Wylie |
། ལེའུ་བདུན་པ་རྫོགས་སོ།།།། རྒྱ་གར་སྐད་དུ། ཡཀྵ་གིང་ཀ་ར་རཱ་ག་རཀྵ་ཏན་ཏྲ། བོད་སྐད་དུ། གནོད་སྦྱིན་གིང་དམར་པོ་སྒྲོལ་བ་སྲིན་པོའི་རྒྱུད། དཔལ་ཀརྨ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ།། སངས་རྒྱས་བསྟན་པ་བསྲུང་མཛད་པའི།། སྒྲོལ་བའི་གིང་ཆེན་འདི་རྣམས་ནི། དཔལ་ལྡན་ཀརྨ་ཧེ་རུ་ཀས།། དཀོན་མཆོག་བསྟན་པ་བསྲུང་བ་དང།། རྣལ་འབྱོར་བཙུན་པར་བྱ་བའི་ཕྱིར། ། སྲིད་པ་གསུམ་དུ་གཟིགས་པ་ལས།། ཕྱི་ཡི་སྒྲོལ་གིང་རྣམ་གཉིས་ཏེ།། བསྟན་པ་བསྙེན་པར་བྱ་བ་དང།། རྣལ་འབྱོར་བཙུན་པར་བྱ་བའི་ཕྱིར།། གིང་ཆེན་རྣམས་ལ་འདི་སྐད་གསུང།། ཤྲཱི་བཛྲ་ཛ་ཛ་ཡ་ཀ་ན་ཤ་དུན་དུན། ཞེས་བརྗོད་པས། རི་རབ་ཀྱི་རྩེ་མོར་ཐམས་ཅད་འདུས་ཤིང་བཀའ་ཉན་ཞིང་བྲན་བཞིན་དུ་འཁོད་དོ།། དེ་ཧེ་རུ་ཀས་དུས་ནམ་ཞིག་ན་བསྟན་པ་འཇིག་ཅིང་དགེ་འདུན་གྱིས་རང་ལུས་མི་ཐུབ་པའི་དུས་བྱུང་ན་བསྟན་པ་སུས་བསྲུང་ནུས། ལེགས་ཉེས་ཀྱི་སྟངས་གཅོད་ཅིང་དགེ་འདུན་བརྫུན་གྱི་ཤང་ཐང་འབྱེད་སུས་ནུས། འཇིག་རྟེན་གྱི་དྲེགས་པ་ཐམས་ཅད་ཟིལ་གྱིས་གནོན་ཅིང་ཡོ་གལ་གྱི་སྟངས་འབྱེད་སུས་ནུས་ཞེས་གསུངས་པ་དང། ལས་ཀྱི་གཤེད་པོ་འཁོར་གྱི་ཕྲན་མང་པོ་དང་བཅས་པས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བདག་གཅག་ནི་བདུད་དང། སྲིན་པོ་དང། གནོད་སྦྱིན་གདོང་དམར་གདུག་པ་རྣམས་ཀྱི་བུ་སྟེ། སྟོང་གི་འཇིག་རྟེན་གྱི་ཁམས་ན་སེམས་ཅན་ཐམས་ཅད་ཀྱི་སྲོག་དང། ནོར་ཕྱུག་དང། ཚེ་དང། དབང་ཐང་སྐྱིད་སྡུག་ཐམས་ཅད་བདག་ལ་དབང་བྱར་ཡོད་དེ། བཅོམ་ལྡན་འདས་ཀུན་གྱི་མངའ་བདག་གིས་ཀྱང་བདག་ཅག་སྒྲོལ་གིང་དུ་དབང་བསྐུར་ཅིང་བྱིན་གྱིས་བརླབ་ཏུ་གསོལ། བདག་ཅག་གིས་ཀྱང་དཀོན་མཆོག་དབུ་འཕང་བསྟོད་ཅིང། རྣལ་འབྱོར་པ་བཙུན་པར་བྱའོ་ཞེས་བརྗོད་དོ། ། བཅོམ་ལྡན་འདས་ཀརྨ་ཧེ་རུ་ཀ་ས་ལས་ཀྱི་སྒྲོལ་གིང་དུ་དབང་བསྐུར་རོ།། བཅོམ་ལྡན་འདས་ཀརྨ་ཧེ་རུ་ཀ་ལ་བསྐོར་བ་ལན་གསུམ་བྱས་ཏེ་དེ་ཉིད་ན་འཁོད་དོ།། གླེང་བསླང་བའི་ལེའུ་སྟེ་དང་པོའོ། །།། དེ་ནས་སྒྲོལ་བའི་གིང་རྣམས་ཀྱིས་སོ་སོའི་སྒྲུབ་ཐབས་རང་རང་གིས་ཕུལ་ནས་ལས་ཀྱི་དངོས་གྲུབ་བླང་བར་ཁས་བླངས་ཏེ། དཀྱིལ་འཁོར་མཐིང་ནག་གྲུ་གསུམ་དུ་རྗེས་བརྟགས་པ་གནོད་སྦྱིན་མ་རུ་རྩེ་རྟ་ཐོད་ཚངས་པ་ཐོར་ཚུགས་ཅན། ཇག་མའི་མི་རྟ་ཡམ་ཤུན་དམར་པོ་མདའ་གླིང་གསུམ་བྱ་བ་ནི་ཁྲམ་བཅུ་གསུམ་བདུད་ཕོ་མོ། ཧོ་གྱིས་བསད་པའི་ནི་ཁུ་ལེ་ལས་དགུའོ།། སོ་སོའི་སྒྲུབ་ཐབས་བསྟན་པའི་ལེའུ་སྟེ་གཉིས་པའོ། །། བསྟན་བཤིག་དགྲ་བོ་ལྔ་ཡོད་དེ།། གཞུང་བཞིན་མི་བྱེད་བན་དྷེ་དང།། ལོག་པར་གནད་འཛུགས་ཁོན་པ་དང།། ང་རྒྱལ་སྙེམས་པའི་ཡ་རབས་དང།། ལས་ཀྱིས་སྙོག་པའི་སྐྱེ་བོ་དང།། སྙིང་རིངས་བྱེད་པའི་བུད་མེད་ལ། ། ཐབས་ནི་ལྔ་ཞིག་སོ་སོ་ཡིན།། བྱ་བར་དམ་བཅས་སོ་སོ་ཡིན།། གཞན་དེ་རྗེས་རྟག་བོན་པོ་ཐོད།། ཡ་རབས་རྟ་དམག་སྐྱེ་བོ་ཁྲམ།། བུད་མེད་ཧོམ་དུ་སྦྱིན་སྲེག་བྱ།། སོ་སོའི་ལས་ངོས་བཟུང་བའི་ལེའུ་སྟེ་གསུམ་པའོ། །།། དེ་ལ་སྒྲུབ་ཐབས་ལྔས་བསད་པའི་ཐབས། སློབ་དཔོན་དཔོན་པདྨས་ལོགས་ཤིག་ཏུ་ཕྱུང་བར་ཤེས་པར་བྱའོ།། དེ་ལ་དགྲ་ལྔ་ལ་འདྲ་ཡང་ཁྱད་པར་ཙམ་དུ་ཕྱེ་བའོ།། དེ་ལ་དགྲ་ལྔ་ལ་སྒྲུབ་ཐབས་རྣམ་པ་ལྔ་དང། ། གཤེད་པ་པོ་རྣམ་པ་ལྔ། ཐབས་རྣམ་པ་ལྔ། གནན་པ་རྣམ་པ་ལྔ།། བསྐུལ་བ་རྣམ་པ་ལྔ། གནད་ལྔ། བརྡེག་པའི་དུས་ལྔ། མན་ངག་གི་དགུག་པ་རྣམ་པ་ལྔ། སྤྲུལ་པ་རྣམ་པ་ལྔ། ལས་བྱེད་ཕྱོགས་རྣམ་པ་ལྔ། རྟེན་ལྔའོ།། ལྔ་ཚན་བཅུ་གཉིས་དག་ཏུ་ཤེས་པར་བྱའོ།། བླ་མའི་མན་ངག་གོ། དེ་ལ་གྲུ་གསུམ་དུ་རྫས་རྟག་པའི་དུས་སུ་གནོད་སྦྱིན་མ་རུ་ཙེ་སྲིན་པོ་མི་ཀུན་གྱིས་ལྕགས་ཀྱི་སྤྱང་མོ་བཅས་པས་དགུག་པ་དང། ། མདའ་གླིང་བཅུ་གསུམ་གྱི་དུས་སུ་བདུད་མོ་ཇག་མཁན་གྱིས་དགུག་པ་དང། དྲག་པོ་ཧོཾ་གྱི་དུས་སུ་བདུད་ཀྱི་དམག་དཔུང་གིས་དགུག་པའོ།། ལས་ཀྱི་བཅའ་ཐབས་ཀྱི་ལེའུ་སྟེ་བཞི་པའོ། །།། དེ་ལ་མི་ཀུན་གྱིས་དགུག་པ་ནི། ཡཀྴ་གྲི་བ་དང། ཡབ་ཡུམ་འཁོར་དང་བཅས་པ་དང། སྐུ་གསུང་ཐུགས་ཀྱི་སྤྲུལ་པ་ཡིན་པའི་ཕྱིར། ཉིད་ལ་སྤྲུལ་པ་གསུམ་བྱུང་སྟེ། ལྕགས་ཀྱི་སྤྱད་མོ་དཀར་མོ་དང། དམར་མོ་དང། ནག་མོ་དང་གསུམ་བྱུང་ངོ།། སྤྲུལ་པ་ཆེན་པོ་ནི་སྲིན་པོ་ཤ་རྗེན་ནག་པོའོ།། དེ་ལ་དཀྱིལ་འཁོར་མཐིང་ནག་གྲུ་གསུམ་ཁྲུ་གང་བར་བྱའོ།། ཕྱི་ཡི་ཟླ་ཁམ་ཁ་ཁྱེར་ལ་བྱེ་མ་བརྡལ་ལ་རྩང་ཆག་པ་ལྔ་དང། ཁྱི་དང། ར་ཡི་ཁྲག་དང། གསེར་སྐྱེམས་གཏོར་མ་རྒྱ་ཆེན་གཏང།། ཐུན་ཡང་སྲོད་ལ་བསྐུལ་བ་ནི།། གནོད་སྦྱིན་དམར་པོ་མོག་ལ་མེ་ཆེན་འབར།། ཁྲོས་པའི་ཞལ་མདོག་ཁྲག་གི་མཆིན་པ་འདྲ། ། སྐྱེ་འགྲོ་ཚེ་སྲོག་ཕྱག་ན་མངའ་མཛད་ཅིང། སྐུ་གསུང་ཐུགས་ཀྱི་སྤྲུལ་པ་སྤྱད་མོ་འདུར་མི་འཆད།། གནོད་སྦྱིན་འཁོར་བས་དགྲ་ལ་འཇབ།། བསྟན་འཇིག་དགྲ་ལ་མིག་མཐོང་ཙམ་ནས་འགྱེད།། སྤྱང་མོས་བཟུང་ཞིང་སྲིན་པོས་སྒྲོལ། ། ཡུམ་གྱིས་སྟོབ་ཅིང་ཞལ་དུ་འདྲེན།། འབར་བ་ནག་པོ་བདུད་ཀྱི་ཚོགས།། བཅོལ་བའི་ལས་རྣམས་གྲུབ་པར་མཛོད།། བསྟན་འཇིག་དགྲ་བོ་ལས་ངན་གྱི།། ཡུལ་མཁར་ཁྱིམ་ལ་ལས་མཛོད་ཅིག། ཡཀྴ་སྲིན་པོ་མཱ་ར་ཡ་ཛ་ཛ། ཀུ་ཀུ་པ་ར་ཛ་ཛ། གྱིང་མོ་ནི་ཏྲི་ཛ་ཛ། ཞེས་བརྗོད་ཅིང། སྒྲུབ་ཐབས་ལས་འབྱུང་བ་བཞིན་རྩང་གདབ་བོ།། སྲིན་པོ་མི་ཀུན་གྱིས་དགུག་པའི་ལེའུ་སྟེ་ལྔ་པའོ།།།། བདུད་པོ་རྟ་ལྟར་འཆོར་བས་དགུག་པ་ནི། རྟ་ཐོད་སྐྱེར་ཕུར་བཙུགས་ལ། སླ་ངའི་ནང་དུ་ཁྲག་དང་འོ་མ་བསྲེས་པའི་ནང་དུ་དགྲ་བོའི་གཟུགས་བཅུག་ལ། གསེར་སྐྱེམས་དང་བཤོས་བུ་ཁྲུ་གང་བ་གཅིག་ལ་སྙུག་མ་བཙུགས་ལ་དར་ཟབ་གདགས། སྲོག་སྔགས་དྲང། དགྲ་བོ་ཁྲག་ནད་གཏང་བའི་ཕྱིར་ཁྲག་བླུག། བདུད་དམ་ལ་གདགས་པའི་ཕྱིར་འོ་མ་ཨ་མྲི་ཏས་བསྲེས་ལ་སླ་ངར་བཤམ་མོ།། བསྐུལ་བ་ནི། སྟེང་འོག་མཁར་སྒོ་དགུ་པའི་ནང་ཤེད་ན། ། བདུད་ཀྱི་སྲས་པོ་ཚང་བའི་མགོ། དུང་གི་ཐོར་ཚུགས་ཁོང་སེང་ཅན།། འཁོར་ནི་ཤན་པ་བསམ་མི་ཁྱབ།། བསྟན་འཇིག་དགྲ་ལ་ལྟས་ངན་འབེབས།། རྫུ་བའི་སྤྲུལ་པ་ཆེན་མོ་ནི།། གནས་ནི་འོད་དཔུང་ནག་པོའི་ནང་ན་གནས། ། འབྱུང་ནི་བར་སྣང་ཁམས་ནས་འབྱུང།། ལྷང་ལྷང་ཚེར་ཚེར་རྟ་སྐད་འདོན།། རྣ་བ་ཉན་ཅིང་དགྲ་ལ་འཇབ།། རྟ་ལྟར་འཚེར་ཞིང་ཕྱོགས་བཅུར་རྒྱུག། གཞན་ཡང་སྤྲུལ་པ་ཆེན་པོའི་ཚོགས། ། བྱ་དཀར་ཟེ་དམར་ཀླད་ལ་ལྡིང།། རྟ་དཀར་ཁྲུམ་དམར་ཕྱིབས་སུ་ཕྱིབས།། ཁྱི་དཀར་སྣ་དམར་སླད་ནས་འབྲེང།། བདུད་དཀར་སྤྱན་དམར་དགྲ་ལ་རྦོད།། བདག་གིས་བཅོལ་བའི་ལས་འདི་གྲུབ་པར་མཛོད། ། རྟ་ལྟར་འཚེར་བས་དགུག་པའི་ལེའུ་སྟེ་དྲུག་པའོ།།།། སྲིན་པོ་རྟ་དམག་གིས་དགུག་པ་ནི།། འཇམ་མ་ལ་དགྲ་བོའི་གཟུགས་དང་རྟ་བྱས་ལ་སྐྱོན་ལ། བཤོས་བུ་དང། གསེར་སྐྱེམས་དང། བཤོས་བུ་གྲུ་བཞི་ལྔ་ལ་ངོས་གཅིག་ལ་ཁྲམ། ངོ་གཅིག་ལ་རྟ་བདུད་འཁོར་ལྔ་ཞོན་པ། སྐུ་མདོག་མཐིང་ནག་ལ་ལག་ན་མཚོན་ཐོགས་པ་འཇིགས་བྱེད་ཀུན་ཏུ་ཉུག་ཅིང་ཆོ་འཕྲུལ་གཏོང་བ་ལྔའི་གཟུགས་བྲིས་ལ། འཇག་མའི་མི་རྟ་ལ་སྐྱོན་ལ་བཞག། གཟུགས་དང་མིང་རུས་འཇག་མའི་ནང་དུ་སྦའོ།། སྲོག་སྔགས་བསྒྲང། བསྐུལ་པ་ནི། ཧཱུ~ཾ། བདུད་དང་གནོད་སྦྱིན་ཤ་དང་ཁྲག་ལ་དགྱེས།། མ་དང་མཁའ་འགྲོ་ཤ་དང་ཁྲག་ལ་དགྱེས། ། འཁོར་མང་སྲིན་པོ་གསོད་ལ་བརྩོན།། སྤྲུལ་པ་རྟ་དམག་སྐུལ་ན་དགའ།། བསྟན་འཇིག་དགྲ་བོ་བདག་ལ་སྡོ།། བྲན་དང་བཀའ་ཉན་བུ་བས་ཉེ།། ཡམ་ཤུད་དམར་པོ་སྒྲོལ་བའི་གིང།། འཁོར་དུ་རྟ་དམག་མང་པོས་བསྐོར། ། བདུད་ནག་ལྕགས་ཀྱི་སྐྱ་བཞི་པོ།། སྤྲུལ་ན་འཇིག་རྟེན་དམག་གིས་འགེངས།། དམ་ཉམས་དགྲ་ལ་འུར་འུར་ཆེམས།། སྙིང་ཕྱུང་སྲོག་ཆོད་འུར་འུར་དུན།། རྟ་དམག་གིས་དགུག་པའི་ལེའུ་སྟེ་བདུན་པའོ། །།། བདུད་མོ་ཇག་མཁན་གྱིས་དགུག་པ་ནི།། འབྲད་རྒྱས་གཅིག་ལ་དབུས་ཟླུམ་པོ་ལ་ཚོན་རྩིས་པདྨ་འདབ་མ་བཞི་བྲིས་ལ། དེ་ལ་མདའ་ལྔ་འཕང་ལྔ་གཟུགས། དར་ཟབ་གདགས། གསེར་སྐྱེམས་དང་སྤྱན་གཟིགས་ཀྱིས་བསྐོར། དགྲ་བོའི་གཟུགས་ཀྱང་གདགས། བསྐུལ་བ་ནི། སྲིན་པོ་ཆེན་མོ་ཤམ་ཤམ་མོ།། རི་རབ་རྩེ་ལ་གནས་བཅས་ཤིང།། སྲིད་པ་གསུམ་ལ་བྱ་ར་མཛད།། བདག་གི་སྟོངས་དང་གྲོགས་མཛོད་ཅིག། སྲིད་པ་ཆམ་གྱིས་མ་བཞུགས་ན།། མ་བདུད་རྒྱལ་མོ་མཆེད་དེ་བཞི།། དམག་གི་བདག་གི་རྒྱལ་མོ་དང།། བཟང་དར་ཟབ་ཀྱི་རྐྱེན་མོ་དང།། སྲིད་པ་ཀུན་ལྕམ་དང་ཡ་མ་ཀླུ་འགྲོ་བཞི།། ལམ་འཕྲང་དགུག་ཅིང་འཇམ་ཅིང་རྒྱག། ཡིད་དུ་འོང་བ་གང་ཡང་སྤྲུལ།། སྐྱེས་པ་ཀུན་གྱི་བདུད་དུ་ཆེ།། བདག་ལ་གྲོགས་མཛད་ཚུར་སྤྱོན།། བཀའ་དང་བསྟན་སྐྱོང་ད་ཚུར་སྦྱོན།། ཤ་ཁྲག་དམར་གྱི་གཏོར་མ་དང།། འབྲང་རྒྱས་ཧ་དང་བཅས་པ་འབུལ། ། འཕྲིན་ལས་བཅོལ་ལོ་མངོན་རྟགས་ཕྱུང་བྱས་ཏེ།། སེམས་ཉིད་ཁུ་ལེའི་སྤྱན་སྔར་ཆུང་མར་བསམ་ལ་དབུལ་ལོ།། ལུས་ཤ་ཁྲག་རྣམ་གཉིས་ཕུར་པས་གདབ་ཅིང་འཁོར་རྣམས་རོལ་པར་བསམ་ལ། རོ་སྨད་དམ་རྗེན་ཤུལ་ལ་འུག་པའི་ཚང་ཙིའི་ཧོམ་དུ་བསྲེག་གོ། ཐལ་བ་མནན་པ་བྱའོ།། བདུད་མོ་ཇག་མཁན་གྱིས་དགུག་པའི་ལེའུ་སྟེ་བརྒྱད་པའོ།།།། བདུད་ཀྱི་དཔུང་གཤེད་བསྒོ་བ་ནི། བདག་ཡི་དམ་གྱི་ལྷ་ཀརྨ་ཧེ་རུ་ཀར་བསྒོམས་ལ། འཇིག་རྟེན་གྱི་བདུད་དང། གནོད་སྦྱིན་དང། བྱང་སྟེམས་དང། གཤིན་རྗེ་དང། བདུད་མོ་དང། གནོད་སྦྱིན་མོ་དང། མཁའ་འགྲོ་མ་དང། ལྷ་དང། ཀླུ་དང། གཟའ་དང། འཇིག་རྟེན་ལ་དབང་བྱེད་པ་ཐམས་ཅད་ལས་ལ་བཅོལ་ལོ།། གསེར་སྐྱེམས་ཕུར་བུ་དགུ་དང། སྤྱན་གཟིགས་སྣ་ཚོགས་དང། བཤོས་བུ་ཆག་གང་པ་ལྔ་དང། དཔལ་བཤོས་དང། ལྷ་བཤོས་དང། དར་ཟབ་དང། མཚོན་ཆ་དང། ར་ཁམ་པ་གཅིག་དང་བཤམ་བ་སོགས། དར་ནག་པོའམ་དམར་པོ་ཕྱར། ར་ལུགས་ལ་སོགས་པའི་གཟུགས་བཤམས་ལ་འདི་སྐད་དོ།། ཧཱུ~ཾ། ང་ནི་རང་བྱུང་ཧེ་རུ་ཀ། ཉོན་ཅིག་སྲིད་པའི་ལྷ་འདྲེ་རྣམས། ། སྟོང་གསུམ་སྟོང་གི་འཇིག་རྟེན་ན།། སྔ་རབས་འདས་དང་ད་ལྟར་བཞུགས།། སླད་ཀྱིས་འབྱོན་པ་འཁོར་དང་བཅས།། བདེན་པའི་ཚིག་ལ་མི་ཉན་མེད།། ཟབ་མོའི་དོན་ལ་མི་སེམས་མེད། ། དཀོན་མཆོག་གསུམ་ལ་མི་འཇིགས་མེད།། ཡང་དག་དོན་ལ་མི་རྟེན་མེད།། གལ་ཏེ་བཀའ་ལས་འདས་འགྱུར་རམ།། རྣལ་འབྱོར་བཅོལ་བ་མི་ཉན་ནམ།། ཅི་སྟེ་ལས་རྣམས་མ་བྱས་སམ།། དམ་ཚིག་བཀའ་ལས་འདས་གྱུར་ན། ། ཐམས་ཅད་མེད་ཅིང་བརླག་པར་འགྱུར།། དེ་བས་ལས་རྣམས་མྱུར་དུ་གྱིས།། དེ་བས་ཚུལ་རྣམས་རབ་ཏུ་བསྲུངས།། བདག་གིས་མ་ཉེས་ལྷ་སྲུངས་སྤངས།། གཟུ་དང་དཔང་དུ་དཀོན་མཆོག་བཞུགས། ། ཞལ་ཆེ་ལྷ་སྲིན་ཀུན་གྱིས་ཆོད།། དམག་སྣ་རྒྱལ་པོ་སྡེ་བཞིས་དྲོངས།། ཕུང་གཤེད་བདུད་དང་སྲིན་པོས་བསྐོས།། ཆོ་འཕྲུལ་ཐེ་བྲང་འབུམ་སྡེས་ཐོང།། ནད་དང་རིམས་ནད་བདུད་མོས་ཐོང།། དར་ཟབ་གསེར་སྐྱེམས་འདི་འབུལ་ན། ། བཅོལ་བའི་ལས་ལ་གོང་མ་གཡེལ།། སྡང་བའི་དགྲ་ལ་རྟགས་མ་འགོར།། བར་ཆོད་འབྱུང་པོ་རྡུལ་དུ་ལྷོགས།། འཁོར་ནི་བདུད་འབུམ་གྱིས་བསྐོར།། དགྲ་བོ་ཀུན་གྱི་བདུད་དུ་ཆེ། ། བདུད་ཀྱི་བུ་མོ་ཤ་ལ་དགའ།། ཤ་དང་ཁྲག་གི་གཏོར་མ་དང།། དམ་རྫས་མཆོད་པ་འདི་བཞེས་ལ།། དམ་ཉམས་ཚེ་བསྟུང་སྲོག་ཆོད་ཅིག། བདུད་ཀྱི་གཤེད་བསྒོ་བའི་ལེའུ་སྟེ་དགུ་པའོ།།།། བདུད་ཀྱི་དམག་དཔུང་གིས་དགུག་པ་ནི། བཤོས་བུ་གྲུ་བཞི་གཉིས་ལ། གཅིག་ལ་ཁུ་ལེའི་གཟུགས་དར་ཟབ་གོན་པ། མགོ་ལ་ཁྲི་རལ་པའི་ཐོད་བཅིངས་པ། ཕྱག་ན་ཤེལ་གྱི་སྤ་ལྕགས་ཐོགས་པ། བུད་མེད་ཐམས་ཅད་ཀྱི་ཡིད་དུ་འོང་བ་གཅིག་ཡི་གེ་ཛ་ལས་བསྐྱེད་དོ། ། གཅིག་ལ་བུད་མེད་ཀྱི་གཟུགས་ལ་ཁ་མིག་ལེགས་པར་བྲིས་པ་གཅིག་ནས་བྲེ་གང་བཏིང་བའི་སྟེང་དུ་བཞག། སྤྱན་གཟིགས་སྣ་ཚོགས་པ་དང། མདའ་དང་དར་ཟབ་བསོག། གསེར་སྐྱེམས་དྲང་ངོ།། བསྐུལ་པ་ལ། ཀྱེ། བདུད་པོ་ཁུ་ལེ་ལག་དགུ་ཁྱོད།། གཏད་པ་བཞིན་དུ་ལས་མཛོད་ཅིག། བཞུགས་ནི་ནམ་མཁའི་ཁམས་ན་བཞུགས། སྐུ་མདོག་གངས་དཀར་བརྩེགས་པ་འདྲ། ། འཁོར་དུ་བདུད་ཕྱུག་མང་པོས་བསྐོར།། ཡིད་དུ་འོང་བའི་བྱན་མོ་ལ།། ན་ཆུང་བརྒྱད་དང་རོལ་པ་མཛད།། བསྐལ་པ་སྔོན་གྱི་གོང་རོལ་ན།། ཚངས་པ་དུང་གི་ཐོར་ཚུགས་ཅན།། བདུད་རྒྱལ་ཁུ་ལེ་ལག་དགུ་ཁྱོད། ། དང་པོར་སྐྱེ་བ་སྲིད་པའི་བདག། ཐ་མར་འཆི་བ་སྲོག་གི་བདག། དམ་ཉམས་དགྲ་བོ་འདི་འབུལ་གྱིས།། གྲོགས་དང་དབྲལ་བའི་དུས་ལ་བབ།། འཁོར་གྱི་སྤྲུལ་པ་དེ་ལ་ཁྱེ།། འཇིག་རྟེན་གསུམ་ལ་མངའ་མཛད་པ། ། དགུ་བདུད་རོལ་པ་ལས་ལ་ཐུད།། སྲིད་པ་ཀུན་ལ་མངའ་མཛད་པ།། གིང་ཆེན་ཁུ་ལེ་ལས་ལ་རྒྱུག། ཁམས་གསུམ་སྒྲོལ་བར་དམ་བཅས་པའི།། ཅོང་ཕྲེ་ནག་པོ་ལས་ལ་ཚུད།། སྤྲུལ་ཅིང་སྤྲུལ་ཅིང་དོན་མཛད་པ། ། རྗེ་བདུད་ནག་པོ་ལས་ལ་ཚུད།། སྲི་དང་བཙན་དུ་སྐུ་སྤྲུལ་པ།། སོག་པོ་ལྕགས་ཀྱི་སྨ་ར་ཅན།། ཕུང་སྲི་བཙན་པར་བརྐོ་བའོ།། གཞན་ཡང་སྤྲུལ་པ་མང་པོའི་ཚོགས།། བདུད་ཕྱུང་མང་པོས་བསྐོར་ཞིང་རྩེ། ། རྟགས་དང་མཆན་མ་ད་ཕྱུང་ཞིག། ཅེས་བྱའོ།། འཇིག་རྟེན་པ་ཡི་ལྷ་འདྲེའི་སྲོག་སྔགས་བཟླས།། བདུད་ཀྱི་དམག་དཔུང་གིས་དགུག་པའི་ལེའུ་སྟེ་བཅུ་པའོ།།།། དང་པོ་ཀརྨ་ཧེ་རུ་ཀས། སངས་རྒྱས་བསྟན་པ་བསྲུང་བའི་ཕྱིར། ། གཤེད་བཞིའི་སྡེ་དཔོན་འཁོར་དང་བཅས།། དམ་ལ་བཏགས་ནས་བསྟན་པ་བསྲུང་དུ་བཅུག། ལས་འཕྲོ་ཅན་དང་ཕྲད་པར་ཤོག། གནོད་སྦྱིན་དམར་པོ་སྒྲོལ་བའི་རྒྱུད་ལས། རྒྱུད་གཏད་པའི་ལེའུ་སྟེ་བཅུ་གཅིག་པ་རྫོགས་སོ། །།།
CLOSE WINDOW