་སྦྱིན་གྱི་དམག་དཔོན་བྱས་ཏེ། འཁོར་དུ་མ་དང་ལྡན་པས་ཉིན་བཞིན་དུ་ནི་སྲིད་པ་གསུམ་གྱི་དབུགས་ལེན། མཚན་བཞིན་དུ་དེ་ན་འདུས་ཤིང་གདུག་པའི་ང་རོ་ཧ་ཧུ་ཧ་ཧུ་དང། ཀང་ཀེང་ཀེང་ཀེང་དང། མ་མ་རཀྴ་དང། རུ་རུ་རོ་རུ་དང། རུ་ལུ་རུ་ལུ་དང། བྷྱོ་བྷྱོ་དང། ཧ་ལ་ཧ་ལ་དང། ར་ཧ་ལེ་ལ་སོགས་པའི་སྒྲ་སྒྲོགས་ཤིང། ཤ་ཟ་ཁྲག་འཐུང་བ་ལས། ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་མཐོང་བ་ཙམ་གྱིས་བརྒྱལ་པ་དང། སྲོག་དང་བྲལ་བ་དང། དངངས་པ་ལས། རྒྱལ་བ་རིགས་སྔའི་སྤྱན་གྱིས་མ་བཟོད་ནས་བཀའ་བགྲོས་པ་ལས། ཐུགས་རྗེའི་བདག་པོ་དཔལ་ཧེ་རུ་ཀས་དེ་གདུལ་བར་དགོངས་ནས། འབར་བའི་ལག་ཆ་ཁ་ཊྭཱཾ་ཁ་ཅིག་བརྒྱབ་པ་ལས། མྱོས་ཤིང་བརྒྱལ་བར་གྱུར་ཏོ།། དེ་བསྒྲལ་བར་དགོངས་པ་ལས། རྡོ་རྗེ་སྲིན་པོ་དེ་མ་ཐག་ཏུ་སླར་དྲན་པ་རྙེད་པར་གྱུར་ཏེ་ཞུས་པ་ལས། དུས་གསུམ་རྒྱལ་བའི་གདུང་སྟེ་ཐུགས་ཀྱི་ཐུགས། ། དབྱིངས་ལས་འགྱུར་བ་མེད་པ་མཐིང་བའི་སྐུ།། དྲེགས་པ་འདུལ་མཛད་ཁ་ཊྭཱཾ་མཚོན་ཆ་བསྣམས།། ཚད་མེད་བཞི་ལྡན་ཁྲོ་རྒྱལ་ཧེ་རུ་ཀ། ཐུགས་རྗེའི་བདག་པོ་དམ་ཚིག་ཆེན་པོ་ལ།། བདག་ཅག་འཁོར་བཅས་དུས་གསུམ་སྲོག་སྙིང་འབུལ། ། ཡ་མ་རཱ་ཛ་ནི་ར་ཏི་ནི་ཏྲོ་ཏ་ནི། རཱ་ཛ་ཏྲི་ཏྲི། རོ་ཏ་མ་ཏ་སྨ་ར་ར་ཏ། རུ་ལུ་རུ་ལུ་མང་བ་རི་མེས་མེས། འདི་འདུལ་ཁྲོ་རྒྱལ་ཐུགས་མཆོག་ཧེ་རུ་ཀ། སྐུ་ཡི་ཚམ་རྔམ་སླར་ལ་བཏུལ་པ་དང། ། ཐུགས་རྗེ་ཆེན་པོས་བདག་ལ་དབང་བསྐུར་ཞིང།། ལས་དང་བྱ་བ་བཀའ་ཉན་བརྐོ་རུ་གསོལ།། ཅེས་གསོལ་པ་དང། དཔལ་ཧེ་རུ་ཀ་ཐུགས་རྗེ་ཆེ་ལ་ཐབས་མཁས་པ་དེས།། དེ་མ་ཐག་ཏུ་དགོངས་པ་སེམས་ཅན་ཐམས་ཅད་དབུགས་དབྱུང་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བཀའ་སྩལ་པ། འདུས་ཤིང་འཁོར་དང་བཅས་པ་རྣམས།། སྣང་སྲིད་ཐམས་ཅད་མཉམ་པ་ཆེན་པོའི་ངང།། སྤྱོད་པ་ཐམས་ཅད་ཀུན་བཟང་རོལ་པ་ལས། ། དེ་ལྟར་མ་ཤེས་གཟུང་འཛིན་དབང་གིས་འཁོར།། སྲོག་གཅད་སྡུག་བསྔལ་འདི་དང་མ་བྲལ་བས།། སྡུག་བསྔལ་རྒྱ་མཚོའི་མཐའ་ལས་ཐར་པ་མེད།། དེ་བས་གསང་བའི་དོན་ལ་ཞུགས་པ་ལེགས། ། ང་ཡིས་བསྐུར་གྱིས་དམ་ཚིག་འདའ་མ་བྱེད།། ཅེས་གསུངས་ཏེ། མ་ཧཱ་རཀྟ་མཎྜལ་ཅེས། ཁྲག་གི་རྒྱ་མཚོ་མཐའ་དང་དབུས་མེད་པའི་སྟེངས། རིན་པོ་ཆེ་གསེར་གྱི་གུར་གྱི་ནང་དུ་དུར་ཁྲོད་ཀྱི་བདག་པོ་མ་ཏང་ཀ་རུ་ཏྲ་དེ་བཞག་སྟེ། དམ་ལས་འགྱུར་གྱི་དགོས་པའི་ཕྱིར། དབུལ་གསེར་གྱི་མཆོད་རྟེན་བཞག། ཡེ་ཤེས་ལྔར་དུག་ལྔ་བསྒྱུར་བའི་ཕྱིར། དབུ་ལ་རིགས་ལྔའི་སངས་རྒྱས་དབང་བསྐུར། ལུས་ངག་ཡིད་གསུམ་བསྒྱུར་བའི་ཕྱིར། སྐུ་གསུང་ཐུགས་ལ་རྡོ་རྗེ་རྣམ་པ་གསུམ་གྱིས་དབང་བསྐུར། ཁམས་གསུམ་གྱི་སྒྲོལ་གིང་བུད་མ་བཅས་ནས། རྟགས་ཀྱི་ཕྱག་རྒྱ་སྤུ་གྲི་འབར་བ་བྱིན། གདུག་པ་ཅན་དབང་དུ་བསྡུ་བའི་ཕྱིར། བསེ་ཡི་སྐྱེས་བུ་བཞི་འཁོར་དུ་གཏད་ནས་དབང་བསྐུར། རུ་དྲ་སྡེ་གསུམ་བསྒྲལ་བའི་ཕྱིར། གིང་ཆེན་བཅོ་བརྒྱད་འཁོར་དུ་གཏད་པའི་དབང་བསྐུར།། སྣང་སྲིད་དབང་དུ་བསྡུ་བའི་ཕྱིར། མཁའ་འགྲོ་འབུམ་འཁོར་དུ་གཏད་ཅིང་དབང་བསྐུར། སྲིད་པ་གསུམ་དུ་ལས་ལེགས་ཉེས་ལྟངས་འབྱེད་ཅིང་དམ་ཚིག་རྗེས་བཅད་པའི་ཕྱིར། མ་མོ་འབུམ་གྱི་དབང་བསྐུར་ཞིང། མ་མོ་དང་མཁའ་འགྲོ་མ་ཀུན་གྱི་གཙོ་བོར་མངའ་གསོལ་ལོ། ། དེའི་ཚེ་ན་འཇིག་རྟེན་འདི་རྣམ་པ་དྲུག་ཏུ་གཡོས་སོ།། དཔལ་ཧེ་རུ་ཀས་རྡོ་རྗེ་སྲིད་པོའི་མིང་ཡང་ཡབ་ཀྱིས་སྐུ་མཆོག་མོར་ཞེས་བྱ་བར་བཏགས་ཏེ། དཀོན་མཆོག་བསྟན་པ་བསྲུང་པར་ལས་གཉེར་གཏད་དོ། ། དེའི་ཚེ་རྡོ་རྗེ་སྲིན་པོས་རང་སྲོག་གི་སྙིང་པོ་ཕུལ་བ། ནི་ཏྲོ་ཏ་ནི། ནི་ཏྲོ་ཏ་ནི། ཧུ་རུ་ཧུ་རུ་ཧཱུ~ཾ་ཕཊ། ཅེས་ཕུལ་བས། དཀོན་མཆོག་གི་བསྟན་པ་བསྲུང་ཞིང་རྣལ་འབྱོར་པའི་ལས་བྱ་བར་ཁས་བླངས་དམ་དུ་བཅས་སོ། ། དེའི་ཚེ་རྡོ་རྗེ་ལས་ཀྱིས་གསོལ་པ། ཀྱེ་ཀྱེ་བཅོམ་ལྡན་མཐུ་སྟོབས་བདག། རྡོ་རྗེ་སྲིན་པོ་དྲེགས་པ་ཅན།། ཁྲོ་ཞིང་གཏུམ་པའི་ང་རོ་ཅན།། ལས་ཀུན་རྣམ་པར་འབྱེད་པ་འདི།། དུས་གསུམ་དག་ཏུ་བྱུང་ངམ་ད་ལྟ་གནས། ། དཔའ་བོ་ཆེན་པོས་བཀའ་སྩོལ་བདག་ཉན་འཚལ།། དེ་སྐད་ཅེས་གསོལ་པ་དང། དཔལ་ཕྱག་ན་རྡོ་རྗེས་བཀའ་སྩལ་པ། རྡོ་རྗེ་ལས་ཉོན་ཅིག། ད་ལྟར་གྱི་རྡོ་རྗེ་སྲིན་པོ་འདི་ནི། སྔོན་སངས་རྒྱས་མར་མེ་མཛད་ཀྱི་བསྟན་པ་ལ་འཕགས་པ་འཇམ་དཔལ་གྱི་སྤྱན་ལམ་དུ། སངས་རྒྱས་ཀྱི་བསྟན་པ་བསྲུང་བར་ཞལ་གྱིས་མཆེས་ཞིང། འཇིག་རྟེན་གྱི་ཁམས་སུ་རྒྱུ་བའི་དུས་སུ་གཤིན་རྗེ་དམར་པོ་སྲོག་གི་བདག་པོ་བྱ་བར་གྲགས་ཏེ། དུས་དེར་ཡང་སྲོག་མང་པོ་གཅད་པ་དང། འཁོར་མང་པོ་བསྡུས་ཤིང་དབང་བྱས་པས། དྲེགས་པ་ཅན་དུ་གྱུར་པ་ཡིན་པ་ལས། འཕགས་པ་འཇམ་དཔལ་གྱིས་དབང་དུ་བསྡུས་ཤིང་ལས་ཀྱི་ལྷར་དབང་བསྐུར་བ་ཡིན་ནོ། ། ཕྱིས་བསྟན་པ་བསྲུང་བར་དམ་བཅས་སོ།། དུས་འདི་ནི་ཤཱཀྱ་ཐུབ་པའི་དུས་ཏེ། སྔོན་དམ་བཅས་པ་དང་སྲོག་དབུགས་ལ་དབང་བྱས་པའི་དབང་གིས། ད་ལྟ་རྡོ་རྗེ་སྲིན་པོར་སྐྱེས་ཏེ། དེ་ཡང་ཁམས་གསུམ་དུ་སྦྱོར་སྒྲོལ་བྱེད་པ་འདི་ཡང། སྔོན་དེ་བཞིན་དུ་བསྐོས་པ་ལས་ཀྱི་འཕྲོ་བླངས་པའོ།། ཕྱིས་རྒྱལ་བ་བྱམས་པའི་བསྟན་པ་ཡང། རོལ་པ་ཆེན་པོའི་སྲོག་གི་རྒྱལ་བ་བྱ་བར་སྤྲུལ་ཏེ་འགྲོ་བའི་དོན་བྱེད་དོ། ། རྡོ་རྗེ་སྲིན་པོའི་རྒྱུད་ལས། གླེང་གཞིའི་ལེའུ་སྟེ་དང་པའོ།།།། དེ་ནས་དཔལ་ཕྱག་ན་རྡོ་རྗེ་ལ། རྡོ་རྗེ་ལས་ཀྱིས་འདི་སྐད་ཅེས་གསོལ་ཏོ།། ཧཱུ~ཾ་མཛད་ཧཱུ~ཾ་སྟེ་ཙཎྜ་རོ་ཥ་ན། མི་མཐུན་འཇོམས་པའི་ཐུགས་རྗེ་དྲག་ཤུལ་ཅན། ། རྡོ་རྗེ་སྲིན་པོ་ཞེས་བྱ་བའི།། གནས་དང་དཀྱིལ་འཁོར་སྐུ་རྟེན་དང།། རྫས་དང་ཏིང་འཛིན་གསང་སྔགས་དང།། དམ་ཚིག་ཕྱག་རྒྱ་རྟགས་དག་དང།། ལས་ཀྱི་རིམ་པ་བདག་ཉན་འཚལ། ། ཅེས་གསོལ་པ་དང། ཕྱག་ན་རྡོ་རྗེས་བཀའ་སྩལ་པ།། རྡོ་རྗེ་སྲིན་པོ་ཞེས་བྱ་བ།། འདི་སྒྲུབ་རྣལ་འབྱོར་ཕྱི་རབས་པས།། རྟག་ཏུ་དམ་ཚིག་ལ་གནས་པར།། དད་དང་སྙིང་རྗེ་ཆེར་བྱས་ཏེ།། བདག་ཉིད་ཕུན་སུམ་ཚོགས་བྱས་ཏེ། ། བྲག་དམར་སྟམས་པའི་དཀྱིལ་དག་ཏུ།། བསྙེན་པ་བྱས་ཤིང་སྡིག་པ་བཤགས།། རི་བོ་འདུས་པའི་རྩེར་ཕྱིན་ལ།། ཉེ་བསྙེན་ཐེ་ཚོམ་མེད་པར་སྒྲུབས།། དུར་ཁྲོད་ཆེན་པོའི་དབུས་ཕྱིན་ལ། ། ལམ་ལ་སྒྲུབ་པ་གང་འདོད་སྦྱར།། གནས་གསུམ་གང་ཡང་རུང་བ་དེར།། རྣལ་འབྱོར་དབང་ཕྱུག་ཆེན་པོ་དེ།། ས་ཆོག་བྱས་ཏེ་ཚ་མེས་ཅན་གཅད་ནས།། དུར་ཁྲོད་ཕྱོགས་ནས་ས་བཙལ་ལ།། དཀྱིལ་འཁོར་རུ་དྲའི་མདའ་གང་ལ། ། དཔངས་སུ་ཆག་གང་ཡོད་པར་བྱ།། རྩེ་མོ་ལྷོ་རུ་བསྟན་པ་ཡི།། བྱི་དོར་ལེགས་པར་བརྩེགས་པ་དང།། བ་སུ་ཏ་ཡི་སྲད་པུ་ཡི།། གྲུ་གསུམ་བར་ཁྱམས་གསུམ་དང་ལྡན།། དབུས་སུ་དམར་ལ་ནི་ལྗང་བྲི། ། དེ་ཕྱིར་རྡོ་རྗེ་ལེགས་པ་དྲུག། སེར་ལ་ཐལ་ཆེན་དག་གིས་བྲི།། དེ་དམར་དག་ལ་ཧཱུ~ཾ་ཏྲི་འབར།། སྒྲུབ་བྱའི་མིང་རུས་བར་དུ་གཞུག། བཅོ་བརྒྱད་གྲུ་གསུམ་དགོད་པར་བྱ།། དེ་ཕྱིར་གནག་ལ་བྲི་བ་ནི། ། མཁའ་འགྲོ་རྩ་བའི་ཡི་གེའམ།། མ་དང་བྷྱོ་ཡིས་བསྐོར་ཏེ་བྲི།། བྱང་ཤར་དགུག་པའི་མཎྜལ་ཏེ།། གྲུ་གསུམ་མངལ་ཁྲག་དམར་པོར་བྱུག། པདྨའི་སྟེང་དུ་བྱ་བར་བཤད།། དབུས་ཀྱི་ཟུར་ལས་མཚན་པ་ནི། ། ལྕགས་ཀྱུ་ཞགས་པས་འདེབས་པར་བྲི།། ནུབ་དང་དབྱེ་བའི་མཎྜལ་ཏེ།། འཁོར་ལོ་རྩིབས་བཞི་ཁྲག་གིས་བྱུག། དབུས་ཀྱི་ཟུར་ལ་མཚན་པ་ནི། ཁ་ཁ་ཧུ་ལུའི་གཟུགས་གཉིས་བྲི།། ལྷོ་རུ་གསད་པའི་མཎྜལ་ཏེ། ། གྲུ་གསུམ་ནག་པོ་རྩང་གིས་བསྐོར།། དབུས་ཀྱི་ཟུར་ལས་མཚན་པ་ནི། ཁ་ཊྭཱཾ་མདའ་གཞུ་བརྒྱན་པ་བྲི།། རྡོ་རྗེ་སྲིན་པོའི་རྒྱུད་ལས། གནས་ཀྱི་དཀྱིལ་འཁོར་གྱི་ལེའུ་སྟེ་གཉིས་པའོ།།།། དེ་ནས་ཡང་དག་བཤད་བྱ་སྟེ། ། དཀྱིལ་འཁོར་ཆེན་པོའི་དེ་དབུས་སུ།། སྔགས་པ་རུ་དྲ་དངོས་འབྱུང་བའི།། གཡས་པའི་ལག་ཏུ་དུག་བླུག་ལ།། སྐུ་མཆོག་ཇི་བཞིན་བསམ་ལ་དགོད།། ལྕགས་ཕུར་བཅོ་བརྒྱད་དུག་བླུག་ལ། ། སྒྲོལ་གིང་བཅོ་བརྒྱད་བསྒོམས་ཏེ་དགོད།། དུག་ཤིང་རྩ་དམར་རྩ་གཅིག་ནི།། མ་མོ་མཁའ་འགྲོར་བསྒོམས་ཏེ་དགོད།། དངོས་གཞི་ལྔ་ལས་གཞི་བླངས་པའི།། འབྱོར་པའི་རྫས་ལ་གཏོར་མ་བྱ། ། སྤྲིན་ཆེན་དག་གི་ཞལ་ཁབ་ཅན།། དཔལ་ཆེན་ཚོགས་ལ་དྲངས་བར་བྱ།། ས་བདག་རྒྱལ་པོའི་ཙིཏྟི་དང།། ཕོ་སྙིང་རྣམ་པ་སྣ་ཚོགས་དང།། རྣེར་དྲི་མོ་ཡི་ནུ་མ་དང།། ཤ་ཁྲག་རུས་པའི་འབྱོར་ཚོགས་ལ།། ཆང་གིས་སྦྱར་བའི་གཏོར་མ་ལ། ། ཞིང་ལྤགས་དག་གི་ཞལ་ཁབ་ཅན།། དབུས་ཀྱི་ལྷ་ཟུར་དྲང་པོ་ལ།། སྐུ་མདོག་དམར་ལ་དྲང་བར་བྱ།། ཁྲག་ཆེན་དག་གི་ཨརྒ་ཡང།། ནུབ་བྱང་གྲུ་ཟུར་དྲང་པོར་བཞག། བདུད་རྩི་ཞལ་བུ་ཚེས་རྒྱན་ལ། ། བྱང་ཤར་གྲུ་ནི་དྲང་པོར་བཞག། ལྷ་ཤོས་ཁྲ་བོ་ཆག་གང་བ།། བསེ་ཕོར་དམར་ཏུ་སྤངས་ཕུད་བཅས།། ཚོགས་ཀྱི་སྤྱན་གཟིགས་སྣ་ཚོགས་དང།། དུས་བཞི་དག་ཏུ་དབུལ་བར་བྱ།། སྙིང་སྣ་ཆང་སྣ་ཁྲག་སྦྱར་བ། ། བཅོ་བརྒྱད་ཚོགས་ལ་དྲང་བར་བྱ།། གནམ་ལྕགས་མི་གསད་མཚོན་ལས་བྱས་པ་ཡིས།། སྤུ་གྲི་སོར་བརྒྱད་བཅོ་བརྒྱད་དང། ཁ་ཊྭཱཾ་ཁ་ནི་རྩ་གསུམ་རབ་ཏུ་བྱ།། བསེ་ཡི་མདའ་གཞུ་དུག་གིས་བྱུགས་པ་རྣམས། ། ལྷོ་ཡི་ཟུར་དང་བཅོ་བརྒྱད་གྲལ་ལ་བཞག། རྡོ་རྗེ་ལྕགས་ཀྱུ་ཞགས་པ་ཡི།། ལིང་གར་བཅས་ཏེ་བྱང་ཤར་སྟེང་དུ་གཞག། ཞབས་མ་ཀྱི་ལུད་མི་རྭ་དང་ནི།། ཚིལ་ཆེན་རྣེལ་དྲིའི་གཞོབ་སྟེ་རྣམ་པ་ལྔ།། བྱ་རོག་འུག་པ་ལྷ་དང་ནི། ། མིང་རུས་བྲིས་ལ་ལིང་གར་བཅས་ཏེ་ནུབ་བྱང་སྟེང་དུ་ཡོ།། རྡོ་རྗེ་སྲིན་པོའི་རྒྱུད་ལས། རྫས་བསག་ཅིང་དོད་པའི་ལེའུ་སྟེ་གསུམ་པའོ།།།། དེ་ནས་ཡང་དག་བཤད་བྱ་སྟེ།། མིག་གི་རྟེན་གྱི་གཟུགས་བརྙན་ནི། ། ཞིང་ལྤགས་དག་གམ་རོ་རས་ལ།། དམར་པོ་དབུ་གསུམ་ཕྱག་བཞི་པ།། རྒྱན་རྫོགས་པར་ནི་མཁས་པས་བྲི།། སྤྱན་དབྱེ་ལ་སོགས་ལྔ་ཕུལ་ནས།། མཎྜལ་དབུས་སུ་བཞུགས་སུ་གསོལ།། ཐུགས་དམ་བསྐང་བའི་རྟེན་དག་ན། ། འདབ་ཆགས་མཚལ་བུ་མཚན་ལྡན་ལ།། གཤོག་པ་གཡས་ལ་དགྲ་མིང་གདགས།། གཤོག་པ་གཡོན་ལ་སྲོག་སྙིང་གདགས།། གསང་བའི་རྟེན་དུ་གཟུང་བར་བྱ།། བཟླས་བརྗོད་བྱ་བའི་རྟེན་དག་ན། ། རུ་དྲའི་ལག་ཐུར་གཡས་པ་ལ།། རྟག་ཏུ་མི་རྗོད་གཟུང་ལ་གདགས།། རྡོ་རྗེ་སྲིན་པོའི་རྒྱུད་ལས། སྐུ་རྟེན་བཅའ་བའི་ལེའུ་སྟེ་བཞི་པའོ།།།། དེ་ནས་ཡང་དག་བཤད་བྱ་སྟེ།། དང་པོ་ལས་ཅན་རྣལ་འབྱོར་པས། ། ཕྱི་ནང་གསང་བའི་མཚམས་བཅད་ནས།། སྙིང་ཁར་ས་བོན་ལས་བྱུང་བའི།། ཡི་དམ་ལྷ་ཚོགས་སྤྱན་དྲངས་ཏེ།། དབང་པོ་གསུམ་གྱི་དང་བས་བཤགས།། དེ་རྟིང་ཏིང་འཛིན་འདི་ལྟ་བུ།། ཆོས་རྣམས་སེམས་ཀྱི་རང་བཞིན་དེ། ། སེམས་ཉིད་གདོད་ནས་མ་སྐྱེས་བས།། ཅི་ལ་མི་རྟོག་དེ་བཞིན་ཉིད།། དམིགས་སུ་མེད་པས་མཉམ་པ་ཉིད།། མཉམ་ཉིད་དང་ལས་མཉམ་པའི་ཡེ་ཤེས་སྐྱེས།། ཡེ་ཤེས་ཉིད་ལས་སྙིང་རྗེ་བྱང་ཆུབ་སེམས། ། བྱང་ཆུབ་སེམས་ཉིད་ཆུ་ཟླའི་དཀྱིལ་འཁོར་བཞིན།། སྣང་བ་རང་བཞིན་མེད་པས་གཟུང་བར་བྱ།། གཉིས་མེད་བྱང་ཆུབ་སེམས་ཀྱི་རང་བཞིན་ནི།། སེམས་ཀྱི་རང་བཞིན་ཡེ་གེ་ཧཱུ~ཾ་དུ་གྱུར། ། འོད་ཀྱི་འཕྲོ་འདུས་རྡོ་རྗེ་ཕྱག་རྒྱར་གསལ།། དེ་ཉིད་འཕྲོ་འདུས་དཔལ་ཆེན་ཁྲག་མཐུང་རྫོགས།། ཤྲཱི་ཧེ་རུ་ཀ་ཧཱུ~ཾ་ཧཱུ~ཾ་ཧཱུ~ཾ་ཧཱུ~ཾ་ཕཊ། ཞལ་གསུམ་ཕྱག་དྲུག་ཞབས་བཞིར་བགྲད།། གཡས་དཀར་གཡོན་དམར་དབུས་མཐིང་ཞལ། ། རྡོ་རྗེ་ཁ་ཏྭཱཾ་ཞིང་དབྱུག་གཡས།། གཡོན་དྲིལ་དུང་དམར་རྒྱུ་ཞགས་བསྣམས།། དུར་ཁྲོད་རྫས་ཀུན་ཕུན་སུམ་ཚོགས།། ཐུགས་ཁར་ཉི་སྟེངས་ཧཱུ~ཾ་ཞེས་སྒོམ།། འབར་དང་སྤྲོ་དང་རྡུལ་འདུས་པས། ། རུ་དྲའི་སྙེན་པོར་གཡལ་བར་སྒོམ།། སྤྱན་དྲངས་ཕྱག་བཞུགས་མཆོད་ཕུལ་ནས།། བསྙེན་པ་སྟོང་སྟོང་རྟག་ཏུ་དབུལ།། དེ་རྟིང་ཏིང་འཛིན་འདི་ལྟ་བུ།། བདག་གི་ཐུགས་ལས་སྤྲོ་བ་ནི།། ཡི་གེ་དམར་ལ་འོད་འཕྲོས་ཏེ། ། སྟེང་ཕྱོགས་གསེར་གྱི་གུར་ཕུབ་ནས།། ར་དམར་ཁྲག་གི་རྦ་ཀློང་སྟེ།། ཉི་ཟླ་པདྨའི་གདན་སྟེངས་སུ།། ཀུན་གཞི་རྣམ་ཤེས་ལྗང་ཁུ་ནརི།། འོད་འཕྲོས་དཔའ་བོའི་ཐུགས་དམ་བསྐུལ།། སླར་འདུས་ནརི་ལ་ཐིམ་གྱུར་པས། ། བདག་དང་གཉིས་མེད་སྐུ་མཆོག་ནི།། དབུ་གསུམ་ཕྱག་བཞི་ཞབས་གཉིས་པ།། གཡས་སེར་གཡོན་སྔོ་ལེ་བརྒན་དབུས།། དབུ་ལ་གསེར་གྱི་ཅོད་པན་ཏེ།། རིགས་ལྔའི་སངས་རྒྱས་དབུ་ལ་རྫོགས། ། སྤུ་གྲི་བནྡྷ་གཡས་ན་བསྣམས།། ཙིཏྟ་ཞིང་ཆེན་གཡོན་ན་བསྣམས།། བྱེ་རུའི་མཆེ་བ་འབར་གཙིགས་ཤིང།། དབང་པོ་ལྔ་ལ་མེ་འབར་ཞིང།། ཞིང་ཆེན་རློན་པའི་ན་བཟའ་ལ།། སྟག་ལྤགས་རློན་པའི་ཤམ་ཐབས་ཅན། ། རྟ་རོ་འབུམ་ནི་གཅལ་དུ་བཀྲམ།། མི་རོ་འབུམ་གྱི་ཁྲི་སྟེངས་ན།། ཞབས་གཉིས་གྱད་ཀྱི་དོར་སྟབས་བཞུགས།། གཡོན་ན་ཡུམ་སྐྱེད་ཨེ་ཀ་ཛ་ཏི་མ།། སྐུ་མདོག་མཐིང་ནག་རལ་པ་ཅན།། སྤུ་གྲི་གཡས་ལ་དགྲ་བགེགས་གཡོན། ། དབང་པོ་ལྔ་ལ་མེ་འབར་ཞིང།། འཁོར་ནི་ནག་པོ་འབུམ་གྱིས་བསྐོར།། ཞིང་ཆེན་གདན་ལ་བཞུགས་བསམ་ལ།། མཁའ་འགྲོ་བརྒྱད་དང་བཅས་པ་སྒོམ།། ཉི་ཤུ་རྩ་བརྒྱད་འཁོར་གྱིས་བསྐོར། ། བདུད་དང་གིང་ཚོགས་འབུམ་དང་བཅས།། རིག་འཛིན་གདོན་ནི་འབུམ་དང་བཅས།། དེ་ལྟར་ཏིང་འཛིན་རྫོགས་པར་བྱ།། རྡོ་རྗེ་སྲིན་པོ་སྒྲུབ་པའི་ཕྱིར།། ཏིང་ངེ་འཛིན་གྱི་དཀྱིལ་འཁོར་ལ།། རྟག་ཏུ་མི་འབྲལ་བཟླས་བ་ཙམ། ། རྡོ་རྗེ་སྲིན་པོའི་རྒྱུད་ལས། ཏིང་ངེ་འཛིན་གྱི་དཀྱིལ་འཁོར་གྱི་ལེའུ་སྟེ་ལྔ་པའོ།།།། དེ་ནས་ཡང་དག་བཤད་བྱས་ཏེ།། གསང་སྔགས་དོན་རྣམས་བཤད་པར་བྱ།། ཨོཾ་བཛྲ་ཤྲཱི་ཧེ་རུ་ཀ་ཧཱུ~ཾ་ཕཊ། བདག་ཉིད་སྐུ་སྐྱེད་པའོ།། ས་མ་ཡ་མཎྜལ་མ་དྷེ་ཨ་གད་ཛ་ཡ། ཨ་གད་ཛཱ་ཨ་ཧཱུ~ཾ་ཛ། སྤྱན་དྲངས་པའི་སྔགས་སོ།། སྲད་བུ་ཨ་ཏིཥྟ། ཨ་ལ་ལ་ཏི་སྟ་བཛྲ་བྲུཾ། བཞུགས་སུ་གསོལ་བའི་སྔགས་སོ།། མཱ་ཧཱ་མཾ་ས་ཁཱ་ཧི། མ་ཧཱ་རཀྟ་ཁཱ་ཧི། མ་ཧཱ་ཙིཏྟ་ཁཱ་ཧི། མ་ཧཱ་བ་སུ་ཏ་ཁཱ་ཧི། མ་ཧཱ་གོ་རོ་ཙ་ན་ཁཱ་ཧི། ཁ་ཁ་ཁཱ་ཧི་ཁཱ་ཧི། མཆོད་པའི་སྔགས་སོ།། སརྦ་པཉྩ་ཨ་མྲི་ཏ་ཁ་ཁ་ཐ། བདུད་རྩིས་མཆོད་པའི་སྔགས་སོ།། ཨི་དམ་བ་ལིང་གྲི་ན་ཁ་རཾ། ཏ་ཀི་ནི་ཁཱ་ཧི། གཏོར་མ་འབུལ་བའི་སྔགས་སོ།། ཡན་ལག་གི་སྔགས་འདི་ནི་ཚུལ་འོག་དང་འདྲའོ།། ཨོཾ་ཤྲཱི་ཧེ་རུ་ཀ་ཧ་ཧ་རུ་ལུ་རུ་ལུ་ཧཱུ~ཾ་ཕཊ། ཟླས་པར་བྱ་བའི་སྙིང་པོའོ།། ཧཱུ~ཾ་ཧཱུ~ཾ་ཧཱུ~ཾ་ཧཱུ~ཾ། སྤྲོ་དང་བསྡུ་བ་ལས་ཀྱིས་ལྷ་དང་མ་རུངས་པ་དབང་དུ་བྱ་བའོ། ། བསྙེན་པོ་སྒྲུབ་པའི་གསང་སྔགས་ནི།། ཡི་གེ་བཅུ་གསུམ་ནུས་ཐང་གིས།། བཟླས་བརྗོད་འཕྲོ་འདུ་རྒྱུན་མི་གཅད།། རིགས་ལྔའི་ངོ་བོ་དེ་འོག་ཏུ།། དཔལ་ཆེན་ཁྲག་འཐུང་སྙིང་པོའི་ཡི་གེ་བཞི། ། གསལ་བར་གྱུར་པས་ཡི་གེ་གཉིས།། ཀེའུ་སིང་སྙིང་པོའི་ཡི་གེ་བཞི།། དབང་སྡུས་མཐའ་རྟེན་བསྲེས་པ་གདགས།། བར་བར་ཏིང་འཛིན་གསལ་བྱ་བ།། གནས་དང་འོད་འཕྲོ་སྤྲུལ་པ་གདོན། ། སླར་བསྡུས་ཡི་གེ་བཞི་པ་བྱ།། ཨོཾ་ནི་ཏྲོ་ཏ་ནི་ནི་ཏྲོ་ཏ་ནི། འདི་སྐུ་བསྐྱེད་པའི་སྙིང་པོའོ།། སྤྱན་དྲངས་ལ་སོགས་གོང་དང་འདྲ།། ཧུ་རུ་ཧུ་རུ་བཟླས་པའི་སྙིང་པོའོ།། སྭཱཧཱ་ཞེས་པ་མཐའ་རྟེན་ལ།། ལས་རྣམས་གང་ཡང་གྲུབ་པའི་སྔགས། ། ནི་ཏྲོ་ཏ་ནི་གཉིས་བརྗོད་པས།། དབུ་མནན་ཧུ་རུ་གཉིས་བརྗོད་མཐར།། སྭཱཧཱ་མཐའ་རྟེན་བཅོ་ལྔ་པ།། བཀྲ་ཤིས་ཕྱག་འཚལ་དང་པོར་བཞག། སྲོག་སྙིང་དྲག་ཏུ་བརྗོད་པ་ཡིས། ། སྣང་སྲིད་སྒྲོལ་བའི་མཐུ་དང་ལྡན།། བཀྲ་ཤིས་བཞི་ཚུགས་མཐའ་བཞག་པས།། ཞི་རྒྱས་བདེ་བ་ཕུན་སུམ་ཚོགས།། ལས་རྣམས་ཐམས་ཅད་སྒྲུབ་པའི་ཕྱིར།། བྱེ་བ་བཟླས་པས་འགྲུབ་བར་འགྱུར།། ཤིན་ཏུ་དྲག་པོར་སྒྲུབ་འདོད་ན། ། བཀྲ་ཤིས་ཕྱག་འཚལ་དང་པོར་བཞག། ནི་ཏྲོ་ཏ་ནི་གཉིས་བརྗོད་དེ།། ཧུ་རུ་གཉིས་ནི་མཐར་སྦྱར་བ།། དབུག་འདྲེན་པ་ཡི་མཐར་གཞུག་པ།། འབར་བ་ཕྱེད་དང་གཉིས་པ་གཞག། རྩ་བའི་གསང་སྔགས་ཟབ་མོ་སྟེ། ། ཡི་གེ་བཅོ་ལྔའི་འཕྲེང་བ་འདི།། རྣལ་འབྱོར་རྣམས་ཀྱིས་ཉམས་སུ་བླངས།། བྱེ་བ་བཟླས་ན་མངོན་དུ་འགྱུར།། གལ་ཏེ་མངོན་དུ་མ་གྱུར་ན།། བཟླས་པ་བྱེ་བ་དུང་ཕྱུར་གནས།། སྦས་པའི་གསང་སྔགས་བཤད་བྱ་སྟེ། ། ཡི་གེ་རྩ་དྲུག་གདོན་པར་བྱ། ར་ཧ་ལེ་ར་ཧ་ལེ། སྣང་སྲིད་བསྒྲལ་བའི་ང་རོ་སྟེ།། རུ་དྲ་རུ་དྲ་དངོས་བྱུང་བས།། རྦུད་རྦུད་ཁ་ཊྭཱཾ་མཚོན་གྱིས་གཏུབས།། རྦ་ན་རྦ་ནའི་མཆོང་ཚུལ་གྱིས། ། ཚལ་པ་ཚལ་པ་མགོ་ལུས་གཤོག། ཧ་ལ་ཧ་ལ་འཇིག་པ་དེས།། ཧཱུ~ཾ་ཧཱུ~ཾ་རྡུབ་ཅིང་ཞལ་དུ་རྡུབ།། དབང་དུ་འདུས་པར་ཐེ་ཚོམ་མེད།། འབུམ་གཅིག་བཟླས་པས་ལས་རྣམས་བྱེད།། སྒྲུབ་པའི་གསང་སྔགས་ཟབ་མོ་སྟེ། ། རྣལ་འབྱོར་རྣམས་ཀྱིས་ཉམས་སུ་བླངས།། གད་ལ་བྱ་བ་ཤི་བར་རིགས།། གལ་ཏེ་ཤི་བར་མ་གྱུར་ན།། ཐེམ་ལས་བསྟེན་པའི་སྦས་པ་བཟླས།། དབང་དུ་བསྡུ་ཕྱིར་ཧཱུ~ཾ་གཉིས་བརྗོད།། ཧ་ལ་གཉིས་བརྗོད་འཇིགས་བྱེད་བསྐྱེད། ། རབ་ཏུ་བསྐུལ་ཕྱིར་ཚལ་པ་གཉིས།། མནན་ཕབ་པར་ཡང་བསྐུལ་བའི་ཕྱིར།། རྦ་ན་གཉིས་བརྗོད་གསང་བའི་གིང།། ར་ར་ལེ་ནི་གཉིས་བརྗོད་པས།། ལས་ཀྱི་གིང་ནི་བསྐུལ་བའི་སྔགས། ། སྔགས་ཟོར་གདུག་པའི་སྲིན་པོའི་སྔགས།། གང་ལ་ཐེབས་པར་ཐེ་ཚོམ་མེད།། གྲུབ་པར་མ་གྱུར་ལས་འགོར་ན།། གསང་སྔགས་ཐེབས་ལས་ཟློག་པ་བསྟན།། ལེ་ཧ་ར་ཏྲ་རུ་རྦད་ན་རྦ་པ་ཚལ་ལ་ཧ་ཧཱུ~ཾ། ཡི་གེ་བཅུ་གསུམ་སྙིང་པོ་འདིས།། བཟླས་པ་འཐེམས་ན་ཐེ་ཚོམ་མེད།། རྩ་བ་སྦས་པའི་གསང་སྔགས་ཟླས།། ལས་ཀྱི་གསང་སྔགས་བསྟན་པར་བྱ།། དུ་ན་དུ་ན་མྲག་པ་ཤང་ཧ་ལ་ཧ་ལ། ཙ་ལ་ཙ་ལ། པ་ཙ་པ་ཙ། ཧིམ་ཧིམ། རྦད་ན་རྦད་ན། རྦད་པུ་ལིང། རྦད་པུ་ལིང་མེ་ཤ་ཡ། མེ་ཤ་ཡ་མཱ་ར་ཡ་མཱ་ར་ཡ། གདུག་པ་ཅན་གྱི་གསང་སྔགས་སོ།། ནི་ཏྲོ་ཏ་ནི་ཏྲོ་ཏ་ནི། ཀཱི་ལི་ཀཱི་ལ་ཡ། ཧུ་རུ་ཧུ་རུ་ཧཱུ~ཾ་ཕཊ། ཕུར་བསྒྲུབ་པ་དང་གདབ་པའི་སྔགས་སོ། ། ནི་ཏྲོ་ཏ་ནི། ནི་ཏྲོ་ཏ་ནི། ད་ཧ་ད་ཧ། པ་ཙ་པ་ཙ། ཧུ་རུ་ཧུ་རུ། བ་རྨི་ཀུ་རུ་ཀུ་རུ་ཧཱུ~ཾ་ཕཊ། སྦྱིན་སྲེག་གི་སྔགས་སོ།། ནི་ཏྲོ་ཏ་ནི། ནི་ཏྲོ་ཏ་ནི། བདུད་བདག་སྙིང་ས་མ་ཡ་ཕྱེ། དམ་ཚིག་སྲོག་བདག་ས་མ་ཡ་ཕྱེ། སྙིང་ས་མ་ཡ་ཕྱེ། བཟློག་ཕྱེ། དབྱེ་བའི་སྔགས་སོ།། ནི་ཏྲོ་ཏ་ནི་ནི་ཏྲོ་ཏ་ནི། ནི་ཨཱ་ཀརྵ་ཨ་ཧཱུ~ཾ་ཛ་ཛ། དགུག་པའི་སྔགས་སོ།། ནི་ཏྲོ་ཏ་ནི་ནི་ཏྲོ་ཏ་ནི། ཁ་ཊྭཱཾ་ཁ་ནི་ཏྲི་ཤུ་ལ་ཧཱུ~ཾ་ཕཊ། ཁ་ཊྭཱཾ་ཁ་སྒྲུབ་པ་དང་གདབ་པའི་སྙིང་པོའོ། ། ནི་ཏྲོ་ཏ་ནི་ནི་ཏྲོ་ཏ་ནི། གིང་ཀ་ར། གིང་ཀ་ར། རྦད་ན་གཟེར་སྙིང་ན་གཟེར། མཱ་ར་ཡ་ཕཊ་ཕཊ། ས་མ་ཡ་མུགས། མདའ་སྒྲུབ་པ་དང་འཕངས་པའི་སྔགས་སོ།། ནི་ཏྲོ་ཏ་ནི་ནི་ཏྲོ་ཏ་ནི། ཧུ་རུ་ཧུ་རུ་ཧཱུ~ཾ་ཕཊ། རཀྴ་ཕྲོཾ། ཀརྨ་རཀྵ་སི། ཀརྨ་རཀྵ་སི། ཀྴུ་ལ་ཀྴུ་ལ། མུ་ཏྲ་པ་ཏྲ། ཀུ་རུ་ཀུ་རུ་བྷྱོ། ཏྲི་ལིང་ཤང་ཀ་དུ་དྲི་ཟ་ཡཀྴ་རྦད་པུ་ཕྱེ་མ་འདར། རུ་རུ། བྲ་བྲ། དུམ་དུམ། ཤིག་ཤིག། དགྲ་བགེགས་མ་ར་ཡ། ཙ་ཙ་ར་ཛ་རྦད། ཐུན་ཐམས་ཅད་སྒྲུབ་པའི་སྔགས་སོ།། ནི་ཏྲོ་ཏ་ནི་ནི་ཏྲོ་ཏ་ནི། གིང་ཀ་ར་མུ་ཏྲ་ཀ་ལ་ཨ་བྷི་ཥིཉྩ་ཨ། དབང་བསྐུར་བའི་སྔགས་སོ།། རྡོ་རྗེ་སྲིན་པོའི་རྒྱུད་ལས། གསང་སྔགས་ཀྱི་ལེའུ་སྟེ་དྲུག་པའོ།།།། དེ་ནས་ཡང་དག་བཤད་བྱ་སྟེ། ། དམ་ཚིག་དག་གི་རྩ་བ་ཡང།། སྒྲུབ་པ་ཆེན་པོའི་དུས་ན་ཡང།། ལྟ་བ་བས་ཀྱང་སྤྱོད་པ་སྔགས།། མ་གཏད་མི་མནན་གཏོར་མ་སྦྱིན།། རིགས་འཛིན་གདོན་ལ་མི་རྨད་དེ།། དུར་ཁྲོད་གནས་སུ་ཉལ་བ་དང། ། རོ་རྣམས་མཐོང་ན་དགའ་བ་བསྐྱེད།། ལོངས་སྤྱོད་མི་ཤ་ཁྲག་ལ་རོལ།། བུད་མེད་རྣམས་ལ་སྨད་མི་བྱ།། རི་བོའི་རྩེ་ནས་བྱ་ར་བྱ།། རྩེ་གསུམ་མདུང་གི་ལག་ཆ་ཐོགས།། རྡོ་རྗེ་སྲིན་པོའི་རྒྱུད་ལས། དམ་ཚིག་གི་ལེའུ་སྟེ་བདུན་པའོ།།།། དེ་ནས་ཡང་དག་བཤད་བྱ་བ།། བདག་ཉིད་ལུས་ནི་གཅེར་བུར་བྱུང།། ཁྲག་གིས་ངོ་བྱུགས་སྐྲ་བཅིངས་ཤིང།། གོམ་པ་གྲག་མཎྜལ་བསྐོར།། ལག་པ་གར་བྱ་ཐལ་མོ་གདབ། ། དྲག་པོར་གྱུར་པོའི་དུས་དག་ཏུ།། མིང་གི་མི་བྱར་མི་རུང་ངོ།། མཐེའུ་ཆུང་ལྕགས་སྒྲོག་ལུ་གུ་རྒྱུད།། གུང་སྲིན་མཐེ་བོང་རྩེ་སྤྲད་དེ།། མི་སྐྲའི་ཞགས་བས་བཟུང་བ་དང།། དྲིལ་བུ་བཟུང་བ་ལ་སོགས་བྱ། ། མཛུབ་སྲིན་ལྕགས་ཀྱུའི་ཚུལ་བཀུ་ནས།། ཕྱོགས་བཅུ་དག་ཏུ་བསྟན་པ་ནི།། དགུག་པའི་དུས་སུ་བྱ་བར་ཤིས།། ལག་གཉིས་ཕུར་བུ་དྲིལ་བྱས་ཤིང།། གཡོན་པས་གཟུང་ཞིང་གཡས་པ་གདབ།། གདབ་པའི་ཚུལ་དུ་བྱ་བར་ཤིས། ། གཡོན་པས་གཟུགས་བཟུང་གཡས་པས་ནི།། སྤུ་གྲི་ཐོགས་ལ་གཏུབ་པར་བྱ།། བསྲེག་པའི་དུས་སུ་བྱ་བར་ཤིས།། སྔགས་པ་ཁྲོས་པས་བདུད་ཀྱི་ཆས།། ལུས་ལ་བསེ་ཡི་ཁྲག་གོན་ཏེ། ། གཡོན་པ་ཁ་ཊྭཱཾ་རྩེ་གསུམ་ཕྱར།། གཡས་ཀྱིས་མདའ་དང་ཐོད་པ་ཐོགས།། གདབ་དང་འཕང་དང་བརྡེག་པ་གསུམ།། མྱུར་བ་མྱུར་བར་དྲག་ཏུ་བྱ།། བརྡེག་འཕང་དུས་སུ་བྱ་བར་ཤིས།། རྡོ་རྗེ་སྲིན་པོའི་རྒྱུད་ལས། ཕྱག་རྒྱའི་ལེའུ་སྟེ་བརྒྱད་པའོ།།།། དེ་ནས་ཡང་དག་བཤད་བྱ་སྟེ།། བཟླས་པ་བྱེ་བ་ཚང་གྱུར་ན།། འོད་དང་སྒྲ་དང་དྲི་ཞིམ་དང།། མངོན་དུ་སྣང་བའི་གཟུགས་དག་དང།། གནོད་སྦྱིན་སྐད་འབྱིན་ལྟས་ངན་སྐད། ། དེ་གཟུགས་འཁོར་དང་བཅས་རྣམས་ཁོལ།། མེ་འབར་མེ་རྟག་ཁང་པ་འཚེག། མངོན་དུ་སྣང་བའི་ཆོ་འཕྲུལ་སྟོན།། གལ་ཏེ་མངོན་དུ་མ་གྱུར་ཡང།། རྨི་ལམ་དག་ཏུ་སྣང་བ་ཡང།། རབ་ཏུ་བྱུང་དང་ཨ་ཙ་ར། ། བན་དེ་དག་གམ་ལྷ་སྲས་བཟང།། ཞང་བློན་སྐྱེས་པ་མང་པོའམ།། དེ་རྣམས་ལམ་ན་རྫས་ཐོགས་བཟང།། རྫས་རྣམས་མེད་ན་འབྲིང་དུ་བསྟན།། ཅིང་ཡང་མ་མཐོང་ཐ་མའོ།། དཔའ་བོ་གྲུབ་པའི་གྲུབ་རྟགས་ནི། ། སྡས་པ་ངོ་འབྱིན་ཆེ་བ་དང།། ཡུལ་གྲུ་མང་པོ་འཇིག་པ་དང།། བུ་ཚ་ཕོ་བརྒྱུད་འཕེལ་བ་དང།། རྫས་རྣམས་ཐམས་ཅད་འདུ་བ་དང།། ངག་གི་བདེན་པས་འགྲོ་འདུལ་ཞིང།། རྟག་ཏུ་མི་རྣམས་ཀུན་ལས་འཕགས། ། ཕྱི་མར་གྲགས་པའི་རྒྱལ་མཚན་ཐོབ།། དེ་སོགས་ཡོན་ཏན་བརྗོད་མི་ལང།། རྡོ་རྗེ་སྲིན་པོའི་རྒྱུད་ལས། རྟགས་བསྟན་པའི་ལེའུ་སྟེ་དགུ་པའོ།།།། དེ་ནས་རྡོ་རྗེ་ལས་ཀྱིས། མཐུ་སྟོབས་ཀྱི་བདག་པོ་ལ་འདི་སྐད་ཅེས་གསོལ་བ་བཏབ་བོ། ། ཀྱེ། མཐུ་སྟོབས་བདག་པོ་ཐུགས་རྗེའི་བདག། དངོས་གྲུབ་ཚོགས་ལས་མངའ་མཉེས་པ།། མ་འོངས་རྣལ་འབྱོར་ཕྱི་རབས་ཀྱིས།། ལས་ཀྱི་རིམ་པ་སྒྲུབ་པའི་ཕྱིར།། བདག་གིས་ཡོངས་སུ་ཞུ་ལགས་ཀྱིས། ། དེང་འདིར་སྟོན་པས་གནང་བར་མཛོད།། དེ་ལ་མ་མོའི་ལས་བྱ་ན།། བདུད་ནི་མ་ཏྲང་རུ་དྲ་ཡི།། གཟུགས་ཀྱི་མཎྜལ་དེ་སྟེངས་སུ།། རོ་ཏ་མ་ཏ་སྨྲ་རར་ཏ།། ཡི་གེ་བརྒྱད་པོ་དགོད་པར་བྱ། ། གླང་བཀལ་བ་དང་མཛོ་མོ་དང།། ཀེའུ་ཚེ་དང་ནི་རྨ་ཤིང་དང།། སེང་ལྡེང་དང་ནི་སྐྱེར་ལྡེང་དང།། སྐྱེར་པ་དང་ནི་གྲ་མ་དང།། ཕུར་བུ་སོ་བརྒྱད་དགོད་པར་བྱ།། སྙིང་སྣ་ཚོགས་པའི་གཏོར་མ་གཉིས།། དཔལ་དང་མ་མོའི་རིམ་པས་དང། ། སྙིང་ཐུན་ཁྲག་ཐུན་ར་ཡི་ཟོར།། མདའ་རྡོ་དུག་དང་ཉུངས་ཐལ་རྣམས།། རིམ་པས་མཁས་པས་དགོད་པར་བྱ།། བདན་ཉིད་སྲིན་པོ་རུ་རུ་སྟེ།། སྐུ་མཆོག་ཆ་ལུགས་ཇི་བཞིན་ལས། ། ཡིད་ཀྱི་རྣམ་ཤེས་རྒྱུས་པ་ལས།། ཟ་བྱེད་འཇིགས་པའི་སྲིན་མོ་བརྒྱད།། རྩ་བའི་ཡི་གེ་བཀོད་པ་ལས།། རྫོགས་པར་གསལ་ནས་བསྙེན་པ་ཙམ།། རོ་ནི་ལ་མ་ཀེ་རི་སྟེ།། ལག་པ་གཡས་ནས་བསྐྱེད་པར་བྱ། ། མ་མ་རཀྴ་བྷྱོ་ཞེས་པས།། ཀུན་ཀྱང་མཐའ་རྟེན་མན་ངག་ཡིན།། ཏ་ནི་ཁ་ན་ཏ་རི་ཤ་སྟེ།། གོང་བཞིན་སྦྱར་ནས་ལག་པ་གཡོན།། མ་ནི་རུ་པ་ནི་མཆན་ཁུང་གཡས།། ཏ་ནི་པྲ་ཙན་མཆན་བུང་གཡོན།། སྨྲ་ནི་ཙནྡྷ་རཀྴ་རྐང་པ་གཡས། ། ར་ན་སྤྲ་བ་བ་ཏི་རྐང་པ་གཡོན།། ར་ནི་མ་ཧཱ་ན་ས་མགོ་ལ་སྟེ།། ཏ་ནི་བྱི་ར་མ་ཏི་གསང་བར་རོ།། ཐུན་དང་ཕུང་པ་ལ་སོགས་རྣམས།། སྐུ་དང་ཕྱག་མཚན་དུ་བསྒོམས་ནས།། དྲིལ་ཏེ་རུ་ལུ་རུ་ལུ་ཞེས། ། བཅུ་ཡི་འཕྲེང་བར་བསྙེན་པ་བྱ།། བཟླས་པ་རྫོགས་ནས་ཟོར་བསྐུལ་བ།། མ་ཧཱ་རུ་ལུ་མ་ཧཱ་མ་རཀྵ་མ་མ་བྷྱོ། ཡི་གེ་བཅུ་དགུའི་འཕྲེང་བ་དྲིལ།། གཡས་བསྐོར་གཡོན་དུ་གསད་དུས་སུ།། དུག་སྔགས་རཀྴ་ཕོད་ཕོད་ཅེས། ། ཡི་གེ་ལྔ་པ་བཟླས་པར་བྱ།། དྲིལ་ཏེ་འཕང་པའི་དུས་དག་ཏུ།། མ་མ་སརྦ་ཤ་ཏྲུཾ་མཱ་ར་ཡ་ཐུན་ཡ། བཅུ་གཉིས་བརྗོད་དེ་སོ་སོར་འཕང།། བཅུ་དགུ་བརྗོད་དེ་སོ་སོར་འཕང།། རྡོ་རྗེ་སྲིན་མོའི་རྒྱུད་ལས། ཟ་བྱེད་སྲིན་མོའི་གདུག་སྔགས་ཀྱི་ལེའུ་སྟེ་བཅུ་པའོ། །།། དེ་ནས་ཡང་དག་བཤད་བྱ་བ།། ཞི་བར་གྱུར་པའི་ལས་དག་ནི།། གྲུབ་པ་ཐོབ་པའི་རྣལ་འབྱོར་དེས།། ཐབ་ཁུང་ཟླུམ་པོ་རྡོ་རྗེའི་ར།། ཁྲུ་གང་གཏིང་དུ་བྲུས་པ་དེར། ། འོ་མ་ཡོད་པའི་ཤིང་རྣམས་རྩིག། གུ་གུལ་དཀར་དང་འོ་མ་དང།། མར་དང་འབྲས་ཆན་ལ་སོགས་དང།། ཞི་བའི་རྫས་སུ་གང་ཤིས་པ།། ནི་ཏྲོ་ཏ་ནི་གཉིས་འོག་ཏུ།། ཤན་ཏིང་ཀུ་རུ་ཞེས་པ་དང།། ཧུར་རུ་གཉིས་བརྗོད་སྭཱཧཱ་ཞེས། ། ཨོཾ་གྱིས་དབུས་མནན་ཁྲི་གཅིག་བསྲེག། ཤིན་ཏུ་ཞི་བར་གྱུར་པ་བཤད།། རྒྱས་པར་གྱུར་པའི་ལས་དག་ནི།། ཐབ་ཁུང་གྲུ་བཞི་རྡོ་རྗེ་གྲཝ།། སྐྱེར་བ་ཚེར་མ་མེད་པ་གཙེར།། གུར་ཀུམ་གྷི་ཝང་དུད་པ་ལ། ། པུཥྟིང་ཀུ་རུ་གོང་བཞིན་སྦྱར།། བཀྲ་ཤིས་རྫས་ཀྱང་དབུལ་བར་བྱ།། ཤིན་ཏུ་རྒྱས་པར་འགྱུར་བར་བཤད།། དབང་དུ་གྱུར་པའི་ལས་དག་ནི།། ཐབ་ཁུང་ཟླ་གམ་ལྕགས་ཀྱུས་བསྐོར།། སེང་ལྡེང་གླང་བཀལ་ཐབ་ཁུང་རྩིག། ཙན་དན་སྨུག་དང་ལྕོང་ཞུན་དང།། མར་ནག་ཉ་ཤ་སྦྲང་རྒོད་ལ།། པ་ཤང་ཀུ་རུ་གོང་བཞིན་སྦྱར།། ཤིན་ཏུ་དབང་དུ་འགྱུར་བར་བཤད།། དྲག་པོར་འགྱུར་བའི་ལས་དག་ནི།། ཐབ་ཁུང་གྲུ་གསུམ་མཚོན་གྱིས་བསྐོར། ། ཤི་ཤིང་དང་ནི་ཚེར་མ་ཅན།། གྲུ་གསུམ་ལེགས་བརྩིགས་དུག་བྱུགས་ལ།། ལྕགས་ཕྱེ་ཟངས་ཕྱེ་རྡོ་ཕྱེ་ལ།། ཚ་བའི་མར་དང་ཤ་ཆེན་དང།། ལིང་གི་ཏལ་ནག་ལ་སོགས་བསག། རཾ་ལས་མེ་ལྷའི་ཐུགས་ཁ་རུ། ། སྐུ་མཆོག་འཁོར་བཅས་ཞལ་དུ་ནི།། གོང་གི་གསང་སྔགས་དྲག་པོས་བསྲེག། མྱུར་དུ་དྲག་པོ་འགྲུབ་པར་འགྱུར།། རྡོ་རྗེ་སྲིན་པོའི་རྒྱུད་ལས། འཕྲིན་ལས་རྣམ་བཞིའི་ལེའུ་སྟེ་བཅུ་གཅིག་པའོ། །།། དེ་ནས་ཡང་དག་བཤད་བྱ་སྟེ།། དགུག་པར་བྱ་བའི་ལས་དག་ནི།། ནམ་གྱི་ཕར་ཕྱེད་ཚུར་ཕྱེད་ལ།། དབང་ལྡན་ཕྱོགས་ནས་བརྩམ་བྱ་སྟེ།། སྐྲ་ཡང་གིང་སྐྲ་གྱེན་དུ་བརྫེས།། ལིང་ག་ཤི་སྐྲའི་ཐག་པས་འཐེན། ། ཞལ་ཟས་ཚོགས་པས་གཡབ་ཅིང་བོད།། གཡས་པ་ལྕགས་ཀྱུས་བཟུང་ནས་ནི།། ཡི་གེ་བཅུ་དྲུག་ནུས་ཐང་གིས།། བཟླས་ཏེ་བླ་དགུག་ཕོ་ཉ་མངག། དམ་ཉམས་དགུག་པའི་མུ་དྲ་བཅའ། ། ཡབ་ཀྱི་སྐུ་མཆོག་དམར་པོ་ནི།། དབུ་གསུམ་ཕྱག་བཞི་ཆ་བྱད་ཅན།། དབུ་ནི་གིང་སྐྲ་གྱེན་དུ་བརྫེས།། གསེར་གྱི་ཅོད་པན་པུ་རུ་རུ།། གཡས་ན་གསེར་གྱི་ལན་ཕྲན་ཅན།། གཡོན་པ་གཡུ་ཡི་ལན་ཕྲན་ཅན། ཁམས་གསུམ་དབང་སྡུད་ཞལ་གསུམ་པོ།། རྟག་པར་རཀྟའི་རྒྱ་མཚོ་མདུན་ན་འཁྱིལ།། མི་རོ་རྟ་རོལ་ཁྲི་སྟེངས་ན།། བརྗིད་པའི་ཚུལ་གྱིས་བརྐྱང་བསྐུམ་བཞུགས།། སྐུ་ལ་མི་ལྤགས་རློན་པ་གསོལ།། མཁའ་འགྲོ་འབུམ་གྱི་དབུས་ན་བཞུགས། ། སྲིད་པའི་མ་མོ་ལས་ལ་གཏོང།། གཡས་ཀྱི་དང་པོ་སྤུ་གྲི་བསྣམས།། གློ་སྙིང་གཏུབ་པའི་དུས་ལ་བབ།། འོག་མ་ན་ནི་ལྕགས་ཀྱུ་བསྣམས།། དམ་ཉམས་དགྲ་བོའི་སྙིང་ནས་དྲོངས། ། གཡོན་གྱི་དང་པོ་ཙིཏྟ་བསྣམས།། དགྲ་སྙིང་དབྱུང་བའི་དུས་ལ་བབ།། འོག་མ་ན་ནི་ཞགས་པ་བསྣམས།། དམ་ཉམས་དགྲ་ལ་ཞགས་པས་ཐོབ།། གང་ཞིག་སྤང་བར་བྱེད་པ་རྣམས།། ནམ་ནི་ཕར་ཕྱེད་ཚུར་ཕྱེད་ལ། ། མང་བ་སྤར་གྱིས་ཐོབ་ལས་ཤོག། ཉུང་བ་མཛུབ་ཀྱིས་ཚུགས་ལ་ཤོག། བདག་ཉིད་ཁྲོས་ལས་འོ་འདོད་བོད།། ངུ་བའི་སྒྲ་ཡིས་ལིང་ག་དྲངས།། རྡོ་རྗེ་སྲིན་པོའི་རྒྱུད་ལས། དགུག་པའི་ལེའུ་སྟེ་བཅུ་གཉིས་པའོ། །།། དེ་ནས་ཡང་དག་བཤད་བྱ་སྟེ།། དབྱེ་བར་གྱུར་པའི་ལས་དག་ནི།། བྱ་རོག་འུག་པའི་གུང་རུ་ལ།། དགྲ་བོའི་ལྷ་དང་མིང་བྱང་གདགས།། ལིང་ག་བྱ་རོག་འུག་པའི་བར།། གུ་གུལ་སྦྱར་མའི་དུད་པ་བདུག། རླུང་ལྷའི་ཕྱོགས་ནས་བརྩམས་བྱ་སྟེ།། ཡི་གེ་སོ་གཉིས་དྲག་སྔགས་དང།། མ་མ་རུ་དྲ་མཱ་ར་ཡ་ཕྱེ་ཕཊ། དེ་བཟླས་བསྐུལ་ཚིག་འདི་ཡང་བསྐུལ།། གོང་བཞིན་བསྐུལ་ནས་འདི་ཡང་གདགས།། འོག་མ་དང་ནི་འཕྲ་མེན་མ། ། ཧུ་ལུ་མུ་ཀ་མཐུ་མོ་ཆེ།། སེར་ནག་ཆེན་མོ་དུ་ཁྲོད་མ།། ཐུགས་ནི་མི་དམིགས་ཡེ་ཤེས་སྤྱན།། ལག་ན་དགྲ་སྟ་ཐོད་པ་ཐོགས།། ཁྱོད་ཀྱི་ཐུགས་དམ་དུས་ལ་བབ།། ཕྲག་པ་གཡས་པའི་ཕོ་ལྷ་ཁྲོལ།། འོག་མ་ནས་ནི་འཕྲ་མེན་མ། ཁ་ཁ་མུ་ཁ་མཐུ་མོ་ཆེ།། མཐིང་ནག་ཆེན་མོ་བྱ་རོག་མགོ། རྟོགས་བྱེད་ཟས་སུ་ཤ་ཟ་ཞིང།། ཁྱིམ་ཕྱིར་འཁོར་ཞིང་ཤ་ཟ་ཞིང།། ནག་མོ་ཆེན་མོ་མིག་འབྲུ་མ།། ལག་པ་ལྕགས་ཀྱུ་ཐོད་པ་ཐོགས། ། ཁྱོད་ཀྱི་ཐུགས་དམ་དུས་ལ་བབ།། ཕྲག་པ་གཡོན་པའི་མོ་ལྷ་ཁྲོལ།། གུ་གུལ་སྦྱར་མའི་རྫས་མཆོག་འདིས།། དཀྱིལ་འཁོར་ཆེན་པོའི་གཟི་བྱིན་བསྐྱེད།། དམ་ཉམས་འགོ་བའི་ལྷ་དང་ཁྲོལ། ། རྡོ་རྗེ་སྲིན་པོའི་རྒྱུད་ལས།། དབྱེ་བའི་ལེའུ་སྟེ་བཅུ་གསུམ་པའོ།།།། དེ་ནས་ཡང་དག་བཤད་བྱ་སྟེ།། གསང་བར་གྱུར་པའི་ལས་དག་ནི།། སྐྱེས་པ་གྲི་རུ་ཤི་བའི་རྩིབས་མའམ།། ར་ཡི་གཞུང་ངམ་གང་རུང་ལ། ། བསེ་ཞོའི་དུག་དང་རྩིབས་དུག་གདན།། ལྕགས་ཀྱི་མདའ་འམ་ལྷོ་སྨྱུག་ལ།། ལྟས་ངན་སྒྲོས་བསྐྱོན་སྐྱེར་པའི་མདེའུ།། མཎྜལ་བཀོད་ལ་ལས་ལ་བརྩམ།། བླ་དགུག་གཟུགས་ལ་ཐེབས་པ་དང།། མདེའུ་ལ་འདིས་བསྐུལ་འཕང་ངམ་འདྲེག། གཡས་འོག་བསེ་མདའ་དམར་པོ་ནི།། སྐྱེས་ཆེན་རྫོགས་བདག་གིང་ཀ་ར།། མཁའ་འགྲོ་འཕྲ་མེན་སྒྲོ་ཡིས་སྒྲོན།། སྲོག་བདག་ཡམ་ཤུད་མདེ་འུས་བརྒྱན།། སྲོག་གཅོད་གིང་དུ་དབང་བསྐུར་གྱིས། ། གཡོན་འོག་ན་ནི་བསྲེ་ཡི་གཞུ།། ཡར་ལྟས་ཁྲོ་ཆེན་གིང་ཀ་ར།། མར་ལྟས་ཁྲོ་མོ་དབུགས་ལེན་མ།། ཚངས་པ་ཡབ་ཡུམ་བྱང་ཆུབ་སེམས།། རུ་དྲའི་རྒྱུད་སྒྲེངས་ཁམས་གསུམ་རྩེར།། དམ་ཉམས་དགྲ་བོའི་སྙིང་རུམ་དང། ། བསེ་མདའ་དམར་པོ་ཧ་ལ་ལ།། སྲོག་དབུགས་ཁྲོལ་ཅིག་གིང་ཀ་ར།། བརྡེག་གམ་འཕང་ངམ་གསད་པར་བྱ།། གཡས་འོག་ཁ་ཊྭཱཾ་འབར་བ་ཡིས།། གདུག་པ་མ་ལུས་རྡུལ་དུ་ལྷོགས། ། གཡོན་འོག་མཆོག་ཕུར་འཇིགས་པར་སྒྲིལ།། སྙིང་གི་དཀྱིལ་དུ་ཀི་ལ་ཡ།། གཟུགས་ལ་ཕུར་ཐུན་ཁ་ཊྭཱཾ་བསྲེག། དྲག་སྔགས་བཅུ་དགུ་དབབ་པར་བྱ།། རྡོ་རྗེ་སྲིན་པོའི་རྒྱུད་ལས། གསད་པའི་ལེའུ་སྟེ་བཅུ་བཞི་པའོ། །།། དེ་ནས་ཡང་དག་བཤད་བྱ་བ།། ཡུངས་ཀར་རྒྱལ་པོའི་ལས་དག་ནི།། བནྡྷ་དུམ་བུ་གཅིག་པ་རུ།། དངོས་གཞི་ལྔ་ཡིས་བཀང་བྱས་ལ།། ཉུངས་ཀར་རྩལ་ལ་ཞིང་དཀྱིལ་དུ།། བཅུག་སྟེ་དྲི་ཆུས་བྲན་པར་བྱ། ། ཡུངས་ཀར་ཧཱུ~ཾ་ནརི་ཧྲི་ལས།། གསང་བའི་སྔགས་ཀྱིས་བསྐྱེད་པར་བྱ།། ཨོཾ་བཛྲ་ཏི་ཀི་ནི་གག་ན་སྭཱཧཱ། ཟླ་བ་ཉ་སྟོང་དུས་དྲུག་ཏུ།། གིང་ཆེན་སྤྱན་དྲང་བསྟིམ་བྱས་ལ།། མཆོད་དང་བཟླས་པ་ཁྲི་ཁྲི་བྱ།། སྟོང་ལ་དྲག་སྔགས་གདོན་པ་ཡིན། ། ཡི་གེ་ཞེ་གཅིག་འཕྲེང་པ་དྲང།། སྨིན་དེ་གྲུབ་པར་གྱུར་པ་དང།། བནྡྷ་ཕུང་ལ་དཀྱིལ་འཁོར་གྱི་དབུས་སུ།། བཞག་ལ་དྲག་སྔགས་བསྒྲུབ་པར་བྱ།། དེ་ནས་བསྲེག་གམ་འཕང་བར་བྱ། ། རྡོ་རྗེ་སྲིན་པོའི་རྒྱུད་ལས། ཡུངས་ཀར་གྱིས་བསད་པའི་ལེའུ་སྟེ་བཅོ་ལྔ་པའོ།།།། དེ་ནས་ཡང་དག་བཤད་བྱ་སྟེ།། ཐུན་དུ་བྱ་བའི་ལས་དག་ནི།། རབས་ཆད་མོན་ཐོད་མུ་སུ་ར།། ནང་དུ་གྱིང་ཆེན་ཐུན་རྫས་སུ། ། ཁྲག་དུག་མཚོན་མ་བརྡེག་རྫས་ལ།། སྔགས་འདི་བཟླས་ལ་བསྒྲུབ་པར་བྱ།། ཏྲི་ཀུ་རུ་རག་ཁམ། ཏ་ཤ་རུ་དྲ་མཱ་རཱ་ཡ་ཐུན་ཡ། རུ་དྲ་མཱ་ར་ཡ་ཐུན་ཡ། རཀྴ་རྨར་ད་ཡ་ཐུན་ཡ། དེ་རྫོགས་པ་དང་སྔགས་རིངས་དགུག་པའི་ཞབས་ལ། ཏྲི་ལིང་བཏགས་ཏེ་བསྲེག་གམ་འཕང།། གཡས་འོག་མཆོག་ཆེན་ཕུར་པ་བསྒྲིལ།། གཡོན་འོག་ཐོད་པ་མུ་ཟུ་ར།། འདུ་བ་རྣམ་བཞིའི་ནད་བཅོལ་ལ།། སྡང་བའི་དགྲ་ལ་ཁྲག་ཐུན་ཕོབ། ། རྡོ་རྗེ་སྲིན་པོའི་རྒྱུད་ལས། ཐུན་སྒྲུབ་པ་དང་འཕངས་པའི་ལེའུ་སྟེ་བཅུ་དྲུག་པའོ།།།། དེ་ནས་ཡང་དག་བཤད་བྱ་བ།། སློབ་མ་དག་ལ་དབང་བྱས་ཏེ།། ནུབ་ཏུ་རཀྟའི་ཆག་ཆག་གདབ།། མི་རོ་རྟ་རོའི་བསྣོལ་ཏེ་བྲི། ། དེ་ནས་སློབ་མས་ཞུ་བ་བྱ།། བླ་མ་གིང་ལ་ཆང་ཡང་དྲང།། རྡོ་རྗེ་བླ་མ་ལུང་བསྟན་དེས་ཀྱང་ནི།། ཁྱོད་ལ་ཅི་ཡོད་ཡོན་ཡང་དྲི།། དེས་ཀྱང་རང་སྲོག་རྫས་དབུལ་བྱ།། བླ་མས་སློབ་བུ་དཀྱིལ་འཁོར་གཞུག། མཎྜལ་ལྷ་ཡིས་དེ་ཉིད་བསྟན།། མཎྜལ་སྟེང་དུ་བཞག་ནས་ནི།། བཀྲ་ཤིས་ཐོད་པས་དབང་བསྐུར་བ།། དེ་བཞིན་ལྔ་པའི་དབུ་བརྒྱན་དང།། གསེར་གྱི་ཅོད་པན་སྤུ་གྲི་དང།། གིང་ཆེན་བཅོ་བརྒྱད་ཕྱི་དབང་བསྐུར། ། དེ་ནས་གཟུངས་མ་ཁྲོ་གཉེར་མ།། མ་མོ་རོ་ག་མ་ཕབ་ནས།། སྐུ་གསུང་ཐུགས་ལ་མ་མོ་གསུམ།། བྱིན་རླབས་སྦྱོར་ལ་བརྩམ་བྱས་ལ།། ཉི་ཟླས་སློབ་མ་ནང་དབང་བསྐུར།། གཟུང་མ་དེ་ནི་ལག་ཏུ་གཏད། ། གསང་བ་དབང་བསྐུར་མ་མོ་གིང།། ཐམས་ཅད་ཀྱིས་ནི་དབང་བསྐུར་རོ།། གསང་བའི་སྔགས་ནི་གོང་བཞིན་ནོ།། རྡོ་རྗེ་སྲིན་པོའི་རྒྱུད་ལས། དབང་གི་ལེའུ་སྟེ་བཅུ་བདུན་པའོ།།།། དེ་ནས་ཡང་དག་བཤད་བྱ་སྟེ། ། གིང་ཆེན་སྒྲུབ་དང་བསྐང་དུས་སུ།། ལྷ་བཤོས་ཁྲ་བོ་ཆག་གང་ལ།། ཕྱོགས་བཞིར་གླིང་ནི་བཅོ་བརྒྱད་དེ།། གླིང་དུ་སྤྱན་གཟིགས་མར་མེ་བཏང།། ལ་གོར་ཕུད་དང་བཅས་པ་དེས།། བསྐྱང་ཏེ་མཆོད་པའི་ཆོ་ག་བྱ། ། གསད་པར་གྱུར་པའི་དུས་དག་ཏུ།། གྲུ་གསུམ་བཅོ་བརྒྱད་ཁྲག་བྱུགས་བརྒྱན།། སྦྱིན་སྲེག་ཟོར་དང་མནན་པ་གསུམ།། རིམ་པས་མཁས་པས་དོན་ཤེས་བྱ།། རྡོ་རྗེ་སྲིན་པོའི་རྒྱུད་ལས། སྒྲུབ་པ་དང་གསད་པའི་ལེའུ་སྟེ་བརྒྱད་པའོ། །།། དེ་ནས་ཡང་དག་བཤད་བྱ་སྟེ།། ཀླུ་ལ་གཏད་པའི་ལས་བྱ་ན།། ཤོག་བུ་ལ་ནི་སྦལ་པའི་གཟུགས།། རྒྱབ་ནག་ལྟོ་སེར་བྱས་ནས་སུ།། ལྟོ་བར་དགྲ་བོའི་མིང་རུས་བྲི།། བཅུག་གམ་བྲིས་ནས་བསྙེན་པའི་སྔགས། ། ཨོཾ་པདྨ་ནི་ཧཱུ~ཾ་ཛ། བྱེ་བ་ལ་སོགས་གདོན་པར་བྱ།། རྟགས་རྣམས་བྱུང་བར་གྱུར་པ་དང།། གླང་དམར་རྭ་བཅུག་ཀླུ་གནས་པར།། སྔོན་དམར་བཅིངས་ལ་སྔགས་འདི་བཟླས།། ཨོཾ་ནཱ་ག་རཱ་ཛ་བ་སུ་ཀྲི་ཛ། ཞེས། དགུག་པའི་སླད་དུ་གོང་མིང་སྦྱར།། རིགས་བཞིན་ཀླུ་ཡི་མིང་ནས་བོད།། བོད་ལ་གཏད་པའི་བསམ་པ་བྱ།། རྭའམ་ཁ་རུ་གང་ཤེས་གཏད།། རྡོ་རྗེ་སྲིན་པོའི་རྒྱུད་ལས། ཀླུ་ལ་གཏད་པའི་ལེའུ་སྟེ་བཅུ་དགུ་པའོ། །།། དེ་ནས་ཡང་དག་བཤད་བྱ་སྟེ།། མནན་པར་གྱུར་བའི་ལས་དག་ནི།། མཛོ་དྲེའུ་མ་ནུ་གཤེད་ཀྱི་ཐོད།། དེ་རུ་གཟས་པའི་གཟུགས་བཅུག་ལ།། སྲང་དང་ལམ་གྱི་བཞི་མདོར་མནན། ། དམ་སྲི་བོས་ལ་གཏད་པར་བྱ།། རིའུ་རུལ་སྙིང་པའི་ནང་དུ་མནན།། འགོང་པོ་རྒྱལ་པོའི་འཁོར་ལ་གཏད།། བྲག་དང་ཆུ་འཐབ་ས་རུ་མནན།། བྲག་སྲིན་ཆུ་སྲིན་བོས་ཡ་གཏད།། དུར་ཁྲོད་ཆེན་པོའི་དཀྱིལ་དུ་མནན། ། མ་མོ་འཁོར་བཅས་བོས་ལ་གཏད།། མཆོད་རྟེན་འོག་གམ་ཆོས་དཀོར་དབུས།། རྒྱལ་པོའི་དཀོར་སྲུངས་བོས་ལ་གཏད།། ཆུ་མིག་སྐུག་པ་བྲ་མའི་གླིང།། ཀླུ་སྲིན་གདུག་པ་བོས་ལ་གཏད། ། གྲོག་པོ་ཕུགས་རྡུགས་འཇིགས་པ་རུ།། གནོད་སྦྱིན་འཁོར་དང་བཅས་ལ་གཏད།། གནས་ཁང་སྟོང་པའི་མཎྜལ་འོག། ཁྲོ་བོ་བཅུ་ཡིས་གཟིར་ཏེ་མནན།། དེ་དག་གང་དང་གང་དུ་ཡང།། སྐུ་མཆོག་གསང་སྔགས་འདི་ཡིས་མནན། ། ཨོཾ་ནི་ཏྲོ་ཏ་ནི་ཏྲོ་ཏ་ཡ། ཧུ་རུ་ཧུ་བ་ཡན་ཤ་ནི་པྲ་ས་ན་པྲ་ས་ནི། ཏྲ་སེ་ཏྲ་ས་ཡ། བུ་གུ་ཏྲི། ཏ་ཏི་བྷྱོ་ཏི། ར་ཏྲ་ར་ཏྲ། ཤ་ཏ་ཤ་ད་ནེ་སྭཱཧཱ། ཞལ་གཅིག་བསམ་གཏན་དྲན་བྱས་ལ།། སྦ་བར་གྱུར་པའི་དུས་དག་ཏུ། ། ཧེ་དེ་བ་རུ་དྲ་རུ་དྲ་མ་ར་ཡ། མོ་ཧ་ར་ཙ་མཱ་ར་ཡ། ལཾ་ལཾ་སྟ་པ་ནན། རྡོ་རྗེ་སྲིན་པོའི་རྒྱུད་ལས། མནན་པའི་ལེའུ་སྟེ་ཉི་ཤུ་པའོ།།།། དེ་ནས་རྡོ་རྗེ་ལས་ལ་སོགས་པའི་འཁོར་འདུས་པ་དེ་རྣམས་རྗེས་སུ་ཡི་རངས་ཏེ། ཞལ་ནས་གསུངས་པ་ལ་མངོན་པར་བསྟོད་དོ།། དེ་ནས་དཔལ་ཕྱག་ན་རྡོ་རྗེས་བཀའ་སྩལ་པ། ངས་ནི་རྡོ་རྗེ་སྲིན་པོའི་རྒྱུད་ཆེན་པོ་དངོས་གྲུབ་དམ་པ་བཤད་ཟིན་ནོ།། ཁྱེད་ལ་གཏད་དོ། ། ཁྱེད་ཀྱིས་ཟུང་ཞིག། ཅེས་བཀའ་སྩལ་པ་དང། རྡོ་རྗེ་ལས་ཀྱིས་སྤྱི་བོར་བླངས་སོ།། རྡོ་རྗེ་སྲིན་པོའི་རྒྱུད་ལས། གཏད་པའི་ལེའུ་སྟེ་ཉེར་གཅིག་པའོ།།།། རྡོ་རྗེ་སྲིན་པོའི་རྩ་བའི་རྒྱུད་རྫོགས་སོ། །།། ཨོ་རྒྱན་གྱི་མཁན་པོ་པདྨ་འབྱུང་གནས་རྡོ་རྗེ་ཐོད་འཕྲེང་རྩལ་གྱིས། ཆོས་འཁོར་དབུས་སུ་གཤེགས་ནས་བྱོན་པའི་དུས་སུ། ལོ་ཙ་བ་ཙནྟྲ་ཀུ་ཏྲས་ཆོས་འཁོར་ལྷ་སའི་གཙུག་ལག་ཁང་དུ་བསྒྱུར་བ་རྫོགས་སོ། །།། རྒྱ་གར་སྐད་དུ། མཉྫུ་ཤྲཱི་ཡ་མ་ར་གམ་རཱ་ཙཀྲ་ཏན་ཏྲ་ནཱ་མཱ། བོད་སྐད་དུ། འཇམ་དཔལ་གཤིན་རྗེ་དམར་པོ་ཤན་པ་སྲོག་གི་འཁོར་ལོའི་རྒྱུད་ཅེས་བྱ་བ། བཅོམ་ལྡན་འདས་འཇམ་དཔལ་གཤིན་རྗེ་གཤེད་པོ་ལ་ཕྱག་འཚལ་ལོ།
CLOSE WINDOW