CLOSE WINDOW

Gpb043.008: འཇམ་དཔལ་གཤིན་རྗེ་གཤེད་པོ་ཡིད་བཞིན་ནོར་བུའི་ལས་སྣ་ཚོགས་བསྒྲུབ་པའི་རྒྱུད་ཅེས་བྱ་བ
Wylie

ཡ་མཱནྟ་ཀ་མཉྫུ་ཤྲཱི་ཙིན་དྷ་མ་ཎི་ཀརྨ་བིཤྭ་སིད་དྷ་ནཱ་མ་ཏན་ཏྲ། བོད་སྐད་དུ། འཇམ་དཔལ་གཤིན་རྗེ་གཤེད་པོ་ཡིད་བཞིན་ནོར་བུའི་ལས་སྣ་ཚོགས་བསྒྲུབ་པའི་རྒྱུད་ཅེས་བྱ་བ། བཅོམ་ལྡན་འདས་ཡ་མཱན་ཏ་ཀ་ལ་ཕྱག་འཚལ་ལོ། ། འདི་སྐད་བསྟན་པའི་དུས་ན། བཅོམ་ལྡན་འདས་འཇམ་དཔལ་གཤེད་པོ་ཉིད་བདེ་བ་ཆེན་པོའི་ཀློང་ན་བཞུགས་ནས། འཁོར་རྣམས་དང་ཐབས་ཅིག་གོ། དེ་ནས་བཅོམ་ལྡན་འདས་ལ། སྲས་མཆོག་ཡ་མ་རཱ་ཛ་གསོལ་པ། ཀྱེ་ཀྱེ་བཅོམ་ལྡན་འཇམ་དཔལ་སྐུ།། བསྙེན་པ་རྫོགས་པའི་རྣལ་འབྱོར་པས།། ཉིད་ཀྱི་དངོས་གྲུབ་ཐོབ་ནས་ནི།། གང་ཡང་འགྲུབ་པར་འགྱུར་བས་ན།། ལས་ཀྱི་རིམ་པ་ཁ་ཚར་རྣམས། ། རིམ་པ་བདག་ལ་བཤད་དུ་གསོལ།། ཞེས་གསོལ་པས། འཇམ་དཔལ་ཁྲོས་པས་བཀའ་སྩལ་པ།། ཨ་ཀྲོ་ཡི་གེ་བཅུ་བདུན་པ།། འབུམ་ཕྲག་བཅུ་གཉིས་བཟླས་པ་དང།། འཇམ་དཔལ་ཉིད་དུ་དངོས་གྲུབ་ཐོག། དེ་ནས་ལས་ཀྱི་རིམ་པ་ནི།། རྣལ་འབྱོར་ཚེ་དང་ཡེ་ཤེས་དག། རྒྱས་པར་བྱ་བའི་རིམ་པ་ལ།། བདག་ཉིད་ཡ་མཱནྟ་ཀར་གསལ།། བདག་གི་ཐུགས་ཁའི་ཡིག་འབྲུ་ལས།། འོད་ཟེར་འཕྲོས་པས་བདེ་གཤེགས་དང། ། སེམས་ཅན་ཀུན་གྱི་སྒྲིབ་སྦྱངས་ནས།། རྒྱལ་བའི་བྱིན་བརླབས་ཡེ་ཤེས་དང།། འགྲོ་བའི་ཚེ་ཡི་བྱིན་བསྡུས་ཏེ།། བདག་འཁོར་བཅས་ལ་ཐིམ་པ་ཡིས།། ཚེ་དང་ཡེ་ཤེས་རྒྱས་པར་བསམ།། དེ་ཡི་གསང་སྔགས་འདི་ལྟ་སྟེ། ། ཨོཾ་ཨ་ཀྲོ་ཏེ། ཡ་མཱན་ཏ་ཀ་ཧ་ན་མ་ཐ་བྷཉྫ་ཧཱུ~ཾ་ཕཊ། ཨཱ་ཡུ་ཛྙཱ་ན་པུཥྟིམ་ཀུ་རུ་སྭཱཧཱ། བཀྲག་དང་གཟི་མདངས་རྒྱས་འདོད་ན།། བཅུ་བདུན་སྔགས་ཀྱི་མཇུག་ཉིད་དུ།། ཨོཾ་ཙོ་ཏི་ཙོའུ་པུཥྟིཾ་ཀུ་རུ་སྭཱཧཱ། ཞེས་པས་གོང་ལྟར་ཏིང་འཛིན་སྦྱར་བ།། དབང་ཐང་ཆུང་སྲིད་རྒྱས་འདོད་ན།། བི་ཤ་པུ་ཏྲ་པུཥྟིཾ་ཀུ་རུ་སྭཱཧཱ། གོང་ལྟར་ཏིང་འཛིན་སྦྱར་ལ་བཟླས།། འཁོར་དང་ལོངས་སྤྱོད་རྒྱས་འདོད་ན།། ད་མ་ས་པོ་པུཥྟི་ཀུ་རུ་སྭཱཧཱ། ཞེས་བཟླས་གོང་དང་ཏིང་འཛིན་སྦྱར།། བཅུ་བདུན་མཇུག་ལ་གདགས་བཟླས་ན།། རྣལ་འབྱོར་བཀྲ་ཤིས་ཉིད་དུ་འགྱུར།། ཞེས་གསུངས་སོ།། འཇམ་དཔལ་ཡིད་བཞིན་ནོར་བུའི་ལས་སྣ་ཚོགས་སྒྲུབ་པའི་རྒྱུད་ལས། རྣལ་འབྱོར་མཆོག་ཏུ་རྒྱས་པ་སྒྲུབ་པའི་ལེའུ་སྟེ་དང་པོའོ།།།། དེ་ནས་གཞན་ཡང་བཤད་བྱ་བ།། རྣལ་འབྱོར་སྐུ་ཚེ་རིང་འདོད་ན།། བཅུ་བདུན་སྔགས་ལ་འདི་ཉིད་གདགས།། ཨཱ་ཡུ་ཛྙཱ་ན་ཡུ་ཚེ་ཨ་པ་ན་ཡ་བྷྲཱུཾ་སྭཱཧཱ། ཐུན་མཚམས་དག་ཏུ་བཟླས་པར་བྱ།། རྣལ་འབྱོར་པ་ཡི་འཁོར་ཉིད་དུ།། བུ་ཚ་མ་མཐོང་གྱུར་པ་ན།། དེ་མཐོང་བྱ་ཕྱིར་སྔགས་འདི་བཟླས།། བཅུ་བདུན་མཇུག་ལ་གདགས་པ་སྟེ།། པུ་ཙ་ཏྲ་ན་ཨཱ་ཡུ་ཛྙཱ་ན་ཡུ་ཚེ་ཨ་བྷི་ཥིཉྩ་ཨ་པ་ན་ཡ་བྷྲུཾ་སྭཱཧཱ། དེ་བཟླས་བུ་ཚ་མཐོང་བར་འགྱུར།། གདོན་བགེགས་བསྐྲད་པར་འདོད་གྱུར་ན།། བཅུ་བདུན་མཇུག་ལ་སྔགས་འདི་བཟླས།། བ་ར་ཙི་ཀྲ་ཧྲི་ཏི་ཨ་པ་ན་ཡ་ན་གནོད་བྱེད་མཱ་ར་ཡ་ཕཊ་ཕཊ། དེ་ཡང་ཁྲོ་བོ་སྤྲོས་ལ་བསྐྲད།། དུས་མ་ཡིན་པར་འཆི་བཟློག་ན།། བཅུ་བདུན་སྔགས་ལ་ཐུན་མཚམས་གདགས།། ཨོཾ་མཾ་ཀཱ་ལ་མྲྀ་དུ་ཨ་པ་ན་ཡ་སྭཱཧཱ། དེ་ནས་གཞན་ཡང་བཅུ་བདུན་མཇུག། བི་ཀྲི་པ་ན་ཡ་སྭཱཧཱ། ཀྲིན་ཨ་བ་ན་ཡ་སྭཱཧཱ། ན་ཚ་བྱུང་ནས་ཞི་བྱའི་ཕྱིར།། ནད་སྟེངས་ཨ་དཀར་བསམ་པར་བྱ།། ཞེས་གསུངས་སོ།། འཇམ་དཔལ་ཡིད་བཞིན་ནོར་བུ་ལས་སྣ་ཚོགས་གྲུབ་པའི་རྒྱུད་ལས། རྣལ་འབྱོར་པས་གང་འདོད་བསྒྲུབ་པའི་ལེའུ་སྟེ་གཉིས་པའོ། །།། གཞན་ཡང་སྲས་མཆོག་གུས་ཉོན་ཅིག། གལ་ཏེ་རྣལ་འབྱོར་བསྒྲུབ་མཆོག་ལ།། ཆོ་འཕྲུལ་སྟོན་པའི་རྟགས་བྱུང་ན།། སྔགས་འདི་བཟླས་ལ་ཞབས་འོག་གཟིར། ། ཨོཾ་ཨ་ཀྲོ་ཏེ་ཀ་ཡ་མཱན་ཏ་ཀ་ཧ་ན་མ་ཐ་བྷཉྫ་ཧཱུ~ཾ་ཕཊ། མུ་ཀ་ཡེ། ཨ་པ་ཡེ། ཀ་པ་ཡེ། ཨ་ནེ། ཨ་ནེ། ཧྲིཥྟཱིཿབི་ཀྲྀ་ཏ་ན་ན་ཛ་ཧཱུ~ཾ་ཕཊ། ཏིང་འཛིན་གསལ་ལ་ཞབས་འོག་གཟིར།། དབང་དུ་བསྡུ་བར་བསམ་པར་བྱ། ། དེ་ཡིས་དབང་མེད་བཀའ་ཉན་འགྱུར།། བདག་ཉིད་འཇམ་དཔལ་བསྒྲུབ་པ་ལ།། བར་གཅོད་རྩོལ་བ་བྱུང་གྱུར་ན།། ཡི་གེ་བཅུ་བདུན་བརྗོད་རྗེས་ལ།། ཨ་ཀ་ས་མ་ཡ་ཤྲཱི་མཉྫ་ཡ་མ་ར་ཛ་ཨ་ཀྲོ་ཏེ་ཀ་ཡ་མཱན་ཏ་ཧྲཱིཿཥྟི:བི་ཀྲི་ཏཱ་ན། མུ་ཀ་ཡེ། ཨ་པ་ཡེ། ཨུ་ནེ་ཨུ་ནེ། ཨུ་ནེ། ཧྲཱིཿཥྟིཿམཉྫུ་མུ་ཀ་ཡེ་ནན། དེས་ནི་ཞབས་འོག་དབང་བསྡུས་ཏེ།། བར་ཆད་ཞི་ཞིང་དབང་དུ་འདུ།། དེས་ན་མི་མོ་གཤིན་རྗེའི་ཚོགས།། ལྷ་སྲིན་སྡེ་བརྒྱད་ལ་སོགས་པ། ། རང་དབང་མེད་པར་དབང་དུ་འདུས།། ཅི་འདོད་ལས་རྣམས་བྱེད་པར་འགྱུར།། གལ་ཏེ་རྣལ་འབྱོར་བསྒྲུབ་མཆོག་ལ།། གདོན་བགེགས་དྲག་པོ་གནོད་འགྱུར་རམ།། བར་ཆད་གཡང་དུ་ལྷུང་རྨི་ན།། བེ་ཆོན་ཕྱག་རྒྱ་བཅས་བྱས་ལ། ། ཨོཾ་ཨ་ཀྲོ་ཏེ་ཀ་ཡ་མན་ཏ་ཧ་ན་མ་ཐ་བྷཉྫ་ཧཱུ~ཾ་ཕཊ། ཨུ་ནེ། ཨུ་ནེ། ཨུ་ནེ། ཨུ་ཨུ་ཨུ། སིང་ང་ཡེ། བྱ་ཙ་ཡ། དུ་རུ་ཡེ། ཙི་ཏྲ་ཡེ། ཧྲི་ཏ་ཡེ། ཧ་ལ་ཡེ། གནོད་བྱེད་ཆེ་གེ་མོ་མྱགས་ཐུམ་རིལ་རྦད། ཅེས་པའོ།། དེས་བཟླས་གཟིར་ཞིང་བསྐྲད་པར་བྱ།། ཞེས་གསུངས་སོ།། འཇམ་དཔལ་གཤེད་པོ་ཡིད་བཞིན་ནོར་བུ་ལས་སྣ་ཚོགས་གྲུབ་པའི་རྒྱུད་ལས། རྣལ་འབྱོར་བསྙེན་པ་དང་ལས་སྒྲུབ་ཀྱི་བར་ཆད་གཟིར་ཞིང་བསལ་བའི་ལེའུ་སྟེ་གསུམ་པའོ། །།། དེ་ནས་ཡང་དག་བཤད་བྱ་བ།། འཇམ་དཔལ་བསྒྲུབ་པའི་རྣལ་འབྱོར་ལ།། དངོས་གྲུབ་བརྟན་པོ་མ་ཐོབ་པར།། བགེགས་རྣམས་ཆོ་འཕྲུལ་སྟོན་གྱུར་ན། ། གེགས་སེལ་མན་ངག་བསྟན་པ་ནི།། མཚན་མས་བར་ཆད་བྱེད་པ་དང།། མཚན་མེད་བར་ཆད་རྩོལ་བའོ།། མཚན་མ་ཅན་ལ་བཞི་ཉིད་དེ།། སྒྲ་ཡིས་ཆོ་འཕྲུལ་འབྱུང་བ་དང།། འོད་དང་མེ་ཆུ་རླུང་སྟོན་དང། ། གཟུགས་ཀྱི་ཆོ་འཕྲུལ་སྟོན་པ་དང།། མཚོན་ཆ་རྡེག་ཚུལ་སྟོན་པའོ།། དེ་ལྟར་སྩོལ་བ་གང་བྱུང་ཡང།། བདག་ཉིད་ཡ་མནྟ་ཀ་ནི།། ཐམས་ཅད་འདར་ཡེད་བཀའ་བསྒོ་ཉན།། འབྲོས་ཤིང་ཕྱིར་ལ་བྱེར་བར་བསམ། ། དེ་ཡིས་མྱུར་དུ་སེལ་བར་འགྱུར།། མཚན་མ་མེད་པར་བར་གཅོད་ཀྱི།། ཆོ་འཕྲུལ་སྟོན་ཞིང་སེམས་གཡེང་དབང་དུ་འདུས་ནས་ནི།། ང་རྒྱལ་གསལ་བའི་ཐུགས་ཁ་དང།། བ་སྤུའི་བུ་གའི་འོད་ཟེར་ལས། ། ཁྲོ་བོས་ཁེངས་པའི་ནང་ཉིད་ན།། བདེ་བར་ང་རྒྱལ་བྱས་ལ་བཟླས།། ཞེས་གསུངས་སོ།། འཇམ་དཔལ་ཡིད་བཞིན་ནོར་བུ་ལས་སྣ་ཚོགས་བསྒྲུབས་པའི་རྒྱུད་ལས།། བསྒྲུབ་པའི་གེགས་སེལ་བྱ་བའི་ལེའུ་སྟེ་བཞི་པའོ། །།། དེ་ནས་ཡང་ཡ་མ་རཱ་ཛས་གསོལ་པ།། ཀྱེ་ཀྱེ་བཅོམ་ལྡན་འཇམ་དཔལ་སྐུ།། ཡ་མཱནྟ་ཀ་ཁྲོས་པ་ཉིད།། དེ་ལྟར་བདག་ཉིད་རྒྱས་བྱའི་ཕྱིར།། ལས་ཀྱི་རིམ་པ་གསུངས་ལགས་ན།། བར་ཆད་དགྲ་བོ་བསྒྲལ་བ་ཡི། ། ལས་ཀྱི་རིམ་པའི་ཚོགས་རྣམས་ནི།། འཇམ་དཔལ་ཁྲོས་པས་བཤད་དུ་གསོལ། དེ་ནས་འཇམ་དཔལ་ཁྲོས་པ་ཡིས།། དེ་ཡི་རིམ་པ་བཀའ་སྩལ་པ།། དྲག་པོ་ལས་ཀྱི་ཁ་ཚར་ནི།། བསྟན་པ་ལ་གནོད་ཞིང་བཅུ་ལ། ། དྲག་པོ་སྒྲོལ་བའི་ལས་བྱེད་ན།། དང་པོ་བསྒྲུབ་བྱ་དམ་ཉམས་ལ།། དབྱེ་བའི་ལས་ཉིད་བྱ་བ་གཅེས།། དེ་ནས་དགུག་ཅིང་གསད་པ་དང།། མཐའ་བཏུལ་སྤོགས་ཤིང་བྱ་བ་ཡིན།། དང་པོ་དབྱེ་བའི་མན་ངག་ནི། ། ཨོཾ་བཛྲ་དུན་བྷྱོ། ཡཀྴ་ཏིག་སྣ་ཛ་ཛ། ཨ་ནརི་ཏྲཀ་ཤ་མཱ་ར་ཡ་ཕྱེ། ཆེ་གེ་མོ་དེ་བ་ཤནྟིཾ་ཀུ་རུ་ཡེ་སྭཱཧཱ། དེ་འདས་འབོབ་སྲེགས་ཕོ་ལྷ་ཕྱེ།། ཆེ་གེ་མོ་དེ་བ་ཙིཏྟ་ཡེ་ཤནྟིཾ་ཀུ་རུ་ཡེ་སྭཱཧཱ། ཁྱི་ལུད་བསྲེགས་བྱ་སྲོག་ལ་དབྱེ། ། ལིང་ག་དག་ལ་བདུག་པར་བྱ།། ཆེ་གེ་མོ་ཙིཏྟ་མ་ལ་ཤནྟིཾ་ཀུ་རུ་ཡེ་སྭཱཧཱ། ར་གཞོབ་ལིང་ག་བདུག་བྱ་ཞིང།། དགྲ་ལྷ་དག་དང་དབྱེ་བར་བྱ།། ས་མ་ཡ་གན་དེ་ཤནྟིཾ་ཀུ་རུ་ཡེ་སྭཱཧཱ། བདུད་རྩི་རྣམ་ལྔ་བསྲེག་བྱ་སྟེ། ། ཆོས་སྲུངས་དག་དང་དབྱེ་བར་བྱ།། ཆེ་གེ་མོ་མ་མ་ག་ཙུ་ཡེ་ཤནྟིཾ་ཀུ་རུ་སྭཱཧཱ། ལྷ་ལྔ་དབྱེ་ཕྱིར་གུ་གུལ་བསྲེག། གཞན་ཡང་བྱ་རོག་འུག་སྒྲོ་ཡིས།། བྱབ་ཅིང་དབྱེ་བར་བྱ་བ་ཡིན།། ཞེས་གསུངས་སོ། ། འཇམ་དཔལ་ཡིད་བཞིན་ནོར་བུ་ལས་སྣ་ཚོགས་བསྒྲུབ་པའི་རྒྱུད་ལས། དགྲ་བོ་ལྷ་ལྔ་དབྱེ་བའི་ལེའུ་སྟེ་ལྔ་པའོ།།།། དེ་ནས་དགུག་པ་བཤད་བྱ་བ།། ཨོཾ་ཨ་ཀྲོ་ཏེ་ཀ་ཡ་མནྟ་ཀཱ་ལ་རཱུ་པ་ཆེ་གེ་མོ་ནརི་ཨཱ་ཀརྵ་ཡ་ཧཱུ~ཾ་ཕཊ། ཆེ་གེ་མོ་ནརི་ཨཱ་ཀརྵ་ཡ་ཧཱུ~ཾ་ཛ། ཆེ་གེ་མོ་ཨཱ་ཡུ་ཛྙཱ་ན་ཨཱ་ཀརྵ་ཡ་ཧཱུ~ཾ་ཛ། ཆེ་གེ་མོ་ཏྲ་རི་མ་ནི་ཨཱ་ཀརྵ་ཡ་ཧཱུ~ཾ་ཛ། ཆེ་གེ་མོ་རཱུ་བ་ཀན་དྷ་ཨཱ་ཀརྵ་ཡ་ཧཱུ~ཾ་ཛ། ཞེས་པའོ།། ལྕགས་ཀྱུའི་ཕྱག་རྒྱ་བཅས་ཏེ།། བདག་ཉིད་ཡ་མཏྣ་ཀ་ཡི། ། ཐུགས་ཁར་ཉི་མའི་དལ་སྟེངས་སུ།། ཡི་གེ་ཛ་དམར་བརྩེགས་མ་ལས།། འོད་འཕྲོད་དགྲ་བོའི་སྲོག་དང་ནི།། ཚེ་དང་ཡེ་ཤེས་བླ་སྤྲུལ་བཅས།། གཟུགས་ཕུང་བཀུག་ལ་ལིང་གར་བསྟིམ།། དེ་ནས་ཐུན་ཆེན་ཐོད་ནག་བྲབ། ། རྟགས་དང་སྦྱོར་བ་ཤིན་ཏུ་གཅེས།། ཐ་མ་དུར་ཁྲོད་དག་ཏུ་མནན།། དེ་ཡིས་གཟས་པ་གཏན་ནས་འཕོ།། ཞེས་གསུངས་སོ།། འཇམ་དཔལ་ཡིད་བཞིན་ནོར་བུ་ལས་སྣ་ཚོགས་བསྒྲུབ་པའི་རྒྱུད་ལས། ། གཟས་པ་པོ་དགུག་པའི་ལེའུ་སྟེ་དྲུག་པའོ།།།། དེ་ནས་གཞན་ཡང་ནན་ཏན་དུ།། ལས་ཀྱི་མན་ངག་བྱ་བ་ནི།། ཐུན་ཆེན་ཐོད་ནག་དུས་ཉིད་དུ།། ཐོད་པ་བམ་རིལ་བསྒྲུབ་པ་སྟེ།། གོང་ནས་བསྐམས་ཏེ་ཆས་ལེགས་ལ། ། ཡིག་འབྲུ་བྲིས་ལ་བྱ་བའམ།། ཡང་ན་དེ་ནི་ཤིན་ཏུ་ཡང།། ཡ་ང་བས་ནི་ཞལ་སྐྱ་རུ།། གཅད་ལ་སྔགས་བྲིས་ནང་དུ་ནི།། ལིང་ག་སྩལ་ལ་ཐུན་གྱིས་བྲབ།། ཐོད་པ་རབ་ནི་མོན་ཐོད་ཡིན། ། འབྲིང་ནི་རབས་ཆད་ནག་པོའོ།། ཐ་མ་མུ་སུ་ར་ཡི་ཐོད།། གང་རུང་དག་ལ་བྱ་བ་ཡིན།། ལན་གསུམ་བར་དུ་སྤོགས་ཤིང་བྱ།། སྔགས་པ་ནང་འབྲས་གྱུར་པ་ན།། ཧྲཱིཥྟཱི་བསྲུང་བཟློག་ནན་ཏན་བྱ།། དེ་ཡིས་འགྲུབ་པར་གདོན་མི་ཟ། ། ཞེས་གསུངས་སོ།། འཇམ་དཔལ་ཡ་མཱནྟ་ཀ་ཡིད་བཞིན་ནོར་བུ་ལས་སྣ་ཚོགས་སྒྲུབ་པའི་རྒྱུད་ལས། ལས་ཀྱི་ཐུས་ཀ་མན་ངག་གི་ལེའུ་སྟེ་བདུན་པའོ།།།། དེ་ནས་བཅོམ་ལྡན་འདས་ཡ་མཱན་ཏ་ཀ་ལ། སྲས་མཆོག་ཡ་མ་རཱ་ཛས་གསོལ་པ། ཀྱེ་བཅོམ་ལྡན་འདས། འཇམ་དཔལ་ཡ་མཱནྟ་ཀ་ཁྲོ་བོའི་རྒྱལ།། བདག་གིས་རྒྱུད་འདི་ཇི་ལྟར་བཟུང་ཞིག་གཏད་པར་བགྱི།། ཅེས་གསོལ་པ་དང།། འཇམ་དཔའ་ཁྲོས་པས་བཀའ་སྩལ་པ། རྒྱུད་འདི་ནི་འཇམ་དཔལ་ནག་པོ་ཡིད་བཞིན་ནོར་བུའི་ལས་ཚོགས་འགྲུབ་པའི་རྒྱུད་ཅེས་བྱ་བར་བཟུང་ཞིང་བཅང་བར་བྱའོ།། མ་འོངས་པའི་དུས་སུ་སངས་རྒྱས་ཀྱི་བསྟན་པ་བསྲུང་བའི་ཕྱིར་སྣོད་དང་དམ་ཚིག་ལྡན་པ་འགའ་དང་འགའ་ལ་མི་ནུབ་པར་གཏད་ཅིང། གར་ཐད་ཐད་དུ་མི་སྤེལ་བར་བཅང་ཞིང་བསྒྲུབ་པར་བྱའོ།། ཞེས་གསུངས་སོ།། འཇམ་དཔལ་ཡིད་བཞིན་ནོར་བུ་ལས་སྣ་ཚོགས་བསྒྲུབ་པའི་རྒྱུད་ཅེས་བྱ་བ་ཕྱི་མའི་རྒྱུད་རྫོགས་སོ། །།། རྒྱ་གར་གྱི་མཁན་པོ་བ་སུ་དྷ་ར་གུ་རུ་དམ་པས། བདག་སྤུས་ངན་རྡོ་རྗེ་ཡང་དབང་གཏེར་ལ་ཡང་ལ་ཡང་དུ་ཞུས། བརྣག་ཅིང་རྒྱ་བཏབ་ནས་གནང་ནས་བསྒྱུར་རོ། ། ཀུན་ལ་སྤེལ་ན་མཁའ་འགྲོ་དངོས་སུ་ཡོད་པའོ།། ཤིན་ཏུ་གསང་ངོ།། རྒྱ་རྒྱ་རྒྱ།།།། རྒྱ་གར་སྐད་དུ། ཨརྱ་མཉྫུ་ཤྲཱི་ཡ་མཱནྟ་ཀ་མནྟ་ཏནྟྲ་ཙཀྲ་དེ་བྷེ་དྷེ་ཀྲི་སྣ་ནཱ་མ། ཏནྟྲ་རཱ་ཛ། བོད་སྐད་དུ།

CLOSE WINDOW